Skip to main content
ཤེས་རིག་ལས་ཁུངས།

བདག་ལ་བྱམས་བརྩེས་བསྐྱངས་པའི

བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན།

ངག་དབང་ལྷ་མཛེས། འཛིན་རིམ་བདུན་པ། སྦེལ་ཀོབ་སམ་བྷོ་ཊ་ཉིན་སློབ། བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཆེ་ཤོས་ནི་བདག་གི་ཕ་མ་གཉིས་ཡིན། ཁོང་གཉིས་ནི་གུས་མོ་ང་ལ་དུས་རྟག་ཏུ་བྱམས་བརྩེས་ངང་གསོ་སྐྱོང་བྱེད་ཀྱི་ཡོད། བདག་ལ་གོས་ཡག་པོ་གཡོག་པ་དང་ཟས་ཞིམ་པོ་སྤྲད་པ་སོགས་གནང་གི་རེད། གོས་ཚོང་ཁང་དང་ཟས་ཚོང་ཁང་གང་དུ་འགྲོ་ན་ཐོག་མ་ང་ལ་གང་དགོས་ཡོད་མེད་ལྟོས་ཀྱི་ཡོད། ངའི་ཕ་མ་ནི་གུས་མོ་ལ་བཀའ་དྲིན་ཤིན་ཏུ་ནས་ཆེན་པོ་ཡིན། ངའི་ཨ་མས་ཟླ་བ་དགུ་པོ་རིང་ང་མངལ་སྦྲུམ་ནང་ཉར་བ་དང། ཨ་མའི་ཟས་འདྲ་མིན་ཟ་འདོད་ཡོད་ཀྱང་ངའི་ཆེད་གློད་བཏང་བ་དང། ངའི་རྐྱེན་གྱི་ཨ་མའི་གཟུགས་པོའི་རྣམ་པ་ལ་འགྱུར་བ་ཕྱིན། ས་ཕྱོགས་གང་དུ་འགྲོ་འདོད་ཡོད་ན་ཡང་འགྲོ་མ་ཐུབ་། ངའི་གོ་ཐོས་ལ་ཨ་མའི་གྲོད་པ་གཤག་ནས་ང་ཐོན་པ་རེད་འདུག ངས་ཨ་མ་ལ་དཀའ་ལས་མང་པོ་སྤྲད་འདུག ངའི་ཆེད་དུ་ཨ་མ་དཀའ་ངལ་མང་པོ་མྱོང་འདུག ང་འཛམ་བུ་གླིང་ནང་ཐོན་མ་ཐག་ངས་ཨ་མ་ལ་སྡུག་པོ་བཏང་འདུག དེ་ཚོར་དུས་ང་རང་ཡིད་སྐྱོ། ཡིན་ཡང་ཕ་མ་གཉིས་པོ་ང་སྐྱེས་ནས་དགའ་པོ་བྱུང་གསུངས་ཀྱི་ཡོད། ང་ཕ་མ་གཉིས་ཀྱི་ཕྲུ་གུ་དང་པོ་དེ་ཡིན། ང་ཕ་མ་གཉིས་པོའི་གཅེས་ཕྲུག་ཡིན། པ་ལགས་མཚན་མོ་གཉིད་མ་ཉལ་བར་ང་ལ་སྲུང་ནས་བཞུགས། ཆུང་དུས་སྐབས་ན་རྒྱུ་ཚ་རྒྱུ་མང་བས་སྨན་ཁང་དུ་སྨན་པ་སར་ཡང་ཡང་བསྟེན་གཏུགས་སུ་འཁྲིད། དེ་འདྲ་སོང་ཙང་ཕ་མ་བཀའ་དྲིན་ཆེན་པོ་མ་ཡིན་ནམ། རེད། རེད། ཕ་མ་གཉིས་ཀྱིས་ངའི་གཟུགས་པོ་འཚར་ལོངས་ཆེད་ཟས་བཅུད་ལྡན་པ་ང་ལ་གནང། ཆུང་དུས་ནས་ད་བར་ཞོགས་པ་རྟག་པར་བའི་འོ་མ་མ་ཆད་པར་གནང་གི་ཡོད། མ་ཟད་ངས་ཨ་མའི་འོ་མ་ལོ་བཞི་བར་འཐུང་བ་ཡིན། དེ་ལ་བརྟེན་ནས་ད་ལྟ་ང་རང་གཟུགས་སྟོབས་ཆེན་པོ་དང་འཛིན་གྲྭའི་ནང་ནས་གཟུགས་པོ་རིང་ཤོས་གྲས་ཡིན། ཕ་མས་ང་མི་བཟང་པོ་ཞིག་དང་ཤེས་ཡོན་ཅན་ཞིག་ཆགས་པ་ལ་དང་པོར་སྔོན་འགྲོ་སློབ་གྲྭ་དང་། དེ་རྗེས་སུ་རིམ་པས་༸གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་བོད་མིའི་སློབ་གྲྭ་ལ་བཅུག་སོང། ཕ་མ་གཉིས་པོ་ངའི་ཆེད་དུ་ཞོགས་པ་སྔ་པོ་ལངས་ནས་ང་ལ་ཟད་བཅུད་ལྡན་པ་དང་གོས་གཙང་མ་གྱོན་ཆེད་གྲ་སྒྲིག་གནང་གི་ཡོད། ངའི་པ་ལགས་ཀྱིས་ང་སློབ་གྲྭ་ལ་ཡར་མར་སྐྱེལ་ལེན་བྱེད་ཀྱི་ཡོད། རེས་གཟའ་ཉི་མ་ནམ་ཡིན་ལ་ངའི་པ་ལགས་ཀྱིས་གུས་མོར་མཐོང་རྒྱ་ཐོས་རྒྱ་ཆེད་ཕྱི་ལ་འཆམ་འཆམ་དང། འཚམས་རེར་ཆུ་སྐྱལ་རྒྱག་པར་འཁྲིད་ཀྱི་ཡོད། ངའི་པ་ལགས་ཀྱིས་ང་ལ་རྐང་འཁོར་བཏང་སྟངས་དང་ཆུ་རྐྱལ་རྒྱག་སྟངས་སོགས་བསླབས་སོང། དངོས་གནས་༸གོང་ས་མཆོག་དང་རྒན་ལགས་ཀྱི་གསུངས་པ་བཞིན། དགེ་རྒན་དང་པོ་ནི་ཕ་མ་རེད། དེ་བདེན་པ་རེད་འདུག ཕ་མ་གཉིས་ཀྱིས་ངའི་སློབ་སྦྱོང་ཐོག་ལ་ཕྱག་རོགས་དང་མཐུན་རྐྱེན་སོགས་གང་ལེགས་སྦྱོར་གྱི་ཡོད། ལྷག་པར་དུ་ཡིག་ཚད་སླེབས་ལ་ཉེ་བའི་སྐབས་ཕ་མ་གཉིས་པོ་དགོང་མོ་གཉིད་མ་ཉལ་བར་གུས་མོ་དང་མཉམ་བསྐྱར་སྦྱོང་བྱེད་པ་ལ་རོགས་པ་གནང་གི་ཡོད། ངའི་ཕ་མ་གཉིས་པོ་དུས་རྟག་ཏུ་གུས་མོ་ལ་སེམས་ཁུར་ཆེན་པོ་ཡོད། མ་ཟད་བཀའ་སློབ་ལམ་སྟོན་ཡང་ཡང་གནང་གི་ཡོད། སློབ་སྦྱོང་ཡག་པོ་སྦྱོང་དགོས་པ་དང་ཡ་རབས་སྤྱོད་བཟང་དགོས་པ། རྒན་པ་ལ་གུས་ཞབས་དང་ཆུང་བ་ལ་བྱམས་སྐྱོང། གྲོགས་ཕན་ཚུན་ལ་འཆམ་མཐུན་དགོས་རྒྱུ་དུས་རྟག་ཏུ་དྲན་གསོ་བྱེད་ཀྱི་ཡོད། ངའི་ཕ་མ་གཉིས་པོ་ཤེས་ཡོན་ཅན་ཞིག་ཡིན། ག་དུས་ཡིན་ན་ཡང་བསླབ་བྱ་སྐྱོན་གྱི་ཡོད། ཕ་མ་ནི་ཕྲུ་གུ་ག་ཚོད་ཀྱི་ཆེན་པོ་ཆགས་པ་ཡིན་ན་ཡང་ཕྲུ་གུ་དེ་ལ་ཆུང་ཆུང་ལྟར་གནང་གི་ཡོད། དཔེར་ན་ངའི་རྨོ་མོ་ལ་ཕྲུ་གུ་མང་པོ་ཡོད། ཕྲུ་གུ་ཆེ་ཤོས་ལོ་བཞི་བཅུ་ཞེ་བཞི་ཡིན། ད་དུང་ཡིན་ན་ཕྲུ་གུ་དེ་ལ་སེམས་ཁྲལ་གནང་གི་ཡོད། ཕ་མའི་བྱམས་སྐྱོང་དེས་འགྲན་ཟླ་མེད་པའམ་རྫོགས་མཐའ་མེད། ང་ཚོར་ཕ་མ་བཀའ་དྲིན་ཡིད་ལ་དྲན་ནས་ཕྱིས་སུ་དྲིན་ལན་འཇལ་རྒྱུ་གལ་ཆེན་པོ་ཡིན་པ་དང་མ་ཟད་ང་ཚོའི་ལས་འགན་ཡང་ཡིན། དེང་སང་མི་ཁ་ཤས་རང་གི་ཕ་མ་རྒས་གསོ་ཁང་དུ་སྐྱེལ་གྱི་འདུག་པར་སེམས་པ་སྐྱོ། […]

བདག་ལ་བྱམས་བརྩེས་བསྐྱངས་པའི

བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན།

བསྟན་འཛིན་མཚོ་མོ། བདུན་པ་བུམ་པ། གོ་པལ་པུར་བོད་ཁྱིམ། སྤྱིར་མི་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་ཨ་མ་ལས་གལ་ཆེ་བ་སུ་ཞིག་ཀྱང་མེད་པ་ལྟ་བུ་རེད། དེ་ལྟར་ང་ཚོའི་གངས་ཅན་ལྗོངས་ཀྱི་ཨ་མ་ལགས་ནི་སྐྱེ་འགྲོ་ཀུན་གྱིས་དགའ་མོས་བྱེད་སའི་བུད་མེད་ཞིག་རེད། ཨ་མ་རྗེ་བཙུན་པདྨ་ནི་བོད་མི་ཡོངས་ཀྱི་ཨ་མ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད། ཕྱི་ལོ་༡༩༤༠ཟླ་བ་༧ཚེས་༧ཉིན་ཡབ་ཆོས་སྐྱོང་ཚེ་རིང་དང་ཡུལ་བདེ་སྐྱིད་ཚེ་རིང་གི་བུ་མོ་རུ་སྐུ་འཁྲུངས་ཞིང། ༸སྐྱབས་མགོན་༸གོང་ས་ཆེན་པོའི་གཅུང་མོ་ཡང་ཡིན། དགུང་ན་ཕྲ་བའི་སྐབས་ནས་སེམས་ཅན་ལ་བརྩེ་བཀུར་ཆེ་བ་དང་ལས་གང་འདྲ་ཞིག་གནང་ཀྱང་སེམས་པ་ལྷག་བསམ་རྣམ་དག་གི་གནང་གི་ཡོད། ཁོང་གི་དཀར་བསལ་ཟླ་བའི་ཞལ་རས་ནི་དུས་རྟག་ཏུ་ངའི་ཡིད་ལ་ཤར། ཞལ་རས་ནང་གི་གཉེར་མ་རྣམས་ཀྱི་ནང་ཁྱེད་ཀྱི་ང་ཚོའི་ཆེད་དཀའ་ལས་ཚད་མེད་སྐྱོན་པ་དང་དཀའ་སྡུག་ཚད་མེད་མྱོང་བ་ཤར་གྱི་འདུག། དབུ་སྐྲ་དཀར་པོའི་ཁྱེད་ཀྱི་བོད་མི་ཙམ་མིན་ལ་སྲོག་ཆགས་ཚང་མར་བྱམས་སེམས་བཅངས་པ་མཚོན། རྒྱ་མིས་བོད་བཙན་བཟུང་བྱས་ནས་བཟུང་རྒྱ་གར་དུ་བོད་ཁྱིམ་སློབ་གྲྭ་ཤིན་ཏུ་མང་པོ་གསར་བཞེངས་བྱས་པས་ད་ལྟ་ང་ཚོའི་བོད་ཕྲུག་དུ་མས་ཤེས་རིག་སྦྱོང་དང་སྦྱོང་བཞིན་ཡོད། ས་ཡུལ་གང་སར་བསྐོར་ནས་ཕྱི་རྒྱལ་བ་རྣམས་ལ་ཐལ་མོ་སྦྱོར་ནས་དངུལ་གྱི་ཞལ་འདེབས་སློང་གི་ཡོད། དེ་དག་རྣམས་བོད་ཕྲུག་ཚོར་སྦྱིན་གྱི་ཡོད་ཙང་བོད་ཕྲུག་ཡོངས་ཀྱི་ཕ་མ་ནང་བཞིན་བརྩེ་སེམས་ཆེན་པོ་བྱེད་པ་མ་ཟད་ལས་འགན་ཨ་མ་ལགས་གཅིག་པུས་འཁྱེར་གྱི་ཡོད། འདི་ལོར་དགུང་ལོ་༨༢ཕེབས་ཡོད་ཀྱང་མུ་མཐུད་དུ་བོད་ཕྲུག་རྣམས་ལ་དཀར་སེམས་བཅངས་ཏེ་གཞན་ཕན་རང་གི་ཐོག་དགོངས་པ་བཞེས་པ་རེད། རང་ཉིད་ཀྱི་གཞན་ལ་སེམས་བཟང་བྱས་པ་ནང་བཞིན་ང་ཚོར་རྟག་ཏུ་སེམས་པ་བཟང་པོ་བྱོས། ཕན་ཐོགས་བྱེད་མི་ཐུབ་ན་གནོད་འཚེ་ནམ་ཡང་བྱེད་རྒྱུ་མེད། ཞེས་བཀའ་སློབ་ཡང་ནས་ཡང་དུ་འཆད་ཀྱི་ཡོད། དེ་འདྲའི་ཨ་མ་ལགས་ལྟ་བུ་ནི་མི་རིགས་སུ་ལ་ཡང་མེད་ཞིང་གོ་ལའི་སྟེང་དུ་ཧ་ཅང་དཀོན་ལ་རྙེད་པར་དཀའ། ང་ཚོ་ལ་རང་ཉིད་ཀྱི་གཅེས་ཕྲུག་ལྟར་སྐྱོང་བའི་ཡུམ་ཆེན་དང་རང་ཉིད་ཀྱི་ཚེ་སྲོག་ལས་ང་ཚོའི་ཚེ་སྲོག་གལ་ཆེ་བ་བརྩི་མཁན་གྱི་མགོན་ཆེན་ལྟ་བུར་ཁོང་ནི་སྐྱེ་བ་གང་ལའང་བདེ་བ་དང་ཞི་བདེ་ཐོབ་པའི་ང་ཚོའི་ངོས་ནས་སྨོན་ལམ་ཟབ་མོ་ཡོད་པ་དང་སྦྲགས་ང་ཚོའི་ཁོང་གི་དྲིན་གསོ་ཆེད་དུ་བོད་ཕྲུག་རྣམས་པས་སློབ་སྦྱོང་ལ་བློ་རྩེ་གཅིག་སྒྲིམ་གྱི་སྦྱོང་དགོས་ཀྱི་ཡོད་པ་དང་མི་ཚང་མའི་མཉམ་རུབ་ཀྱི་སྒོ་ནས་མཐུན་སྒྲིལ་བྱ་དགོས་ཀྱི་ཡོད། དམིགས་བསལ་གྱི་བོད་མི་རྣམས་པས་ཡིན་གཅིག་མིན་གཅིག་ཏུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གོམས་གཤིས་རྣམས་ཉར་རྩ་བྱེད་དགོས་ཀྱི་ཡོད། དེ་འདྲ་བྱུང་བ་ཡིན་ན་ཁོང་གི་སྐུ་ཚེ་གང་བོར་ཞི་བདེ་དང་སྤྲོ་སྐྱིད་བྱུང་གི་རེད། ཨ་མ་ལགས་ཁྱེད་ནི་ངའི་མི་ཚེ་ནང་གི་ཆ་ཤས་གལ་ཆེན་པོ་ཞིག་ཡིན་ལ་ང་ནི་སྐྱེ་བ་སྔོན་མའི་བག་ཆགས་དང་ལས་རྐྱེན་གྱི་སྐྱེ་བ་འདིར་ཁྱེད་དང་མཇལ་བར་བྱུང་བས་ང་རང་ནི་ཧ་ཅང་གི་བསོད་ནམས་ཆེན་པོ་ཚོར་གྱི་འདུག བོད་ཕྲུག་ཡོངས་ཀྱི་ཚབ་བཞུས་ནས་དེ་རིང་ངའི་ཁྱེད་ཀྱི་བརྗེད་དཀའ་བའི་ཐུགས་རྗེ་བཀའ་དྲིན་ལ་ཐུགས་རྗེ་གནང་ཞེས་བརྗོད་པ་དང་སྐུ་ཚེ་གང་བོར་བདེ་སྐྱིད་དང་སྤྲོ་སྣང་ཁེངས་བའི་སྨོན་འདུན་ཡོད། ཐུགས་རྗེ་ཆེ། ཨ་མ་ལགས།

བདག་ལ་དྲིན་གྱིས་བསྐྱངས་པའི་

བདག་ལ་དྲིན་གྱིས་བསྐྱངས་པའི་བཀའ་དྲིན་ཅན།

བསྟན་འཛིན་ཟླ་དཀར། འཛིན་གྲྭ་བརྒྱད་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། མི་ལུས་རིན་ཆེན་ཕ་མ་ཁྱེད་ཀྱིས་གནང། ། མི་གྲལ་ཚུད་པའི་སློབ་སྦྱོང་ཁྱེད་ཀྱི་དྲིན། ། ཕ་མས་དྲིན་གྱིས་བསྐྱངས་པའི་བུ་མོ་ངས། ། ནར་སོན་དྲིན་ལན་འཇལ་རྒྱུ་བརྗེད་མི་སྲིད། ། ཕྱི་རོལ་དུ་གྲང་རླུང་འུར་འུར་དུ་ལྡང་ཞིང་སྟོན་དུས་ཀྱི་ལོ་འདབ་སེར་པོ་ས་ལ་ལྷུང་བཞིན་འདུག ང་རང་ཡང་དྲོ་སོབ་ཀྱི་འཛིན་གྲྭའི་ནང་སྔར་རྒྱུན་བཞིན་གྲོགས་མོ་ཚོ་དང་ལྷན་དུ་ལྐོག་གཏམ་བཤད་བཞིན་པའི་སྐབས་གློ་བུར་དུ་རྒན་ལགས་ཕྱག་ཏུ་ཕྱག་དེབ་ཅིག་བསྣམས་ཏེ་བྲེལ་འཚུབ་འཚུབ་ངང་འཛིན་གྲྭའི་ནང་ཕེབས་བྱུང། ཁོང་གིས་རྒྱུན་གཏན་ལྟར་བཀའ་མོལ་མང་པོ་མ་གསུངས་པར་ཅོག་སྟེང་ནས་ས་སྨྱུག་དཀར་པོ་ཞིག་བླངས་ཏེ་ནག་པང་གྲུ་བཞིའི་སྟེང་དུ་(བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན། )ཞེས་པའི་རྩོམ་ཡིག་གི་བརྗོད་གཞི་ཞིག་བྲིས་ཏེ་ང་ཚོར་ངེས་པར་དུ་འབྲི་དགོས་པའི་དྲན་སྐུལ་ཞིག་བཏང་བྱུང། བརྗོད་གཞི་འདིའི་ཐོག་ལ་ངས་བསམ་བློ་ཡུན་རིང་བཏང་རྗེས་ངའི་དྲན་པའི་སྣང་ངོར་ངའི་བརྩེ་བའི་ཕ་མ་གཉིས་ཡིད་ལ་དབང་མེད་དུ་དྲན་བྱུང། ངའི་ཕ་མ་གཉིས་ནི་ངའི་མི་ཚེའི་ནང་གི་ལམ་སྟོན་སྒྲོན་མེ་ལྟ་བུ་ཡིན། ངའི་པཱ་ལགས་ནི་སམ་བྷོ་ཊ་སྤྱི་ཁྱབ་ཡིག་ཚང་གི་ལས་བྱེད་ཅིག་ཡིན་པ་དང། ངའི་ཨ་མ་ལགས་ནི་སློབ་ཆུང་སློབ་མའི་དགེ་རྒན་ཞིག་ཡིན། ཁོང་གཉིས་ཀྱིས་ངའི་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་སྐུ་ལས་ཚད་མེད་བསྐྱོན་བཞིན་ཡོད། ངའི་ཕ་མ་གཉིས་ཀྱིས་ངའི་ལུས་ལ་གྱོན་ཆས་ལེགས་ཤོས་གཡོགས་གནང་བ་དང། ཞིམ་ཟས་ཚང་མ་ང་ལ་གནང་གི་ཡོད། ཁོང་གཉིས་ཀྱིས་ང་ཤེས་ཡོན་ལྡན་པའི་མི་བཟང་ཞིག་ཏུ་གྱུར་ཆེད་དཔེ་སྟོན་སློབ་གྲྭར་མངགས་བྱུང། དཔེ་སྟོན་སློབ་གྲྭ་ནི་ངའི་ཁྱིམ་གཉིས་པ་ལྟ་བུ་ཡིན། ཁོང་གཉིས་ཀྱིས་ང་དང་ངའི་མིང་སྲིང་ཚོའི་ཆེད་དུ་དཔྲལ་བའི་རྔུལ་ཆུ་ནམ་ཡང་བསྐམས་མ་མྱོང། གལ་སྲིད་དྲིན་ཅན་ཕ་མ་གཉིས་མེད་ན། ང་འཇིག་རྟེན་དེའི་སྟེང་དུ་ཡོད་མི་སྲིད། མཚམས་རེ་ང་རང་ཡིད་ཐང་ཆད་དུས་ཁོང་རྣམ་གཉིས་ཀྱིས་ང་ལ་སེམས་ཁུར་རོགས་རམ་དང་སེམས་ཤུགས་གནང་གི་ཡོད། ཡང་གལ་སྲིད་ང་རང་སློབ་སྦྱོང་གི་ཐོག་ནས་དཀའ་ངལ་འཕྲད་ཚེ། ངའི་ཕ་མ་གཉིས་ཀྱིས་སློབ་རོགས་དང་མཛུབ་སྟོན་གནང་གི་ཡོད། ཨ་མས་ང་ཚོ་མངལ་གྱི་ནང་ཟླ་བ་དགུ་ཙམ་གཅེས་ཉར་གནང་བ་མ་ཟད། རང་ཉིད་ཀྱི་མངལ་ནང་ཡོད་པའི་ཕྲུ་གུར་མ་གནོད་པའི་ཆེད་རང་གིས་དགའ་བའི་ཟས་རིགས་ཁག་ལའང་འཛེམས་གང་ཐུབ་གནང་གི་ཡོད། དེ་བཞིན་པཱ་ལགས་ཀྱིས་ཀྱང་དུས་ནམ་ཡང་ཨ་མའི་མངལ་ནང་ཡོད་པའི་ཕྲུ་གུའི་ཆེད་དུ་ག་དུས་ཡིན་ནའང་ཁྱིམ་གྱི་ལས་ཁུར་ཚང་མ་ལེན་རྒྱུར་འབད་བརྩོན་གནང་གི་ཡོད། དེར་བརྟེན་ཁོང་རྣམས་ཀྱི་བཀའ་དྲིན་དང་བྱམས་བརྩེའི་འོག་ང་ཚོར་ཡངས་ཤིང་མཛེས་པའི་འཇིག་རྟེན་འདི་མཐོང་རྒྱུ་བྱུང་བ་དང། དགའ་དགའ་སྤྲོ་སྤྲོའི་ངང་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་རྒྱུ་བྱུང་བ་རེད། དེ་དག་ནི་ཕ་མ་གཉིས་ཀྱི་བཀའ་དྲིན་ཉག་ཅིག་ཡིན། དེ་ལྟར་ཕ་མ་གཉིས་པོས་ང་ལ་ཆུང་བྱིས་དུས་ནས་འགྲོ་འདུག་སྤྱོད་གསུམ་གྱི་བསླབ་བྱ་བཟང་པོ་ཞིག་གནང་ཡོད་ལ། བདག་གི་རྒྱུད་ལ་འཇགས་པའི་བཟང་སྤྱོད་ཅུང་ཟད་དེ་ཡང་ཕ་མ་གཉིས་ཀྱི་བརྟེན་ནས་བྱུང་བ་ཞིག་རེད། དེང་སང་ལས་རྒྱུ་འབྲས་མེད་པའི་ཕྲུ་གུ་ཁ་ཤས་ཀྱིས་རང་གི་ཕྲུ་གུ་ན་སོ་རྒས་དུས་རྒན་གསོ་ཁང་དུ་སྐྱེལ་གྱི་ཡོད། དེ་དངོས་གནས་ནོར་འཁྲུལ་ཆེན་པོ་རེད། ཁོང་རྣམས་ན་སོ་རྒས་དུས་རྒན་སྐྱོང་དང་ཞབས་ཕྱི་ཞུ་རྒྱུ་དེ་ང་ཚོ་བུ་ཕྲུག་ཚོའི་གཞོལ་དུ་མེད་པའི་འོས་འགན་ཞིག་ཡིན། འཇིག་རྟེན་འདིའི་ནང་རང་ཉིད་ལ་བཀའ་དྲིན་ཆེ་ཤོས་ནི་ཕ་མ་གཉིས་རེད། ང་ཚོས་ཕ་མ་གཉིས་ཀྱི་བཀའ་དྲིན་དྲན་ཏེ་མ་འོངས་པར་རང་ཉིད་ཕྲུ་གུ་རྣམས་ཀྱང་བྱམས་དང་བརྩེ་བས་སྐྱོང་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད། ང་ཚོས་རྗེས་ཕྱོགས་སུ་རང་ཉིད་ཀྱི་ཕ་མའི་བཀའ་དྲིན་ངེས་པར་དུ་འཇལ་ཐུབ་པ་བྱ་དགོས། ངའི་ཕ་མ་གཉིས་སྐུ་ཚེ་ཡུན་རིང་བརྟན་ཅིང། ནད་མེད་ཚེ་རིང་ཡོང་བའི་སྨོན་ལམ་ཞུ། །

ང་ལ་བྱམས་བརྩེས་བསྐྱངས་བའི་བ

ང་ལ་བྱམས་བརྩེས་བསྐྱངས་བའི་བཀའ་དྲིན་ཅན།

བསྟན་འཛིན་ཟླ་གསལ། འཛིན་གྲྭ་བདུན་པ། སྦེལ་ཀོབ་སཾ་བྷོ་ཊ། ང་ཚོའི་མི་ཚེའི་ནང་དམིགས་དཔེ་བལྟ་བའི་ཡུལ་མཆོག་ཏུ་གྱུར་བའི་མི་སྣ་ངེས་ཅན་མང་པོ་ཡོད། མི་སྣ་དེ་ཚོའི་སྐུ་ཚེའི་ལོ་རྒྱུས་སམ། ཁོང་ཚོས་ཕྱག་ལས་གནང་བ་དག་ལ་བལྟས་ནས་ང་ཚོ་ལ་བཟོད་བསྲན་ལ་སོགས་པའི་ནང་སེམས་ཀྱི་་ནུས་ཤུགས་མང་པོ་སྤྲོད་ཀྱི་ཡོད་པ་མ་ཟད། ང་ཚོའི་མི་ཚེའི་ནང་དཀའ་ངལ་མང་པོ་འཕྲད་པའམ། ཡང་ན་ཁ་ནས་སྐད་ཆ་ཚིག་གཅིག་ལབ་མ་ཐུབ་པ་སོགས་ཧ་ཅང་ཞེད་སྣང་བྱེད་དགོས་པའི་དུས། ཁོང་རྣམ་པས་བཀའ་སློབ་གནང་བ་དང། མི་ཚེའི་མདུན་ལམ་ཟབ་མོ་བསྟན་གནང་ནས་ཞེད་སྣང་དེ་ལས་ཐར་བར་བྱེད་པའི་རྒྱུ་མཚན་གྱིས་ང་ཚོར་བཀའ་དྲིན་ཤིན་ཏུ་ཆེ་བས། འདི་འདྲ་བའི་བཀའ་དྲིན་ཅན་གྱི་མི་སྣ་མང་པོ་ཡོད་པ་ལས། དེའི་ནང་ནས་གུས་མོར་བྱམས་དང་སྙིང་རྗེས་བསྐྱངས་བའི་ཤིན་ཏུ་ནས་བཀའ་དྲིན་ཅན་དེ་ནི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞེ་བདེའི་དེད་དཔོན་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་བསྟན་འཛིན་རྒྱ་མཚོ་མཆོག་ཡིན། ཁོང་ནི་ང་ཚོའི་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་ཡུལ་དེ་ཡིན་པ་སྨྲས་མི་དགོས། ཁོང་ང་ཚོའི་བོད་མི་མང་གི་དམིགས་དཔེ་བལྟ་སའི་ཡུལ་ཡིན་པ་ཙམ་དུ་མ་ཟད། འཛམ་གླིང་རྒྱལ་ཁབ་མང་པོའི་དཔོན་པོ་དང། མཁས་དབང། ཚན་རིག་པ། དགེ་རྒནསོགས་ཀྱིས་ཀྱང་དམིགས་དཔེར་ལྟ་བ་དང། ལམ་སྟོན་བཀའ་སློབ་ཞུ་ཡི་ཡོད། ཁོང་གུས་མོར་བཀའ་དྲིན་ཅན་ཞིག་ཡིན་པའི་རྒྱུ་མཚན་ནི། ཁོང་ཆུང་དུས་སྐབས་ཏེ་དགུང་ལོ་བཅུ་དྲུག་སྐབས་ནས་བོད་རྒྱལ་ཁབ་ཀྱི་ཆོས་དང་སྲིད་གཉིས་ཞི་བའི་ངང་ནས་བསྐྱངས་བའི་སྐབས་རྒྱ་དམག་གིས་བོད་ནང་དགོན་པ་མང་པོ་གཏོར་བཤིག་བཏང་བ་དང། བོད་མི་སྟོང་ཕྲག་མང་པོ་དམར་གསོད་བཏང་ཡོད། གནས་ཚུལ་ཐབས་སྡུག་དེ་འདྲ་བྱུང་བས་ཁོང་གིས་བོད་མི་སྟོང་ཕྲག་མང་པོའི་དབུ་ཁྲིད་གནང་ནས་རྒྱ་གར་དུ་བདེ་བར་ཕེབས་འབྱོར་ཐུབ་པ་བྱུང་ཡོད། དེ་ཙམ་མ་ཟད། རྒྱ་གར་གྱི་གཞུང་དང་ལྷན་འབྲེལ་བ་གནང་ནས་བོད་མིའི་མ་འོངས་པའིི་མདུན་ལམ་ཆེད་དུ་སློབ་གྲྭ་དང། སྨན་ཁང། ལས་ཁུངས། དགོན་པ་སོགས་གསར་དུ་བཙུགས་གནང་བ་དང། ་ཁོང་གིས་ང་ཚོ་བཙན་བྱོལ་བ་ཞིག་ཡིན་ན་ཡང་རྒྱ་གར་གྱི་ཡུལ་དུ་ང་ཚོ་ལ་དཀའ་ངལ་མེད་པའི་ཐོག་བསྐྱངས་བ་དང། མ་ཟད་འཛམ་གླིང་ས་ཕྱོགས་གང་སར་དུ་རང་གཞན་དབྱེ་བ་མེད་པར་བྱམས་དང་སྙིང་རྗེའི་ངང་ནས་ཆོས་ཀྱི་འཁོར་ལོ་ཟབ་པོ་བསྐོར་ནས་བསྐྱངས་གནང་དང་གནང་བཞིན་ཡོད། རང་གཞན་དབྱེ་བ་མེད་པར། ། ཆོས་ཀྱི་འཁོར་ལོ་སྐོར་མཁན། ། འཛམ་གླིང་ཞི་བདེའི་དེད་དཔོན། ། སྐུ་ཚེ་བརྟན་པར་སྨོན་ནོ། །

བདག་ལ་བྱམས་བརྩེས་སྐྱོངས་བའི

བདག་ལ་བྱམས་བརྩེས་སྐྱོངས་བའི་བཀའ་དྲིན་ཅན།

རིག་འཛིན་རྣམ་རྒྱལ་རྨ་བྱ། འཛིན་གྲྭ་བརྒྱད་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། སྤྱིར་མི་མ་ཟད་དུད་འགྲོ་སེམས་ཅན་ལ་ཡང་རང་ལ་བྱམས་བརྩེས་སྐྱོང་མཁན་ཡོད་ཅིང་གལ་ཏེ་ཁྱེད་ལ་བྱམས་བརྩེས་སྐྱོང་བའི་བཀའ་དྲིན་ཅན་ཞིག་མེད་ཚེ་ད་ཆ་ཁྱེད་ཀྱིས་ལས་གོ་ཆོད་པའི་ལས་ཤིག་ཀྱང་སྒྲུབ་རྒྱུ་ཕར་ཞོག་དང་པོ་ཁྱེད་རང་སྡུག་བསྔལ་དང་མུན་གྱིས་བཏུམས་པའི་འཁོར་བ་འདི་ནང་དུ་ཡང་འཚོ་བ་སྐྱེལ་མ་ཐུབ་པར་འཆི་རྒྱུ་ཉག་ཅིག་རེད། ང་ལ་མཚོན་ན་ཁོ་བོའི་དྲན་འཛིན་ཡོལ་བའི་ངོས་སུ་གསལ་ལྷེར་འཆར་བ་ནི་བདག་གི་བརྩེ་བའི་ཕ་མ་གཉིས་དང་ཤེས་ཡོན་ལྷག་བསམ་ལྡན་པའི་དགེ་བའི་བཤེས་གཉེན་གཉིས་དེ་ཡིན། གང་ལགས་ཞེ་ན། ཕ་མ་ཁྱེད་གཉིས་ཀྱིས་ཁོ་བོར་ལུས་སེམས་སྦྱིན་ཞིང་བདག་ལ་སབྱམས་བརྩེ་ཞེས་པ་དེ་བསླབས་ཡོད་པ་མ་ཟད་ཁྱེད་གཉིས་ཀྱིས་ཁོ་བོ་གོ་ལ་འདིའི་སྟེང་དུ་སླེབས་ནས་བཟུང་བརྩེ་བ་ཆེན་པོས་གསོ་སྐྱོང་གང་ལེགས་གནང་ཡོད་པ་དང་དུས་རྟགས་ཏུ་ཁོ་བོ་དང་ཁོ་བོའི་གཅེན་གཅུང་གཉིས་ལ་སློབ་སྦྱོང་ལ་བརྩོན་འགྲུས་ཀྱི་རྟ་ཕོར་བཅིགས་རྒྱུ་དང་མི་ཡ་རབས་སྤྱོད་བཟང་ཞིག་བྱེད་རྒྱུའི་སློབ་གསོ་ཡང་ཡང་གནང་ཡོད། ཕུགས་རྒྱང་རིང་བའི་ཕ་མ་ཁྱེད་གཉིས་ཀྱིས་ཉིན་མཚན་ལྟོས་མེད་གྲོན་ཆུང་བསྲི་ཚགས་ཀྱིས་གསོག་འཇོག་བྱེད་པའི་རྒྱུ་ནོར་ལོངས་སྤྱོད་རྣམས་བེད་སྤྱད་ནས་ང་ཚོར་སློབ་སྦྱོང་གང་མང་གནང་ཐབས་བྱེད་ཡོད་པ་མ་ཟད་ཟུར་ཁྲིད་དགེ་རྒན་དུ་མ་ཞིག་ ཀྱང་ཁྱིམ་དུ་མངགས་ནས་སློབ་སྦྱོང་བྱེད་དུ་བཅུག་མྱོང་ཡོད། ཁོང་གཉིས་ཀྱིས་ང་ཚོར་འཇམ་རྩུབ་གཉིས་ལྡན་གྱིས་མི་སྤྱོད་བཟང་ཞིག་ཏུ་བཅུན་ཡོད་པ་དང་བཀའ་བཀྱོན་གྲངས་ལས་འདས་པ་གནང་མྱོང་ཡོད། ཡིན་ནའང། མཚམས་རེར་ཁོ་བོ་ཕ་མ་གཉིས་ཀྱིས་མི་ལོ་དུ་མ་དཀའ་ངལ་ཁྱད་གསད་བྱས་པའི་ངལ་དུབ་ཀྱི་རྣམ་པ་དེ་མཐོང་དུས་ཁོ་བོའི་སེམས་ནང་སྔར་མེད་ཀྱི་ཟུག་གཟེར་ལངས་པ་དང་སེམས་འགུལ་ཚད་མེད་ཐེབས་ཀྱི་འདུག། ཁོ་བོས་དུས་དེར་ནར་སོན་རྗེས་ཕ་མ་གཉིས་ཀྱི་ལས་ཚེགས་ཁུར་རྒྱུ་ཡིན་ཞེས་ཕ་མ་ལ་ལབ་དུས་ཁོང་གཉིས་ཀྱིས་མ་གྲོས་གཅིག་མཐུན་ངང་བུ་ཁྱེད་རང་འབད་པ་ཆེར་བསྐྱེད་ཀྱིས་སློབ་སྦྱོང་བྱེད་ནས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་ཡོང་བ་དེ་ནི་ང་ཚོའི་དཀའ་སྡུག་སེལ་བ་དང་གཉིས་སུ་མ་འཆིས་པས་དུས་ཚོད་ཆུད་ཟོས་སུ་མ་གཏོང་ཞིག་ཅེས་གསུངས་སོང། དེ་ལྟར་ཁོང་གཉིས་ཀྱིས་ཁོ་བོའི་ཕུགས་བསམ་མངོན་འགྱུར་ཡོང་ཆེད་དཔེ་སྟོན་སློབ་གྲྭར་མངགས་སྟབས་བདག་གིས་ཕ་མའི་རེ་བ་རྡོ་བརྐོས་རི་མི་བཞིན་སེམས་ནང་དམ་པོར་བཅངས་ནས་རང་ནུས་ཅི་ལྕོགས་ཀྱིས་དཀའ་སྤྱད་འབད་བརྩོན་བྱེད་རྒྱུའི་ཁས་ལེན་པ་ཡིན། གུས་པ་ཐོག་མ་སློབ་གྲྭ་རུ་སྦྱོར་ཚེ་སེམས་པ་དུང་ལས་དཀར་ཞིང་ང་ཚོར་ཤེས་ཡོན་ལྷག་བསམ་ལྡན་པའི་རྒན་ལགས་རྣམས་ཀྱིས་ཁོ་བོ་ལྟ་སྐྱོང་གནང་བྱུང། དགེ་བའི་བཤེས་གཉེན་ཁྱེད་རྣམས་ཀྱིས་ང་ཚོ་ཆུང་དུས་ཁ་ལུད་སྣབས་ལུད་འཕྱིས་མ་ཐུབ་པའི་དུས་ནས་བཟུང་བཟང་ངན་དབྱེ་འབྱེད་ཐུབ་པའི་མིག་ཟུང་སྦྱིན་ཞིང་ང་ཚོར་ཀ་ཁའི་དབྱངས་རྟ་སྙན་མོ་གྱེར་སྟངས་སློབ་པ་མ་ཟད་ཁྱེད་རྣམས་ཀྱིས་ང་ཚོའི་ཤེས་ཡོན་དང་སྤྱོད་པ་ད་དུང་འཕྲོད་བསྟེན་ལ་སོགས་གཙིགས་སུ་འཛིན་ནས་ཕྱག་གིས་བསྐྱོར་ཏེ་འབྲི་སློབ་དང་སྣབས་ལུད་འཕྱིས་པ། མ་ཟད་ང་ཚོ་ལ་སྒམ་ཚུགས་ལྡན་པའི་ངང་སློབ་ཕྲུག ཁྱོད་ཚོ་ནི་ང་ཚོ་བོད་པའི་ཤུལ་འཛིན་མཁན་གྱི་སོན་རྩ་རྣམས་ཡིིན་པས་སློབ་སྦྱོང་ལ་དོ་ཁུར་མང་ཙམ་བྱེད་ཅིག་ཅེས་བཀའ་སློབ་ཀྱང་གནང་མྱོང། ད་དུང་ཐེངས་ཤིག་སློབ་གྲྭ་རུ་ཁོ་བོའི་ལག་པར་རྨས་སྐྱོན་ཆུང་ཆུང་ཞིག་ལས་ཕོག་མེད་ཀྱང་རྒན་ལགས་ཁོང་གིས་བརྩེ་བ་ཆེན་པོས་རྨ་དེ་གཙང་མ་བཀྲུས་ཏེ་རྨ་དཀྲིས་དཀྲིས་མྱོང་ཡོད། རྒན་ལགས་ཁྱེད་རྣམས་ནི་ང་དང་ང་འདྲ་བའི་སློབ་ཕྲུག་བགྲང་གི་མི་ལངས་བ་ཞིག་གི་མུན་པ་སེལ་མཁན་གྱི་སྒྲོན་མེ་དེ་ཡིན་ཞིང་ཕ་མ་གཉིས་པ་དང་གཅིག་མཚུངས་ཡིན་པས་གུས་པ་ཁྱེད་ཀྱི་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་ཁྱེད་ལ་དགའ་ཞེན་ཆེ། དེར་བརྟེན་ང་ལ་མཚོན་ན་ཕ་མ་དང་དགེ་རྒན་གཉིས་ཀྱི་བཀའ་དྲིན་ནི་མི་ཚེ་གཅིག་ནང་འཇལ་ཐབས་བྲལ་ཞིང་ང་ཚོ་ཕྲུ་གུ་ཚོས་རང་ཉིད་ལ་བྱམས་བརྩེས་སྐྱོང་མཁན་ཇེ་སྙེད་ཅིག་ཐོབ་པ་དེ་ནི་བསོད་ནམས་ཆེན་པོ་ཡིན་སྙམ་པ་རྟག་ཏུ་ཡིད་ལ་དྲན་དགོས། །

བདག་ལ་བྱམས་བརྩེས་བསྐྱངས་པའི

བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན།

བློ་བཟང་སངས་རྒྱས། འཛིན་གྲྭ་བརྒྱད་པ། རྫོང་ཆོས་སློབ་གྲྭ། དེ་རིང་ངས་རྩོམ་བྲི་ཡ་དེ་བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན་ཡིན། རྩོམ་དེ་ལ་བརྗོད་གཞི་གསུམ་གྱི་སྒོ་ནས་བྲིས་ཡོད། བརྗོད་གཞི་གསུམ་ནི་དང་པོ་ཕ་མ་དང་གཉིས་པ་རྩ་བའི་བླ་མ། གསུམ་པ་དགེ་རྒན་བཅས་གསུམ་ཡིན། དང་པོ་ཕ་མས་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ནི། ཕ་མ་ཟེར་བ་ནི་དུས་རྟག་དུ་བྱམས་བརྩེ་གནང་མཁན་གྱི་གང་ཟག་ཐོག་མ་དེ་ཡིན། ང་ལ་ཆ་བཞག་ན་ཕ་མས་ལོ་བདུན་བར་བྱམས་བརྩེའི་འོག་ནས་བསྐྱངས་པ་ཡིན། དེའི་སྔོན་ལ་ཕ་མའི་མངལ་དུ་ཟླ་བ་དགུ་རིང་ཉར་ཚགས་བྱས་ཡོད། མ་ཟད་དཀའ་ངལ་མང་པོ་གདོང་ལེན་བྱས་ཡོད། ཁོང་ནི་དུས་རྟག་ཏུ་ཕྲུ་གུ་མ་གཏོགས་རང་ཉིད་ལ་བསམ་བློ་དེ་ཙམ་མི་གཏོང་མཁན་གྱི་མི་སྣ་གལ་ཆེན་ཞིག་ཡིན། འདི་ལྟ་བུ་ནི་ངའི་ཕ་མ་གཅིག་པོ་མིན་པར་འཇིག་རྟེན་གྱི་ཕ་མ་ཚང་མ་ཡིན། ཕ་མ་ཟེར་བ་དེ་དངོས་གནས་བཀའ་དྲིན་ཆེན་པོ་ཞིག་ཡིན། ང་ལྟ་བུར་ཆ་བཞག་ན་ལོ་ངོ་བདུན་ནས་གྲྭ་བར་བཏང་པ་ཡོད། བཏང་ནས་ལོ་འགའ་ཤས་ཀྱི་རྗེས་ལ་ང་ནང་ལ་གུང་གསེང་ཕྱིན་པ་ཡིན། དེ་དུས་ཕ་མ་གཉིས་ནི་སྐྲ་དཀར་པོ་དང་གདོང་གཉེར་མས་ཁེངས་ནས་རྒས་འདུག་སྟེ་ད་དུང་ཡང་ང་ལ་སྔར་གྱི་བྱིས་པ་ནང་བཞིན་བྱམས་སྐྱོང་གནང་གི་འདུག། ཕ་མ་ཟེར་བ་ནི་དུས་རྟག་ཏུ་ང་ཚོས་བརྗེད་ཏུ་མི་རུང་བའི་བཀྲིན་ཅན་ཞིག་ཡིན་པ་ང་ཚོས་ངེས་པར་ཤེས་པར་བྱ་དགོས། ། གཉིས་པ་རྩ་བའི་བླ་མ། ཆོས་པ་སུ་འདྲ་ཞིག་ཡིན་ཡང་རང་ཉིད་ལ་རྩ་བའི་བླ་མ་ཞིག་ཡོད། ངའི་རྩ་བའི་བླ་མ་ནི་༸གོང་ས་མཆོག་ཡིན། ང་གྲྭ་སར་འཛུལ་ནས་ལོ་གཉིས་ཀྱི་རྗེས་སུ་ཁོང་ང་ཚོའི་དགོན་པ་ལ་ཕེབས་སོང། དེ་དུས་ང་ལོ་བདུན་སོན་པའི་སྐབས་ཡིན། ང་ཚོའི་དགོན་པ་ལ་ཁོང་གིས་བཀའ་སློབ་གནང་བྱུང། བཀའ་སློབ་གནང་བའི་དུས་སུ་ངའི་སེམས་ལ་ཚོར་བ་ཆེན་པོ་ཞིག་སྐྱེས་སོང། ཚོར་བ་དེ་གང་ཡིན་ཟེར་ན་དང་པོ་སྡིག་པ་ཟེར་བ་དེ་ངས་ཤེས་ཀྱི་མེད། ཁོང་གིས་བཀའ་སློབ་གནང་དུས་སྡིག་པ་ཟེར་བ་དེའི་དོན་དེ་ངས་ཤེས་སོང། འདི་གཅིག་པོ་མ་རེད་དེ་དང་མཉམ་དུ་སེམས་པ་བཟང་པོ་བྱེད་རྒྱུ་དང་མི་ལ་གནོད་འཚེ་སྐྱེལ་ཡ་མེད་པ་ཤེས་སོང། དེ་ཚོ་ཚང་མ་ཤེས་ཡ་དེ་༸གོང་ས་མཆོག་གི་བཀའ་དྲིན་ཉིད་ཡིན། གསུམ་པ་དགེ་རྒན། དགེ་རྒན་ཟེར་བ་དེ་འཇིག་རྟེན་འདིའི་ནང་ལ་གལ་ཆེ་ཤོས་ཤིག་རེད། ད་ལྟ་ང་སློབ་གྲྭར་འགྲོ་བཞིན་ཡོད། ངའི་སློབ་གྲྭ་ལ་དགེ་རྒན་བཅུ་གཉིས་ཙམ་ཡོད། དགེ་རྒན་བདུན་དེ་ཨ་ཁུ་མི་སྣ་དང་དགེ་རྒན་ལྔ་དེ་གྲྭ་བ་ཡིན། དགེ་རྒན་གྱི་བཀའ་དྲིན་ཆེས་ཤོས་དེ་ནི་བསམ་བློ་གཏང་སྟངས་དེ་ཡིན། དེ་དང་མཉམ་དུ་དང་པོ་ངས་[ཀ་ཁ་ག་ང་] དང་[A B C D]ཤེས་ཀྱི་མེད། འདིར་སླེབས་ནས་དགེ་རྒན་གྱིས་ཀློག་རྩལ་དང་མཉམ་དུ་འབྲི་རྩལ་སོགས་བསླབས་བྱུང། མ་ཟད་སོ་སོར་དཀའ་ངལ་ཕྲད་དུས་རོགས་པ་བྱེད་མཁན་དེ་ཡང་དགེ་རྒན་ཡིན། དགེ་རྒན་གྱིས་ད་ལྟ་བར་ང་ལ་བཀའ་སློབ་གནང་གི་ཡོད། བཀའ་སློབ་དེ་གང་ཡིན་ཟེར་ན་མི་ལ་ཕན་ཐོགས་ཡ་མེད་ནའང་གནོད་མ་སྐྱེལ་ཟེར་བ་གསུང་གི་འདུག། འདི་ངའི་སེམས་ལ་དགེ་རྒན་གྱི་བཀའ་དྲིན་ཆེན་པོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད་དགེ་རྒན་ཟེར་བ་དེ་བཀའ་དྲིན་ཆེན་པོ་ཡིན་པ་བརྗེད་མི་ཆོག་པ་ཞིག་ཡིན། ཐ་མར་ཞུ་ཡ་གཅིག་ལ་ང་ཚོ་སློབ་ཕྲུག་སོ་སོ་ལ་བྱམས་བརྩེས་བསྐྱངས་པའི་་བཀའ་དྲིན་དེ་དུས་ནམ་ཡང་མི་ཚེའི་ནང་བརྗེད་མི་རུང་། ། ངས་འབོད་སྐུལ་ཞུ་རྒྱུ་ལ་ཁྱེད་ཚོ་ཚང་མས་སོ་སོའི་སེམས་ལ་བཞག་ནས་ངས་བཤད་པ་རྣམས་མ་བརྗེད་རོགས། ། བཀྲིན་ཆེ། །