རྟ་མགྲིན་དབང་རྒྱལ། གཞི་རིམ་འོག་མའི་དགེ་རྒན། སིམ་ལ་གཏན་སློབ། གནའ་སྔ་མོ་སྔ་མོ་ཞིག་ལ། ཨ་མ་ཞིག་ལ་བུ་མོ་སྤུན་གསུམ་ཡོད་པ་རེད། ཉིན་ཞིག་ཨ་ཁུ་ཁྱི་རྒན་ཞིག་སླེབས་ཏེ་ཨ་མ་དེ་ལ་། ཁྱེད་རང་གི་བུ་མོ་གཅིག་ང་ལ་མནའ་མར་སྤྲད་རོགས། ཞེས་ཟེར་བས། ཨ་མས་བུ་མོ་གསུམ་པོ་ཚུར་སྐད་བཏང་ནས། ཨ་ཁུ་ཁྱི་རྒན་གྱིས་མནའ་མ་སློང་གི་འདུག ཁྱེད་རང་ཚོ་གསུམ་ནས་སུ་འགྲོ་འདོད་ཡོད། ཅེས་སྐད་ཆ་དྲིས་པར། བུ་མོ་རྒན་པ་གཉིས་དེ་དུས་རྒྱུན་ནས་རང་ཤེད་ཆེ་བ་དང་། ཆེ་འདོད་དང་དང་དོད་ཆེ་བ་ཡོད་སྟབས། ཁྱི་རྒན་གྱི་མནའ་མར་སུ་འགྲོ་ཡི་ཡིན་ཟེར་ནས་ཁ་ཡ་མ་བྱས་པ་རེད། དེ་ནས་ཨ་མས། ང་ཚོའི་རྒྱུན་གཏན་གོམས་གཤིས་ནང་མི་གཞན་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པ་ནི་མེད་ལ། ལྷག་པར་དུ་ངས་ག་དུས་ཡིན་ནའང་ཁྱེད་རང་ཚོ་ལ། མི་ཉམ་ཆུང་དང་བཟང་པོ་ངོ་ཤེས་པ་བྱས་ནས་བརྩི་བཀུར་བྱེད་དགོས་པ་དང་། མིའི་མདོག་དང་གནས་སྟངས་ལ་བལྟས་ནས་དབྱེ་འབྱེད་བྱེད་རྒྱུ་མེད་པའི་སྐོར་བསླབ་བྱ་ཡང་ཡང་བརྒྱབས་ཡོད། ཅེས་དོ་ནན་ཆེན་པོས་བཤད་པས། བུ་མོ་རྒན་ཤོས་ཀྱིས། ད་འོ་ན་་་། ང་ཕྱིན་ཆོག ཅེས་འདོད་པ་མེད་བཞིན་དུ་ཁས་ལེན་བྱས་ནས་ཨ་ཁུ་ཁྱི་རྒན་གྱི་མནའ་མར་ཕྱིན་པ་རེད། ཨ་མས་བུ་མོ་ལ་ནོར་གྱི་རྫོངས་སྐལ་དུ་རྫ་སྣོད་གཅིག་སྤྲད་པ་དང་། ལམ་དུ་ཕྱིན་ནས་གང་འཚམས་འགོར་རྗེས། བུ་མོ་རྒན་པས། ང་དཀའ་ལས་ཁག་གི་འདུག། ཁྱི་རྒན་ཁྱེད་ཀྱི་ནང་དུ་ག་དུས་འབྱོར་གྱི་རེད། ཅེས་ཟེར་བས། ཨ་ཁུ་ཁྱི་རྒན་གྱིས། བུ་མོ། ཁྱེད་རང་དཀའ་ལས་ཁག་གི་ཡོད་ན། ངའི་རྒྱབ་ལ་ཞོན་དང་། ངས་ཁུར་ནས་འགྲོ་ཆོག་ཟེར་བས། བུ་མོ་དེ་ཨ་ཁུ་ཁྱི་རྒན་གྱི་རྒྱབ་ལ་ཞོན་པ་དང་། ཨ་ཁུ་ཁྱི་རྒན་གྱིས་གླུ་འདི་ལྟར་བླངས། ཁྱི་རྒན་འདུར་བའི་འདུར་ལུགས་ལ། རྫ་མ་བཅགས་པའི་བཅག་ལུགས་ལ། ཞེས་གླུ་ལེན་བཞིན་འདུར་རྒྱག་བྱས་པས། བུ་མོའི་རྫ་མ་ས་ལ་ལྷུང་ནས་ཆག་པ་རེད། བུ་མོ་རྒན་པ་དེ་ཁོང་ཁྲོ་གཏིང་ནས་ལངས་ཏེ། ཁྱི་རྒན་ཁྱོད་ཀྱིས་ངའི་ཨ་མས་གནང་བའི་རྫ་མ་དེ་བཅག་སོང་། ཁྱི་ནད། ཅེས་ཟེར་ནས་ཕྱིར་རང་ཁྱིམ་ལ་ལོག་ཕྱིན་པ་རེད། ཡང་ཉིན་ཁ་ཤས་ཀྱི་རྗེས་ལ། ཡང་བསྐྱར་ཨ་ཁུ་ཁྱི་རྒན་ཨ་མ་དེའི་ནང་ལ་མནའ་མ་སློང་དུ་ཡོང་བ་དང་། ཨ་མས་བུ་མོ་འབྲིང་བ་དེར་འགྲོ་དགོས་པའི་ཁ་ཏ་བསླབ་བྱ་བྱས་མཐར་བུ་མོ་འབྲིང་བས་ཀྱང་མི་འདོད་བཞིན་འགྲོ་རྒྱུའི་ཁས་ལེན་བྱས་ཏེ་ཕྱིན་པ་རེད། ཨ་མས་བུ་མོ་འབྲིང་བའི་ནོར་གྱི་རྫོངས་སྐལ་ལའང་རྫ་་སྣོད་གཅིག་སྤྲད་པ་རེད། ལམ་ལ་ཆས་ཏེ་གང་འཚམས་ཕྱིན་རྗེས། བུ་མོ་འབྲིང་བས་ང་དཀའ་ལས་ཞེ་པོ་ཁག་སོང་། ཁྱི་རྒན་ཁྱེད་རང་གི་ནང་དུ་ག་དུས་འབྱོར་གྱི་རེད། ཅེས་ཟེར་བར། ཨ་ཁུ་ཁྱི་རྒན་གྱིས། […]
ཞི་མིས་ཙི་གིར་བསྒུགས་པ།
པདྨ་བསམ་འགྲུབ། བོད་ཡིག་དགེ་རྒན། ས་སྐྱ་སློབ་གཉེར་ཁང་། སྔོན་ཁྱིམ་ཚང་ཞིག་ཏུ་ཞི་མི་འདོད་རྔམ་ཅན་ཞིག་ཡོད། དེས་རྒྱུན་དུ་ཁྱིམ་བདག་ཨ་མ་ལགས་ཀྱིས་སྤྲད་པའི་ཟས་ལྷག་ཟ་བ་དང། ལྷག་པར་ཤ་ཡོད་ཚད་བསྒྲུགས་ནས་སྟི་ག་གཅིག་ཀྱང་མེད་པར་ཟ་བ་ཡིན། ཁྱིམ་དུ་ཙི་གི་མི་ཡོང་པའི་ཆེད་དུ་ཁྱིམ་བདག་ཨ་མས་ཀྱང་ཞི་མི་ལ་ཧ་ཅང་བྱམས་པོ་གནང་གི་ཡོད་མོད། འོན་ཀྱང་ཞི་མིས་རྟག་ཏུ་ཁྱིམ་དུ་ཙི་གི་རེ་ཡོང་བར་རེ་སྒུག་བྱེད། དེ་ལྟར་སྐབས་ཤིག་ལ་ཙི་གི་སྤུན་གསུམ་ཁྱིམ་ཚང་དེར་འབྱོར་ཏེ་མཛོད་ཁང་ནང་དུ་གབ་ནས་བསྡད། ཞི་མི་དེས་ལྟོ་བཟས་ནས་ལྷག་མ་ཏོག་ཙམ་བྱུང་བ་དེ། ཙི་ཙི་གསུམ་པོས་གསང་སྟབས་ཀྱིས་ཟ་གི་ཡོད། ཉིན་ཞིག་ཞི་མི་དེས་ཙི་ཙི་གཉིས་ཀྱིས་རང་གི་ཟས་ལྷག་ཟ་བཞིན་པ་མཐོང་བ་ན། ཁོས་གྱང་ཟུར་ནས་ལྟ་བཞིན་དགའ་འཛུམ་འཛུམ་ངང་། “ ཧ་ཧ་ཧ དགའ་བ་ལ། སྐྱིད་པ་ལ། ཁྱེད་ཚོ་ངའི་ཁའི་མདུན་ལ་སླེབས་འདུག་ག”ཞེས་ཆིག་ལབ་བརྒྱབས། སྐབས་དེར་ཙི་ཙི་གཅིག་ཏག་ཏག་ཞི་མི་ཡོད་སའི་གྱང་གི་ལོགས་སུ་སོ་ལྟ་བྱེད་བཞིན་ཡོད། ཁོས་ཞི་མི་དེས་རང་ཉིད་མཐོང་སོང་སྙམ་ནས། སྐྲག་འདར་སིག་སིག་གི་སྒོ་ནས་མིག་ཟུང་བཙུམས་ནས་སྡོད་སྐབས། ཞི་མི་དེས་སླར་ཡང་“འགྲིག་ག ཁྱེད་ཚོས་ངའི་ཟས་ལྷག་བཟས་ནས་རྒྱགས་རིལ་རིལ་ཞིག་ཆགས་བར་བྱོས་དང། ང་ལ་ཤ་མ་རག་པའི་དུས་སུ་ངས་རེ་རེ་བཞིན་བཟའ་ཆོག”ཅེས་ཆིག་ལབ་རྒྱག་གིན་ཕར་ལོག་ཕྱིན་པ་རེད། དེ་ནས་བཟུང་། ཞི་མི་དེས་ཟས་ལྷག་མང་ཙམ་འཇོག་གི་ཡོད་ལ། ཙི་ཙི་ཚོས་ཀྱང་ལྐོག་ལྐོག་ལ་ཟ་རྐྱང་བྱེད་ཀྱི་ཡོད། དེ་ལྟར་ཉིན་མ་མང་པོ་སོང་བའི་རྗེས། ཁྱིམ་བདག་ཨ་མ་ལགས་ཀྱིས་དགོང་ཟས་སུ་འཐེན་ཐུག་ཤ་མེད་ཅིག་བཟོས་ནས་ལྷག་མ་ཞི་མི་ལ་སྤྲད། ད་ནི་ཞི་མི་ལ་ཡང་གདམ་ཀ་གཞན་པ་ཡོད་ཙང་། ཁོ་ཟ་འདོད་མ་སྐྱེས་པར་རང་སོར་བཞག་སྟེ། དེ་རིང་དགོང་ཟས་སུ་ཙི་ཙི་གཅིག་བཟའ་དགོས་སྙམ། ཁོ་ཙི་ཙིས་མི་མཐོང་ས་ཞིག་ཏུ་གབ་ནས་རྒྱུན་ལྡན་ལྟར་ཙི་ཙི་གསུམ་པོ་ཟས་ལྷག་བཟའ་བར་ཡོང་རྒྱུར་སྒུག་ནས་བསྡད། ས་རུབ་ལ་ཉེ་ཡང་ཙི་ཙི་གཅིག་ཀྱང་མ་ཡོང། ཁོས་ཨུ་ཚུགས་ཀྱིས་ནམ་ཕྱེད་བར་བསྒུགས་ཀྱང་མ་ཡོང། ད་ནི་ཞི་མི་སྒུག་འདོད་མེད་པ་དང་གྲོད་ཁོག་ཡང་ལྟོགས་པས། ཁོས་མུ་མཐུད་དུ་རེ་བ་ཡོད་སྲིད་སྙམ་སྟེ་ངང་རྒྱུད་བསྲིངས་ནས་བསྒུགས་པས་མཐར་ནམ་ཡང་ལང་ལ་ཁད་དུ་གྱུར། དེ་ནས་ཞི་མིས་ཙི་ཙི་སྒུག་རྒྱུར་འུ་ཐུག དགོང་མོ་ཁ་ལག་ཟས་མེད་པས་མཐར་ལྟོགས་དྲག་ནས་འཐེན་ཐུག་ཤ་མེད་ཁམ་བུ་འགའ་ལྡག་ནས་ལོག་ཕྱིན་པ་རེད། ཁོ་སོང་རྗེས་ཙི་ཙི་གཅིག་གིས་གཞན་དེ་གཉིས་གཉིད་ལས་སློང་བཞིན་ “ཡ་ད་་་ཡར་ལོངས་དང། ང་ངལ་གསོ་རྒྱག་གི་ཡིན། ཁོ་ལོག་ཕྱིན་སོང་”ཞེས་བཤད། དེ་མ་ཐག་ཙི་ཙི་གསུམ་པོས་གད་མོ་ལྷུག་ལྷུག་དགོད་བཞིན་ “ཁོས་མ་གཏོགས་འཐེན་ཐུག་ཤ་མེད་ཡིན་པ་ཤེས་ཀྱི་ཡོད་མ་རེད་ད།”ཞེས་ཟུར་ཟའི་ཚུལ་དུ་ཁྲེལ་དགོད་བྱས་སོ། །
ཁྱི་དང་ཞི་མི་འཛིང་རེས་བྱས་པ
གསང་བྲོས།༡
སྐལ་བཟང་ཉི་མ། བཙུན་དགོན་སྒྲོལ་མ་གླིང་། བཙུན་དགོན་སྒྲོལ་མ་གླིང་། གཅིག ཟླ་གསུམ་པའི་ཚེས་བཅུ་ཡི་ཞོགས་པར་རྒྱལ་བ་རིན་པོ་ཆེས་ནམ་རྒྱུན་གྱི་དགེ་སྦྱོར་རིགས་གྲུབ་རྗེས་ལྡུམ་རའི་ནང་འཆམ་འཆམ་ལ་ཕེབས་སྐབས། ཕོ་བྲང་གི་ཕྱི་རོལ་ཏུ་མི་མང་གིས་སྐར་ཅོར་རྒྱག་པ་གསན། ཁོང་གིས་དོན་དག་ག་རེ་བྱུང་བ་ཡིན་ནམ་དགོངས་པ་དང་། སྐུ་འཁོར་ཞིག་ཕྱི་རོལ་ཀྱི་སྐད་ཅོར་དེའི་སྐོར་རྩད་གཅོད་བྱེད་པར་མངགས། སྐུ་འཁོར་དེ་ཕྱིར་ཡོང་ནས་“རིན་པོ་ཆེ། ལྷ་ས་གྲོང་ཁྱེར་ནས་མི་ཚོགས་མང་པོ་འུར་ལངས་ནས་ཡོང་སྟེ། ཕོ་བྲང་གི་མཐའ་བསྐོར་འདུག་པ་དང་། ཁོང་ཚོས་རྒྱལ་བ་རིན་པོ་ཆེ་རྒྱ་མིས་གདན་འདྲེན་བྱས་པ་ནང་བཞིན་རྒྱ་མིའི་དམག་སྒར་དུ་ཕེབས་མི་ཆོག་ཅེས་སྐད་འབོད་རྒྱག་གིན་འདུག མི་ཚོགས་ད་དུང་ཇེ་མང་ལ་འགྲོ་བཞིན་འདུག་”ཞུས་པས། རྒྱལ་བ་རིན་པོ་ཆེས་ཐུགས་འཁྲལ་ཇེ་ཆེར་སོང་། དེ་ནས་སྔ་དྲོ་ཙམ་ལ་རྒྱ་དམག་གི་རླངས་འཁོར་གཉིས་ནོར་བུ་གླིང་ཁའི་ཕོ་བྲང་ནས་མི་ལི་གཅིག་ཙམ་གྱི་སར་ཡོང་ནས་བསྡད་པ་ན། ནོར་བུ་གླིང་ཁའི་མཐའ་སྐོར་ནས་བསྡད་ཡོད་པའི་བོད་མི་ཁག་ཅིག་གིས་ “རླངས་འཁོར་དེ་གཉིས་ལས་རྒྱ་དམག་མང་པོ་མར་བབས་ཏེ་ས་ཐག་རིང་ཐུང་གི་ཚད་འཇལ་འགོ་བཙུགས་སོང་ ”ཟེར། འགའ་ཞིག་གིས་ “རྒྱ་དམག་མང་པོ་ཞིག་ཏར་འཕྲིན་གློག་སྡོང་སྒང་ལ་འཛེགས་སོང་། ཏན་ཏན་མེ་སྒྱོགས་འཕེན་ཡུལ་ཚད་འཇལ་བ་རེད་ ”ཟེར་། ཁ་ཤས་ཀྱིས་ “རྒྱ་དམག་གིས་ང་ཚོ་ལ་མགོ་སྐོར་གཏོང་ཐབས་བྱས་པ་རེད་” ཟེར་། རྒྱ་དམག་གི་གློ་བུར་གྱི་འགུལ་བསྐྱོད་དེས་ཕོ་བྲང་གི་མཐའ་བསྐོར་བའི་བོད་མི་ནང་ཁུལ་དུ་དོགས་གཞི་ཆེན་པོ་ཞིག་ཏུ་གྱུར་ཅིང། ཁོང་ཚོས་མུ་མཐུད་ཡོད་ཚད་བློས་བཏང་ནས་རྒྱལ་བ་རིན་པོ་ཆེ་སྲུང་སྐྱོབ་བྱེད་སྟངས་དམ་དུ་བཏང་མོད། རྒྱལ་བ་རིན་པོ་ཆེ་ཡིས་རང་ཉིད་བློས་བཏང་ནས་མི་མང་སྐྱོབ་པའི་དགོངས་པ་བཞེས་ཀྱིན་ཡོད་པས། ཡོངས་འཛིན་རྣམ་པ་དང་སྐུ་འཁོར་མང་པོས་ལྷ་ས་ནས་གསང་བྲོས་བྱ་རྒྱུའི་སྐུལ་མ་གནང་བ་ཞལ་བཞེས་མ་གནང་། ཕ་ལྷ་ཡིས་རྒྱལ་བ་རིན་པོ་ཆེ་གསང་བྲོས་ལ་ཕེབས་རྒྱུ་ནི་བོད་མི་རིགས་མུ་མཐུད་གནས་ཐབས་ཀྱི་ཐབས་ལམ་ཉག་གཅིག་ཏུ་མཐོང་པས། རྒྱལ་བ་རིན་པོ་ཆེ་ཡིས་མཁྱེན་རྟོགས་མེད་པར་གསང་བྲོས་ཀྱི་འཆར་གཞི་བཀོད་སྒྲིག་དང་ཐག་གཅོད་བྱས། ཁོང་གིས་བཀའ་ཤག་ལ་“ང་ཚོས་ངེས་བར་དུ་ཁོང་གསང་བྲོས་བྱ་རྒྱུའི་གྲ་སྒྲིག་བྱ་དགོས། དེ་ཡང་གསང་བ་དམ་པོའི་ཐོག་ནས་བྱེད་དགོས། དུས་ཚོད་དང་ལམ་ཁ་གང་ཞིག་ནས་ཕེབས་རྒྱུ་ཡིན་མིན་སོགས་ངས་གོ་སྒྲིག་བྱེད་”ཅེས་ཞུས་པ་ན། བཀའ་བློན་རྣམས་ཀྱིས་“ཡིན་དང་ཡིན། ང་ཚོས་ཁོང་གི་སྐུ་སྲོག་ལ་ཉེན་ཁ་མེད་པ་ཞིག་བཟོ་དགོས་”ཞེས་མོས་མཐུན་གནང་། ཕ་ལྷ་ཡིས་ཁོང་སྒེར་གྱི་ཚེམ་བུ་བ་ལ་རྒྱལ་བ་རིན་པོ་ཆེ་ལ་ཚད་ཏག་ཏག་རན་པའི་དམག་མི་དཀྱུས་མའི་གྱོན་ཆས་ཆ་གཅིག་བཟོ་རྒྱུ་མངགས་པ་དང་། ཚེས་བཅུ་དྲུག་གི་དགོང་མོར་ཕ་ལྷ་ཡིས་ནོར་བུ་གླིང་ཁའི་ནང་དང་ཕྱིའི་སྒོ་ཆེན་ཁག་ཏུ་ཡོད་པའི་སྐོར་སྲུང་བའི་རུ་ཁག་ཡོངས་རྫོགས་ཚོགས་ཏེ། “ད་ནས་བཟུང་མི་སུ་ཞིག་སྐོར་སྲུང་ལ་འགྲོ་ན་ཡང་སྐད་ཧ་གོ་བ་བྱེད་དགོས། ད་དུང་གནས་སྟངས་གང་འདྲ་ཞིག་གི་འོག་ཏུའང་ལག་གློག་སྤར་མི་ཆོག སང་དགོང་རྩེ་ཞོལ་ནས་མཚོན་ཆ་ལེན་པར་རླངས་འཁོར་གཏོང་རྒྱུ་ཡིན་ལ། རླངས་འཁོར་ནང་སྔོག་བཤེར་བྱ་མི་དགོས་པར་ཤར་ཀྱག་གཏོང་དགོས་”་ལབ། ཕ་ལྷ་ཡིས་ལག་གློག་འགོག་པ་སོགས་ནི་སྐུ་སྲུང་བ་ཚོས་རྒྱལ་བ་རིན་པོ་ཆེ་ངོས་འཛིན་བྱེད་མི་ཐུབ་པ་དང་། གསང་བྲོས་ཀྱི་འཆར་གཞི་རྣམས་ཏག་ཏག་ལམ་ལྷོངས་ཡོང་ཆེད་ཡིན། ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་རྒྱལ་བ་རིན་པོ་ཆེ་དང་། ཕ་ལྷ། བཀའ་བློན་རྣམ་པས་སྐུ་གོང་མས་བཞེངས་པའི་ཚོམས་ཆེན་དུ་ང་ཕོད་ཀྱིས་བསྐུར་བའི་ཡི་གེ་མཐའ་མ་དེའི་སྐོར་ལ་གྲོས་བསྡུར་བྱེད་སྐབས། གློ་བུར་དུ་རྒྱ་དམག་གིས་འཕངས་པའི་མེ་སྒྱོགས་ཤིག་ཕོ་བྲང་གི་ཕྱི་རོལ་གྱི་རྫིང་བུའི་ནང་གས་པ་གསན་ཞིང་། དེ་ནས་ཅང་མ་འགོར་བར་མེ་སྒྱོགས་གཉིས་པ་ཞིག་ནོར་གླིང་བྱང་ངོས་ཀྱི་རྩིག་པའི་ཕྱི་རོལ་ནས་བཀད་པ་གསན། ཕ་ལྷ་བ་འདར་བཞིན་རྒྱལ་བ་རིན་པོ་ཆེ་ལ་“ཉེན་བརྡའི་མེ་སྒྱོགས་རེད། ང་ཚོ་ངེས་བར་དུ་གསང་བྲོས་ལ་ཕེབས་དགོས་”ཞུས་པར། དང་ཐོག་རྒྱལ་བ་རིན་པོ་ཆེ་ཡིས་ཡ་ལན་གང་ཡང་མ་གནང་། ཡིན་ཡང་མེ་སྒྱོགས་ཀྱི་སྒྲ་མུ་མཐུད་ཁོང་གི་སྙན་ལམ་དུ་གསན་བཞིན་ཡོད་པས། དོན་ངོ་མར་རྒྱལ་བ་རིན་པོ་ཆེ་ལ་འདམ་ག་གང་ཡང་མེད། ཁོང་གིས་ཕ་ལྷ་ཡི་གསང་བྲོས་བྱས་པ་ལྟར་མཚན་དེའི་ཆུ་ཚོད་བཅུ་པའི་ཐོག་གསང་བྲོས་ལ་ཕེབས་རྒྱུར་མོས་མཐུན་གནང་དགོས་བྱུང་། […]
ཕ་དམ་པའི་ཞལ་གདམས་སྙིང་དབུས་
བོད་དགེ་ལྷག་པ་ཚེ་རིང། ཅོན་ཏ་ར་བོད་ཁྱིམ། གཞི་རིམ་བར་མའི་བོད་དགེ ཕ་མ་དམ་པའི་གདམས་ངག་རྣམས་ཡིད་ལ་དྲན་བཞིན་རྟག་ཏུ་གཞན་ཕན་གྱི་བྱ་བར་འཇུག་པར་སྤྲོ་བ་ཆེ་ཞིང་སྐྱོ་ངལ་མེད་པར། ད་ཆ་མི་ཚེ་དོན་དང་ལྡན་པ་ཞིག་བྱུང་བ་དེ་ཡང། བདག་རང་ཆུང་བྱིས་པའི་དུས་ནས་པཱ་ལགས་ཀྱིས་གནང་བའི་བསླབ་བྱ་རྣམས་དྲན་མ་ཐག་ཏུ་མིག་ཟུང་ནས་མཆི་མ་རང་དབང་མེད་པར་ཤོར་བྱུང་། སྔོན་སྤང་ཐང་དང་ཤིང་སྣ་འཛོམས་པའི་ཡུལ་ལྗོངས་ལྟ་ན་སྡུག་པ་ཞིག་ལ་ཕ་མ་བགྲེས་སྲོང་ཁྱོ་ཤུགས་གཉིས་ལ་བུ་རྒན་གཞོན་གཉིས་ཡོད་ཅིང། ཕ་བགྲེས་སྲོང་དེ་ནི་གཤིས་རྒྱུད་བཟང་ཞིང་མི་ཀུན་དང་མཐུན་པ། བརྩོན་འགྲུས་དང་དཔའ་ངར་ལྡན་པ་ཞིག་ཡོད། མ་བགྲེས་སྲོང་དེ་ཡང་ཐུགས་གཤིས་ཧ་ཅང་བཟང་ཞིང་ལྟོ་གོས་མལ་གསུམ་གྱིས་ཕོངས་པའི་སྤྲང་པོ་ཚོར་སྦྱིན་པ་གཏོང་རྒྱུར་དགའ་བ་ཞིག་ཡིན། བུ་རྒན་པ་བཀྲ་ཤིས་ནི་བང་རྩལ་ཆེ་ཞིང་རྩེད་མོའི་རིགས་ལ་དགའ་མོས་ཆེ་བ་དང་། བུ་ཆུང་བ་དོན་གྲུབ་ནི་རྒྱུན་དུ་སྐྱེ་བོ་སུ་དང་འཕྲད་ཀྱང་ཞལ་རས་འཛུམ་ཞིང་། རྒན་པར་གུས་ཞབས་ཆེ་ལ་རང་ལས་ཆུང་བ་རྣམས་ལ་བྱམས་སྐྱོང་གནང་མཁན་ཞིག་ཡིན། ནམ་ཞིག་ན་ཡུལ་དེར་ནད་ཡམས་དང་མུ་གེ་ཆེན་པོ་བྱུང་སྟེ་མི་ཚང་མར་དཀའ་ངལ་རྫོགས་མཐའ་མེད་པ་ཞིག་འཕྲད་ནས་གང་འདྲ་ཅི་འདྲ་བྱེད་དགོས་སྙམ་ནས་བསྡད། སྐབས་དེར་མ་བགྲེས་སྲོང་དེ་ཡིས་རང་གི་རྒྱུ་དངོས་རྣམས་ཕངས་མེད་ངང་མི་དབུལ་ཕོངས་ཚོར་སྦྱིན་པ་བཏང་བ་རེད། ཕ་བགྲེས་སྲོང་དེ་ནི་རྒྱུན་དུ་ཞིང་ལས་ལ་བྲེལ་བ་ཆེ་བས་སྐབས་འགར་ཟས་ཟ་ལོང་ཡང་རགས་ཀྱི་མེད་ཅིང། ཁོང་ཞིང་ཁའི་ནང་ཞིང་ལས་ལ་བྲེལ་བའི་སྐབས་སུ་བུ་ཆུང་བ་དོན་གྲུབ་ཀྱིས་པཱ་ལགས་ལ་ཞལ་ལག་བསྐྱལ་བར་སླེབས་ཀྱི་ཡོད། བུས་ཞིང་ཁའི་ནང་ལས་ལ་བྲེལ་བཞིན་པའི་རང་གི་པཱ་ལགས་མགོ་ནས་མཇུག་བར་རྔུལ་ཆུས་བརླན་ཞིང་སྟོད་གོས་དང་སྨད་གོས་གཉིས་ཀྱང་རློན་རྐྱང་དུ་འགྱུར་བ་མཐོང་སྟེ། བུ་ཆུང་དོན་གྲུབ་ཀྱིས། པཱ་ལགས་སྐུ་ངལ་བསོས་ནས་ཏོག་ཙམ་བཞུགས་དང་། ངས་ཁྱེད་ལ་ཕྱག་རོགས་ཞུས་ཆོག་ཅེས་བཤད། ཕ་བགྲེས་སྲོང་གིས་ཡོང་ང་། བུ་ཁྱེད་ཀྱིས་ཞིང་རྨོས་ཤེས་སམ། བུས་རྨོས་ཤེས་ཀྱི་ཡོད་ཅེས་བཤད་ནས། ཞིང་ཡོངས་རྫོགས་རྨོས་ཟིན་པ་དང། རང་ཁྱིམ་དུ་ལོག་ཕྱིན། ཁྱིམ་དུ་འབྱོར་མ་ཐག་ལུས་ཡོངས་རྫོགས་དཀའ་ལས་ཁག་སྟེ་ངལ་གསོ་བརྒྱབ། ཕ་བགྲེས་སྲོང་གིས་མི་བཟོད་པར་བདག་གི་བུ་སྡུག་པ་འདིར་ཅི་བྱུང་བ་ཡིན་ནམ་སྙམ་སྟེ་བློ་འཚབ་ཆེན་པོ་ལངས། པཱ་ལགས་བུའི་ཉལ་ཁྲིའི་གམ་དུ་སོང་སྟེ། བུ་ཁྱེད་བདག་ལ་གསོན་ཞིག་ཨང་།། སྔོན་ཆད་དཀའ་སྡུག་མྱངས་མེད་པས། ལྕི་བའི་ལས་ལ་བཟོད་མི་ནུས།། ལྕི་བའི་ལས་ལ་བཟོད་ནུས་ན།། ཕྱིས་ནས་ལུས་པོ་བདེ་ཞིང་སྐྱིད།། ཅེས་བརྗོད་དེ་ཕ་བགྲེས་སོང་ཐུགས་དགྱེས་ཚོར་ཆེན་པོས་ལག་གཉིས་ཀྱིས་ཁོ་པའི་དཔྲལ་བར་བྱིལ་བྱིལ་བྱས་ཏེ། ནམ་ཞིག་བུ་རྒན་པ་བཀྲ་ཤིས་གྲོགས་ངན་ཞིག་གིས་བསླུ་ཁྲིད་འོག་རྐུ་མ་བརྐུས་པའི་ཉེས་མིང་ཕོག་ཏེ་ཡུལ་གྱི་སྐོར་བས་འཇུ་བཟུང་བྱས་པ་དང་བཙོན་དུ་འཁྲིད། གནས་ཚུལ་དེ་ཐོས་མ་ཐག་ཏུ་ཁོང་གི་ནང་མི་ཚང་མར་བློ་ཡུལ་ལས་འདས་པའི་དངངས་སྐྲག་ཆེན་པོ་སྐྱེས་ཏེ་བཙོན་ནས་འདོན་ཐབས་བྱས་ཀྱང། རོགས་རམ་བྱེད་མཁན་སུ་གཅིག་མ་བྱུང་བས། བུ་ཆུང་དོན་གྲུབ་ཀྱི་སེམས་ནང་གནའ་བོའི་གཏམ་དཔེ་ལྟར་བཟང་པོའི་ཞོར་ལ་ཇ་ཆང་དང། ངན་པའི་ཕྱོགས་ལ་རྒྱུག་བརྡུང་ཞེས་པ་འདི་དྲན་ནས། རང་གི་ཕུ་བོ་བཀྲ་ཤིས་གྲོགས་ངན་པས་ཕུང་བར་ཤེས་ཏེ། བུ་ཆུང་དོན་གྲུབ་ཀྱིས་ཕ་མ་བགྲེས་སོང་གཉིས་ལ་སྨྲས་པར། ཁྱེད་གཉིས་སེམས་སྡུག་བྱས་ནས་ཅི་ལ་ཕན། བུ་ཆུང་ངས་ཐབས་ཤིག་འཚོལ་ཆོག་ཅེས་ཟེར་ནས་ཕྱིར་ཐོན་ཕྱིན། བུ་ཆུང་དོན་གྲུབ་ཀྱིས་རང་གི་ཕུ་བོས་རྐུན་མ་བརྐུས་མེད་པར་གྲོགས་ངན་གྱིས་ཕུང་ཚུལ་རྣམས་ཡུལ་དེའི་དཔོན་པོར་ཞུ་བར་བཅར་ནས་ལོ་རྒྱུས་རྣམས་ཞིབ་པར་ཞུས། ཡུལ་དེའི་དཔོན་པོས་བཀྲ་ཤིས་ཀྱི་གྲོགས་པོ་ཐམས་ཅད་ཚུར་བཀུག་སྟེ། རྐུན་མ་རྐུ་མཁན་སུ་ཡིན་མིན་གྱིས་རྩད་གཅོད་བྱས་ཀྱང་ངོས་ལེན་བྱེད་མཁན་རྩ་བ་ནས་མ་བྱུང་སྟབས། ཡུལ་གྱི་དཔོན་པོས་བུ་ཆུང་དོན་གྲུབ་ཁྱེད་ལ་ཐབས་བྱུས་ཤིག་ཨེ་ཡོད་ཞེས་དྲིས་པར། ཀྱེ། མི་དབང་ལགས། ཡོང་ང་ཞེས་ལན་བཏབ། ཁོས་བུ་རྒན་པ་བཀྲ་ཤིས་ཀྱི་གྲོགས་པོ་ཚང་མར་དབྱུག་པ་རིང་ཐུང་གཅིག་པ་རེ་རེ་སྤྲད་དེ་སྨྲས་པར། སང་ཉིན་གྲོགས་པོ་སུའི་དབྱུག་པ་སོར་གང་རིང་དུ་ཕྱིན་ཡོད་ན། དེ་ནི་རྐུན་མ་ཡིན་པར་ངོས་འཛིན་བྱས་ཏེ་འཇུ་བཟུང་བྱ་རྒྱུ་ཡིན། ཞེས་གསལ་བཤད་བྱས་ཏེ་ཁྱིམ་དུ་ལོག་བཏང། […]
དྲ་ཐོག་སློབ་ཁྲིད་ཀྱི་མྱོང་བ
ཀུན་དགའ་ཚེ་སྒྲོན། རཱ་ཇ་པུར་བོད་ཁྱིམ། འཛིན་རིམ་དགུ་པ། དྲ་ཐོག་སློབ་ཁྲིད་ཞེས་པ་ནི་སློབ་ཕྲུག་རྣམས་ལ་དྲ་རྒྱ་དང་གློག་འཕྲུལ་བརྒྱུད་ནས་སློབ་ཁྲིད་བྱེད་པ་དེ་ལ་ཟེར་གྱི་ཡོད། སྤྱིར་ང་ཚོའི་སློབ་མ་དང་སློབ་དགེ་ཚང་མས་ནམ་རྒྱུན་དུ་དྲ་རྒྱ་བེད་སྤྱོད་བྱེད་སྟངས་ཤེས་ཀྱི་ཡོད་ཀྱང་། དྲ་རྒྱའི་ཐོག་ནས་སློབ་ཁྲིད་བྱ་རྒྱུ་ཡོད་པ་དེ་ཤེས་མཁན་ཧ་ཅང་ཉུང་ཉུང་ཡོད། གང་ཡིན་ཞེ་ན་ཉིན་ལྟར་སློབ་ཕྲུག་རྣམས་སློབ་གྲྭར་ཕྱིན་ནས་ཚང་མ་འཛོམས་འཛོམས་ངང་ནས་འཛིན་གྲྭའི་ནང་སློབ་དགེ་ཡི་སློབ་སྦྱོང་སྤྲོད་ཀྱི་ཡོད། དེ་འདྲ་སོང་ཙང་དྲ་རྒྱའི་སློབ་ཁྲིད་སྐོར་མང་པོ་ཤེས་ཀྱི་མེད་པ་རེད། དེ་ནས་ཕྱི་ལོ་ ༢༠༢༠ ལོར་ང་རང་ཚོའི་འཇིག་རྟེན་འདིའི་ནང་ཏོག་དབྱིབས་ནད་ཡམས་ཞེས་པའི་ན་ཚ་ཞེད་སྣང་ཚ་བོ་ཞིག་སླེབས་ཡོད་པ་རེད། དེ་ནི་འགོས་ནད་ཀྱི་ནད་ཡམས་ཞིག་ཡིན་དུས་འཛམ་གླིང་འདིའི་ནང་ཡོད་པའི་ལུང་པ་ཚང་མའི་ནང་གི་མི་མང་པོ་ཞིག་ལ་ནད་ཡམས་དེ་ན་བ་མ་ཟད། མི་སྟོང་ཕྲག་མང་པོ་འདས་གྲོངས་སུ་ཕྱིན་ཡོད་པ་རེེད། སོང་ཙང་ང་རང་ཚོའི་སློབ་གྲྭའི་དགེེ་རྒན་དང་སློབ་ཕྲུག་ཚང་མའི་བདེ་འཇགས་ཀྱི་ཆེད་དུ་ནད་ཡམས་དེ་ལྷིང་མ་ཆགས་བར་སློབ་གྲྭ་རྣམས་སྒོ་བརྒྱབས་པ་རེད། སློབ་གྲྭར་བསྐྱོད་ས་མེད་དུས་སློབ་ཕྲུག་ཚང་མ་ནང་ལ་ཡོད་པས་སློབ་སྦྱོང་ལ་འཐུས་ཤོར་འགྲོ་ཡི་ཡོད་པའི་རྐྱེན་གྱིས་སློབ་གྲྭའི་འགན་འཛིན་དང་དགེ་རྒན་རྣམས་འཛོམས་ནས་དྲ་རྒྱའི་ཐོག་སློབ་ཁྲིད་བྱེད་དགོས་པའི་བསམ་འཆར་བྱུང་བ་བཞིན། ད་ཆ་དྲ་རྒྱའི་ཐོག་སློབ་ཁྲིད་བྱེད་དང་བྱེད་མུས་ཡིན་ལ། ང་རང་གི་ངོས་ནས་དྲ་ཐོག་སློབ་ཁྲིད་ཐོག་གི་མྱོང་བ་ཞིག་བཤད་པ་ཡིན་ན། ད་ཆ་ང་རང་ཚོ་ལ་སློབ་གྲྭར་འགྲོ་ས་མེད་དུས་ཡི་གེ་གཅིག་ཀྱང་མ་བསླབས་པར་བསྡད་པ་ལས་དྲ་རྒྱའི་ཐོག་གི་སློབ་སྦྱོང་དག་ལ་དོ་སྣང་ཡག་པོ་བྱས་པ་ཡིན་ན། སློབ་གྲྭའི་ནང་ཡོད་པ་ནང་བཞིན་ཤེས་ཀྱི་རེད། ཐེངས་དང་པོར་འགོ་འཛུགས་དུས་དཀའ་ངལ་ཆུང་ཆུང་དེ་འདྲ་འཕྲད་བྱུང་། ཡིན་ནའང་ད་ལྟའི་ཆར་དཀའ་ངལ་དེ་འདྲ་གང་ཡང་མིན་འདུག སློབ་ཕྲུག་ཚང་མ་གཅིག་པ་མིན་དུས་སློབ་ཕྲུག་ཁ་ཤས་ཀྱི་ལུང་པར་དྲ་རྒྱ་སྐྱོ་བོ་ཡོད་པ་དང་དེ་དག་ལ་དགེ་རྒན་གྱིས་ཀྱང་བསམ་ཤེས་བྱེད་ཀྱི་རེད། ཡིན་ནའང་སློབ་ཕྲུག་ཁ་ཤས་རྒྱུན་དུ་སློབ་ཁྲིད་བྱེད་དུས་དུས་ཐོག་ཏུ་མ་སླེབས་པ་དང་། ནང་ནས་དུས་ཐོག་ཏུ་སློབ་སྦྱོང་བྱེད་པར་མ་བཏང་བ་སོགས་བྱས་ན་སོ་སོ་རང་ལ་གནོད་བསྐྱལ་བ་མ་ཟད། མ་འོངས་པར་སོ་སོར་དཀའ་ངལ་འཕྲད་ཀྱི་རེད། ད་དུང་ན་ཚ་དེ་ག་དུས་མེད་པ་ཆགས་ཀྱི་ཡོད་མེད་ང་ཚོ་སུས་ཀྱང་ཧ་གོ་ཡི་མེད་དུས་སློབ་ཁྲིད་ལ་དོ་སྣང་སྤྲོད་རྒྱུ་དང་། ནང་ལས་རྣམས་དུས་ཐོག་ཏུ་འབྲི་རྒྱུ་གལ་ཆེ། འོན་ཀྱང་སློབ་ཕྲུག་ཁ་ཤས་ལ་དཀའ་ངལ་ཡོད་སྲིད་པ་རེད། ཡིན་ནའང་སོ་སོ་ངོས་ནས་ཐབས་ཤེས་བྱས་ཏེ་འཛིན་གྲྭའི་ནང་སློབ་ཁྲིད་ཉན་དུ་བསླེབས་ན་སོ་སོར་ཡང་ཕན་ཐོགས་ཆེ་བ་མ་ཟད་དགེ་རྒན་གྱིས་ཀྱང་སློབ་ཕྲུག་མང་པོ་སླེབས་འདུག་བསམ་ནས་སེམས་ཤུགས་འཕར་གྱི་རེད། གང་ཡིན་ཞེ་ན་ད་ཆའི་དུས་ཚོད་ལ་དགེ་རྒན་རྣམས་ཀྱིས་སོ་སོའི་སློབ་ཕྲུག་གི་མ་འོངས་པའི་མདུན་ལམ་ཆེད་དུ་སྐུ་ལས་མང་པོ་སྐྱོན་གྱི་ཡོད། ཞོགས་པ་འཛིན་གྲྭ་ཁྲིད་ཀྱི་ཡོད་པ་དང་དེ་ནས་ཉིན་རྒྱབ་ལའང་འཛིན་གྲྭ་ཁྲིད་དགོས་ཀྱི་ཡོད། ད་དུང་དགོང་དྲོ་ཕྱི་པོ་བར་དུ་སློབ་ཚན་གྱི་ཆེད་བརྙན་ཐུང་བཟོ་པ་དང་། ཡང་ན་འཛིན་གྲྭའི་ནང་ནས་ནང་ལས་བསྐུར་བ་དག་ལ་དག་བཅོས་བྱེད་ཀྱི་ཡོད། སློབ་མ་རྣམས་ཀྱིས་ནང་ལས་རྣམས་ཡག་པོ་དང་གཙང་མ་བྲིས་པ་སོགས་བྱས་ན་རང་བཞིན་གྱིས་དགེ་རྒན་རྣམས་ལ་དགའ་སྐྱིད་ཀྱི་ཚོར་བ་ཞིག་སྤྲོད་ཐུབ་ཀྱི་རེད། མཐར་བུ་མོ་ངའི་རེ་བར་ནད་ཡམས་དེ་མྱུར་དུ་མེད་པ་ཆགས་ནས་སྔོན་མ་ལྟར་འཛིན་གྲྭའི་ནང་སླེབས་ནས་དགེ་རྒན་གྱི་སློབ་ཁྲིད་བྱས་པ་རྣམས་དང་། སློབ་ཕྲུག་ཚང་མ་འཛོམས་པའི་རེ་སྨོན་ཞུ་བཞིན་ཡོད།

