བློ་བཟང་ཀུན་བཟང་། འཛིན་གྲྭ་བཅུ་པ། རྫོང་ཆོས་འབྲིང་རིམ་སློབ་གྲྭ། སློབ་བུ་ང་ནི་བོད་བཙན་པོའི་གདོང་དམར་ཚང་གི་མི་རྒྱུད་ནས་མཆེད་པའི་བོད་རིགས་རྩམ་གཟན་པ་ཞིག་ཡིན་ནའང། རང་ཉིད་ཀྱི་ཕ་ཡུལ་མིག་གིས་ཡུད་ཙམ་ཡང་རིག་མ་མྱོང་བའི་རྒྱལ་ཁབ་དགྲ་ལག་ཏུ་ཤོར་ཟིན་པའི་བོད་ཕྲུག་ཅིག་ཡིན་ཀྱང་། ངས་མི་ཡུལ་གྱི་ས་མཐའ་ནས་རྒྱང་རིང་གི་ཕ་ཡུལ་དང་མི་རིགས་ཀྱི་དཀའ་སྡུག་རྣམས་ཡང་ནས་ཡང་དུ་སེམས་ནང་དྲན་གྱིན་རང་ཉིད་བོད་རིགས་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པ་ནི་ངའི་ཕྲག་ཏུ་བབས་པའི་ལས་འགན་གཙོ་བོ་ཞིག་ཡིན་སྙམ་པ་སེམས་ནང་དྲན་གྱི་ཡོད། འཛམ་བུ་གླིང་འདིའི་ཐོག་རྒྱལ་ཁབ་དང་མི་རིགས་ཤིག་ལ་ཆ་མཚོན་ན་སྐད་དང་ཡི་གེ་ནི་མེད་དུ་མི་རུང་བ་དང་སྲོག་རྩ་ལྟ་བུ་ཡིན། རྒྱལ་ཁབ་ཅིགགི་མི་རིགས་དེ་ཡུན་རིང་གནས་དང་མ་གནས་དེ་དེའི་སྐད་ཡིག་གསོན་པོར་གནས་མ་གནས་ལ་ཐུག་ཡོད། མིའི་སྤྱི་ཚོགས་ནང་སྐད་དང་ཡི་གེ་དེ་འཕེལ་རྒྱས་བྱུང་མེད་ན་ད་ལྟའི་འཆར་དཔལ་འབྱོར་འཛུགས་སྐྲུན་དང་། ཆབ་སྲིད་གོ་རྟོགས། ཚན་རྩལ་རིག་གནས་ལ་སོགས་པ་གོང་མཐོར་ཕྱིན་པ་དེ་ཧ་ཅང་ཡོང་མི་སྲིད་པ་ཞིག་ཡིན། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས། ཡི་གེ་ཡོད་པའི་མི་རིགས་རྣམས་རང་ཉིད་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གཞུང་བཅས་ཀྱི་འཕེལ་རྒྱས་འགྲོ་བའི་མྱུར་ཚད་མགྱོགས་པ་དང་། ཡི་གེ་མེད་པའི་མི་རྣམས་དེ་ལས་ལྡོག་སྟེ་རྗེས་ལུས་ཐེབས་ཀྱི་ཡོད། ཅེས་གསུངས་པ་ལྟར། འཇིག་རྟེན་འདིའི་རྒྱལ་ཁབ་དང་མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན་དཔང་རྟགས་ཡག་ཤོས་དེ་སྐད་དང་ཡི་གེའི་ལམ་ནས་ར་སྤྲོད་ཐུབ་པ་མ་ཟད་སྲིད་འབྱོར་རིག་གསུམ་ཡང་གོང་འཕེལ་དེ་ལ་བརྟེན་ནས་འགྲོ་ཐུབ། དེ་མིན་མི་རིགས་ཤིག་རྩ་མེད་གཏོང་དགོས་ན་སྔོན་ལ་སྐད་ཡིག་དེ་མེད་པར་བཟོས་ན་མི་རིགས་དེ་རང་བཞིན་གྱིས་བརླག་འགྲོ། བྱེ་བྲག་བོད་གངས་ཅན་ལྗོངས་ཀྱི་སྐད་ཡིག་ལ་ཆ་མཚོན་ན་མི་ལོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ལྡན་པའི་བོད་མི་རིགས་ཀྱི་སྲོག་རྩ་ཡིན། ལྷག་པར་ནང་པ་སངས་རྒྱས་པའི་ལྟ་གྲུབ་དེ་སྐད་ཡིག་གཞན་ལ་ཟབ་ཅིང་རྒྱས་པ་ཞིག་ཧ་ལམ་མཇལ་རྒྱུ་མེད། བོད་ཀྱི་སྐད་ཡིག་གི་ལམ་ནས་འཛམ་གླིང་ཞི་བདེ་ཡོང་བ་ལ་ཞབས་འདེགས་རླབས་ཆེན་ཞིག་བསྒྲུབ་ཐུབ། བོད་མིའི་ཆོས་དང་རིག་གཞུང་། ངོ་བོ་སོགས་བོད་ཀྱི་སྐད་ཡིག་ལ་ཐུག་ཡོད། ད་ལྟའི་ཆར་ང་ཚོ་བོད་མི་རིགས་ཀྱི་སྐད་ཡིག་དེ་གནས་བབ་ཉག་ཕྲ་བའི་དུས་ཤིག་ཏུ་སླེབས་ཡོད། བོད་ནང་བཞུགས་པའི་བོད་མི་རྣམས་ནི་རྒྱ་ནག་གཞུང་གི་སྲིད་ཇུས་ངན་པའི་ལག་བསྟར་འོག་ཏུ་གནས་དགོས་དུས་རང་མི་རིགས་ཀྱི་སྐད་ཡིག་སྦྱོང་བར་རང་དབང་མེད་པ་དང་ཐ་ན་དགོན་སྡེ་དང་སློབ་གྲྭ་ཁག་ལ་ཡིན་ནའང་བོད་ཀྱི་སྐད་ཡིག་དེ་བསླབ་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད། ཁོང་ཚོའི་དམིགས་ཡུལ་ལྟེ་བ་དེ་བོད་མི་རིགས་དེ་རྩ་མེད་དུ་གཏོང་རྒྱུའི་ཐོག་ལ་སྲིད་ཇུས་དེ་འདྲ་ཞིག་བེད་སྤྱོད་བཞིན་ཡོད། བཙན་བྱོལ་དུ་གནས་པའི་བོད་མིར་མཚོན་ན་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་འཚོ་བའི་མཐུན་རྐྱེན་སོགས་གང་ཅིའི་ཐད་ནས་བཟང་པོ་ཞིག་ཡོད་ནའང་ད་དུང་ཡང་བོད་མི་རིགས་ཀྱི་རྩ་དོན་དང་སྐད་ཡིག་རིག་གཞུང་སོགས་ཉམས་རྒུད་དུ་སོང་བའི་རྣམ་པ་ཞིག་མཐོང་ཡོང་གི་འདུག དེ་ལ་བཙན་བྱོལ་བོད་གཞུང་ནས་སྐད་ཡིག་གི་ལས་འགུལ་སྤེལ་རྒྱུ་དང་ཁྱིམ་ཚང་སོ་སོའི་ཕ་མ་རྣམས་ནས་བུ་ཕྲུག་ལ་རང་ཉིད་བོད་རིགས་ཤིག་ཡིན་པར་ངོས་འཛིན་དང་ལས་འགན། བོད་རྒྱལ་ཁབ་ལ་ཤ་ཞེན་དགོས་ལུགས་སོགས་ཁ་ཏ་བསླབ་བྱ་གནང་དགོས་མ་ཟད་ཁྱིམ་ཚང་ནང་དང་མི་རིགས་ཕན་ཚུན་དབར་འབྲེལ་བ་དང་བཀའ་མོལ་གནང་སྐབས་བོད་ཀྱི་སྐད་ཡིག་དེ་བཀོལ་སྤྱོད་གནང་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་དུ་སྣང་། ༸པཎ་ཆེན་མཆོག་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་ཡིག་བེད་སྤྱོད་གཏོང་རྒྱུ་འདི་བོད་རྒྱ་ཆེའི་མི་མང་ལ་ཕན་ཐོགས་ཡོད་པ་དངོས་ཡོད་གནས་ཚུལ་གསལ་པོ་ཆགས་མི་འདུག་གམ། བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་གཏོང་རྒྱུའི་གནད་དོན་འདི་ནི་ཆུང་ཆུང་ཞིག་གཏན་ནས་མིན། དེ་བཞིན་ཁོང་གིས། ང་རང་གིས་རྒྱ་སྐད་བཤད་ཤེས་པ་འདི་ང་རང་གི་འཇོན་ཐང་དང་ཡོན་ཏན་རེད། གལ་སྲིད་ངས་མ་ཤེས་པ་ཡིན་ནའང་ངོ་ཚ་དགོས་དོན་མེད། འོན་ཀྱང་གལ་སྲིད་ང་རང་གིས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། དེ་ནི་ང་རང་གི་ཞབས་འདྲེན་ཡིན་པས་ངོ་ཚ་དགོས་པ་ཞིག་རེད། ཅེས་གསུངས་པ་བཞིན་རེད། གལ་ཏེ་དེ་ལས་ལྡོག་སྟེ་སྐད་ཡིག་གཞན་ཞིག་དང་བསྲེས་ནས་ར་མ་ལུག་གི་སྐད་ལྟ་བུར་མཉམ་བསྲེས་བྱས་ནས་སྨྲས་ན། མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱིས། བོད་ཀྱི་ཕལ་སྐད་ཤེས་པ་གཞིར་བཞག་གིས་སྐད་རིགས་གཞན་ཤེས་ན་ཡོན་ཏན་ཡིན་གྱི་བོད་མིས་བོད་སྐད་མི་ཤེས་བཞིན་སྐད་རིགས་གཞན་ཞིག་སྨྲ་ཁུལ་བྱས་ན་ཁྲེལ་དགོད་བྱེད་མཁན་མ་གཏོགས་བསྔགས་བརྗོད་བྱེད་མཁན་ཞིག་འཛམ་གླིང་ཁྲོད་ན་ཡོད་ཚོད་མི་འདུག་པའི་ཕྱིར་རོ། ། ཞེས་གསུངས་པ་ལྟར་རང་མི་རིགས་ཀྱི་སྐད་ཡིག་སྟོང་འགྲོ་ན། རྒྱལ་ཁབ་དང་མི་རིགས་ཆེད་དུ་མ་གཏོར་ཀྱང་འཐོར་འགྲོ་ངེས། ༸གོང་ས་མཆོག་གིས། བོད་ཡིག་བོད་པས་མ་སྦྱངས་ན་སུས་སྦྱོང་། བོད་ཡིག་ལ་བོད་པས་བདག་པོ་མ་བརྒྱབ་ན་སུས་རྒྱག་ཟེར་བ་ལྟར་བཙན་བྱོལ་དུ་གནས་པའི་བོད་མི་དང་རང་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་དང་སྲུང་སྐྱོབ་ངེས་པར་དུ་བྱེད་དགོས། སློབ་བུ་རང་ཉིད་འཇིག་རྟེན་ནང་ནམ་གསོན་པའི་རིང་དུ་བོད་མི་རིགས་ལ་ཞབས་འདེགས་དང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་དགོངས་བཞེད་བསྒྲུབ་རྒྱུ་དང་། དུས་རྒྱུན་དུ་ནས་སེམས་ནང་རང་ཉིད་བོད་རིགས་ཤིག་ཡིན་པར་སྤོབས་པ་དང་བོད་ཡིག་སྦྱོང་བ་དེ་ངས་བོད་མི་རིགས་ལ་ཞབས་འདེགས་དང་ལས་འགན་ཞིག་སྒྲུབ་བཞིན་ཡོད་སེམས་ཀྱིན་ཡོད། ༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས། ཁྱེད་ཅག་གིས་ངའི་འདྲ་པར་ལྷ་ཁང་དང་མཆོད་ཁང་དུ་བཤམས་ཏེ་དད་པ་ཡོད་མདོག་གིས་ཕྱག་འབུལ་དང་སྤོས་སོགས་ཀྱིས་བདུག་པ་ལས་ངའི་ཁར་ཉན་ནས་བོད་ཡིག་སྦྱོངས། ཞེས་པའི་ཞལ་གདམས་སྙིང་ལ་བཅང་དགོས་པ་མ་ཡིན་ནམ། བོད་ཀྱི་ཆོས་དང་རིག་གཞུང་། སྲིད་འབྱོར་རིག་གསུམ་གོང་འཕེལ་དུ་འགྲོ་དགོས་ན་ད་ལྟ་བཀོལ་སྤྱོད་གནང་བཞིན་པའི་རང་མི་རིགས་ཀྱི་སྐད་ཡིག་དེ་འཛིན་སྐྱོང་སྤེལ་གསུམ་གནང་རྒྱུ་དེ་གལ་ཆེན་ནང་གི་དོན་ཆེན་དེ་ཆགས་ཡོད། བོད་ཀྱི་སྐད་ཡིག་དེ་གངས་ཅན་པ་ཡོངས་ཀྱི་འགན་བཞེས་ཏེ་བདག་གཅེས་གནང་དགོས་པ་མ་གཏོགས། […]
ང་བོད་པ་ཞིག་ཡིན་པའི་ཆ་ནས་བོ
བསྟན་འཛིན་མེ་ཏོག འཛིན་གྲྭ་དགུ་བ། དཔེ་སྟོན་སློབ་གྲྭ དེ་རིང་ཚོགས་ཐེངས་དྲུག་པའི་ཐོག་བོད་ཡིག་རྒན་ལགས་ཀྱིས་ང་ཚོ་དབྱར་ཁའི་གུང་གསེང་སྐབས་ཁྱིམ་སྦྱོང་རྩོམ་ཡིག་ཅིག་འབྲི་དགོས་པའི་བཀའ་གནང་སོང་མོད། འོན་ཀྱང་ངས་དབྱར་ཁའི་གུང་གསེང་ཉིན་གཉིས་མ་གཏོགས་གཞན་ཉིན་ཚང་མ་གྲོགས་མོ་དང་ལྷན་དུ་ཕྱི་ལ་འགྲོ་བ་དང་གཙུག་ལག་ཁང་དུ་འགྲོ་བ་སོགས་བྱས་ཏེ། ངའི་གུང་གསེང་གི་དུས་ཚོད་འདི་ལྟར་རྫོགས་བཏང་བ་ཡིན། ད་ཉིན་གཉིས་ལས་ལྷག་མེད་པས་ངས་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་ལག་ཏུ་སྨྱུ་གུ་བླངས་ཏེ་རྒན་ལགས་ཀྱིས་གནང་བའི་རྩོམ་གྱི་འགོ་བརྗོད་དེ་༼ང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པ་ངའི་ལས་འགན་ཡིན༽ཟེར་པའི་བརྗོད་གཞིའི་ཐོག་ལ་འབྲི་འགོ་ཚུགས་པ་ཡིན། ང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་རྒྱུ་དེ་ང་གཅིག་པོའི་ལས་འགན་མ་ཡིན་པར། ང་ཚོ་བོད་མི་ཚང་མའི་ལས་འགན་ཞིག་རེད་འདུག རྒྱུ་མཚན་དེས་ང་ལ་ཆ་བཞག་ན་ངའི་ཕ་མ་གཉིས་ཀྱིས་ང་ཆུང་དུས་ནས་བོད་ཡིག་སྦྱོང་ས་དཔེ་སྟོན་སློབ་གྲྭ་རུ་བཏང་སྟེ། ང་འཛིན་རིམ་ལྔ་པ་སྐབས་ནས་བོད་ཡིག་གི་སློབ་ཚན་འདི་གཞན་པའི་སློབ་ཚན་ལས་མང་བ་དགའ་པོ་ཡོད་པ་མ་ཟད་ཤེས་ཀྱི་ཡང་ཡོད། ད་ལྟ་ཡང་བོད་ཡིག་སློབ་ཚན་ལ་དགའ་པོ་ཡོད་པར་མ་ཟད་འཛིན་གྲྭའི་སློབ་ཁྲིད་སྐབས་བོད་ཡིག་སློབ་ཚན་ནང་གི་བོད་ཀྱི་སྐོར་དང་བོད་ཀྱི་ལོ་རྒྱུས་སོགས་སྦྱངས་བར་དགའ་བོ་ཡོད་ལ། ད་དུང་ང་ལ་ཚིག་གསར་ད་བར་གོ་མ་མྱོང་བའི་ཚིག་གསར་མང་པོ་ཤེས་སོང་། ཡིན་ནའང་དེང་སང་གི་ངའི་སློབ་གྲོགས་ཚོ་དང་བོད་མི་རྣམས་ཀྱི་སོ་སོའི་སྐད་དང་ཡི་གེ་མི་སྦྱོང་བར་ཕྱིའི་རྒྱལ་ཁབ་ཀྱི་སྐད་དང་རིག་གཞུང་ལ་མགོ་འཁོར་ནས་བསྡད་ཡོད་པ་འདི་ངོ་ཚ་དགོས་པ་ཞིག་རེད། ད་དུང་མི་ཁ་ཤས་ཀྱིས་སོ་སོའི་སྐད་ཡིག་དང་ཡང་ན་བོད་ཀྱི་སྐོར་ལ་དུས་ཚོད་ཏོག་ཙམ་ཡང་གཏོང་གི་མེད་པ་དང་། ལོ་གཞོན་ཁ་ཤས་ཀྱིས་སོ་སོའི་སྐད་ཡིག་ཡག་པོ་མེད་པར་མ་ཟད། ད་དུང་བོད་ཀྱི་སྐད་ཡིག་སྦྱོང་རྒྱུའི་འདོད་པ་སྐྱེས་ཀྱི་མེད། ང་ཚོས་བོད་ཡིག་སྦྱོང་དགོས་དོན་ནི་རང་གི་རིག་གཞུང་སྲུང་སྐྱོབ་བྱེད་པའི་ཆེད་དུ་དང་བོད་ཀྱི་སྐད་ཡིག་འཕེལ་རྒྱས་གཏོང་རྒྱུའི་ཆེད་དུ་ཡིན། གལ་སྲིད་ང་ཚོས་སོ་སོའི་སྐད་ཡིག་ཡག་པོ་སྦྱངས་པ་ཡིན་ན། དག་ཆ་ཡར་རྒྱས་འགྲོ་བར་མ་ཟད་བོད་ཀྱི་སྐོར་ལ་རྒྱལ་ཁབ་གཞན་གྱིས་དོ་སྣང་དང་རོགས་རམ་ཡོང་གི་རེད། བྱས་ཙང་ང་ཚོས་བོད་ཡིག་སྦྱོང་དགོས་པ་དེ་ང་དང་ང་ཚོ་ཚང་མའི་ལས་འགན་ཞིག་ཡིན། རྒྱལ་ཁབ་གཞན་གྱི་ལོ་རྒྱུས་དང་ཤེས་ཡོན་མང་པོ་ཤེས་དགོས་པ་དང་། ལྷག་པར་དུ་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་ཤེས་དགོས་པ་དེ་ངའི་ལས་འགན་རེད། སོ་སོ་ཆུང་དུས་ནས་རང་གི་ཕ་མ་དང་ལྷན་དུ་བོད་ཀྱི་སྐོར་དང་ལོ་རྒྱུས་སོགས་ཉན་དགོས་པ་མ་ཟད། ཨིན་སྐད་གཞས་མ་ཡིན་པར་བོད་གཞས་སྦྱངས་ཏེ་རང་གིས་བོད་རང་དབང་ཐོབ་པའི་ཆེད་བོད་ཡིག་སློབ་ཚན་ཡག་པོ་སྦྱངས་དགོས། གལ་སྲིད་ང་ཚོས་བོད་ཡིག་སློབ་ཚན་མ་སྦྱངས་པར་ད་དུང་དེ་ལ་མཐོང་མ་སྤྲད་ན་ང་ཚོའི་བོད་ཀྱི་རིག་གཞུང་དང་སྐད་ཡིག་རྩམེད་དུ་འགྲོ་སྲིད། དེ་འདྲ་མ་ཡོང་བའི་ཆེད་དུ་བོད་ཡིག་སྦྱངས་ནས་རང་གི་ལས་འགན་ཏག་ཏག་བྱེད་དགོས།
ང་བོད་པ་ཞིག་ཡིན་པའི་ཆ་ནས་བོ
བསྟན་འཛིན་ཀུན་གསལ། འཛིན་གྲྭ་དགུ་པ། དཔེ་སྟོན་སློབ་གྲྭ། ཚ་དྲོད་ཆེ་ཞིང་སྐད་ཅོར་ཆེ་བའི་བོད་ཡིག་ཚོགས་ཐེངས་ཀྱི་དུས་སྐབས་སུ་། གློ་བུར་དུ་བོད་ཡིག་དགེ་ལགས་མཆོག་གིས་འཛིན་གྲྭའི་ཕྲུ་གུ་ཚང་མར་གོང་དུ་བྲིས་པའི་བརྗོད་གཞི་འདིའི་ཐོག་ལ་རྩོམ་ཞིག་བྲིས་ཤོག་ཅེས་གསུངས་སྐབས་ཕྲུ་གུ་ཚང་མས་འུར་སྒྲ་ཆེན་པོའི་ངང་ལགས་སོ་རྒན་ལགས་ཞེས་ལན་བཏབ་སོང་། དེ་དུས་བདག་གི་ལམ་སང་བརྗོད་གཞི་དེར་ཡག་པོར་བལྟས་ནས་དེ་སྐོར་བསམ་བློ་ཞིབ་ཚགས་བཏང་བ་ཡིན། ཡིན་ཡང་དུས་ཡུན་ཅུང་ཙམ་སོང་བ་ན་བརྗོད་གཞི་དེ་ལས་སླ་པོ་ཞེ་དྲག་ཡིན་པ་བདག་གི་ཤེས་འདོད་བྱུང་། དེ་རྗེས་བདག་གིས་ལག་ཏུ་སྨྱུ་གུ་ཞིག་བཟུང་ནས་རྩོམ་འདི་འབྲི་འགོ་བཙུགས་པ་ཡིན། སྤྱིར་སྐད་ཡིག་གང་ཞིག་ཡིན་ཡང་དེ་གལ་ཆེན་པོ་ཞིག་ཡིན་པ་དང་དེ་ཡི་སོ་སོའི་རྒྱལ་ཁབ་ཀྱི་ངོ་བོ་དང་གཟི་བརྗིད་སྟོན་ཀྱི་ཡོད་། དེ་བཞིན་བོད་ཡིག་གིས་ཡང་བོད་པའི་ངོ་བོ་དང་གཟི་བརྗིད་མཚོན་གྱི་ཡོད་། གལ་སྲིད་བུ་མོ་ང་ལ་མཚོན་ན་ནམ་རྒྱུན་གྱི་སྐད་ཡིག་གཞན་དབྱིན་ཇི་དང་ཧིན་དྷིའི་ཡི་གེ་ཚོ་ལས་བོད་ཡིག་ལ་ལེགས་པ་དང་བོད་ཡིག་ནི། ང་ན་ཆུང་བྱིས་པའི་དུས་ནས་སྦྱངས་པའི་སྐད་ཡིག་ཅིག་ཡིན་ཙང་དེ་སྦྱོང་རྒྱུར་དགའ་འདོད་ཀྱང་ཆེ་བ་ཡོད་། མཚམས་རེ་ང་རང་བོད་ཡིག་འབྲི་བཞིན་པའི་སྐབས་ཕྱི་ལོགས་མི་ཚོས་མཐོང་ནས་འདི་ག་རེ་ཡི་གེ་རེད་ཅེས་འབྲི་སྐབས་བདག་གིས་སྤོབས་པའི་ངང་ནས་འདི་བོད་ཡིག་རེད་ཅེས་ལན་འདེབས་ཐུབ་པ་འདི་བོད་ཡིག་གི་བཀའ་དྲིན་རེད་། སྐད་ཀྱིས་རྒྱལ་ཁབ་གཞན་ལ་མཉམ་འབྲེལ་བྱེད་པ་དང་། སེམས་ཁམས་བརྗེ་རེས་། ཚོང་གི་འབྲེལ་ལམ་སོགས་མང་པོ་ལ་ཕན་ཐོགས་ཀྱི་ཡོད་། རྒྱལ་ཁབ་གང་ཞིང་ཡིན་ཡང་དེར་སྐད་ཡོད་ན་སྐད་དེ་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱལ་ཁབ་དེའི་ཡུལ་མི་ཚོའི་ལས་འགན་རེད་། དེ་བཞིན་ང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྲུང་སྐྱོབ་བྱ་རྒྱུ་ནི་ངའི་ལས་འགན་རེད་། ད་ལྟ་ང་ཚོ་དམངས་གཙོ་རྒྱལ་ཁབ་ཅིག་ཏུ་གནས་ཡོད་པ་དང་། སོ་སོའི་སྐད་ཡིག་སྦྱོང་རྒྱུའི་གོ་སྐབས་ཆ་ཚང་ཡོད་ཙང་དེ་གོ་སྐབས་བཟང་པོ་འདི་ང་ཚོས་ཆུད་ཟོས་སུ་མ་བཏང་བར་རང་ཉིད་ཀྱིས་སྐད་ཡིག་བོད་ཡིག་དེ་དགའ་དགའ་སྤྲོ་སྤྲོ་ངང་ནས་སྦྱངས་དགོས་། བདག་གི་ཕུགས་བསམ་ནི་བོད་ཡིག་ཡག་པོ་སྦྱངས་ནས་ནར་སོན་རྗེས་བོད་ཀྱི་ཆབ་སྲིད་དེ་འཛམ་གླིང་ཡོངས་ལ་སྤེལ་ཐུབ་པ་བྱ་རྒྱུ་དེ་ཡིན། ང་ཚོའི་འཛིན་གྲྭའི་ནང་དུའང་ཕྲུ་གུ་ཚང་མས་བོད་ཡིག་ཚོགས་ཐེངས་སླེབས་སྐབས་དགའ་སྤྲོ་དཔག་མེད་དུ་བྱས་པ་དང་ཚང་མས་བོད་ཡིག་ཚོགས་ཐེངས་སྐབས་དམིགས་བསལ་གྱི་དོ་སྣང་ཆེ་བ་ཡོད་། ད་དུང་ང་ཚོ་ཚང་མས་རང་ཉིད་ཀྱི་ཚིགས་བཅད་འབྲི་རྒྱུ་ནི་སྐྱིད་ཤོས་ཤིག་ཏུ་ངོས་འཛིན་བྱེས་ཀྱི་ཡོད། བོད་ཡིག་ནི་དམིགས་བསལ་གྱི་ང་ཚོ་ལ་ནང་ཆོས་གོ་རྟོགས་སླེབས་ཆེད་དུ་ཧ་ཅང་གལ་ཆེན་པོ་རེད་། དེ་སོང་ཙང་ང་ཚོ་ཚང་མས་བོད་ཀྱི་སྐད་ཡིག་དེ་གལ་ཆེན་ཞིག་ཏུ་ངོས་འཛིན་བྱས་ནས་དགའ་སྤྲོའི་ངང་ནས་སྦྱངས་དགོས་། མཇུག་བསྡུས་ན་ངས་དེ་རིང་རྩོམ་འདི་བྲིས་པའི་དགོས་པ་གཙོ་བོ་ནི་རྩོམ་འདི་བརྒྱུད་ནས་ང་དང་འདྲ་བའི་སློབ་ཕྲུག་རྣམས་ལ་བོད་ཡིག་སྦྱངས་འདོད་སླེབས་པ་དང་ནར་སོན་རྗེས་བོད་ཀྱི་ཆབ་སྲིད་དེ་འཛམ་གླིང་ཡོངས་ལ་སྤེལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་། ང་ཚོ་ཚང་མ་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་རྒྱུ་དེ་ང་ཚོའི་ལས་འགན་ཡིན་པ་དང་། མཐར་ངས་བོད་ཀྱི་ཡི་གེ་དེ་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱས་ནས་དེར་དགའ་དགའ་སྤྲོ་སྤྲོའི་ངང་སྦྱོང་རོགས་ཞེས་རེ་སྐུལ་དང་བཅས། ངའི་ལག་ཏུ་བཟུང་བའི་སྨྱུ་གུ་དེ་མཚམས་བཞག་གི་ཡིན།
ང་བོད་པ་ཞིག་ཡིན་པའི་ཆ་ནས་བོ
ཚེས་བཅུ་དབང་མོ། འཛིན་གྲྭ་དགུ་པ། དཔེ་སྟོན་སློབ་གྲྭ། འཇིག་རྟེན་འདི་ཡི་ནང་སྐད་ཡིག་སྦྱོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་མ་ཟད་སོ་སོའི་སྐད་དེ་དང་ཡི་གེ་མ་ཤེས་ན་ཧ་ཅང་ངོ་ཚ་པོ་རེད་དོ། དེང་སང་སློབ་ཕྲུག་ཁ་ཤས་ཀྱིས་སོ་སོའི་ཕ་སྐད་ལ་ཤུགས་མི་བསྐྱོན་པར་གཞན་སྐད་ལ་ཤུགས་སྐྱོན་གྱི་ཡོད་པ་དེ་ནི་ངོ་ཚ་དང་སོ་སོའི་སྐད་ངོ་མ་ཤེས་པའི་རྟག་རེད། ང་རང་ལ་ཆ་བཞག་ན་ང་རང་ཆུང་དུས་ནས་བོད་པའི་སྤྱི་ཚོགས་ཞིག་གི་ནང་འཚོ་བ་སྐྱེལ་ཡོད་པའི་ཆ་ནས་བོད་ཡིག་སྦྱངས་ཡ་དང་བོད་སྐད་བཤད་ཡ་ནི་ངའི་གོམས་གཤིས་ཤིག་རེད། ང་བོད་པ་ཡིན་པའི་ཆ་ནས་བོད་སྐད་སྦྱོང་དགོས་པ་ངའི་ལས་འགན་ཡིན་པའི་རྒྱུ་མཚན་དང་པོ་དེ་ནི་ང་རང་བོད་པ་ཞིག་ཡིན་པ་མ་ཟད་བོད་པའི་སྐད་ཡིག་དང་གོམས་གཤིས་རྩ་མེད་མ་འགྲོ་བའི་ཆེད་དུ་བོད་ཡིག་སྦྱོང་དགོས་པ་དང་རྒྱུ་མཚན་གཉིས་པ་དེ་ནི་བོད་པའི་སྐད་ཡིག་དེ་རྒྱལ་ཁབ་གཞན་གྱི་དོ་སྣང་ཡོང་པའི་ཆེད་དུ་ང་ཚོས་བོད་ཡིག་སྦྱངས་ནས་བོད་ཡིག་ལ་མཁས་པ་ཞིག་ཆགས་ན་རྒྱལ་ཁབ་གཞན་གྱིས་ང་ཚོའི་སྐད་ཡིག་ལ་རིན་ཐང་སྤྲད་ཀྱི་རེད། རྒྱུ་མཚན་གསུམ་པ་ནི་བོད་མི་ས་ཡ་མང་པོའི་མ་འོངས་པའི་བདེ་སྐྱིད་ཆེད་དུ་ང་ཚོས་བོད་ཡིག་དེ་དར་སྤེལ་བཏང་དགོས་ངེས་རེད། རྒྱུ་མཚན་བཞི་པ་དེ་ནི་༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་པའི་ཆེད་ང་ཚོས་བོད་སྐད་ཡིག་སྦྱངས་དགོས་པ་དང་བོད་སྐད་གཙང་མ་བཤད་དགོས་པ་དེ་ང་ཚོ་སློབ་ཕྲུག་ཡིན་པའི་ཆ་ནས་ལས་འགན་རེད། རྒྱུ་མཚན་མཐའ་མ་དེ་ནི་བདག་དང་བདག་གི་ཕ་མ་མ་འོངས་པའི་འཚོ་བ་བདེ་སྐྱིད་ངང་སྐྱེལ་བའི་ཆེད་དུ། ངས་བོད་ཡིག་སྦྱོང་དགོས་བ་དེ་ངའི་འགན་འཁུར་ཡིན་ལ། ངས་བོད་ཡིག་སྦྱངས་ནས་མ་འོངས་པ་ང་བོད་ཀྱི་སྐད་ཐོག་མཁས་པ་ཞིག་ཆགས་དགོས་པ་དེ་ངའི་དམིགས་ཡུལ་དང་རེ་བ་ཡིན།
ང་བོད་པ་ཞིག་ཡིན་པས་ཆ་ནས་བོད
བློ་བཟང་མཐུ་སྟོབས། རྫོང་ཆོས་འབྲིང་རིམ་སློབ་གྲྭ། འཛིན་རིམ་བཅུ་པ། ངས་ཐོག་མར་ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་ཚོ་ལ། པཎ་ཆེན་རིན་པོ་ཆེའི་ཞལ་ནས་བོད་རིགས་ཚོ་ལ་བོད་ཡིག་སྦྱོང་རོགས་ཞེས་རེ་སྐུལ་ཞིག་གནང་འདུག ང་ཚོ་ཚང་མ་བོད་པ་རེད། སྔོན་ལ་བོད་ཡིག་ཡག་པོ་སྦྱོང་དགོས། ངས་རྒྱུན་དུ་ང་ཚོ་བོད་རིགས་ཀྱིས་རང་གི་སྐད་ཡིག་སྦྱོང་དགོས་ཀྱི་འདུག་ཅེས་གང་ས་གང་དུ་སྐད་རྒྱག་གི་ཡོད། ཏོག་ཙམ་ཡར་རྒྱས་ཕྱིན་ཡོད་ཀྱང་ཡག་པོ་རང་མི་འདུག འདོད་པ་ཚིམ་པོ་ཞིག་མི་འདུག ཚང་མས་བོད་ཡིག་དེ་ཡག་པོ་སྦྱོངས་རོགས་ཞུ། བརྩེ་བའི་བོད་རིགས་སྤུན་ཟླ་ཚོ། བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པ་དེ་ང་ཚོས་ནམ་ཡང་བརྗེད་མི་རུང་ལ། ཤིན་ཏུ་ལྕི་བའི་འགན་འཁྲི་ཡིན་པ་སེམས་ལ་བཅངས་ནས་བོད་ཡིག་སྦྱོང་བའི་འབད་བརྩོན་ལ་གཞོལ་དང་། བོད་རིགས་ངོ་མ་ཞིག་ཡིན་ཕྱིན་ཆད་བོད་སྐད་ཡིག་དག་མ་ཞིག་ངེས་པར་དུ་ཤེས་དགོས། ཤེས་པ་དེ་སྤྱོད་ཤེས་དགོས། སྐྱེས་བུ་དམ་པ་ཁོང་རྣམ་པས་གསུངས་པ་བཞིན་སོ་སོ་བོད་མི་ཞིག་ཡིན་པའི་ཆ་ནས་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་པའི་རང་མི་རིགས་ཀྱི་སྐད་ཡིག་དེ་ལ་སྦྱང་བརྩོན་དང་བཀོལ་སྤྱོད་བྱས་ནས་རྒྱུན་འཛིན་བྱས་ཏེ། མི་རབས་ཕྱི་མ་གཞོན་ནུ་རྣམས་ལ་ངོ་སྤྲོད་བྱ་དགོས་པ་ནི་མི་ཐོག་སོ་སོ་ལ་འཕྲད་པའི་འོས་འགན་ཞིག་ཡིན། བོད་ཀྱི་སྐད་ཡིག་དེ་མི་ཉམས་འགྱུན་འཛིན་དང་གོང་སྤེལ་འདོད་ན་བོད་མི་རིགས་ཀྱིས་བོད་ཡིག་སྦྱངས་ནས་ཉམས་པ་སླར་གསོ་བྱས་ནས་ཁྱབ་གདལ་དུུ་གཏོང་དགོས་ལ། རྒྱལ་ཁབ་གཞན་དང་མི་རིགས་གཞན་གྱིས་བོད་ཡིག་དེ་སྲུང་སྐྱོབ་བྱེད་མི་སྲིད་ལ་བོད་ཡིག་སྦྱངས་ཡང་ཤིན་ཏུ་དཀའ། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་ངོ་བོ་དང་བོད་རྒྱལ་ཁབ་ཀྱི་སྲོག་ལྟར་མཚོན་ལ། གལ་ཏེ་བོད་རྒྱལ་ཁབ་དགོས་ན་བོད་ལ་སྐད་ཡིག་ཅིག་དགོས། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་སམ་རྒྱལ་ཁབ་དེ་སྲ་བརྟན་དང་གསོན་གནས་ཐུབ་པར་བླ་སྲོག་ལྟ་བུ་ཞིག་ཡིན་ལ། མི་རིགས་དེ་ཡུན་རིང་གནས་དགོས་ན་མི་རིགས་ལ་སྐད་ཡིག་དགོས། ང་ཚོ་ལ་སྐད་ཡིག་ཡོད་པ་ཙམ་གྱིས་མི་ཕན་པར་དེ་དག་སྲུང་སྐྱོབ་བྱེད་མཁན་དང་སྦྱོང་མཁན་ཞིག་ངེས་པར་དུ་དགོས། བོད་རིགས་ང་ཚོ་སྐྱོ་དགོས་པ་ཞིག་ལ། མེས་པོ་དྲིན་ཅན་རྣམས་ཀྱིས་བཞག་པའི་སྐད་ཡིག་ཚད་ལྡན་དེ། རྒྱ་དམར་ཚོས་བོད་ཡུལ་སྐྱིད་པའི་ཡུལ་བཙན་འཕྲོག་བྱས་པ་ནས་བཟུང་། བོད་ཀྱི་སྐད་ཡིག་ཉམས་རྒུད་དུ་འགྲོ་ཡི་ཡོད་ལ། བོད་མི་རིགས་ཡང་རིམ་པས་ཡལ་འགྲོ་ཡི་ཡོད། རྒྱ་དམར་རྣམས་ཀྱི་བོད་མི་རིགས་རྩ་གཏོར་གཏོང་སླད་འཆར་གཞི་ངན་པ་གཏིང་ནས་ཐོག་མ་བོད་མི་རིགས་ཀྱི་བླ་སྲོག་སྐད་ཡིག་དེ་རྩ་མེད་བཟོ་རྒྱུའི་ཐབས་ཇུས་རིམ་པ་སྣ་ཚོགས་སྤེལ། སི་ཏཱ་ལིན་གྱིས། མི་རིགས་ཤིག་རྩ་མེད་གཏོང་དགོས་ན་སྔོན་ལ་མི་རིགས་དེའི་སྐད་ཡིག་བེད་སྤྱོད་མེད་པར་བཟོས་ན་མི་རིགས་དེ་རང་བཞིན་གྱིས་མེད་པ་འགྱུར་ཞེས་བཤད་པ་བཞིན། རྒྱ་ནག་གཞུང་གི་སྲིད་བྱུས་ཀྱིས་བོད་ཀྱི་སྐད་ཡིག་སོགས་སྦྱང་སའི་ལྟེ་གནས་ཁག་ལ་བཀག་སྡོམ་བྱས་དང་བྱེད་བཞིན་མཆིས། དཔེར་ན། མི་རིགས་སློབ་གྲྭ་ཆེན་མོས་གཙོས་བོད་ཀྱི་སྐད་ཡིག་སློབ་གླིང་མང་ཆེ་བའི་ནང་སློབ་མ་བསྡུ་ཚད་ཉུང་དུ་བཏང་བ། བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་བོད་ཡིག་ཆེད་སྦྱོང་འཛིན་གྲྭ་བསྡུ་མཚམས་བཞག་པ། བོད་ནང་ལ་བོད་ཀྱི་སྐད་ཡིག་སྦྱོང་བའི་གོ་སྐབས་ཉུང་བ་དང་། བོད་ཡིག་སྦྱངས་ན་ཁྲིམས་འགལ་དང་ཉེས་དམིགས་སུ་བརྩིས་ནས་བརྩོན་དུ་བཅུག་པ་སོགས་བོད་སྐད་ཉམས་རྒུད་དུ་གཏོང་གི་ཡོད། བོད་རིགས་རྣམས་འུ་ཐུག་ཐབས་ཟད་ནས་མཐར་༸རྒྱལ་བ་རིན་པོ་ཆེས་དབུས་པའི་བོད་རིགས་མང་པོ་ཞིག་གིས་བོད་ཀྱི་སྐད་དང་། རིག་གཞུང་། དེ་བཞིན་བོད་མི་རིགས་འཛམ་བུ་གླིང་འདིའི་ནང་གནས་ཐུབ་པའི་ཆེད་བཙན་བྱོལ་དུ་བྲོས་དགོས་ཆགས། ཡིན་ན་ཡང་བཙན་བྱོལ་དུ་ཡོང་ནས་བོད་རིགས་མང་ཆེ་བས་རང་གི་ལྟོ་གོས་ལས་མ་བསམ་པར་བོད་ཀྱི་སྐད་ཡིག་དང་ཆོས་སོགས་ལ་སྲུང་སྐྱོབ་བྱེད་མཁན་ཇེ་ཉུང་དུ་ཕྱིན་ཡོད། དེང་དུས་སུ་བཙན་བྱོལ་ནང་བོད་ཕྲུག་མང་པོ་ཞིག་གིས་རང་ཉིད་བོད་པ་ཡིན་ཡང་། བོད་ཡིག་སྦྱོང་མཁན་ཉུང་ལ་སོ་སོའི་སྐད་ཡིག་ལ་མི་དགའ་བ་དང་། དེར་མཐོང་ཆུང་གིས་འབད་བརྩོན་མི་བྱེད་མཁན་ཇེ་མང་དུ་ཕྱིན་པ་དང། གཞན་སྐད་ལ་མཐོང་ཆེར་འཛིན་ཏེ་་འབད་བརྩོན་ལྷོད་མེད་ངང་སྦྱོང་བཞིན་ཡོད། ད་དུང་རྒྱུན་དུ་ཤོད་སྲོལ་ལ་བོད་ཡིག་སྦྱངས་ན་འཚོ་བ་སྐྱེལ་ཐུབ་ཀྱི་མ་རེད་ཟེར་བ་སོགས་ཡོངས་བསྒྲགས་ཡིན། ཡང་བོད་པས་བོད་སྐད་མ་བཤད་པ་དང་བོད་སྐད་བརྒྱབ་ཀྱང་གཙང་མ་མི་བརྗོད་པ། བོད་ཡིག་ལ་དོ་སྣང་མི་བྱེད་པ་དང་བོད་ཡིག་ཡག་པོ་མི་སྦྱོང་བ། ཕ་མ་ཚོས་ཕྲུ་གུ་བོད་པའི་སློབ་གྲྭར་མི་གཏོང་བ་མ་ཟད། རྒྱུན་དུ་སྐད་ཀྱང་གཞན་གྱི་སྐད་སོགས་བརྒྱབ་ཏུ་བཅུག་ན། བོད་ཀྱི་སྐད་ཡིག་དང་འབྲེལ་བ་ཡོད་པའི་ལམ་དང་ལུགས་སྲོལ་བཟང་པོ་སྲུང་བརྩི་ཞུ་སྲོལ་ཡོད་པ་དེ་དག་ཀྱང་མེད་པ་ཆགས་པ་མ་ཟད། དེའི་ཚབ་ལ་རྒྱལ་ཁབ་གཞན་གྱི་ལམ་ལུགས་སྲོལ་སོགས་ལ་བརྩི་མཐོང་ཆེན་པོ་བྱེད་མཁན་མང་དུ་འགྱུར་བར་གདོན་མི་ཟའོ། ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་ཞལ་ནས། […]
ང་བོད་པ་ཞིག་ཡིན་པའི་ཆ་ནས་བོ
བསྟན་འཛིན་ཆོས་དབྱངས། འཛིན་གྲྭ་དགུ་པ། སྦེལ་ཀོབ་སམ་བྷོ་ཊ་བོད་སློབ། འཛམ་གླིང་འདི་ཡི་ནང་ལ་ས་ཆ་འདྲ་མིན་ཡོད་པ་མ་ཟད་ས་ཆ་འདྲ་མིན་ལ་སྐད་ཡིག་ཀྱང་འདྲ་མིན་ཡོད། སྐད་ཡིག་ནི་མི་ཕན་ཚུན་བར་ལ་འབྲེལ་བ་དང་འབྲེལ་ལམ་བྱེད་པར་བེད་སྤྱོད་བྱེད་ཀྱི་ཡོད། ས་ཆ་ཁ་ཤས་ལ་སྐད་ཡིག་གཅིག་ཡོད། ཡིན་ནའང་ས་ཆ་ཁ་ཤས་ལུང་པ་གཅིག་ཡིན་ཡང་སྐད་ཡིག་མི་འདྲ་བ་བེད་སྤྱོད་བྱེད་ཀྱི་ཡོད། ང་ཚོ་བོད་པ་ཚོས་བོད་སྐད་ཐོག་ནས་སྐད་ཆ་ཤོད་ཀྱི་ཡོད། ཡིན་ནའང། བོད་ཀྱི་ས་ཆ་མི་འདྲ་བ་ལ་བོད་སྐད་ཤོད་སྟངས་མི་འདྲ་བ་ཡོད། ཡིན་ཡང་བོད་པ་མང་པོ་ཞིག་རྒྱ་གར་ནང་དུ་སྡོད་ཀྱི་ཡོད་ཙང་མི་མང་པོས་བོད་སྐད་དེ་རྒྱ་སྐད་དང་ཨིན་སྐད་གཉིས་མཉམ་སྡེབ་བྱས་ནས་ཤོད་ཀྱི་ཡོད། དེ་འདྲ་བྱས་ནས་དེང་སང་ང་ཚོ་བོད་པའི་ཕྲུ་གུའི་བོད་ཡིག་གི་གནས་ཚད་ཧ་ཅང་སྐྱོ་བོ་ཡོད། དེང་སང་གི་བོད་པའི་ཕ་མ་རྣམས་ཀྱིས་སོ་སོའི་ཕྲུ་གུ་རྒྱ་གར་གྱི་སློབ་གྲྭ་ཡག་པོའི་ནང་གཏོང་གི་ཡོད། ཕྲུ་གུ་དེ་ཚོ་སློབ་སྦྱོང་ཡག་པོ་ཆགས་ཀྱང་སོ་སོའི་ལུང་པའི་སྐད་ཡིག་ཤེས་ཀྱི་མེད། སོ་སོའི་སྐད་ཡིག་ཤེས་པ་དང་། གཞན་གྱི་སྐད་ཡིག་ཀྱང་ཤེས་ན་དེ་ནི་ཕུན་སུམ་ཚོགས་པ་ཡིན་པ་དང། གཞན་གྱི་སྐད་ཡིག་ཤེས་པ་དང་སོ་སོའི་སྐད་ཡིག་མ་ཤེས་ན། དེ་ནི་ངོ་ཚ་དགོས་པ་དང་ཞབས་འདྲེན་ཡིན། ང་ཚོ་ག་དུས་ཡིན་ཡང་སོ་སོའི་ཕ་ཡུལ་གྱི་སྐད་ཡིག་དེ་ནམ་ཡང་བརྗེད་རྒྱུ་མེད། བོད་མི་མང་པོ་ཞིག་ཕྱི་རྒྱལ་ལ་ཕྱིན་ནས་སོ་སོའི་ཕྲུ་གུ་ལ་བོད་སྐད་མ་བསླབ་པར་རྒྱལ་ཁབ་གཞན་གྱི་སྐད་ཡིག་སློབ་ཀྱི་ཡོད། ངས་ཕྱི་རྒྱལ་ནས་སླེབས་པའི་ཕྲུ་གུ་མང་པོ་མཐོང་བྱུང་། ཕྲུ་གུ་མང་པོས་བོད་ཡིག་ཡག་པོ་ཤེས་ཀྱི་མེད། ཡིན་ནའང་ཁ་ཤས་ཀྱིས་ཡག་པོ་བཤད་ཐུབ་ཀྱི་ཡོད། དེ་གང་ཡིན་ཟེར་ན་ཕ་མ་ཁ་ཤས་ཀྱིས་རང་ཉིད་ཀྱི་ཕྲུ་གུ་ཁོང་ཚོ་དང་མཉམ་དུ་བོད་སྐད་ཐོག་ནས་སྐད་ཆ་ཤོད་པ་དང་ཕྱི་རྒྱལ་ལ་ཡོད་པའི་བོད་ཡིག་འཛིན་གྲྭ་ལ་གཏོང་གི་ཡོད། ཕ་མས་དེ་འདྲ་བྱས་ནས་སོ་སོའི་ཕྲུ་གུ་དང་སོ་སོའི་སྐད་ཡིག་ལ་དོ་སྣང་བྱས་ན་ཡག་པོ་ཡོད། ང་ཚོ་བོད་པ་ལ་སྐད་ཡིག་གཅིག་ལས་མེད་པ་དེ་ཡང་ང་ཚོས་སྣང་མེད་དུ་བཏང་ན་ཡག་པོ་མེད། ང་ཚོའི་སྐད་ཡིག་ཡིན་ཡང་བེད་སྤྱོད་བྱེད་དགོས་པ་དང་། སོ་སོའི་སྐད་ཡིག་དེ་སྲུང་སྐྱོབ་བྱེད་དགོས་པ་དེ་ང་ཚོའི་ལས་འགན་ཡིན། ང་ཚོའི་སློབ་གྲྭའི་ནང་ལ་ཡང་སློབ་ཕྲུག་ཁ་ཤས་བོད་ཡིག་སྦྱོང་རྒྱུར་ཧ་ཅང་གི་དགའ་པོ་བྱེད་ཀྱི་ཡོད་པ་དང་། བོད་ཡིག་ཡང་ཧ་ཅང་ཡག་པོ་ཡོད། ཕྱོགས་གཞན་ཞིག་ནས་སློབ་ཕྲུག་ཁ་ཤས་སློབ་ཚན་གཞན་ལ་ཡག་པོ་ཡོད་ཀྱང་བོད་ཡིག་ལ་དོ་སྣང་མ་བྱས་པ་དང་བོད་ཡིག་སྦྱོང་འདོད་ཀྱང་བྱེད་ཀྱི་མེད། ཡིན་ཡང་ང་ཚོའི་སློབ་གྲྭ་ལ་བྱེད་སྒོ་འདྲ་མིན་གོ་སྒྲིག་བྱེད་ཀྱི་ཡོད། དེའི་ནང་ལ་བོད་ཡིག་དང་འབྲེལ་བའི་བྱེད་སྒོ་ཡང་གོ་སྒྲིག་ཞུས་ཀྱི་ཡོད། དཔེར་ན། བོད་ཡིག་གི་དག་ཆ། སྙན་ཚིག་ངག་འདོན། གཏམ་བཤད་སོགས་བྱེད་སྒོ་སྣ་མང་ཡོད། ཡིན་ཡང་བྱེད་སྒོ་ཚང་མའི་ནང་ནས་ང་རང་དག་ཆ་འགྲན་བསྡུར་བྱ་རྒྱུར་དགའ་པོ་ཞེ་དྲགས་ཡོད། གང་ཡིན་ཟེར་ན་དེའི་སྐབས་སུ་ང་རང་གིས་ཚིག་མང་པོ་ཤེས་ཀྱི་འདུག དེ་འདྲ་སོང་ཙང་ང་རང་འདྲ་བའི་སློབ་ཕྲུག་མང་པོ་དག་ཆ་འགྲན་བསྡུར་བྱ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པ་ང་ཚོའི་ལས་འགན་ཡིན། ང་ཚོའི་ཕ་ཡུལ་གྱི་ཡི་གེ་དེ་ང་ཚོས་མ་སྦྱངས་ན་ཉིན་གཅིག་ང་ཚོའི་སྐད་ཡིག་དེ་མེད་པ་ཆགས་ཀྱི་རེད། ང་ཚོའི་སྐད་ཡིག་དེ་མེད་པ་ཆགས་ན་ང་ཚོ་བོད་མི་ཡང་མེད་པ་ཆགས་ཀྱི་རེད། བོད་མི་མེད་པ་ཆགས་ན་ང་ཚོའི་བོད་ཀྱི་རིག་གཞུང་ཀྱང་མེད་པ་ཆགས། རིམ་བཞིན་ང་ཚོའི་ལྷ་ཡུལ་ལྟ་བུའི་བོད་ཀྱང་མེད་པ་ཆགས་སྲིད། དེ་འདྲ་སོང་ཙང་ང་ཚོ་བོད་མི་རྣམས་ས་ཆ་གང་དུ་གནས་ཀྱང་སོ་སོའི་ཕ་ཡུལ་གྱི་སྐད་ཡིག་དེ་ནམ་ཡང་བརྗེད་རྒྱུ་མེད། ང་ཚོའི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོ་་བོད་པ་ཚང་མའི་ལས་འགན་རེད། ང་ཚོའི་དགེ་རྒན་མང་པོ་ཞིག་གིས་སློབ་ཕྲུག་རྣམས་ལ་སྒྲུང་དེབ་མང་པོ་ཀློག་དགོས་བཅས་གསུང་གི་ཡོད། དམིགས་བསལ་བོད་ཡིག་སྒྲུང་དེབ་ཀློག་ན་ཚིག་གསར་རྣམས་བེད་སྤྱོད་བྱས་ནས་རྩོམ་དང་སྙན་ངག་སོགས་འབྲི་ཐུབ་པ་དང་། ང་ཚོས་དེ་འདྲ་བྱས་ནས་སོ་སོའི་སྐད་ཡིག་ཡར་རྒྱས་གཏོང་ཐུབ། མི་མང་པོས་སོ་སོའི་རྩོམ་གྱི་ལམ་ནས་དག་ཆ་དང་བོད་སྐད་ཐོག་སྐད་ཆ་ཤོད་སྟངས་ཡང་ཡར་རྒྱས་འགྲོ་ཡི་ཡོད། ད་ལྟ་ང་ཚོ་བོད་མི་རྣམས་ལ་རང་བཙན་དང་སོ་སོའི་རྒྱལ་ཁབ་མེད་ན་ཡང་སོ་སོའི་སྐད་ཡིག་དེ་ཡག་པོ་སྦྱོང་དགོས། ས་ཆ་ཁ་ཤས་ལ་སྐད་ཡོད་ཀྱང་སྐད་ཡིག་མེད། ང་ཚོ་ལ་སོ་སོའི་ལུང་པར་ཡི་གེ་ཡོད་པ་དེ་ནམ་ཡང་བརྗེད་རྒྱུ་མེད། ཐོན་མི་སམ་བྷོ་ཊས་དཀའ་ལས་བརྒྱབས་ནས་ང་ཚོ་ལ་རྒྱ་གར་གྱི་སྐད་ཡིག་ནས་དཔེ་བླངས་ཏེ་བོད་ཀྱི་ཡི་གེ་བཟོས་པ་བཞིན། […]
