Skip to main content
ཤེས་རིག་ལས་ཁུངས།

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

མེ་ཏོག་ལྷ་མོ། འཛིན་གྲྭ་བཅུ་གཅིག དྷོ་ལན་ཇི་སམ་བྷོ་ཊ་ཉིན་སློབ། ངའི་དམིགས་ཡུལ་ནི་རང་ཉིད་ཀྱི་རྨི་ལམ་གྱི་ཞིང་ཁམས་ལ་བསྐྱོད་བྱེད་ཀྱི་ལམ་བུ་དང་འཚོ་བའི་ཁ་ལོ་སྒྱུར་མཁན་གྱི་ལྡེ་མིག་རྩ་ཆེན་ཞིག་ཡིན། ཡོངས་གྲགས་སུ་གྲུབ་འབྲས་ཆེན་པོ་ཞིག་ཐོབ་པ་ལ་དམིགས་ཡུལ་ཆེན་པོ་བཟུང་དགོས་ཞེས་པའི་དཔེ་ལྟར། ང་ནི་གནམ་གྲུའི་ཞལ་ཏ་མ་ཞིག་བྱ་རྒྱུའི་དམིགས་ཡུལ་ཡོད། སྟེང་ནམ་མཁའི་དབྱིངས་ཀྱི་མཛེས་ཉམས་དང་། སའི་གོ་ལའི་འགྲུལ་བཞུད་ཀྱི་སྤྲོ་ཉམས་ལྷན་དུ་མི་རིགས་འདྲ་མིན་དང་རིག་གཞུང་འདྲ་མིན། སྐད་རིགས་འདྲ་མིན་སོགས་ཀྱིས་ངའི་ཡིད་འཕྲོག་བྱུང་། ངས་རང་ཉིད་ཀྱི་དམིགས་ཡུལ་ལ་ཞིབ་ལྟ་ཞིག་བྱེད་རྒྱུ་དང་གནམ་གྲུའི་ཞལ་ཏ་མ་བྱ་རྒྱུའི་འདོད་སྲེད་དེ་སྒྲུབ་རྒྱུའི་ཐབས་ལམ་དང་བསམ་ཚུལ་རིམ་པས་ཀློག་པ་པོ་ཁྱེད་རྣམས་ལ་ཞུས་ན། གནམ་གྲུ་གཏོང་འཕུར་གྱི་ལས་རིགས་ལ་སྤྲོ་སྣང་ནི་ཆུང་དུས་ནས་ཡོད། ནམ་མཁར་འཕུར་བཞིན་པའི་གནམ་གྲུ་མཐོང་ཚེ། གནམ་གྲུའི་ནང་འགྲུལ་བཞུད་བྱེད་རྒྱུའི་ཚོར་བ་དང་ཁེ་ཕན་ད་དུང་དེང་དུས་འཕྲུལ་ཆས་ཡར་རྒྱས་ཀྱིས་རྐྱེན་པས་ངོ་མཚར་དང་ཚད་མཐོའི་འཕྲུལ་རིག་གི་ང་རང་གནམ་གྲུའི་ལས་རིགས་ལ་རོལ་བའི་འདོད་པ་ཇེ་ཆེ་ནས་ཇེ་ཆེར་ཕྱིན། ང་ཆུང་དུས་ནས་སེམས་ལ་བསམ་པའི་འདོད་སྲེད་དེ་སྒྲུབ་ཐབས་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ། ཚོལ་ཞིབ་དང་སྣང་བ། གནམ་གྲུའི་ཞལ་ཏ་མ་ཞིག་བྱེད་ཐུབ་ཚེ་རང་ཉིད་ལ་འཛམ་བུ་གླིང་ཆེན་པོ་དེ་ཕྱོགས་མང་པོ་ནས་སྐོར་བསྐྱོད་བྱེད་པའི་ཐུན་མོང་མ་ཡིན་པའི་གོ་སྐབས་ཁྱད་པར་ཅན་ཞིག་ཡོད། དེ་ལས་མི་རིགས་འདྲ་མིན་གྱི་རིག་གཞུང་དང་སྐད་ཡིག གནམ་གྲུའི་འཕུར་འདེགས་རེ་རེ་ཡི་རང་ཉིད་ལ་ཉམས་མྱོང་གསར་པ་རེ་རེ་དང་ཕྱིའི་འཛམ་གླིང་དང་ནང་གི་མི་ཚེ་ལ་ལྟ་སྟངས་ཀྱང་མི་འདྲ་བ་ཞིག་ཡོང་ཐུབ། གཞན་ལ་ཞབས་འདེགས་ཀྱི་བྱེད་སྒོ། གནམ་གྲུའི་ཞལ་ཏ་མའི་ལས་རིགས་ནི་གཙོ་ཆེ་གཞན་ལ་མི་རིགས་ཀྱི་དབྱེ་འབྱེད་མེད་པའི་ཐོག་ཞབས་འདེགས་ཞུ་རྒྱུའི་གོ་སྐབས་བཟང་པོ་ཞིག་ཡོད། འགྲུལ་བཞུད་པ་སུ་ཡིན་ཡང་འགྲུལ་ཞུའི་སྐབས་སེམས་ནང་ཞེད་སྣང་དང་རང་ཉིད་ཀྱི་སེམས་པའི་དཀའ་ངལ་མི་འདྲ་བ་ཡོད་པས་ངས་ལས་རིགས་འདི་ཡི་བརྒྱུད་ཁོར་ཡུག་སྐྱིད་སྣང་ལྡན་པ་ཞིག་བསྐྲུན་པའི་གོ་སྐབས་ཡོད། གནམ་གྲུའི་ཞལ་ཏ་མ་ཞིག་བྱེད་པར་ངེས་པར་དུ་རང་ཉིད་ལ་འཛིན་རིམ་བཅུ་གཉིས་ཐོན་པའི་ལག་ཁྱེར་དགོས། དེ་ནས་རིམ་པས་སྦྱོང་བསྡར་གྱི་ལམ་ནས་ལས་རིགས་འདིར་བཞུགས་ཆོག་མིན་གྱི་ཡིག་རྒྱུགས་གཏོང་དགོས། དེ་ན་ལས་རིགས་ཆེ་ཆུང་ཅི་འདྲ་ཞིག་ཡིན་པར་ཤེས་ཡོན་གྱི་གནས་ཚད་མེད་ན། བསམ་འདོད་ལྟར་བསྒྲུབ་ཐུབ་རྒྱུ་དཀའ་བས་སློབ་མ་སུ་ཞིགཡིན་རུང་མ་མཐའ་ཤེས་ཡོན་གྱི་གནས་ཚད་ངེས་ཅན་ཞིག་དགོས་པས། རང་ཉིད་ཀྱི་དམིགས་ཡུལ་ཇི་འདྲ་ཞིག་ཡིན་རུང་སློབ་སྦྱོང་མ་བྱེད་པར་བསྒྲུབ་ཐབས་མེད་པས། ཆུང་དུས་ཤེས་ཡོན་ལ་བརྩི་མཐོང་དང་གོ་སྐབས་དམ་འཛིན་བྱེད་རྒྱུ་དེ་གལ་འགངས་ཆེ། ལས་རིགས་འདིའི་ནང་། གནས་སྟངས་འདྲ་མིན་ལ་གོམས་འདྲིས་བྱེད་ནུས་པའི་ཁྱད་ཆོས་དང་རང་གི་གདེང་ཚོད། བཀའ་མོལ་གྱི་ནུས་པ། སྐྱིད་སྡུག་ཅི་རིགས་ལ་གདོང་ལེན་བྱེད་ནུས་པའི་འཇོན་ཐང་ཡོད་མེད་སོགས་ཞིབ་འཇུག་མི་འདྲ་བའི་ལམ་ནས་རྟོགས་ཞིབ་བྱེད་དེ་འོས་ཆོས་འཚམས་པའི་མི་དག་འདེམས་ཐོན་བྱེད་ཀྱི་ཡོད། མཉམ་རུབ་ཀྱི་ལས་དོན་ནི་གནམ་གྲུའི་ལས་རིགས་དང་དབྱེར་མེད་ཀྱི་རྣམ་པ་ཞིག་ཡིན་པས་འགྲུལ་བཞུད་པ་ཚོ་ས་གནས་སུ་དཀའ་ངལ་མེད་པར་འབྱོར་ཐུབ་མིན་སོགས་ཀྱི་འགན་འཁྲི་ཆེན་པོའི་ལས་རིགས་ཤིག་ཀྱང་ཡིན། ཕྲན་རང་ཉིད་གནམ་གྲུའི་ཞལ་ཏ་མ་ཞིག་བྱ་རྒྱུའི་དམིགས་ཡུལ་ཡོད་པས། གུས་མོས་སློབ་སྦྱོང་གི་གོ་སྐབས་བཟང་པོ་འདི་དམ་འཛིན་བྱེད་ནས་རང་ཉིད་ཀྱི་དམིགས་ཡུལ་སྒྲུབ་ཐབས་ལ་འབད་བརྩོན་བྱེད་རྒྱུ་ཡིན། དམིགས་ཡུལ་མེད་པའི་མི་ནི་རང་ཉིད་ཀྱི་མ་འོངས་པའི་ལམ་བུ་ངེས་ཅན་ཞིག་མེད་པ་དང་གཅིག་མཚུངས་ཡིན་པས། སློབ་མ་སུ་འདྲ་ཞིག་ཡིན་རུང་དམིགས་ཡུལ་ཡོད་དགོས་པ་ཡིན། རང་ཉིད་ལ་ཤེས་ཡོན་ཡོད་ཀྱང་དམིགས་ཡུལ་ངེས་ཅན་མེད་ན་དེ་ཙམ་གྱི་ནུས་པ་ཐོན་མི་ཐུབ། སྙན་གྲགས་ཆེ་བའི་མི་ཇི་འདྲ་ཞིག་བྱུང་ཡོད་པ་ཚང་མས་དམིགས་ཡུལ་ངེས་ཅན་ཞིག་གི་ལམ་ནས་རང་ཉིད་ཀྱི་མ་འོངས་པའི་ཁ་ཕྱོགས་སུ་སླེབས་ཐུབ་ཡོད། ཕན་ནུས་ཐུབ་ཡོད། འགྱུར་བ་གཏོང་ཐུབ་ཡོད། མིག་དཔེ་འཇོག་ཐུབ་ཡོད། དེས་ན། སྒེར་དང་། སྤྱི་ཚོགས། རྒྱལ་ཁབ་སོགས་མི་རིགས་སྤྱི་ལ་ཕན་ནུས་ལྡན་པའི་བྱ་བ་ཞིག་བསྒྲུབས་པར་ཐོག་མ་རང་ཉིད་ལ་ངེས་ཤེས་ལྡན་པའི་དམིགས་ཡུལ་ཞིག་ཡོད་དགོས་རྒྱུ་ཤིན་ཏུ་གལ་ཆེའོ།།

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

བསོད་ནམས་ཆོས་སྒྲོན། འཛིན་གྲྭ་བཅུ་པ། སྦེལ་ཀོབ་སམ་བྷོ་ཊ། དམིགས་ཡུལ་ནི་ང་ཚོ་མི་ཚེ་ཡི་ལམ་ཡང་ན་མི་ཚེའི་སྙིང་པོ་དེ་ཡིན། དམིགས་ཡུལ་མེད་པའི་མི་དེའི་མི་ཚེ་དོན་དང་ལྡན་པ་མི་འབྱུང་བ་དང་མི་ཚེའི་ལམ་བརླག་པ་ལྟར་ཡིན་པས་དམིགས་ཡུལ་ནི་སོ་སོའི་མི་ཚེའི་ཆེད་དུ་ཧ་ཅང་གི་གལ་ཆེན་པོ་ཡིན། ང་ཚོ་མང་ཆེ་བས་དམིགས་ཡུལ་ཟེར་བ་དེ་སྨན་པ་དང། དགེ་རྒན་སོགས་ཆགས་དགོས་པ་དང་ཡང་ན། མ་འོངས་པ་གང་བྱེད་འདོད་ལ་ཟེར་བ་དེ་གཅིག་པོ་མ་ཡིན་པར། ང་ཚོ་ཚང་མས་ཤེས་དགོས་པ་ཞིག་ལ་ལས་ཀ་ཆེ་ཆུང་གང་འདྲ་བྱེད་པ་ཡིན་ན་དེ་ལ་དམིགས་ཡུལ་རེ་རེ་འཛིན་རྒྱུ་ཡོད་པ་རེད། དཔེར་ན་སློབ་ཕྲུག་སོ་སོའི་དམིགས་ཡུལ་དེ་ཡི་གེ་ཡག་པོ་སྦྱང་བ་དང་ཤེས་བྱ་ཡོན་ཏན་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན། ཤེས་ཡོན་སློབ་སྦྱོང་སྤྲོད་པའི་དམིགས་ཡུལ་ནི་སོ་སོའི་རང་དབང་དང་གཞན་ཕན་བྱ་རྒྱུ། དེ་བཞིན་གསར་གཏོད་བྱེད་རྒྱུ་སོགས་ཀྱི་ཆེད་དུ་ཡིན་དགོས། མི་སོ་སོ་ལ་དམིགས་ཡུལ་མི་འདྲ་བ་ཡོང་སྲིད་ཀྱི་རེད། གང་ཡིན་ཟེར་ན་མི་སོ་སོ་ལ་འདོད་པ་དང་དབྱིངས། ཁྱད་ཆོས་མི་འདྲ་བ་ཞིག་ཡོད། སོ་སོ་ལ་དམིགས་ཡུལ་གཞན་པ་ཞིག་ཡོད་དུས་གལ་སྲིད་སོ་སོའི་གྲོགསཔོ་ཚོས་གཤེ་གཤེ་བཏང་བ་དང་གད་མོ་ཤོར་བ་སོགས་བྱས་ན་ཁོང་ཚོ་ལ་ཉན་རྒྱུ་མེད། མི་དེ་ཚོའི་རིགས་ཀྱིས་ང་ཚོའི་མ་འོངས་པའི་མདུན་ལམ་ལ་གནོད་ཀྱི་ཡོད། དེ་ལས་ང་ཚོ་བསམ་བློ་ཡག་སར་བཏང་བ་དང་། ག་དུས་ཡིན་ནའང་། ངས་བྱེད་ཐུབ་ཀྱི་རེད་བསམ་དགོས། འདི་ཡང་མི་ཚེའི་དམིགས་ཡུལ་ཡིན། དེང་སང་མི་ཚོས་ལས་ཀ་འདམ་དུས་དམིགས་ཡུལ་ནི། དངུལ་མང་ལོས་དང། ལས་ཀ་བྱེད་སའི་ཁོར་ཡུག དེ་བཞིན་ཁེ་ཕན་སོགས་ལ་ལྟ་ཡི་ཡོད། དེང་སང་ཕྲུ་གུ་ཚོ་ལ་རྗེས་མའི་དམིགས་ཡུལ་སྐོར་སྐད་ཆ་དྲིས་དུས་ཕྲུ་གུ་ཚོས་སྨན་པ་དང་གཞས་མ། དགེ་རྒན་དང་སྲིད་སྐྱོང་སོགས་བྱེད་ཀྱི་ཡིན་ལབ་ཀྱི་ཡོད། མི་ཚོས་དམིགས་ཡུལ་འདམ་དུས་ནོར་འཁྲུལ་ཁ་ཤས་བྱེད་ཀྱི་ཡོད་པ་དེ་ནི་སོ་སོའི་གྲོགས་པོ་ལ་བལྟས་ནས་དམིགས་ཡུལ་གཅིག་པ་བདམ་པ་དང། ཡང་ན་མི་མང་ཆེ་བའི་ལས་ཀ་བྱེད་སར་འགྲོ་བ་ཡིན་དུས། ནོར་འཁྲུལ་དེ་ཚོ་ལ་གཟབ་གཟབ་བྱས་ནས་ལྟ་དགོས། སྐབས་རེ་ང་ཚོའི་དམིགས་ཡུལ་ལ་འགྱུར་བ་འགྲོ་སྲིད་པ་རེད། ང་ཡང་འཚམས་འཚམས་རྗེས་མ་གང་འདྲ་ཞིག་ཆགས་ཀྱི་ཡོད་ན་དྲན་གྱི་ཡོད། རྗེས་མ་ཡག་པོ་ཞིག་དང་མི་ཚེ་སྐྱིད་པོ་ཞིག་ཆགས་ཀྱི་ཡོད་ན་སྙམ། ཡིན་ནའང་ད་ལྟ་གལ་སྲིད་ཡི་གེ་ཡག་པོ་སྦྱངས་ན་རྗེས་མ་ཡག་པོ་ཞིག་ཆགས་འགྲོ་ཡི་རེད་བསམ་གྱི་འདུག བུ་མོ་ང་རང་ཡིན་ན་ལག་བཟོ་ལ་དགའ་བ་དང་སྨན་པ་བྱེད་རྒྱུར་དོ་དབྱིངས་ཆེན་པོ་ཡོད། ངའི་ད་ལྟའི་དམིགས་ཡུལ་ནི་ང་རང་སློབ་སྦྱོང་ཡག་པོ་སྦྱངས་ཏེ་ཡིག་རྒྱུགས་དང་། སློབ་གྲྭའི་བྱེད་སྒོ་སོགས་ལ་མཉམ་ཞུགས་བྱེད་རྒྱུ་དེ་ཡིན། ངའི་མ་འོངས་པའི་དམིགས་ཡུལ་ནི། ང་རང་སློབ་གྲྭ་ཐོན་ཏེ་ལས་ཀ་ཡག་པོ་ཞིག་བཙལ་ཏེ་སྤྱི་ཚོགས་ནང་ཕན་ཐོགས་པ་ཞིག་བྱ་རྒྱུ་མ་ཟད། གཞན་གྱི་ང་ལ་མིག་དཔེ་བལྟ་འོས་པ་དང་། མི་འཇོན་པོ་ཞིག་ཆགས་འདོད་ཡོད། ངའི་ཕ་མ་དང་ནང་མི་ཡོངས་ལ་ཕན་ཐོགས་ཐུབ་པ་དང། ཁོང་ཚོའི་མི་ཚེ་སྐྱིད་པོ་ཞིག་བཟོ་ཐུབ་པ་བྱེད་ཀྱི་ཡིན། སློབ་གྲྭ་ལ་རྒྱུན་དུ་དགེ་རྒན་རྣམས་ཀྱི་བསླབ་བྱ་གནང་བ་དང་མ་འོངས་པའི་དམིགས་ཡུལ་སྐོར་སློབ་སྟོན་ཡང་སེ་གནང་གི་ཡོད། ང་རང་ཉིན་ཞིག་སོ་སོའི་དམིགས་ཡུལ་སྒྲུབ་ཐུབ་པ་དང་རྗེས་མ་ལས་ཀ་ཡག་པོ་ཞིག་རག་ནས་ཕ་མ་གཉིས་ལ་དྲིན་ལན་འཇལ་ཐུབ་པའི་འདུན་པ་ཡོད།

ངའི་མ་འོངས་པའི་དམིགས་ཡུལ།  

ངའི་མ་འོངས་པའི་དམིགས་ཡུལ།  

བསྟན་འཛིན་ཆོས་དབྱངས། འཛིན་གྲྭ་བཅུ་པ། བདེ་སླར་སམ་བྷོ་ཊ་སི་ཝི་པི་ཉིན་སློབ། འཇིག་རྟེན་འདིའི་སྒང་ལ་སྐར་ཚོགས་བཞིན་འཚོ་བཞིན་པའི་མི་ཐམས་ཅད་ལ་རང་རང་གི་མི་ཚེའི་མདུན་ལམ་དང་དམིགས་ཡུལ་མེད་མཁན་སུ་ཡང་མེད། དམིགས་ཡུལ་ཡོད་པ་དེ་ཡག་པོ་ཞིག་དགོས། བོད་པ་ནང་ཆོས་བྱེད་མཁན་དང། དམིགས་བསལ་སློབ་ཕྲུག་ཞིག་ལ་དམིགས་ཡུལ་བཟང་པོ་ཞིག་མེད་ན་བྱིའུ་ལ་གཤོག་པ་གཅིག་ལས་མེད་པ་དང་འདྲ་བས་ཡག་པོ་འཕུར་མི་ཐུབ། བྱུང་ན་ཆོས་དང་འཇིག་རྟེན་གྱི་དམིགས་ཡུལ་གཉིས་ཀ་ཚང་དགོས། དེ་མེད་ན་ཡང་ཉུང་མཐར་ཚེ་འདིར་གཞན་ལ་ཕན་པའི་སེམས་པ་བཟང་པོ་ཞིག་བྱེད་དགོས། གང་ལ་ཟེར་ན། ཚེ་འདིའི་བདེ་སྡུག་ཚང་མ་ཚེ་སྔོན་ལས་ལ་རག་པ་དང་། ཐམས་ཅད་བསམ་པ་དག་ལ་རག་ལས་ཡོད་ཅེས་གསུངས་ཡོད། དེ་འདྲ་སོང་ཙང་བོད་པ་ཞིག་ཡིན་པའི་ཆ་ནས་ཚེ་འདི་དང་ཚེ་ཕྱི་མ་གཉིས་ཀ་ལ་ཕན་པའི་བྱ་བ་ཞིག་བྱེད་ཐུབ་པའི་དམིགས་ཡུལ་ཞིག་ཡོད་དགོས། དེ་ལྟར་མེད་ན་ཡང་། གཞན་ལ་ཕན་མ་ཐོགས་ན་ཡང་གནོད་མི་སྐྱེལ་བའི་དམིགས་ཡུལ་ཞིག་ངེས་པར་དུ་དགོས། དེ་ཡང་༸གོང་ས་མཆོག་གིས་ཡང་ཡང་གསུངས་པ་བཞིན། གཡོ་སྒྱུ་དང་མ་རབས་སོགས་བྱས་ནས་རང་གཅིག་པོའི་བདེ་སྐྱིད་བསྒྲུབ་པའི་དམིགས་ཡུལ་བཟུང་ན། སྤྱི་ཚོགས་དང་མི་གཞན་ལ་ཕན་ཐོགས་ཐུབ་ཀྱི་ཡོད་མེད་མི་ཤེས་ཀྱང་། རང་ལ་བདེ་སྐྱིད་ཆུང་ཆུང་ཞིག་ཐོབ་ན་ཡང་རྒྱུན་རིང་པོ་མི་སྡོད་པ་དང་། གཞན་གྱི་ཡིད་ཆེས་དང་རེ་བ། གུས་ཞབས་སོགས་ག་ལེར་འཇའ་བཞིན་ཡལ་འགྲོ་ཡི་རེད། དེ་འདྲ་སོང་ཙང་ང་ཚོ་མི་རྣམས་འཛམ་གླིང་འདིའི་ནང་ཡོང་དགོས་དོན་ནི་གཞན་ལ་ཕན་ཐོགས་དང་བདེ་སྐྱིད་བསྒྲུབས་ནས་མི་ཚེ་དོན་དང་ལྡན་པ་ཞིག་བྱེད་དགོས། དེ་ཚོ་ཚང་མ་སློབ་དེབ་ནང་གསུངས་ཡོད། དེ་འདྲ་སོང་ཙང་ཚོ་ཚང་མ་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་མི་ཚེ་དོན་དང་ལྡན་པ་དང་། རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་ཐོགས་སྒྲུབ་ཐུབ་པའི་ལས་ཀ་ཞིག་བྱེད་ཐུབ་པའི་དམིགས་ཡུལ་བཟུང་དགོས་ཀྱི་རེད་བསམ་གྱི་འདུག བུ་མོ་ངའི་དམིགས་ཡུལ་ནི་མ་འོངས་པར་བོད་ཡིག་དགེ་རྒན་བཟང་པོ་ཞིག་བྱེད་འདོད་ཡོད། གང་ཡིན་ཟེར་ན། དང་པོ་དེ་ལ་ང་རང་བོད་པ་ཞིག་ཡིན་པ་མ་ཟད། ༸གོང་ས་མཆོག་གིས་བོད་ཡིག་ལ་དོ་སྣང་བྱེད་དགོས་པ་གསུངས་ཡོད། བོད་ཡིག་ཤེས་ན་ནང་ཆོས་ཡང་ཤེས་ཐུབ། ནང་ཆོས་ཤེས་ན་སེམས་ལ་འགྱུར་བ་གཏོང་ཐུབ་ཀྱི་རེད། སེམས་ལ་འགྱུར་བ་ཕྱིན་ན་མི་བཟང་པོ་ཞིག་ཆགས་ཀྱི་རེད། རྒྱུ་མཚན་གཉིས་པ་ནི། བོད་ཡིག་དགེ་རྒན་བྱེད་འདོད་ཀྱི་བསམ་བློ་གང་ནས་བྱུང་ཟེར་ན། བོད་ཡིག་རྒན་ལགས་ཚོ་བསམ་བློ་གཏོང་སྟངས་དང་། དུག་ལོག་གྱོན་སྟངས་སྐད་ཆ་ཤོད་སྟངས་སོགས་འདྲ་ཡི་མི་འདུག ཁོ་ཚོ་སློབ་ཕྲུག་ལ་བརྩེ་བ་ཆེ་བ་དང་། དུག་ལོག་དེ་ཚོ་རྫིག་པོ་དང་ཕྲ་ཕྲ་སིལ་སིལ་གྱོན་གྱི་མིི་འདུག སེམས་ཤུགས་ཡང་ཆེ་བ་མཐོང་གི་འདུག འཛིན་གྲྭའི་ནང་༸གོང་ས་མཆོག་གི་བཀའ་སློབ་ཡང་ཡང་གསུང་གི་འདུག མཚམས་མཚམས་སངས་རྒྱས་དང་མི་ལ་རས་པ་ལ་སོགས་པའི་ལོ་རྒྱུས་སྙན་པོ་དང་སེམས་སྐྱོ་པོ་མང་པོ་གསུང་གི་འདུག་ལ་བསླབ་བྱ་རྒྱག་སྟངས་དེ་ཚོ་ངའི་པ་ལགས་དང་འདྲ་པོ་འདུག ང་རང་མ་འོངས་པར་བོད་ཡིག་རྒན་ལགས་ཡག་པོ་ཞིག་ཆགས་པ་ལ་ད་ལྟ་ནས་བོད་ཡིག་སློབ་ཚན་ལ་དོ་སྣང་གཞན་ལས་ཆེ་བ་སྤྲོད་བཞིན་ཡོད། ས་སྐྱ་ལེགས་བཤད་དང་བཤེས་སྤྲིངས་ཀྱི་ཚིགས་བཅད་དེ་ཚོ་བློ་འཛིན་དང་། སྐབས་སྐབས་ལ་༸གོང་ས་མཆོག་གི་བཀའ་སློབ་ཡང་ཉན་ཀློག་བྱེད་ཀྱི་ཡོད། བོད་ཡིག་ཡག་པོ་ཞིག་ཤེས་པའི་ཆེད་དུ་འཛིན་གྲྭ་བཅུ་པའི་རྗེས་སུ་སྰ་ར་ཡང་ན་ཝ་ར་ཎ་སི་ལ་འགྲོ་ཡ་འདོད་པ་ཡོད། སློབ་གྲྭའི་ནང་ཚུད་ཆེད་ངས་ད་ལྟ་ནས་བོད་ཡིག་ལ་དཀའ་ལས་རྒྱག་གི་ཡོད། གོ་སྐབས་རག་ན། ངས་དཀའ་ལས་བརྒྱབ་ནས་བོད་ཡིག་གཅིག་པོ་མ་ཡིན་པར་དེང་དུས་ཀྱི་སློབ་སྦྱོང་ཡང་མཉམ་དུ་བྱེད་ཀྱི་ཡིན། མ་འོངས་པར་བོད་ཡིག་རྒན་ལགས་ཆགས་ན། སློབ་ཕྲུག་རྣམས་ལ་ལྷག་བསམ་རྣམ་དག་ཐོག་ནས་སློབ་སྦྱོང་དང་ཡ་རབས་སྤྱོད་བཟང་སྐོར་སློབ་ཀྱི་ཡིན། ཡི་གེ་འབྲི་ཀློག་ཤེས་ཐུབ་པ་བཟོ་ཡི་ཡིན། མཚམས་རེ་བླ་མ་དང་སྐད་གྲགས་ཆེ་བའི་མི་སྣའི་སྐོར་གྱི་ལོ་རྒྱུས་ཡང་ཤོད་ཀྱི་ཡིན། ༸གོང་ས་མཆོག་བཀའ་དྲིན་ཆེན་པོ་ཡིན་པ་སློབ་མ་རྣམས་ལ་ཤེས་སུ་འཇུག་གི་ཡིན། ང་ཚོ་བོད་པ་རྣམས་རྒྱ་གར་ལུང་པར་ག་ཚོད་སྐྱིད་པོ་ཡོད་ན་ཡང་སོ་སོའི་ལུང་པ་མ་ཡིན་པའི་འགྲེལ་བཤད་བྱེད་ཀྱི་ཡིན། ང་ཚོ་སློབ་སྦྱོང་སྦྱང་ཡ་དེ་མ་འོངས་པར་ང་ཚོ་བོད་ལ་ལོག་ཡ་ཡིན་པ་འགྲེལ་བཤད་བྱེད་ཀྱི་ཡིན། མཐའ་མ་དེར་ངས་ང་རང་གི་སློབ་ཕྲུག་རྣམས་བོད་པ་གཙང་མ་ཞིག་བཟོ་ཐུབ་པའི་ཡིད་ཆེས་དང་། ཆུང་དུས་ནས་དམིགས་ཡུལ་ཡག་པོ་ཞིག་ཡོད་ན་སློབ་སྦྱོང་ཡག་པོ་སྦྱོང་ཐུབ་པ་མ་ཟད་སོ་སོའི་བསམ་བློ་དེ་ཡང་ཉི་མ་དང་ཉི་མ་ལ་ཡར་རྒྱས་འགྲོ་ཡི་ཡོད་པ་སློབ་ཀྱི་ཡིན། ཐུགས་རྗེ་ཆེ།