Skip to main content
ཤེས་རིག་ལས་ཁུངས།

གོ་སྟོན་དང་འབྲེལ་བའི་ཉིན་ཐོ

གོ་སྟོན་དང་འབྲེལ་བའི་ཉིན་ཐོ།

བསྟན་འཛིན་ཀུན་འཛིན་སྣང་གསལ། འཛིན་གྲྭ་ལྔ་པ།མོན་གྷོ་སཾ་བྷོ་ཊ་གཞི་འོག་ཡན་ལག་དང་པོའི་སློབ་གྲྭ། རེས་གཟའ་སྤེན་པ། ཟླ་ཚེས། ༢༠༢༥།༡༠།༡༡ གནམ་གཤིས། བསིལ་དྲོད་སྙོམས་པ། ཐོག་མར་༸གོང་ས་མཆོག་ལ་སྒོ་གསུམ་གུས་པའི་སྒོ་ནས་གུས་ཕྱག་ཕུལ་བ་དང་། ད་ལོ་ཁོང་དགུང་ལོ་དགུ་བཅུ་ལ་ཕེབས་པས་ང་ཚོ་བོད་མི་ཡོངས་ནས་སྐུའི་གོ་སྟོན་སྲུང་བརྩི་གྲ་རྒྱས་པོ་ངང་གནང་བཞིན་ཡོད་ལ། རང་རེའི་བོད་གཞུང་ནས་ད་ལོ་ལོ་འཁོར་ཧྲིལ་པོར་བྱམས་བརྩེའི་ལོ་ལ་ངོས་འཛིན་གནང་གི་ཡོད། ང་ཚོ་སོ་སོའི་གཞིས་ཆགས་དང་སློབ་གྲྭ་ཁག་ལ་གོ་སྟོན་དང་འབྲེལ་བའི་བྱེད་སྒོ་མང་དག་ཅིག་སྤེལ་དང་སྤེལ་བཞིན་ཡོད། ང་ཚོའི་སློབ་གྲྭར་ཆ་བཞག་ན་ཟླ་ ༧ ཚེས་ ༢ ཉིན་ཏཱ་ལའི་བླ་མ་སྐྱེད་ཚལ་དབུ་འབྱེད་གནང་བ་དང་། དེའི་ནང་སློབ་གྲྭའི་སློབ་ཕྲུག་ཡོངས་ནས་མེ་ཏོག་འདྲ་མིན་དང་། རྩི་ཤིང་སྣ་མང་ཁྱེར་ཡོང་བ་དེ་དག་སྐྱེད་ཚལ་ནང་འདེབས་འཛུགས་ཀྱང་གནང་ཡོད། ང་ཚོའི་སློབ་གྲྭའི་དགེ་ཆེ་མཆོག་ནས་ལོ་འཁོར་མ་སློབ་གྲྭའི་སྤྱི་ཐབ་ནང་དཀར་ཟས་མ་གཏོགས་དམར་ཟས་གཏོང་གི་མིན་ཞེས་གསལ་བསྒྲགས་གནང་སོང་། དེ་ནས་ང་ཚོའི་སློབ་གྲྭར་གོ་སྟོན་དང་འབྲེལ་བའི་བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་ཐོག་འགྲེམ་སྟོན་ཞིག་ཀྱང་གོ་སྒྲིག་ཞུས་སོང་། དེའི་ནང་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་སྒྱུ་རྩལ་སོགས་དང་། དམིགས་བསལ་གྱི་༸གོང་ས་མཆོག་གི་མཛད་རྣམ་སྙིང་བསྡུས། ཁོང་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ངོ་སྤྲོད། ༸རྒྱལ་བ་སྐུ་ཕྲེང་རིམ་བྱོན་དང་། ཁོང་གིས་ལྗགས་རྩོམ་གནང་བའི་ཕྱག་དེབ་ཁག་འགྲེམ་སྟོན་གནང་ཡོད། གུས་མོ་རང་ཉིད་ཀྱང་འགྲེམ་སྟོན་ནང་མཉམ་ཞུགས་བྱས་པས་ཚོར་བ་དགའ་སྤོབས་ཆེན་པོ་སྐྱེས་བྱུང་། ༸གོང་ས་མཆོག་དགུང་ལོ་ ༡༦ ནས་ད་ལྟ་བར་བོད་དང་བོད་མིའི་དོན་དུ་སྐུ་ལས་ཚད་མེད་བསྐྱོན་ཡོད་པ་དང་། འཛམ་གླིང་སྤྱི་ཡོངས་ལ་ཞི་བདེ་ཡོང་ཕྱིར་ཕྱག་ལས་རླབས་ཆེན་གནང་ཡོད་པ་ཤེས་རྟོགས་བྱུང་སོང་། ཁོང་ནི་ང་ཚོ་བོད་མི་ཡོངས་ཀྱི་ངོ་བོ་དང་སྲོག་རྩ། མགོན་སྐྱབས་ཡིན་པ་ང་ཚོ་བོད་མི་ཚང་མས་དུས་ནམ་ཡང་དྲན་དགོས་ལ་དམིགས་བསལ་མི་རབས་གཞོན་པ་ཚོས་ཤེས་དགོས་པ་ཚོར་བ་ཤུགས་ཆེན་པོ་ཞིག་སྐྱེས་བྱུང་། སློབ་གྲྭ་ཙམ་མིན་པ་སོ་སོའི་གཞིས་གྲོང་དང་གཞིས་ཆགས་སུ་གོ་སྟོན་དང་འབྲེལ་བའི་བྱེད་སྒོ་མང་པོ་སྤེལ་གྱི་འདུག། ཟླ་བ་རེ་རེའི་ནང་རེས་གཟའ་ལྷག་པ་དང་པོ་ནམ་ཡིན་ལ་གཞིས་ཆགས་ཀྱི་མི་མང་དང་གྲྭ་པ་རྣམས་ཚང་འཛོམས་ཐོག་ནོར་བུ་རི་ལ་བསང་གསོལ་གཏོང་གི་ཡོད། དེ་མིན་གཞིས་གྲོང་ཁག་ལ་ཞབས་རིམ་གསོག་གི་ཡོད། ད་དུང་རྒྱ་གར་ཡུལ་མི་ཉམ་ཐག་རྣམས་ལ་སྦྱིན་པ་གཏོང་བ་སོགས་ཀྱི་བྱེད་སྒོ་སྣ་མང་སྤེལ་གྱི་འདུག། ཁོང་གིས་བཀའ་དགོངས་ལྟར་ང་ཚོ་བོད་མི་ཚང་མ་འཆམ་མཐུན་དང་། མི་རེ་ངོ་རེ་ནས་བསམ་བློ་གཏོང་སྟངས་དང་སྤྱོད་ཚུལ་བཟང་པོའི་ཕྱོགས་སུ་བསྒྱུར་བ་གཏང་ཐུབ་པ་ཡིན་ན་དགའ་བ་སྐྱེས་དགོས་པ་དང་། བོད་པ་ཡིན་པའི་སྤོབས་པ་སྐྱེས་ཆོག་པ་ཡིན་ཚོར་གྱི་འདུག། མཐར་ད་ལོ་གཅིག་པུ་མིན་པར་ག་དུས་ཡིན་ནའང་སྒོ་གསུམ་གྱི་སྤྱོད་པ་བཟང་སྤྱོད་ལྡན་པ་ཞིག་དགོས་རྒྱུ་དང་། བོད་མི་བཟང་པོ་ཞིག་བྱེད་དགོས་པ་གལ་ཆེན་པོ་མཐོང་གི་འདུག། དེ་ལྟར་བྱེད་ཐུབ་པ་ཡིན་ན་ང་ཚོའི་ངོས་ནས་ཁོང་ལ་ཕྱག་རྟགས་ཡག་ཤོས་དེ་ཆགས་ཡོད། བོད་ལ་ང་ཚོ་བོད་མི་ཚང་མ་ལྷན་འཛོམས་ཐོག་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་གཏོང་ཐུབ་པའི་རེ་བ་དང་སྨོན་ལམ་གྲངས་མེད་ཡོད།།

སྨྱུག་གསར། ངའི་སློབ་གྲོགས་ཡ

སྨྱུག་གསར། ངའི་སློབ་གྲོགས་ཡག་ཤོས།

འཆི་མེད་དབྱངས་འཛོམས།འཛིན་གྲྭ་དྲུག་པ། དྷ་སྟེང་བོད་ཁྱིམ་སློབ་གྲྭ། རྩོམ་སྒྲིག་པ། འཇམ་དབྱངས། རྩོམ་པ་པོ། བསྟན་འཛིན་འཕེལ་བཟང་། ངས་བཀླགས་པའི་སྨུག་གསར་དེ་སློབ་ཕྲུག་རྣམས་ཀྱི་གི་རྩོམ་དང་ཡིག་གཟུགས་ལེགས་གྲས་བདམ་པའི་དེབ་ཞིག་རེད་འདུག དེབ་དེ་ཡི་ནང་ནས་ང་རང་གི་རྩོམ་སྙན་ཤོས་དེ་ནི་ངའི་སློབ་གྲོགས་ཡག་ཤོས་ཡིན། རྩོམ་དེའི་རྩོམ་པ་པོ་ནི་བསྟན་འཛིན་འཕེལ་བཟང་དང་ཁོང་ནི་གོ་པཱལ་པུར་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཅིག་རེད་འདུག རྩོམ་ཡིག་དེའི་ནང་བསྟན་འཛིན་འཕེལ་བཟང་གིས་ཁོ་རང་གི་སློབ་གྲོགས་ངོ་སྤྲོད་དང་སྤྱོད་པ་བཅས་བཤད་ཀྱི་འདུག དེ་མ་ཟད། ཁོའི་གྲོགས་པོ་བསྟན་འཛིན་ཀུན་ཕན་དེ་ནི་རྒྱུན་དུ་མི་ལ་རོགས་རམ་དང་མི་ཉམ་ཆུང་ལ་རྒྱབ་སྐྱོར་ཡག་པོ་གནང་གྱི་ཡོད་བཅས་བཤད་འདུག ཚིག་གསར། རྔན་པ། བརྩོན་འགྲུས། མཚམས། སྨུག་གསར། ངའི་གུང་སེང་སྐྱིད་ཤོས། རྩོམ་པ་པོ། བསྟན་འཛིན་དགའ་ལྡན། སྒྲུང་གི་ནང་དོན་སྙིང་བསྡུས། དབང་ལྡན་གྱི་གུང་སེང་སྐྱིད་ཤོས་ནི་གཟའ་ཉི་མ་ཡིན་པ་དང་། གཟའ་ཉི་མ་ལ་ཞལ་ལག་ནམ་རྒྱུན་དང་མི་འདྲ་བ་ཧ་ཅང་ཞིམ་པོ་ཡོད་པ་དང་། ཁོང་གི་གྲོགས་པོ་བསྟན་འཛིན་ཆོས་བཟང་གི་ཤག་ལ་ཕྱིན་ཏེ་ཚུ་ཚོད་དང་པོ་ནས་བཞི་པ་བར་རྩེད་མོ་རྩེས་པ་དང་ཚུ་ཚོད་བརྒྱད་པ་ལ་སོ་སོའི་ཤག་ལ་ལོག་ནས་བརྙན་འཕྲིན་ལྟས་ཡི་ཡོད་ལབ་འདུག དེའི་རྗེས་ལ་དགེན་ལགས་ཀྱིས་གཉིད་ཁུག་ལབ་པ་དང་ཁོ་སེམས་སྐྱིད་པོའི་ངང་ཉལ་པ་དང་། ངའི་གུང་སེང་སྐྱིད་ཤོས་རྫོགས་སོང་། ཞེས་བྲིས་འདུག ཁོང་གི་ཚིག་བཅད་ཅིག་བྲིས་འདུག གུང་སེང་སླེབས་པའི་སྐབས་སུ།། གྲོགས་པོ་དང་མཉམ་དུ་འཁྱམས་པ་ཡིན།། གུང་སེང་རྫོགས་པའི་སྐབས་སུ།། སེམས་པ་ཧ་ཅང་སྐྱོ་བྱུང་།།   ཚིག་གསར། ཤག མཚར་གཏམ། དཀོན་མཆོག་གསུམ་གང་དང་གང་ཡིན་ནམ། རྩོམ་པ་པོ། བློ་གླིང་སྦོམ་ར་བསྟན་འཛིན་འཕགས་པ། སྒྲུང་གི་ནང་དོན་སྙིང་བསྡུས། སྔོན་མར་རྒན་ལགས་ཞིག་སློབ་འཁྲིད་གནང་བ་ཕེབས་སྐབས་སུ། རྒན་ལགས་ཀྱིས་ང་ཚོ་ཚང་མ་སྐྱབས་གནས་དཀོན་མཆོག་གསུམ་ཁས་ལེན་མཁན་ཞིག་དང་། སྐྱབས་གནས་དེ་དག་ལ་དད་པ་བྱེད་མཁན་ཞིག་རེད། དེ་འདྲ་ཡིན་ཙང་། རྒན་ལགས་ཀྱིས་ཁྱེད་རང་ཚོས་རང་ཉིད་ཀྱི་དད་པ་བྱེད་སའི་སྐྱབས་གནས་དཀོན་མཆོག་གསུམ་པོ་རེ་རེ་བྱས་ནས་ངོས་འཛིན་ཡག་པོ་བྱེད་དགོས་ལབ་པ་རེད། སྐབས་དེར་རྒན་ལགས་ཀྱིས་སུ་ཡི་དཀོན་མཆོག་གསུམ་ངོས་འཛིན་ཐུབ་ཀྱི་ཡོད་མེད་སྐད་ཆ་དྲིས་བ་རེད། སློབ་མ་དོན་གྲུབ་ཡར་ལངས་ཏེ་དཀོན་མཆོག་གསུམ་ནི་སྲུང་མ་དམར་ནག་གཉིས་དང་། ཨ་ཁུ་དགྲ་ལྷ་བཅས་རེད་ལབ་པས་སློབ་ཕྲུག་རྣམས་གད་མོ་ཤོར་བ་མ་ཟད་རྒན་ལགས་ཀྱང་གད་མོ་ཤོར་བ་རེད། ཚིག་གསར། བཞད་མོ། དད་པ། དགྲ་ལྷ།

བདག་ལ་བྱམས་བརྩེས་བསྐྱངས་པའི

བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན།

ངག་དབང་ལྷ་མཛེས། འཛིན་རིམ་བདུན་པ། སྦེལ་ཀོབ་སམ་བྷོ་ཊ་ཉིན་སློབ། བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཆེ་ཤོས་ནི་བདག་གི་ཕ་མ་གཉིས་ཡིན། ཁོང་གཉིས་ནི་གུས་མོ་ང་ལ་དུས་རྟག་ཏུ་བྱམས་བརྩེས་ངང་གསོ་སྐྱོང་བྱེད་ཀྱི་ཡོད། བདག་ལ་གོས་ཡག་པོ་གཡོག་པ་དང་ཟས་ཞིམ་པོ་སྤྲད་པ་སོགས་གནང་གི་རེད། གོས་ཚོང་ཁང་དང་ཟས་ཚོང་ཁང་གང་དུ་འགྲོ་ན་ཐོག་མ་ང་ལ་གང་དགོས་ཡོད་མེད་ལྟོས་ཀྱི་ཡོད། ངའི་ཕ་མ་ནི་གུས་མོ་ལ་བཀའ་དྲིན་ཤིན་ཏུ་ནས་ཆེན་པོ་ཡིན། ངའི་ཨ་མས་ཟླ་བ་དགུ་པོ་རིང་ང་མངལ་སྦྲུམ་ནང་ཉར་བ་དང། ཨ་མའི་ཟས་འདྲ་མིན་ཟ་འདོད་ཡོད་ཀྱང་ངའི་ཆེད་གློད་བཏང་བ་དང། ངའི་རྐྱེན་གྱི་ཨ་མའི་གཟུགས་པོའི་རྣམ་པ་ལ་འགྱུར་བ་ཕྱིན། ས་ཕྱོགས་གང་དུ་འགྲོ་འདོད་ཡོད་ན་ཡང་འགྲོ་མ་ཐུབ་། ངའི་གོ་ཐོས་ལ་ཨ་མའི་གྲོད་པ་གཤག་ནས་ང་ཐོན་པ་རེད་འདུག ངས་ཨ་མ་ལ་དཀའ་ལས་མང་པོ་སྤྲད་འདུག ངའི་ཆེད་དུ་ཨ་མ་དཀའ་ངལ་མང་པོ་མྱོང་འདུག ང་འཛམ་བུ་གླིང་ནང་ཐོན་མ་ཐག་ངས་ཨ་མ་ལ་སྡུག་པོ་བཏང་འདུག དེ་ཚོར་དུས་ང་རང་ཡིད་སྐྱོ། ཡིན་ཡང་ཕ་མ་གཉིས་པོ་ང་སྐྱེས་ནས་དགའ་པོ་བྱུང་གསུངས་ཀྱི་ཡོད། ང་ཕ་མ་གཉིས་ཀྱི་ཕྲུ་གུ་དང་པོ་དེ་ཡིན། ང་ཕ་མ་གཉིས་པོའི་གཅེས་ཕྲུག་ཡིན། པ་ལགས་མཚན་མོ་གཉིད་མ་ཉལ་བར་ང་ལ་སྲུང་ནས་བཞུགས། ཆུང་དུས་སྐབས་ན་རྒྱུ་ཚ་རྒྱུ་མང་བས་སྨན་ཁང་དུ་སྨན་པ་སར་ཡང་ཡང་བསྟེན་གཏུགས་སུ་འཁྲིད། དེ་འདྲ་སོང་ཙང་ཕ་མ་བཀའ་དྲིན་ཆེན་པོ་མ་ཡིན་ནམ། རེད། རེད། ཕ་མ་གཉིས་ཀྱིས་ངའི་གཟུགས་པོ་འཚར་ལོངས་ཆེད་ཟས་བཅུད་ལྡན་པ་ང་ལ་གནང། ཆུང་དུས་ནས་ད་བར་ཞོགས་པ་རྟག་པར་བའི་འོ་མ་མ་ཆད་པར་གནང་གི་ཡོད། མ་ཟད་ངས་ཨ་མའི་འོ་མ་ལོ་བཞི་བར་འཐུང་བ་ཡིན། དེ་ལ་བརྟེན་ནས་ད་ལྟ་ང་རང་གཟུགས་སྟོབས་ཆེན་པོ་དང་འཛིན་གྲྭའི་ནང་ནས་གཟུགས་པོ་རིང་ཤོས་གྲས་ཡིན། ཕ་མས་ང་མི་བཟང་པོ་ཞིག་དང་ཤེས་ཡོན་ཅན་ཞིག་ཆགས་པ་ལ་དང་པོར་སྔོན་འགྲོ་སློབ་གྲྭ་དང་། དེ་རྗེས་སུ་རིམ་པས་༸གོང་ས་མཆོག་གི་དགོངས་གཞི་གཞིར་བཟུང་བོད་མིའི་སློབ་གྲྭ་ལ་བཅུག་སོང། ཕ་མ་གཉིས་པོ་ངའི་ཆེད་དུ་ཞོགས་པ་སྔ་པོ་ལངས་ནས་ང་ལ་ཟད་བཅུད་ལྡན་པ་དང་གོས་གཙང་མ་གྱོན་ཆེད་གྲ་སྒྲིག་གནང་གི་ཡོད། ངའི་པ་ལགས་ཀྱིས་ང་སློབ་གྲྭ་ལ་ཡར་མར་སྐྱེལ་ལེན་བྱེད་ཀྱི་ཡོད། རེས་གཟའ་ཉི་མ་ནམ་ཡིན་ལ་ངའི་པ་ལགས་ཀྱིས་གུས་མོར་མཐོང་རྒྱ་ཐོས་རྒྱ་ཆེད་ཕྱི་ལ་འཆམ་འཆམ་དང། འཚམས་རེར་ཆུ་སྐྱལ་རྒྱག་པར་འཁྲིད་ཀྱི་ཡོད། ངའི་པ་ལགས་ཀྱིས་ང་ལ་རྐང་འཁོར་བཏང་སྟངས་དང་ཆུ་རྐྱལ་རྒྱག་སྟངས་སོགས་བསླབས་སོང། དངོས་གནས་༸གོང་ས་མཆོག་དང་རྒན་ལགས་ཀྱི་གསུངས་པ་བཞིན། དགེ་རྒན་དང་པོ་ནི་ཕ་མ་རེད། དེ་བདེན་པ་རེད་འདུག ཕ་མ་གཉིས་ཀྱིས་ངའི་སློབ་སྦྱོང་ཐོག་ལ་ཕྱག་རོགས་དང་མཐུན་རྐྱེན་སོགས་གང་ལེགས་སྦྱོར་གྱི་ཡོད། ལྷག་པར་དུ་ཡིག་ཚད་སླེབས་ལ་ཉེ་བའི་སྐབས་ཕ་མ་གཉིས་པོ་དགོང་མོ་གཉིད་མ་ཉལ་བར་གུས་མོ་དང་མཉམ་བསྐྱར་སྦྱོང་བྱེད་པ་ལ་རོགས་པ་གནང་གི་ཡོད། ངའི་ཕ་མ་གཉིས་པོ་དུས་རྟག་ཏུ་གུས་མོ་ལ་སེམས་ཁུར་ཆེན་པོ་ཡོད། མ་ཟད་བཀའ་སློབ་ལམ་སྟོན་ཡང་ཡང་གནང་གི་ཡོད། སློབ་སྦྱོང་ཡག་པོ་སྦྱོང་དགོས་པ་དང་ཡ་རབས་སྤྱོད་བཟང་དགོས་པ། རྒན་པ་ལ་གུས་ཞབས་དང་ཆུང་བ་ལ་བྱམས་སྐྱོང། གྲོགས་ཕན་ཚུན་ལ་འཆམ་མཐུན་དགོས་རྒྱུ་དུས་རྟག་ཏུ་དྲན་གསོ་བྱེད་ཀྱི་ཡོད། ངའི་ཕ་མ་གཉིས་པོ་ཤེས་ཡོན་ཅན་ཞིག་ཡིན། ག་དུས་ཡིན་ན་ཡང་བསླབ་བྱ་སྐྱོན་གྱི་ཡོད། ཕ་མ་ནི་ཕྲུ་གུ་ག་ཚོད་ཀྱི་ཆེན་པོ་ཆགས་པ་ཡིན་ན་ཡང་ཕྲུ་གུ་དེ་ལ་ཆུང་ཆུང་ལྟར་གནང་གི་ཡོད། དཔེར་ན་ངའི་རྨོ་མོ་ལ་ཕྲུ་གུ་མང་པོ་ཡོད། ཕྲུ་གུ་ཆེ་ཤོས་ལོ་བཞི་བཅུ་ཞེ་བཞི་ཡིན། ད་དུང་ཡིན་ན་ཕྲུ་གུ་དེ་ལ་སེམས་ཁྲལ་གནང་གི་ཡོད། ཕ་མའི་བྱམས་སྐྱོང་དེས་འགྲན་ཟླ་མེད་པའམ་རྫོགས་མཐའ་མེད། ང་ཚོར་ཕ་མ་བཀའ་དྲིན་ཡིད་ལ་དྲན་ནས་ཕྱིས་སུ་དྲིན་ལན་འཇལ་རྒྱུ་གལ་ཆེན་པོ་ཡིན་པ་དང་མ་ཟད་ང་ཚོའི་ལས་འགན་ཡང་ཡིན། དེང་སང་མི་ཁ་ཤས་རང་གི་ཕ་མ་རྒས་གསོ་ཁང་དུ་སྐྱེལ་གྱི་འདུག་པར་སེམས་པ་སྐྱོ། […]