Skip to main content
ཤེས་རིག་ལས་ཁུངས།

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

བསྟན་འཛིན་ཚེ་འཕེལ། འཛིན་གྲྭ་བཅུ་པ། བདེ་སླར་སམ་བྷོ་ཊ་སི་ཝི་པི་ཉིན་སློབ། ང་ཚོའི་རྒན་ལགས་ཚོས་མི་ཚེའི་ནང་དམིགས་ཡུལ་ཡོད་ན་ལས་ཀ་ག་རེ་ཡིན་ན་ཡང་བྱེད་ཐུབ་ཀྱི་རེད་གསུངས་ཀྱི་འདུག ངའི་བསམ་པར་དམིགས་ཡུལ་ཡོད་ན་མི་ཚེ་སྐྱིད་པོ་རེད་ཅེས་ལབ་ཐུབ་ཀྱི་མ་རེད། གང་ཡིན་ཟེར་ན། དམིགས་ཡུལ་བསྒྲུབ་པར་ལས་སླ་པོ་ཡོད་མ་རེད། དམིགས་ཡུལ་ཡག་པོ་དང་ཆེན་པོ་དེ་ཚོ་དཀའ་ལས་ཁག་པོ་རེད། དམིགས་ཡུལ་ཆུང་ཆུང་དེ་ཚོ་ལས་སླ་པོ་དང་མགྱོགས་པོ་ཡོང་གི་རེད། མ་འོངས་ཀྱི་དམིགས་ཡུལ་གལ་ཆེན་པོ་རེད། མ་འོངས་དམིགས་ཡུལ་མེད་ན་ཡང་མི་ཚེ་ཡག་པོ་ཞིག་ཡོང་མི་སྲིད་པ་མ་རེད། གང་ཡིན་ཟེར་ན་ངས་དམིགས་ཡུལ་ཡོད་མཁན་དང་མེད་མཁན་མང་པོ་མཐོང་སོང་། ངའི་གྲོགས་པོ་མང་པོ་ལ་མ་འོངས་པའི་དམིགས་ཡུལ་མེད། ཁོང་ཚོ་ལ་སྐད་ཆ་དྲིས་དུས་མི་ཚེའི་ནང་དམིགས་ཡུལ་མེད་ཟེར་གྱི་འདུག ཁོང་ཚོ་ཁ་ཤས་ནི་ངའི་གྲོགས་པོ་རེད། ཁ་ཤས་ནི་གཞིས་ཆགས་གཅིག་པ་རེད། ཁ་ཤས་ནི་སློབ་གྲྭ་ལ་འགྲོ་གི་འདུག ཁ་ཤས་ནི་ཚོང་རྒྱབ་ཀྱི་འདུག ཁ་ཤས་ནི་ནང་ལ་ལས་ཀ་མེད་ནས་བསྡད་འདུག ཡང་ཁ་ཤས་ནི་དམག་མི་ཆགས་འདུག ཁ་ཤས་ནི་རྗེས་ལ་ཕྱི་རྒྱལ་ལ་འགྲོ་ཡི་ཡིན་ཟེར་གྱི་འདུག ང་རང་ལ་དམིགས་ཡུལ་ལས་སླ་པོ་ཞིག་ཡོད། ང་མ་འོངས་པར་དམག་མིར་ཕྱིན་ནས་དམག་མིའི་ལས་ཁུངས་ནང་ལས་ཀ་བྱེད་ཡ་འདོད་པ་ཡོད། ངའི་པ་ལགས་ཡང་དམག་མི་རེད། ཁོང་མི་སེམས་པ་བཟང་པོ་དང་ནང་མིའི་ཆེད་དུ་དཀའ་ལས་རྒྱབ་ཀྱི་ཡོད། ང་ལ་བརྩེ་བ་སྤྲོད་ཀྱི་ཡོད། པ་ལགས་ཀྱིས་འཛིན་གྲྭ་བཅུ་གཉིས་རྗེས་ལ་དམག་མི་ལ་འགྲོ་ན་སློབ་སྦྱོང་ཡང་བྱེད་ཡ་གོ་སྐབས་ཡོད་རེད་ལབ་སོང་། ད་དུང་དམག་མི་ལ་ལོ་བཅོ་བརྒྱད་ལོན་དགོས་པ་བཤད་སོང་། དམག་མི་ལ་འགྲོ་ན་ཁེ་བཟང་མང་པོ་ཡོད་པ་གོ་བྱུང་། དམག་མི་ལ་སྒྲིག་འཛུགས་འདུག དམག་མི་ཐོན་པའི་རྗེས་ལ་ལས་ཀ་གང་བྱེད་ན་ཡང་བྱེད་ཐུབ་ཀྱི་འདུག དམག་མི་ལ་གླ་ཆ་ཆེན་པོ་འདུག་ ཁ་ལག་ཡག་པོ་ཡོད་རེད། གལ་སྲིད་ནད་པ་ཆགས་ན་འགྲོ་སོང་ཚང་མ་གཞུང་ནས་གཏང་གི་རེད། ད་དུང་Glacier དང་ལ་དགས་ལ་ཕྱིན་ན་གླ་ཆ་ཆེན་པོ་ཡོད་རེད། དེང་སང་དམག་ནི་རྒྱག་ཀྱི་མ་རེད། ངའི་གྲོགས་པོ་ཁ་ཤས་དམག་མི་རེད། ཁོང་ཚོ་ནང་ལ་གུང་སེང་ཡོང་དུས་དངུལ་མང་པོ་འདུག ཁོ་ཚོའི་མི་ཚེ་སྐྱིད་པོ་ཡོད་ས་རེད། ཁོང་ཚོས་དམག་མི་ལ་དཀའ་ལས་མང་པོ་མི་འདུག་ལབ་སོང་། ང་ཡང་མ་འོངས་པར་དམག་མི་ལས་བྱེད་པ་ཞིག་བྱེད་འདོད་ཡོད། ང་རང་ད་ལྟ་ནས་དབྱིན་ཇིའི་སྐད་ཡིག་ཡར་རྒྱས་གཏོང་གི་ཡོད། ངས་དབྱིན་ཇི་སྒྲུང་དེབ་མང་པོ་བཀླགས་པ་ཡིན། ༸གོང་ས་མཆོག་གི་བཀའ་སློབ་དབྱིན་ཇིའི་ནང་ཡོད་པ་མང་པོ་ཀློག་གི་ཡོད། གལ་སྲིད་དབྱིན་ཇི་ཡག་པོ་ཡོད་ན་རྗེས་ལ་སློབ་སྦྱོང་ཚང་མ་དབྱིན་ཇིའི་ནང་ཡོད་དུས་དཀའ་ལས་ཡོད་མ་རེད། ང་རང་ད་ལྟ་ལོ་ཆུང་ཆུང་དང་གཟུགས་སྟོབས་ཆེན་པོ་མེད། རྗེས་མ་དམག་མི་ལ་འགྲོ་ཡ་ཆེད་དུ་ངས་གཟུགས་པོ་བཟོ་ཡི་ཡོད། ང་རང་དམག་མི་ལ་འགྲོ་དུས་སློབ་སྦྱོང་ཡག་པོ་བྱས་ནས་དམག་མིའི་དཔོན་པོ་དང་ཡང་ན་ལས་ཁུངས་ནང་ལས་ཀ་བྱེད་ཐུབ་པ་བྱེད་ཀྱི་ཡིན། ང་རང་དམག་མི་ལ་ཚུད་ན་སྒྲིག་འཛུགས་ཡག་པོ་ཁྱེར་རྒྱུ་དང་། སློབ་སྦྱོང་ཡག་པོ་བྱེད་་རྒྱུ། དངུལ་མང་པོ་གསོག་རྒྱུ། གཟུགས་པོ་ཡག་པོ་བདག་པོ་རྒྱག་རྒྱུ་བཅས་ཡིན། དམག་མི་གཞན་ནང་བཞིན་ཆང་དང་ཐ་མག་འཐུང་གི་མིན། དངུལ་མང་པོ་འཕྲོ་བརླག་གཏོང་གི་མིན། དངུལ་བསགས་ནས་པ་ལགས་དང་ཨ་མ་ལགས་གཉིས་ལ་སྤྲོད་ཀྱི་ཡིན། གང་ཡིན་ཟེར་ན་ངའི་པ་ལགས་ཀྱིས་དམག་མི་ནས་དངུལ་མང་པོ་བསགས་འདུག ང་རང་ཡང་པ་ལགས་ནང་བཞིན་དངུལ་མང་པོ་བསགས་ནས་མི་ཚེ་སྐྱིད་པོ་ཞིག་སྐྱེལ་གྱི་ཡིན།

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

བསྟན་འཛིན་དབང་མོ། འཛིན་གྲྭ་བཅུ་གཉིས། སྦེལ་ཀོབ་སཾ་བྷོ་ཊ་བོད་མིའི་སློབ་གྲྭ། སྤྱིར་འཛམ་གླིང་འདིའི་ནང་མི་སྟོང་ཕྲག་མང་པོ་ཡོད་པ་ལྟར། མི་ཚང་མའི་མི་ཚེ་ལ་དམིགས་ཡུལ་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཞིག་ཡིན།  གང་ཡིན་ཟེར་ན། དམིགས་ཡུལ་མེད་པ་ཞིག་ཡིན་ན། རང་གི་མི་ཚེ་དེ་ཡག་པོ་འགྲོ་མི་ཐུབ།  དེ་མ་ཟད་འཛམ་གླིང་འདིའི་ནང་དུ་འཚོ་གནས་བྱེད་རྒྱུ་ཡང་དཀའ་ལས་ཁག་པོ་ཆགས་ཀྱི་ཡོད། དམིགས་ཡུལ་ཟེར་བ་དེ་མི་ཞིག་གི་མི་ཚེ་ཡི་ཆ་ཤས་སམ་མི་ཚེ་གཅིག་གི་གནས་སྟངས་ཤིག་ཡིན། དམིགས་ཡུལ་ཟེར་ན་ལས་ཀ་གཅིག་པོ་མིན་པར་གཞན་ལ་ཕན་ཐོགས་དང་མ་འོངས་པར་སོ་སོའི་ཕ་མ་དང་སྤུན་མཆེད་རྣམས་ལ་རོགས་རམ་བྱེད་རྒྱུའི་སེམས་ཀྱི་འདོད་པ་ཞིག་ལ་ཡང་དམིགས་ཡུལ་ཟེར། ང་ཡི་མ་འོངས་པའི་དམིགས་ཡུལ་གང་ཡིན་ཟེར་ན། ང་རང་ནི་མ་འོངས་པར་སྨན་ཞབས་ཤིག་བྱེད་འདོད་ཡོད།  ཆུང་དུས་ནས་ང་རང་སྨན་ཁང་དུ་འགྲོ་བའི་སྐབས་སྨན་ཞབས་དང་སྨན་པ་རྣམས་ཀྱིས་ང་ཚོ་ནད་དང་ན་ཚ་ནས་སྐྱོབ་ཀྱི་འདུག ངའི་བསམ་ཚུལ་ལ་སྨན་ཞབས་བྱེད་རྒྱུ་ནི་ཧ་ཅང་གི་གལ་གནད་ཆེན་པོ་ཡིན་པ་མཐོང་སོང་། སྨན་པ་དང་སྨན་ཞབས་ནི་ཆུ་དང་འདྲ་བར་མེད་དུ་མི་རུང་བ་ཞིག་རེད།  ང་རང་ལ་ཆ་མཚོན་ན། ང་ནི་མི་གཞན་ལ་དཀའ་ངལ་འཕྲད་སྐབས་རོགས་པ་བྱེད་རྒྱུར་དགའ་པོ་ཡོད་པར་མ་ཟད་ང་རང་ཡང་སེམས་པ་སྐྱིད་པོ་ཆགས་ཀྱི་འདུག  དེར་བརྟེན། ང་རང་གི་ངོས་ནས་སྨན་ཞབས་ཀྱི་ལས་ཀ་དེ་གལ་ཆེན་པོ་དང་ཡག་ཤོས་ཤིག་ཏུ་མཐོང་གི་འདུག སྨན་ཞབས་ཀྱི་ལས་ཀ་ནི་མི་གཞན་ལ་ཕན་ཐོགས་པའི་ལས་ཀ་ཞིག་ཡིན།  སྨན་ཞབས་བྱེད་པར་དང་པོར་སོ་སོར་གཟུགས་གཞི་ཐང་པོ་དགོས། གཟུགས་གཞི་ཐང་པོ་མེད་ན་གཞན་ལ་ཕན་ཐོགས་བྱེད་མཁན་གྱི་སྨན་ཞབས་ཚད་ལྡན་ཞིག་ཆགས་རྒྱུ་དཀའ་ལས་ཁག་པོ་རེད། གཉིས་པར་སྨན་བཅོས་ལག་རྩལ་དང་སྨན་བཅོས་དང་འབྲེལ་བའི་སྐོར་ལ་གོ་རྟོགས་ཡག་པོ་དགོས།  དེ་གཉིས་མེད་ན་གཞན་རྣམས་ནད་ཀྱི་སྡུག་བསྔལ་ལས་སྐྱོབ་ཐུབ་རྒྱུའི་ཚབ་ཏུ་སྡུག་བསྔལ་འཕར་མ་སྟེར་བའི་ཉེན་ཁ་ཡོད། གསུམ་པར་བདག་གིས་སེམས་ཅན་གཞན་རྣམས་ནད་ཀྱི་སྡུག་བསྔལ་ལས་སྐྱོབ་པར་བྱེད་ཀྱི་ཡིན་བསམ་པའི་ལྷག་བསམ་དགོས། དེ་ལྟ་བུའི་ལྷག་པའི་བསམ་པ་ཡོད་ན་གཞན་ལ་ཕན་ཐོགས་རླབས་ཆེན་བྱེད་ཐུབ་ཀྱི་རེད། སྨན་ཞབས་བྱས་ན་ཁེ་ཕན་མང་པོ་ཞིག་ཡོད། དེའི་ནང་ནས་གལ་ཆེ་ཤོས་ནི་གཞན་ལ་རོགས་པ་བྱེད་ཐུབ་པ་དང་། སོ་སོ་སེམས་པ་སྐྱིད་པོ་ཡོང་བ་དེ་ཡིན། གཞན་ལ་རོགས་པ་བྱེད་པའི་བདེ་སྐྱིད་ནི་བདེ་སྐྱིད་ཐམས་ཅད་ཀྱི་ནང་ནས་མཆོག་ཡིན། དེ་འདྲ་བའི་བདེ་སྐྱིད་ནི་དཔལ་འབྱོར་སོགས་གང་གིས་ཀྱང་སྤྲོད་མི་ཐུབ་པ་ཡིན། སྨན་ཞབས་བྱེད་པར་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོའི་ནང་ཉུང་མཐར་བརྒྱ་ཆ་༧༥ འཐོབ་དགོས་ཡོད། ང་རང་ལ་ཆ་བཞག་ན། འདི་ལོར་འཛིན་རིམ་བཅུ་གཉིས་ལ་སླེབས་ཡོད་པ་དང་། རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ཆེན་མོ་གཏོང་མཁན་ཡིན་པ། རང་གི་མ་འོངས་པའི་དམིགས་ཡུལ་དང་བར་ཐག་ཉེ་བ་སོགས་རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ནས་རང་དགོས་སློབ་སྦྱོང་ལ་ལྷག་པར་འབད་བརྩོན་བྱས་དང་བྱེད་མུས་ཡིན། མཐའ་དོན་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་ཀྱི་ཡིག་རྒྱུགས་ནས་བརྒྱ་ཆ་ཡག་པོ་འཐོབ་པ་དང་། སྨན་ཞབས་ཀྱི་སློབ་སྦྱོང་བྱེད་སའི་མཐོ་སློབ་ཡག་པོ་ཞིག་ཏུ་ཚུད་ནས་སྨན་ཞབས་ཚད་ལྡན་ཞིག་ཆགས་ཐུབ་པའི་རེ་བ་སྙིང་ལ་བཅངས་ཡོད།

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

བསྟན་འཛིན་ཆོས་དབྱངས།་ འཛིན་གྲྭ་བཅུ་པ། སྦེལ་ཀོབ་སམ་བྷོ་ཊ། སློབ་གྲྭའི་ནང་དང་ཐོག་འགྲོ་བའི་དུས་ནས་ད་བར། མི་རྒན་པ་སུ་ཐུག་ཀྱང་དམིགས་ཡུལ་དང་འབྲེལ་བའི་དྲི་བ་འདྲི་ཡི་རེེད། དེ་གང་ཡིན་ཟེར་ན་མི་ཚང་མས་དམིགས་ཡུལ་དེ་གལ་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད་ཙང་རེད། མི་མང་པོས་ཆུང་དུས་སྐབས་སུ་མི་གཞན་གྱི་དམིགས་ཡུལ་དང་འབྲེལ་བའི་དྲི་བ་འདྲི་དུས་བསམ་གཞིག་གང་ཡང་མ་བྱེད་ནས་ལན་ལས་སླ་པོའི་ངང་ལ་རྒྱག་པ་དང་། ཆེན་པོ་ཆགས་དུས་སོ་སོར་གང་བྱེད་འདོད་ཡོད་པ་མ་ཤེས་ནས་བེད་མེད་ལྷག་གི་ཡོད། ངའི་བསལ་བློའི་ནང་སོ་སོའི་མ་འོངས་པའི་དམིགས་ཡུལ་དེ་སོ་སོའི་དབྱིངས་དང་འབྲེལ་བ་ཞིག་བདམ་ཐུབ་ན། མ་འོངས་པ་ལས་ཀ་བྱེད་དུས་འདོད་བློ་ཁེངས་པ་ཚོར་བ་དང། དགའ་ཚོར་སྐྱེས་ཀྱི་རེད། དེ་འདྲ་སོང་ཙང་ང་རང་ཡང་ངའི་མ་འོངས་པའི་དམིགས་ཡུལ་དེ་སོ་སོའི་དབྱིངས་དང་འབྲེལ་བ་བྱེད་པའི་འཆར་གཞི་ཡོད། སྤྱིར་བཏང་ནས་ང་རང་ཚན་རིག་སློབ་ཚན་སྦྱང་བར་དགའ་པོ་ཡོད། རྒྱུན་དུ་ང་ཚོའི་རྒྱུགས་སྤྲོད་བཏང་རྗེས་གྲུབ་འབྲས་ནང་ངའི་ཚནརིག་གི་བྱས་འབྲས་དེ་ག་དུས་ཡིན་ཡང་ཡག་པོ་ཐོབ་ཀྱི་ཡོད། དེ་གང་ཡིན་ཟེར་ན། སོ་སོར་དེ་ལ་དབྱིངས་ཡོད་པའི་སློབ་ཚན་དེ་རྒྱུན་གཏན་དུ་སྦྱང་གི་ཡོད་དུས་རྒྱུགས་སྤྲོད་ལ་ཡང་བརྒྱ་ཆ་ཡག་པོ་ཐོབ་ཡོང་གི་འདུག ང་རང་ན་ཆུང་ནས་ད་བར་སྨན་པ་ཚད་ལྡན་ཞིག་ཆགས་འདོད་ཡོད། རྒྱུ་མཚན་ནི། སྨན་པའི་སློབ་སྦྱོང་དེ་ངའི་དབྱིངས་དང་མཐུན་པ་འདུག། ངས་མི་གཞན་ལ་སྨན་བཅོས་བྱེད་ནས་སྤྱི་ཚོགས་ལ་ཞབས་ཞུ་ཞུ་ཐུབ། སྨན་ཁང་ལ་སྨན་པས་གཞན་ལ་སྨན་བཅོས་བྱེད་ནས་རོགས་པ་བྱས་པ་མཐོང་དུས་ང་རང་གི་སེམས་ནང་དགའ་ཚོར་ཆེན་པོ་སྐྱེས་པ་དང། མ་འོངས་པ་དེའི་སྒང་ལ་ལས་ཀ་བྱེད་པའི་སེམས་ཤུགས་མང་བ་སྐྱེས་ཀྱི་འདུག ངས་སྐད་ཆ་དེ་ཁ་ནས་གང་བྱུང་་ལབ་པ་ཞིག་མིན། ང་རང་སེམས་པ་གཏིང་ནས་པསྨན་པ་བྱེད་འདོད་ཡོད། ངའི་མཐོང་སྣང་ལ་སྨན་པ་ཚད་ལྡན་ཞིག་ཡིན་ན། མི་ལ་ཕན་ནུས་ལྡན་པ་དང་གུས་ཞབས་ཅན། བློ་གཏད་བཅོལ་ཆོག་མཁན། རང་ཤེད་མེད་མཁན་བཅས་ཆ་རྐྱེན་ཚང་དགོས་པ་རེད། གལ་སྲིད་མི་ཞིག་སྨན་པའི་སློབ་སྦྱོང་ཆ་ཚང་ཚར་ནས་སྨན་པ་ཞིག་ཆགས་པ་རེད། ཡིན་ཡང་ཁོང་ལ་ཆ་རྐྱེན་དེ་རྣམས་ནས་གཅིག་ཀྱང་ཚང་མེད་ན། མི་དེ་སྨན་པ་ཚད་ལྡན་ཞིག་ཆགས་མི་ཐུབ། གལ་སྲིད་མི་ཞིག་ཆ་རྐྱེན་དེ་ཚང་མ་ཚངས་ཡོད་ན་སྤྱི་ཚོགས་ནང་ལ་ལས་ཀ་གང་བྱས་ཀྱང་ལམ་ལྷོང་ཅན་གྱི་མི་ཚེ་ཞིག་སྐྱེལ་ཐུབ། ད་ལྟ་ང་རང་འཛིན་གྲྭ་བཅུ་པའི་ནང་སློབ་སྦྱོང་བྱེད་བཞིན་ཡོད། དེང་སང་ང་ཚོའི་སློབ་གྲྭའི་དབྱར་ཁའི་གུང་སེང་ཡིན་ཙང་ང་རང་ད་ལོའི་དབྱར་ཁའི་གུང་སེང་དེ་ལ་ཕྱུགས་ནད་སྨན་ཁང་གི་ནང་ལ་ལས་ཀ་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཐོབ་བྱུང། དེར་ངོས་རང་ནས་ཉམས་མྱོང་མང་པོ་བསགས་པ་ཡིན། དཔེར་ན། ངས་ཁྱི་དང་ཞི་མི་ལ་སྨན་ཁབ་རྒྱག་པ་དང་སེམས་ཅན་ལ་རྨ་བཟོས་བ་ཡིན་ན་དེ་ལ་སྨན་བཅོས་གང་འདྲ་བྱེད་དགོས་མིན་ཤེས་སོང། སེམས་ཅན་ཁྱི་དང་ཞི་མི་ཡི་ཁ་ལག་བཟའ་མ་ཐུབ་ན་ནུས་ཤུགས་སྤེལ་བྱེད་དེ་གང་འདྲ་དགོས་མིན་དང། སེམས་ཅན་གྱི་སྐྱུག་པ་སྐྱུག་ནད་སྨན་ཁབ་གང་རྒྱག་དགོས་པ་ལ་སོགས་པའི་སེམས་ཅན་གྱི་ན་ཚ་འདྲ་མིན་གྱི་བཅོས་ཐབས་དང་སྨན་གྱི་སྐོར་ལ་གསར་པ་མང་པོ་ཤེས་སོང། དེ་མ་ཡིན་པར་ང་རང་གིས་སེམས་ཅན་ནད་པ་རྣམས་ལ་སྨན་བཅོས་བྱས་རྗེས་དྲག་པ་མཐོང་དུས་སེམས་ནང་དགའ་ཚོར་ཆེན་པོ་སྐྱེས་ཀྱི་འདུག ཕྱུགས་ནད་སྨན་ཁང་གི་སྨན་ཞབས་པས་སེམས་ཅན་དང་མི་གཉིས་མི་འདྲ་བ་རེད། ཡིན་ཡང་དེ་གཉིས་ཀྱི་སྨན་ཁབ་རྒྱག་སྟངས་དང་ནུས་ཤུགས་སྤེལ་བྱེད་སྤྲོད་སྟངས་དེ་འདྲ་བོ་ཡོད་པ་བཤད་བྱུང། ངས་དེར་ལས་ཀ་བྱས་ནས་མ་འོངས་པ་ང་ལ་ཕན་ཐོགས་པ་དང་སྨན་པའི་བྱེད་ལས་རྣམས་སྦྱངས་ན་ང་རང་ལ་དཀའ་ངལ་ཞེ་དྲག་འཕྲད་ཀྱི་མ་རེད། དེ་འདྲ་སོང་ཙང་ཕྱུགས་ནད་སྨན་ཁང་གི་ནང་སྨན་ཞབས་པས་སེམས་ཅན་གཞན་ལ་སྨན་བཅོས་བྱེད་དུས་ང་རང་གིས་དོ་སྣང་བྱས་ནས་བལྟས་པ་དང་། དེ་རྗེས་ངས་ཉིན་ལྟར་གང་ཤེས་པ་དེ་དག་དྲྭ་བའི་ནང་ལ་འབྲི་ཡི་ཡོད། ང་རང་འཛིན་གྲྭ་བཅུ་པ་ཐོན་རྗེས་འཛིན་གྲྭ་བཅུ་གཅིག་དང་བཅུ་གཉིས་ཚན་རིག་གི་སློབ་ཚན་སྦྱངས་པ་དང་། འཛིན་གྲྭ་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཡིག་རྒྱུགས་ལ་བོད་པ་ཡོངས་ནས་བརྒྱ་ཆ་ཡག་པོ་བླངས་ཡོད། དེ་དག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་བཀའ་དྲིན་ལས་བྱུང་བ་ཞིག་རེད། སྤྱིར་བཏང་ཤེས་རིག་ལས་ཁུངས་ནས་སློབ་ཕྲུག་མང་པོ་ལ་སློབ་ཡོན་འཐོབ་ཀྱི་ཡོད་རེད། སློབ་ཡོན་གལ་ཆེན་པོ་མང་པོའི་ནང་ནས་སྨན་པའི་སློབ་སྦྱོང་ཐོག་གི་སློབ་ཡོན་དེ་ཚན་རིག་སྡེ་ཚན་གྱི་སློབ་མ་ལྔ་ལ་མ་གཏོགས་ཐོབ་ཀྱི་མེད། སྤྱིར་བཏང་ནས་སློབ་ཕྲུག་མང་པོ་སྨན་པ་བྱེད་འདོད་ཡོད་ཀྱང། དེའི་ཐོག་ལ་སློབ་སྦྱོང་བྱེད་ཐུབ་ཀྱི་མེད། གང་ཡིན་ཟེར་ན། དེང་སང་སྨན་པའི་སློབ་སྦྱོང་ལ་དངུལ་ཧ་ཅང་མང་པོ་འགྲོ་ཡི་ཡོད་ཙང་ཕྲུ་གུ་མང་པོས་སོ་སོའི་ནང་མི་ཡི་གནས་སྟངས་ལ་བལྟས་ནས་སྨན་པ་བྱེད་པའི་དམིགས་ཡུལ་དེ་བློས་གཏོང་གི་ཡོད། དེ་འདྲ་སོང་ཙང་སློབ་ཡོན་དེ་སློབ་ཕྲུག་མང་པོ་ལ་གལ་ཆེན་པོ་ཆགས་ཀྱི་ཡོད། […]

ངའི་དམིགས་ཡུལ།

ངའི་དམིགས་ཡུལ།

བསྟན་འཛིན་རང་གྲོལ།་ འཛིན་གྲྭ་དགུ་པ། གོ་པལ་པུར་བོད་ཁྱིམ། སྨྲ་ཤེས་ཤིང་དོན་གོ་བ་འགྲོ་བ་མིའི་རིགས་ཆེ་ཆུང་ཡོད་དོ་ཅོག་ལ་སོ་སོར་འཚམ་པའི་མ་འོངས་པའི་དམིགས་ཡུལ་ཞིག་ཡོད་པ་ཏན་ཏན་རེད། དེ་ནི་ངས་ཐག་བཅད་ནས་བརྗོད་ཐུབ། མཐོ་རྒྱལ་པོའི་སྲས་དང་། དམའ་དབུལ་པོའི་བུ་ཕྲུག་ཕོ་མོ་གཉིས་ཀར་སོ་སོའི་ནུས་པ་དང་མཐུན་པའི་དམིགས་ཡུལ་མི་འདྲ་ཙམ་རེ་ཡོད། ང་རང་སྒེར་ལ་མཚོན་པ་ཡིན་ན། དམིགས་ཡུལ་ཆེན་པོ་དེ་འདྲ་མེད་ཀྱང་སོ་སོའི་བྱ་འདོད་པའི་དམིགས་ཡུལ་ཞིག་ཡོད་ཅིང་། དམིགས་ཡུལ་དེ་བསྒྲུབ་པར་སོ་སོས་དཀའ་ལས་ག་ཚོད་རྒྱག་དགོས་ཀྱང་འབད་བརྩོན་བྱས་ནས་དམིགས་ཡུལ་དེ་སྒྲུབ་པ་བྱ་བརྩིས་ཡོད། གལ་སྲིད་མི་གཅིག་ལ་དམིགས་ཡུལ་མེད་པ་ཡིན་ན། མི་དེ་ནི་འཛམ་གླིང་འདིའི་སྟེང་འཚོ་ཐུབ་ཙམ་ལས་དམིགས་བསལ་གྱིས་དགེ་སྐྱོན་གང་ཡང་མེད་པས། དེ་ནི་ཁྱད་ཆོས་གང་ཡང་མེད་པའི་ཅ་དགོས་ཤིག་དང་འདྲ། སོ་སོར་དམིགས་ཡུལ་ཞིག་ཡོད་རྒྱུ་གལ་འགངས་ཆེ་ལ། དེ་ལས་གལ་ཆེ་བ་ནི་དམིགས་ཡུལ་དེ་བསྒྲུབ་པར་དཀའ་སྡུག་གང་བྱུང་ཡང་སེམས་ཤུགས་ཆགས་རྒྱུ་མེད། དཔེར་ན། ང་ཚོས་བོད་ཡིག་སློབ་ཚན་ནང་སྦྱངས་བའི་“ཕོ་རོག་གིས་ཆུ་འཐུང་བ་” ཞེས་པ་ལྟ་བུ་རེད། དེ་རིང་ཁ་སང་གི་མིའི་སྤྱི་ཚོགས་ནང་མི་གཅིག་གིས་དམིགས་ཡུལ་གཅིག་ཁོ་ནར་དོ་ནན་པོ་བྱེད་མི་ཐུབ་པར་དམིགས་ཡུལ་གསུམ་བཞི་ཙམ་ཉར་གྱི་འདུག དེ་ཡང་ཐབས་ཤེས་ཡག་པོ་ཞིག་ཡིན་པ་འདྲ་ཡང་ང་ཚོ་བོད་མིའི་གཏམ་དཔེར་“བློ་རྩེ་གཉིས་ཀྱིས་དོན་མི་སྒྲུབ། ཁབ་རྩེ་གཉིས་ཀྱིས་ཚེམ་བུ་མི་ཡོང་།” ཟེར་བ་ལྟར་དམིགས་ཡུལ་ངོ་མ་དེའི་ཐོག་རིག་པ་བསྒྲིམ་ནས་བསྒྲུབ་རྒྱུ་དཀའ། རྒྱུ་མཚན་ནི་ལས་སླ་བོ་རེད། ཁྱོད་ཀྱིས་ནུས་ཤུགས་གཅིག་ཏུ་སྤུང་མི་ཐུབ་པར་གས་ཡོད་མ་རེད་དམིགས་ཡུལ་འདི་མ་སྒྲུབ་ནའང་ང་ལ་དམིགས་ཡུལ་གཞན་དེ་ཡོད་བསམ་ནས་དུས་ཚོད་རྫོགས་འགྲོ་གི་རེད། ངའི་དམིགས་ཡུལ་ནི་བོད་ཡིག་དགེ་རྒན་ཞིག་ཡིན་པ་གང་ཞིག་ལ་བོད་ཡིག་རྩོམ་པ་པོ་དང་། ཨིན་སྒྲུང་བོད་བསྒྱུར་བ་ཞིག་བྱ་རྩིས་ཡོད། ངས་དམིགས་ཡུལ་དེ་འདྲ་ཞིག་བྱ་དགོས་པའི་རྒྱུ་མཚན་ནི། ངས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་དུས་དམིགས་ཡུལ་དེ་ངའི་མི་ཚེ་དང་འབྲེལ་བ་དམ་ཟབ་འདུག་ལ། བོད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབས་ཆེད་དུ་བོད་ཡིག་དགེ་རྒན་དང་། དེའི་སྒང་ལ་བོད་དབྱིན་གཉིས་ཀའི་ཐོག་བསྒྱུར་རྩོམ་བྲིས་ན་དམིགས་ཡུལ་ངོ་མ་དེའི་ཐོག་ཕན་ཐོགས་ཆེན་པོ་ཡོད་པ་ཤེས་བྱུང་། ད་ལྟ་ང་རང་སློབ་མ་ཞིག་ཡིན་པ་གང་ཞིག་ལ་འཛིན་རིམ་དགུ་བ་ཡིན་པས་ངའི་དམིགས་ཡུལ་དེ་གཏན་འཁེལ་བ་ཞིག་ཡོང་མི་སྲིད་སྙམས། འོན་ཀྱང་། དམིགས་ཡུལ་དེའི་ཆེད་ངས་སོ་སོའི་དམ་བཅའ་ཞིག་འཛིན་བཞིན་ཡོད། དམ་བཅའ་དེ་ཡང་དམིགས་ཡུལ་དེ་བསྒྲུབ་ཆེད་དུ་ཡིན། གལ་སྲིད་ངས་དམ་བཅའ་ཞིག་མ་བཟུང་ན་ངའི་དམིགས་ཡུལ་དེ་ཡང་འགྱུར་བ་འགྲོ་སྲིད། གལ་སྲིད། ཁྱོད་ཚོས་ངས་དམིགས་ཡུལ་གཉིས་གསུམ་ཉར་འདུག་བསམ་སྲིད་ཀྱང་། དངོས་གནས་བྱས་ན་ང་ལ་དམིགས་ཡུལ་གཅིག་རང་ཡོད། དེ་ནི་དགེ་རྒན་བྱ་རྒྱུ་དེ་རེད། ཡིན་ཡང་ང་རང་དགེ་རྒན་ཞིག་བྱ་དགོས་སྙམ་དུས་མཉམ་དུ་རྩོམ་པ་པོ་བྱ་མི་ཆོག་ཟེར་མཁན་སུ་ཡང་མེད། དེ་ནི་ངས་དུས་ཚོད་སྟོང་པར་རྩོམ་དང་སྒྲུང་བྲིས་པ་སོགས་བྱས་ན་དགེ་རྒན་གྱི་ལས་ཀ་ལའང་མཉམ་དུ་ཕན་ཐོགས་དང་དགེ་མཚན་ཆེ་བ་ཡོད། “3 idiots” གླེན་པ་གསུམ་ཞེས་པའི་རྒྱ་གར་གློག་བརྙན་དེའི་ནང་ཧྥ་རན་ཞེས་པའི་བུ་དེ་སྐྱེས་དུས་ཁོང་གི་པཱ་ལགས་ཀྱིས་“ངའི་བུ་ཆེན་པོ་ཆགས་དུས་(engineering) བཟོ་སྐྲུན་རིག་གནས་པ་ཞིག་བྱ་དགོས་ཡོད།” ཅེས་རེ་བ་དང་དམིགས་ཡུལ་ཞིག་ཨུ་ཚུགས་གིས་བཅངས་ཡོད། འོན་ཀྱང་། རྗེས་སུ་ཧྥ་རན་གྱི་གྲོགས་པོ་རཱན་ཇུས་ཁོའི་པཱ་ལགས་ལ་འདི་འདྲ་ཞུས་ཡོད་“ཧྥ་རན་ནི་པར་རྒྱག་མཁས་པ་མ་ཟད། དེའི་ཐོག་དོ་སྣང་དང་དགའ་བོ་ཡང་བྱེད་ཀྱི་འདུག་པས། ཁྱོད་ཚོས་ཁོ་ལ་མི་དགའ་བ་དང་། འདོད་པ་མེད་པའི་ལས་ཀ་ཞིག་བྱེད་བཅུག་ན་དེ་ནི་ཁྱོད་ཚོས་ནོར་བ་རེད། དམིགས་ཡུལ་ཟེར་བ་དེ་མི་སོ་སོའི་སེམས་ནང་ཡོད་པ་དེ་ལས་མི་གཞན་གྱི་འདོད་པ་དང་སྟབས་བདེ་ཇུས། ད་དུང་བཙན་པོ་དབང་ཡོད་ཀྱིས་ལས་ཀ་འདི་བྱོས་་་་་་་འདི་མ་བྱེད་ཟེར་ན་མི་དེ་ལ་དམིགས་ཡུལ་གཅིག་ཡོད་པ་དེ་ཡང་རྩ་མེད་ཆགས་ཀྱི་རེད།” ཅེས་སེམས་བཟང་གིས་འགྲེལ་བཤད་བརྒྱབ་པ་རེད། སྐབས་དེ་དུས་ཧྥ་རན་གྱི་པཱ་ལགས་རླུང་ཟ་ཐག་ཆོད་ནས་ཁོ་ཚོ་གྲོགས་པོ་གསུམ་ལ་དགོང་མོའི་ཁ་ལག་ཀྱང་སྤྲད་མེད་པ་རེད། […]

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

བསྟན་འཛིན་བདེ་སྐྱིད། འཛིན་གྲྭ་བཅུ་གཉིས། སྦེལ་ཀོབ་སཾ་བྷོ་ཊ། དམིགས་ཡུལ་ཟེར་བ་དེ་འཛིན་དགོས་པ་ནི་ཧ་ཅང་གི་གལ་ཆེན་པོ་རེད། དམིགས་ཡུལ་བཟུང་བ་ཡིན་ན་ཁེ་བཟང་མ་གཏོགས་གྱོང་ཁྱོན་ནས་མེད།ཥ གལ་སྲིད་རང་ཉིད་ལ་དམིགས་ཡུལ་ཞིག་ཡོད་པ་ཡིན་ན་སོ་སོའི་མ་འོངས་མདུན་ལམ་དེ་ཤེས་ནས་དེ་སྒྲུབ་པའི་ཆེད་དུ་དཀའ་ལས་དང་འབད་བརྩོན་ཡང་བྱེད་ཐུབ་ཀྱི་རེད། དམིགས་ཡུལ་ཞེས་པ་དེ་ཆུང་དུས་ནས་འཛིན་ཐུབ་ན་ཡག་པོ་ཡོད། དམིགས་ཡུལ་དེ་ཆུང་དུས་ནས་འཛིན་མ་ཐུབ་པ་ཡིན་ན། རྗེས་སུ་སློབ་གྲྭ་ནས་ཐོན་པའི་སྐབས་སུ་སོ་སོས་གང་ཞིག་བྱེད་དགོས་མིན་ཧ་མ་གོ་བར་ལས་ཀ་གང་བྱུང་ཞིག་ནང་འཛུལ་ན་རྗེས་སུ་རང་ཉིད་ལ་ཧ་ཅང་གི་དཀའ་ལས་འཕྲད་སྲིད་པ་རེད། སོ་སོའི་མི་ཚེ་དེ་འཕྲོ་བརླག་འགྲོ་བ་དང་། སྤྱི་ཚོགས་ལ་གང་ཡང་ཕན་མི་ཐོགས་པ། མ་འོངས་པར་རང་དང་རང་ཉིད་ཀྱི་ཕྲུ་གུའི་ལྟོ་གོས་དང་འཚར་ལོངས་ཆེད་དུ་དངུལ་གསོག་མི་ཐུབ་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་སྲིད་པ་རེད། ང་རང་ལ་ཆ་མཚོན་ན། ངའི་དམིགས་ཡུལ་ནི་ཨེམ་ཆི་ཡིན། ངའི་དམིགས་ཡུལ་འདི་ང་རང་གི་ངོས་ནས་བསམ་བློ་ཞེ་དྲག་བཏང་ནས་འཛིན་པ་ཡིན། དམིགས་ཡུལ་འདི་འཛིན་དགོས་དོན་ནི་སྤྱི་ཚོགས་ལ་ཞབས་ཕྱི་ཞུ་རྒྱུ་དང་། མི་གཞན་ཚོ་ལ་ཕན་ཐོགས་བྱེད་རྒྱུ། དེ་དང་མཉམ་དུ་ང་རང་ཡང་མི་གཞན་དང་མཉམ་དུ་མཐུན་པོ་བྱེད་སྟངས་ཤེས་པ་དང་ཉམས་མྱོང་གསར་པ་མང་པོ་ཤེས་པའི་ཆེད་དུ་ཡིན། ངའི་དམིགས་ཡུལ་འདིས་འགྲོ་བ་མི་གཅིག་པོར་མ་ཡིན་པར་སེམས་ཅན་ཐམས་ཅད་ལ་ཕན། ཨེམ་ཆི་བྱས་པ་ཡིན་ན་ཉེན་ཁ་ཡང་འབྱུང་སྲིད། དཔེར་ན་རང་གིས་མི་ཞིག་གི་སྲོག་སྐྱོབ་མ་ཐུབ་ན་སེམས་པ་སྐྱིད་པོ་མེད་པ་ཆགས་སྲིད། ཡིན་ན་ཡང་དེ་ལས་གལ་ཆེ་བ་དེ་ནི་མི་ཞིག་གི་སྲོག་བསྐྱབས་ནས་དགེ་བ་གསག་རྒྱུ་དེ་ཡིན། དེ་ལྟར་བྱེད་ཐུབ་ན་མི་ཚོས་ཀྱང་རང་ལ་ཆེ་མཐོང་དང་གུས་ཞབས་བྱེད་ཀྱི་རེད། ང་རང་གི་བསམ་པ་ལ་ཨེམ་ཆི་ཞིག་ཆགས་པར་ཚང་དགོས་པའི་ཆ་རྐྱེན་མང་པོ་ཡོད་པ་ལས་ང་རང་གིས་ཁ་ཤས་ཤིག་ཞུས་ན། ངང་རྒྱུད་རིང་པོ་དགོས་པ་དང་། སེམས་ཁུར་ཆེན་པོ་དགོས་པ། ཚ་གི་ཚི་གེ་མེད་པ། ནད་པ་རྣམས་ཀྱི་ཆེད་དུ་སེམས་ཁྲལ་ཡོད་མཁན། མི་དང་མཉམ་དུ་མཐུན་པོ་བྱེད་མཁན་ཞིག་དགོས། གལ་ཆེ་ཤོས་དེ་ནི་རང་ཉིད་ངོས་ནས་གང་ཐུབ་ཅི་ཐུབ་ཀྱིས་འབད་བརྩོན་བྱེད་མཁན་ཞིག་དགོས། ང་རང་གིས་དམིགས་ཡུལ་འདི་འགྲུབ་པའི་ཆེད་དུ་སློབ་སྦྱོང་ལ་དཀའ་ལས་བརྒྱབ་དང་རྒྱག་བཞིན་པ་ཡིན། དུས་རྒྱུན་དུ་ང་རང་གིས་ཨེམ་ཆི་དང་འབྲེལ་བའི་སྒྲུང་དེབ་ཀློག་པ་མ་ཟད་ཁ་པར་ནས་ཀྱང་གནས་ཚུལ་མཁོ་སྒྲུབ་བྱེད་ཀྱི་ཡོད། མཐའ་མ་དེ་ལ་གོ་སྐབས་འདི་བརྒྱུད་ནས་སའི་གོ་ལ་འདིའི་ནང་དུ་ཡོད་པའི་སྨན་པ་དང་སྨན་རོགས་རྣམ་པ་ཚང་མ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་རང་ཡང་མ་འོངས་པར་ཁོང་ཚོ་ནང་བཞིན་སེམས་ཅན་ལ་ཕན་ཐོགས་བྱེད་ཐུབ་པའི་ཨེམ་ཆི་ཞིག་ཏུ་འགྱུར་བའི་རེ་སྨོན་ཡོད།

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

བསོད་ནམས་ལྷ་མོ། འཛིན་གྲྭ་བཅུ་གཉིས། མོན་གྷོ་སམ་བྷོ་ཊ་གཏན་ཉིན་སློབ་གྲྭ། དམིགས་ཡུལ་ཅེས་པའི་ཚིག་འདི་ནི་ཚིག་འབྲུ་དམིགས་པ་དང་ཡུལ་ཅེས་ལས་གྲུབ་པ་ཡིན་ལ། དམིགས་པ་ཅེས་པ་ན་སེམས་གཏོད་པ་དང་། སེམས་པའམ་སྒོམ་པ་ལ་གོ་བ་དང་། ཡུལ་ནི་ས་ཆའམ་ལུང་པ་ལ་གོ་བས་བསམ་བློ་གཏོང་སའི་གནས། ཡང་ན། བློས་ཆེད་དུ་དམིགས་པ་གཏད་པའམ་བློ་ཁ་ཕྱོགས་པའི་ཡུལ་ལ་དམིགས་ཡུལ་ཅེས་བྱ། གོ་ལ་འདིར་འཚོ་བཞིན་པའི་མི་འབོར་ས་ཡ་མང་པོ་ཡོད་པ་ཚང་མ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད་པ་ལྟར། ཚང་མའི་མ་འོངས་པའི་དམིགས་ཡུལ་ཡང་དེ་ལྟར་མི་མཚུངས་ཡིན། དེའི་དགོས་པ་ནི་ཚང་མའི་འཚར་ལོངས་བྱེད་སའི་ཁོར་ཡུག་དང་། དེ་བཞིན་རང་རང་སོ་སོའི་ཉེ་ཁོར་ལ་ཡོད་པའི་རྒན་རབས་དང་། ཡང་ན་ན་ཚོད་མཉམ་པའི་གྲོགས་ཕོ་མོ་འདྲ་མིན་ལ་དམིགས་དཔེ་བལྟས་ཏེ་རང་སོ་སོའི་མ་འོངས་མི་ཚེའི་དམིགས་ཡུལ་འཛིན་གྱི་ཡོད་པ་ནི་སྐྱེ་བོ་ཚང་མའི་གནས་སྟངས་གཅིག་མཚུངས་མིན་པའི་རྐྱེན་གྱིས་ཡིན་ནོ།། དམིགས་ཡུལ་མེད་པའི་མི་བུ་ནི་སྐྱ་གཤོག་མེད་པའི་གྲུ་དང་གཅིག་མཚུངས་ཡིན་ལ། དེའི་རིགས་ལ་དོན་དང་ལྡན་པའི་མི་ཚེ་ཞིག་ཡོང་རྒྱུ་ཧ་ཅང་ཁག་པོ་རེད། གལ་ཏེ་རང་ལ་དམིགས་ཡུལ་ཞིག་ལྡན་ན་རང་སོ་སོའི་དམིགས་ཡུལ་དེ་བསྒྲུབ་པའི་ཆེད་འབད་བརྩོན་དང་ལྷན་དུ་དཀའ་སྡུག་ཀྱང་མང་པོ་མྱོང་དགོས་པས་རང་ཉིད་ལ་ཉམས་མྱོང་མང་པོ་ཐོབ་སྟེ་རིམ་པས་ཡར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམིགས་ཡུལ་གྱི་སླད་ཉིན་མཚན་མེད་པར་དཀའ་སྤྱད་སྙཱིང་རུས་ཀྱིས་སློབ་སྦྱོང་བྱས་ཏེ་རང་ཉིད་ཤེས་ཡོན་དང་གོ་རྟོགས་ཅན་གྱི་མི་ཞིག་ཏུ་འགྱུར་ངེས། དམིགས་ཡུལ་མེད་པའི་མི་ཞིག་ལ་མཚོན་ན་མི་དེས་ལས་དོན་ཇི་འདྲ་སྒྲུབ་ཀྱང་འདོོད་པ་མེད་པ་དང་། ཉོབ་སྣང་ངང་སེམས་པ་མ་སྐྱིད་པ་བཅས་ཀྱི་ཤུགས་རྐྱེན་གྱིས་ལས་དེ་དོན་དང་ལྡན་པའི་ངང་བསྒྲུབ་མི་ཐུབ། དེ་བཞིན་མི་དེ་ཚོས་རང་གི་ཉེ་འཁོར་གྱི་མི་དང་ཆེ་སར་སྤྱི་ཚོགས་ཁྱོན་ཡོངས་ལ་ཤུགས་རྐྱེན་ངན་པ་སྤྲད་ཀྱི་རེད། དམིགས་ཡུལ་ལྡན་པའི་མི་ཞིག་དང་དམིགས་ཡུལ་མེད་པ་ཞིག་གི་བར་ཁྱད་པར་ནི། དམིགས་ཡུལ་ལྡན་པ་ཞིག་གི་དུས་ཚོད་དང་རང་ངོས་སྒྲིག་ལམ་གལ་འགངས་ཆེན་པོ་ཡིན་པ་ཤེས་པ་གང་ཞིག་ལ། དུས་རྒྱུན་དུ་དུས་ཚོད་སྟངས་འཛིན་གང་གཟབ་ཀྱིས་བྱེད་ཀྱི་རེད། དེར་བརྟེན་དམིགས་ཡུལ་འཛིན་རྒྱུ་ནི་མི་ཚེ་དོན་དང་ལྡན་པ་ཞིག་ཏུ་འགྱུར་རྒྱུའི་ཆ་ཤས་གལ་གནད་ཆེན་པོ་ཞིག་ཡིན། གོང་བརྗོད་ལྟར་མི་ཞིག་གིས་དམིགས་ཡུལ་འཛིན་སྐབས་རང་གི་ཁོར་ཡུག་ལ་ཡོད་པའི་མི་རྣམས་ཀྱིས་ཤུགས་རྐྱེན་བཟང་ངན་སྤྲད་ཀྱི་ཡོད། དེ་བཞིན་རང་གི་དགའ་ཕྱོགས། ཡང་ན། དབྱིངས་གང་གི་ཐོག་ཡོད་པ་ངོས་བཟུང་སྟེ་དམིགས་ཡུལ་གཟུང་དགོས། ཅི་སྟེ་རང་གི་འདོད་པ་མེད་བཞིན་དུ་སྤྱི་ཚོགས་དང་རྒན་པ། རང་གི་གྲོགས་པོ་གྲོགས་མོའི་འདོད་པ་བཞིན་དུ་དམིགས་ཡུལ་བཟུང་ན་མ་འོངས་པར་སོ་སོ་ལས་དོན་གང་ཞིག་གི་ཐོག་སླེབས་ཀྱང་སེམས་མ་སྐྱིད་པ་དང་སྔར་རང་གི་འདོད་པ་བཞིན་དམིགས་ཡུལ་མ་བཟུང་བས་བློ་འགྱོད་ཆེན་པོ་ཡོང་བའི་གནས་སྟངས་ཤིག་ཏུ་ལྷུང་སྲིད། དེ་འདྲ་སོང་ཙང་དམིགས་ཡུལ་འཛིན་སྐབས་དང་པོ་རང་གི་དབྱིངས་ཡང་ན་དགའ་ཕྱོགས་ངོས་འཛིན་དགོས། གཉིས་པ་རང་ཉིད་ཀྱི་འཇོན་ཐང་ཡང་ན་ནུས་ཚད་ངོས་འཛིན་བྱེད་དགོས། རང་ཉིད་ཀྱི་ནུས་ཚད་དང་མཉམ་པའི་དམིགས་ཡུལ་ཞིག་བཟུང་དགོས། གསུམ་པ་རང་གི་བདམས་ཟིན་པའི་དམིགས་ཡུལ་དེའི་དགོས་པ་དང་རྒྱུ་མཚན་ཤེས་དགོས་པ་ཧ་ཅང་གི་གལ་ཆེ། གལ་སྲིད་རང་གི་དེ་མ་ཤེས་ན་མ་འོངས་པར་དམིགས་ཡུལ་དེ་གྲུབ་ཀྱང་འདོད་པ་ཁེངས་ངེས་ཀྱི་ཚོར་སྣང་ཐོབ་མི་སྲིད། བྱས་ཙང་རང་ཉིད་ལ་རན་པའི་དམིགས་ཡུལ་ཞིག་འཛིན་རྒྱུ་དེ་ཧ་ཅང་གི་གལ་འགངས་ཆེ། དམིགས་ཡུལ་བཟུང་པ་ཙམ་གྱི་མ་འགྲིག་པར་དམིགས་ཡུལ་དེའི་སླད་གདོང་ལེན་ཡང་བྱེད་དགོས། དེའི་ཆེད་རང་ཉིད་རྒྱུན་དུ་ནས་ཧུར་པོ་དང་གཟུགས་གཞི་བདེ་ཐང་དགོས་པ་དེ་གལ་ཆེན་པོ་རེད། རང་ཉིད་གཟུགས་པོ་བདེ་ཐང་མེད་ན་བྱེད་དགོས་པའི་ལས་དོན་རྣམས་བསྒྲུབ་མི་ཐུབ་པའི་དཀའ་ངལ་ཆེན་པོ་འཕྲད་སྲིད། དེ་དང་ལྷན་དུ་ཉིན་འགྱངས་ཞག་འགྱངས་བྱེད་པའི་གོམས་གཤིས་དེ་ངེས་པར་དུ་སྤོང་དགོས། ཚང་མས་མཁྱེན་གསལ་ལྟར་དུས་ཚོད་རྒྱུག་ཆུ་ལྟར་འགྲོ་ཡི་ཡོད་པས་དུས་ཚོད་དམ་འཛིན་བྱ་རྒྱུ་དེ་ཧ་ཅང་གིས་གལ་ཆེན་པོ་རེད། ཉིན་འགའ་ཡི་སྙིང་རུས་ཧུར་ཐག་གིས་དམིགས་ཡུལ་འགྲུབ་རྒྱུ་མ་རེད། དེའི་ཆེད་དུ་རང་ཉིད་ནས་ཉིན་ལྟར་འགྱུར་བ་མེད་པར་འབད་བརྩོན་ཧུར་ཐག་བྱེད་དགོས། དམིགས་ཡུལ་ཞིག་འགྲུབ་པའི་ལམ་ཕྱོགས་ཏུ་དཀའ་ངལ་དང་བར་ཆད་འཕྲད་ངེས་ཡིན་པས། དེའི་སྐབས་སོ་སོ་སེམས་ཤུགས་མི་ཆགས་པར་དཀའ་ངལ་དེ་རྣམས་མི་ཚེའི་སློབ་ཚན་ལྟ་བུ་ལེན་དགོས། གཙོ་བོ་རང་ཉིད་རང་ལ་ཡིད་ཆེས་དང་གདེང་ཚོད་དགོས་པ་དེ་གལ་ཆེ་ཤོས་ཡིན། ང་རང་ལ་མཚོན་ན་ངའི་མ་འོངས་པའི་དམིགས་ཡུལ་ནི་ངའི་དགའ་ཕྱོགས་ཀྱི་སློབ་ཚན་དང་རན་པ་ཞིག་རེད། དེ་ཡང་གུས་མོ་ང་རང་གི་མ་འོངས་པའི་དམིགས་ཡུལ་ནི་སྨན་གྱི་ཐོག་སློབ་སྦྱོང་བྱས་སྟེ་སྨན་པ་ཞིག་ཆགས་རྒྱུ་དེ་ཡིན། ཆུང་བྱིས་པའི་དུས་ནས་བཟུང་ངས་སྨན་ཁང་དུ་ཡོད་པའི་སྨན་པ་རྣམས་གཟི་བརྗིད་ཅན་ཞིག་ཏུ་མཐོང་བ་དང་། ཁོ་ཚོས་ནད་པ་རྣམས་ལ་སྨན་བཅོས་བྱེད་པ་དེ་ཧ་ཅང་གི་ལས་བཟང་པོ་ཞིག་ཡིན་པ་ཚོར་གྱི་ཡོད། མི་ཚོས་རང་གི་འཕྲོད་བསྟེན་དང་བདེ་ཐང་ཆེད་སྨན་པ་ལ་བསྟེན་པས་སྨན་པ་ནི་སྤྱི་ཚོགས་ཤིག་གི་ཆ་ཤས་གལ་ཆེན་པོ་ཞིག་ཡིན། དེ་མིན་ང་རང་མིའི་གཟུགས་ཕུང་མ་ལག་འགྲུབ་ཚུལ་ཐོག་སློབ་སྦྱོང་བྱ་རྒྱུར་དགའ་མོས་ཆེན་པོ་ཡོད། གཙོ་བོ་རང་གི་ལས་གང་འདྲ་ཞིག་བྱས་ཀྱང་འཕྲོད་བསྟེན་མེད་ན་མེད་ཐབས་ཡིན་པས་སྨན་པའི་ལས་དེ་ཧ་ཅང་གི་བཟང་པོ་ཞིག་ཡིན་པ་ཚོར་སོང་། ངས་གོང་ལ་ཞུས་པའི་དམིགས་ཡུལ་དེ་འགྲུབ་པའི་ཐབས་ལམ་རྣམས་ང་རང་གིས་ཉིན་ལྟར་ལག་ལེན་བགྱིས་སྟེ་རང་གི་དམིགས་ཡུལ་དེ་དངོས་སུ་འགྲུབ་པའི་ཆེད་འབད་བརྩོན་བྱེད་ཀྱི་ཡོད། […]