Skip to main content
ཤེས་རིག་ལས་ཁུངས།

༸སྐུའི་གོ་སྟོན་སྲུང་བརྩི་དང

༸སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་བའི་ཉིན་ཐོ།

བསྟན་འཛིན་བདེ་ཆེན། འཛིན་གྲྭ་ལྔ་པ།བདེ་སླར་སི་ཝི་པི་སཾ་བྷོ་ཊ་ཉིན་སློབ། འདི་ལོ་གོ་སྟོན་དང་འབྲེལ་བའི་ལས་གཞི་མང་པོ་ཞིག་སྤེལ་གྱི་ཡོད་རེད། ང་ཚོའི་སློབ་གྲྭ་ལ་ཡང་གོ་སྟོན་དང་འབྲེལ་བའི་ལས་གཞི་མང་པོ་ཞིག་སྤེལ་རྒྱུ་ཡིན་པའི་གསལ་བཤད་གནང་སོང་། ང་ཚོའི་སློབ་གྲྭ་ལ་བོད་སྐད་གཙང་མ་སྐྱོན་རོགས་ཞེས་རེས་གཟའ་ལྷག་པ་དང་རེས་གཟའ་ཕུར་བུ་ཉིན་གཉིས་ལ་བོད་སྐད་གཙང་མ་མ་བསྐྱོན་ན་ང་ཚོ་ལ་ཤོག་བྱང་རག་གི་རེད། ང་ཚོ་སློབ་གྲྭ་རྒྱལ་སྒོ་ནས་འཛུལ་བ་དང་ཕྱི་དྲོ་ནང་ལ་མ་ཐོན་བར་བོད་སྐད་གཙང་མ་རྒྱག་དགོས་རེད། གལ་སྲིད་བོད་སྐད་གཙང་མ་སྐྱོན་རོགས་ཀྱི་ཤོག་བྱང་སུ་ལ་མཐའ་མ་ཐོབ་ན་སང་ཉིན་ཞོགས་པའི་ཞོགས་འཛོམས་སྐབས་སྡིངས་ཆ་སྒང་ལ་ཡར་ལངས་ནས་ཁོང་རང་གི་ལབ་པའི་ཨིན་ཚིག་དང་བོད་པའི་ཚིག་གཉིས་དགེ་རྒན་དང་སློབ་ཕྲུག་ཚང་མའི་མདུན་ལ་ལབ་དགོས། དགེ་རྒན་རྣམས་ནས་ང་ཚོ་འདྲ་བོ་ལངས་ནས་བཤད་དགོས། ང་ཚོའི་སློབ་གྲྭ་ལ་༸གོང་ས་མཆོག་གི་སྐྱེད་ཚལ་གཅིག་ཡོད། སྐྱེད་ཚལ་ནང་མེ་ཏོག་ཧ་ཅང་མང་པོ་དང་སྙིང་རྗེ་མོ་ཡོད། ང་རང་ནས་མེ་ཏོག་ཞལ་འདེབས་བརྒྱབ་པ་ཡིན། ཕྱི་ཟླ་ ༧ ཚེས་ ༦ ཉིན་༸གོང་ས་མཆོག་གི་འཁྲུངས་སྐར་ཕོ་བྲང་དུ་ཐེངས་དང་པོ་ཉིན་མ་གསུམ་གྱི་རིང་ལ་བཏང་བ་རེད། དེའི་སྐབས་ལ་རྒྱ་གར་གྱི་དཔོན་པོ་མང་པོ་གདན་འདྲེན་གནང་བ་རེད། ང་ཚོ་སློབ་གྲྭའི་སློབ་ཕྲུག་རྣམས་ནས་གཞས་དང་སྒོར་གཞས་མང་པོ་འཁྲབས་རེད། ཉིན་མ་གཉིས་པ་དེ་བཀྲ་ཤིས་ལྷུན་པོ་ལ་བཀའ་འགྱུར་ཀློག་ཏུ་མི་མང་དང་སློབ་ཕྲུག་ཚང་མ་ཕྱིན་པ་རེད། ཉིན་གསུམ་པ་དེ་ཡང་བསྐྱར་ཕོ་བྲང་དུ་གཞིས་གྲོང་སོ་སོའི་གཞས་འཁྲབས་པ་དང་རྩེད་མོ་མང་པོ་བརྩེས་སོང་། ཕྱི་ཟླ་ ༧ ཚེས་ ༡༩ དང་ ༢༠ ལ་མེ་སོར་ལ་གོ་སྟོན་སྲུང་བརྩི་གནང་བ་རེད། དེ་ཡང་ཧ་ཅང་ཡག་པོ་བྱུང་སོང་། རྒྱ་གར་མི་མང་ཧ་ཅང་མང་པོ་ཕེབས་ཡོད་རེད། མི་མང་དང་སློབ་གྲྭ་ནས་གཞས་འཁྲབས་པ་རེད། བོད་པ་དང་རྒྱ་ག་ར་མང་པོ་སྒོར་གཞས་ཡང་འཁྲབས་སོང་། བོད་པའི་འགྲེམས་སྟོན་མང་པོ་འདུག ང་ཚོའི་སློབ་མ་ཁག་ཅིག་སེ་ར་བྱེས་སློབ་གྲྭ་ལ་སྙན་ཚིག་དང་གཏམ་བཤད་སོགས་ལ་འགྲོ་བ་ཡིན། ཚང་མ་ལ་རྔན་པ་གནང་སོང་། དེ་ནས་ང་ཚོའི་སློབ་གྲྭ་ཆེ་བ་དང་སློབ་དགེ་འགའ་ཤས་རྒྱ་གར་གྱི་སློབ་གྲྭ་ནཱ་ལེན་ཌ་ལ་སློབ་ཕྲུག་དང་དགེ་རྒན་རྣམས་ལ་ཀོང་པོའི་གཞས་དང་སེང་གེ་འཁྲབས་པ་དང་བོད་ཀྱི་ལྟད་མོ་བཅས་མང་པོ་བསྟན་ཡོད། རྒྱ་གར་ཚོས་ཧ་ཅང་དགའ་པོ་གནང་འདུག སེ་ར་ལ་ང་ཚོ་གཞས་འཁྲབ་ཏུ་འགྲོ་བ་ཡིན། ང་ཚོ་ཚུ་ཚོད་ ༡༠ ལ་ཐོན་ནས་ཀོང་གཞས་དང་གསེར་གྱི་དཔལ་བེའུ་ཡི་བོད་གཞས་འཁྲབས་པ་ཡིན། ད་ལོ་བྱམས་བརྩེ་ཡི་ལོ་ཡིན་ཙང་ང་རང་དམ་བཅའ་གཅིག་བཞག་པ་ཡིན། དེ་ནི་ང་རང་སེམས་པ་བཟང་པོ་བྱེད་རྒྱུའི་འབད་བརྩོན་བྱེད་ཀྱི་ཡིན། ད་ལོ་ང་ཚོའི་སློབ་གྲྭ་ལ་ལོ་འཁོར་རྩེད་མོ་འགྲན་བསྡུར་དེ་མེད་པ་བཟོས་ནས་ལོ་འཁོར་རྩེད་མོ་ཆེན་པོ་ཞེས་བཏགས་ནས་འགྲན་བསྡུར་མེད་པ་རྩེད་མོ་རྩེད་མཁན་ཚང་མ་ལ་ལག་འཁྱེར་དང་རྔན་པ་གནང་སོང་ང་རང་རྩེད་མོའི་ཉིན་མོ་དེ་ལ་དམིགས་བསལ་སྐྱིད་པོ་བྱུང་། ད་ལོ་གོ་སྟོན་ལས་གཞི་ཡི་ནང་རྒན་ལགས་ཚོ་ནས་ཐུགས་བསྐྱེད་དམ་བཅའ་བཞི་ནས་ཐུགས་བསྐྱེད་དམ་བཅའ་དང་པོ་དེ་ཕྱི་ཟླ་ ༨ པའི་ནང་ངོ་སྤྲོད་བྱས་རྗེས་ང་ཚོ་འཛིན་གྲྭ་དང་པོ་ནས་ལྔ་པ་བར་གྱིས་དེའི་སྐོར་ལ་རི་མོ་བྲིས་པ་དང་། འཛིན་གྲྭ་དྲུག་པ་ནས་དགུ་པ་ཡིས་སློབ་ཕྲུག་ནས་དེེེའི་སྐོར་ལ་རྩོམ་བྲིས་པ་དང་། འཛིན་རིམ་བཅུ་པ་རྣམས་ཀྱིས་དེའི་སྐོར་གཏམ་བཤད་གྲ་སྒྲིག་བྱས་ནས་བདུན་ཕྲག་གཅིག་གི་རྗེས་ལ་བཤད་པ་རེད། ཕྱི་ཟླ་ ༡༡ ཚེས་ ༢ ལ་ཐུགས་བསྐྱེད་དམ་བཅའ་གཉིས་པའི་སྐོར་ལ་གསུངས་སོང་། ང་རང་ཡང་མི་བཟང་པོ་ཞིག་བྱེད་རྒྱུའི་སེམས་འགུལ་ཐེབས་སོང་། ང་ཚོ་འཛིན་གྲྭ་ལྔ་པའི་སློབ་ཕྲུག་རྣམས་ནས་ཐུགས་བསྐྱེད་དམ་བཅའ་གཉིས་པའི་གཏམ་བརྗོད་ཅིག་དགེ་རྒན་སློབ་ཕྲུག་རྣམས་ལ་ཞོགས་འཛོམས་སྐབས་ལ་བསྟན་པ་ཡིན། ༸གོང་ས་མཆོག་གི་གོ་སྟོན་ལ་བཀྲ་ཤིས་བདེ་ལེགས་དང་སྐུ་ཚེ་རིང་པོ་གནས་པའི་སྨོན་ལམ་ཡོད།།

༸སྐུའི་གོ་སྟོན་སྲུང་བརྩི་དང

༸སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་བའི་ཉིན་ཐོ།

བསྟན་འཛིན་ཀུན་སྐྱིད། འཛིན་གྲྭ་ལྔ་པ།བདེ་སླར་སི་ཝི་པི་སཾ་བྷོ་ཊ་ཉིན་སློབ། དང་པོ་ང་རང་གི་ཤེས་གསལ་ལྟར་ང་ཚོའི་སློབ་གྲྭའི་ནང་ལ་ཏཱ་ལའི་བླ་མའི་སྐྱེད་ཚལ་ཞེས་པ་ཞིག་སློབ་ཕྲུག་དང་དགེ་རྒན། ལས་བྱེད་ཚང་མ་མཉམ་དུ་ལས་ཀ་བྱས་ནས་གསར་པ་ཞིག་ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༣༠ ཉིན་དབུ་འབྱེད་གནང་བ་རེད། དེ་ནི་ང་ཚོ་ཕྲུ་གུ་ཚང་མས་དགའ་པོ་བྱེད་སའི་ས་ཆ་གཅིག་ཆགས་པ་རེད། ཕྲུ་གུ་དེ་ཚོས་ཁ་ལག་ཁྱེར་ནས་ཟ་བ་དང་སྒྲུང་དེབ་ཀློག་སའི་ས་ཆ་སྙིང་རྗེ་མོ་ཞིག་ཆགས་རེད། དེའི་ནང་ལ་འཛིན་གྲྭ་བཅུ་པའི་ཨ་ཅག་ཚོས་རིམ་བཞིན་མེ་ཏོག་ལ་ཆུ་གཏོར་བ་དང་རྩྭ་ཡང་སྒྲུག་གི་རེད། དེའི་ནང་ལ་ཤིང་སྡོང་ཆེན་པོ་ཞིག་ཡོད་རེད། དེའི་སྒང་ལ་༸གོང་ས་མཆོག་གི་སྐུ་དཔར་དང་ཏཱ་ལའི་བླ་མའི་སྐྱེད་ཚལ་ཞེས་བྲིས་ཡོད། དེ་མ་ཟད་ཤིང་སྡོང་དེའི་སྒང་ལ་རླུང་རྟས་སྐོར་ཡོད་པ་དང་རྐུབ་བཀྱག་ཆུང་ཆུང་དེ་འདྲ་མང་པོ་ཡོད། དེའི་ནང་ལ་ང་ཚོས་རླུང་གཙང་མ་ལེན་ཐུབ་ཀྱི་རེད། ང་ཚོའི་སྐྱེད་ཚལ་ནང་ལ་སྐྱིད་པོ་ཞེ་དྲགས་འདུག གཉིས་པ། བདུན་ཕྲག་རེ་ནས་རེས་གཟའ་སྤེན་པ་ལ་ཆུ་ཚོད་གཅིག་གཙང་བཟོ་བྱས་པ་དང་སློབ་གྲྭའི་ནང་ལོ་གཅིག་རིང་འགྱིག་ཤོག་རིགས་བེད་སྤྱོད་བྱ་རྒྱུ་མེད་པར་ཁོར་ཡུག་གཙང་མ་ཉར་དགོས་པའི་སློབ་གྲྭའི་སློབ་སྤྱི་མཆོག་གིས་གསུངས་བ་བཞིན་ང་ཚོས་འབད་བརྩོན་བྱེད་ཀྱི་ཡོད། དེ་དང་མཉམ་དུ་བོད་པའི་དུས་ཆེན་སྐབས་ལ་མཛད་སྒོ་འགྲུབ་མཚམས་ང་ཚོ་སློབ་ཕྲུག་རྣམས་ནས་གད་སྙིགས་རྣམས་བསྒྲུགས་ཏེ་གཡས་གཡོན་གཙང་མ་བཟོ་ཡི་ཡོད། གསུམ་པ། ཕྱི་ཟླ་ ༨ པའི་ཚེས་ ༢༢ ལ་ང་ཚོའི་ཉེ་འཁོར་གྱི་སློབ་གྲྭ་ན་ལན་ཊ་རུ་སློབ་སྤྱི་དང་ལྷན་དུ་དབྱིན་དགེ་དང་ཟློས་དགེ་གཉིས་ཕྱིན་ནས་༸གོང་ས་མཆོག་གི་མཛད་རྣམ་ངོ་སྤྲོད་བྱས་པ་དང་ང་ཚོ་སློབ་ཕྲུག་ཁ་ཤས་ནས་བོད་ཀྱི་རིག་གཞུང་འཁྲབ་སྟོན་བྱ་པ་དེས་རྒྱ་གར་སློབ་ཕྲུག་རྣམས་ལ་བོད་པའི་སྐོར་གོ་རྟོགས་ཡག་པོ་སྤེལ་ཐུབ་སོང་། བཞི་པ། ཟླ་བ་གཅིག་གི་ནང་རེས་གཟའ་ལྷག་པ་འཆར་ཅན་༸གོང་ས་མཆོག་གི་བཀའ་སློབ་གཉིས་སྟོན་གནང་གི་རེད། དེ་ནས་ང་ཚོ་ཚང་མ་ལ་བཀའ་སློབ་དང་སློབ་སྦྱོང་མང་པོ་རག་གི་འདུག ༸གོང་ས་མཆོག་ནི་ང་ཚོའི་ཕ་མ་ལས་ལྷག་པ་ཞིག་རེད་འདུག ཁོང་གིས་ག་དུས་ཡིན་ནས་མི་ཡག་པོ་དང་བཟང་པོ། གཞན་ལ་ཕན་མ་ཐོགས་ན་གནོད་མ་སྐྱེལ་གསུངས་པ་དེ་ཚོ་ཧ་ཅང་གལ་ཆེན་པོ་རེེད་འདུག ང་ཚོ་སློོབ་ཕྲུག་མང་པོ་ཞིག་ཁོང་གི་བཀའ་སློབ་ཉན་ཙང་ཡག་པོ་ཆགས་ཀྱི་འདུག ལྔ་པ། ཐ་སྙད་ཚོགས་ཆུང་རྒན་ལགས་རྣམས་ནས་ང་ཚོའི་སློབ་གྲྭ་ལ་ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་འཛིན་གྲྭ་དང་པོ་ནས་བཅུ་པ་དབར་ཚང་མ་ཐ་སྙད་འདྲི་རྩད་ཅིག་གོ་སྒྲིག་གནང་བ་རེད། དང་པོ་སློབ་ཕྲུག་རྣམས་ལ་ཐ་སྙད་གསར་པ་མང་པོ་སྦྱང་བཅུག་ནས་གྲ་སྒྲིག་བྱེད་བཅུག་ནས་ཉིན་མོ་དེ་ལ་འཛིན་གྲྭ་སོ་སོའི་སློབ་ཕྲུག་རྣམས་ལ་འདྲི་རྩད་འགོ་བཙུགས་ནས་མཐའ་མ་ལྷག་མཁན་སློབ་ཕྲུག་གསུམ་ལ་བྱ་དགའ་ཡང་གནང་སོང་། དྲུག་པ། ད་ལོ་ང་ཚོའི་སློབ་གྲྭ་ལ་བོད་ལྗོངས་ང་ཚོའི་ཕ་ཡུལ་གྱི་བྱེད་སྒོ་ཞིག་བྱེད་པ་རེད། འཛིན་གྲྭ་དང་པོ་ནས་བཅུ་པ་བར་སློབ་ཕྲུག་ཚང་མས་མཉམ་ཞུགས་གནང་བ་རེད། འཛིན་གྲྭ་སོ་སོ་ལ་ལས་ཀ་འདྲ་མིན་འདྲ་བགོ་བཤའ་བརྒྱབ་པ་རེད། ཁ་ཤས་ཀྱིས་བོད་ཀྱི་དགོན་པ། ཁ་ཤས་ཀྱིས་བོད་ཀྱི་འབྲོག་པ། ཁ་ཤས་ཀྱིས་བོད་ཀྱི་རི་དང་ཆུ་མཚོ་གསུམ། ༸གོང་ས་མཆོག་གི་མཛད་རྣམ་སོགས་གྲ་སྒྲིག་གནང་བ་རེད། སློབ་ཕྲུག་གི་ཕ་མ་མང་པོ་ལྟད་མོ་ལྟ་རུ་ཕེབས་ཡོད་རེད། བདུན་པ། ད་ལོ་གོ་སྟོན་ཡིན་ཙང་སེ་ར་བྱེས་སློབ་གྲྭ་ནས་སྙན་ཚིག་སྐྱོར་རྒྱུ་དང་གཏམ་བཤད་བྱེད་རྒྱུའི་བྱེད་སྒོ། ༸གོང་ས་མཆོག་དང་འབྲེལ་བའི་སྐོར་འདྲི་རྩད་བྱས་བ་རེད། ང་ཚོའི་སློབ་གྲྭ་ལའང་གོ་སྐབས་གནང་བ་རེད། སློབ་ཕྲུག་མང་པོ་གོ་སྐབས་ལེན་པ་རེད། སེ་ར་བྱེས་སློབ་གྲྭ་ནས་ང་ཚོ་མཉམ་ཞུགས་བྱེད་མཁན་སློབ་ཕྲུག་ཚང་མ་ལ་ལག་རྟགས་གནང་སོང་། བརྒྱད་པ། […]

༸སྐུའི་གོ་སྟོན་སྲུང་བརྩི་དང

༸སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་བའི་ཉིན་ཐོ།

བསྟན་འཛིན་སྒྲོན་གསལ། འཛིན་གྲྭ་གསུམ་པ།ཀེ་ལཱཤ་པུ་ར་སཾ་བྷོ་ཊ་ཉིན་སློབ། གོ་སྟོན་ཟེར་ན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་དགུང་ལོ་དགུ་བཅུར་ཕེབས་པའི་དུས་སྟོན་ལ་༸སྐུའི་གོ་སྟོན་ཟེར་གྱི་ཡོད། སྤྱིར་བཏང་གི་བོད་མི་ཚང་མས་ལོ་ལྟར་ས་ཕྱོགས་ཡོངས་སུ་༸སྐུའི་འཁྲུངས་སྐར་ཧ་ཅང་རྒྱས་པོའི་ངང་ནས་སྲུང་བརྩི་ཞུ་ཡི་ཡོད། ཡིན་ན་ཡང་། ད་ལོའི་འཁྲུངས་སྐར་དེ་དམིགས་བསལ་གྱི་༸སྐུའི་གོ་སྟོན་སྲུང་བརྩི་ཞུ་ཡི་ཡོད། མ་ཟད་ཚོགས་པ་ཁག་མང་པོ་ནས་མི་གཞན་ལ་ཕན་པའི་ལས་འགུལ་མང་དག་ཅིག་སྤེལ་དང་སྤེལ་བཞིན་ཡོད། ང་ཚོ་བོད་པའི་ལུགས་སྲོལ་ནང་ལའང་སྤོ་ལགས་རྨོ་ལགས་དགུང་ལོ་བརྒྱད་ཅུར་ཕེབས་དུས་གྱ་སྟོན་གཏོང་སྲོལ་ཡོད། དེ་སྔོན་ཡང་ང་ཚོས་༸གོང་ས་མཆོག་དགུང་ལོ་བརྒྱད་ཅུར་ཕེབས་སྐབས་གྱ་སྟོན་སྲུང་བརྩི་གནང་བ་རེད། སྐབས་དེ་དུས་ཁོང་གིས་བཀའ་སློབ་བསྩལ་བའི་སྐབས་རྗེས་སུ་ང་ལོ་དགུ་བཅུར་སླེབས་སྐབས་གོ་སྟོན་གཏོང་དགོས་བཅས་ཞལ་ཤོབ་དང་སྦྲགས་གསུངས་པ་ལྟར། ད་ཆ་ཁོང་དགུང་ལོ་དགུ་བཅུ་ལ་ཕེབས་པར་བརྟེན་ང་ཚོ་བོད་མི་ཚོས་སྔ་ས་ནས་༸སྐུའི་གོ་སྟོན་གཏོང་བར་གྲ་སྒྲིག་གཟབ་རྒྱས་ཞུས་པ་རེད། ༸སྐུའི་གོ་སྟོན་གྱི་འཁྲུངས་སྐར་མ་སླེབས་གོང་ལ་ང་ཚོ་སྦེལ་ཀོབ་བོད་མི་མང་ཚོགས་དང་ལས་ཁུངས། སྤྱི་མཐུན་མཉམ་འབྲེལ་ཡོངས་ཀྱིས་གྲ་སྒྲིག་ཨང་གསར་གང་ལེགས་གནང། ༸སྐུའི་གོ་སྟོན་ཉིན་མོ་ལ་ང་ཚོའི་གཞིས་ཆགས་སྦེལ་ཀོབ་ཀྱི་ཕོ་བྲང་ནང་དུ་འཁྲུངས་སྐར་སྲུང་བརྩི་གནང་བ་རེད། དེ་ཉིན་རྒྱ་གར་དཔོན་རིགས་ཁག་ཅིག་དང། ས་གནས་འགོ་འཛིན་གཉིས། དགོན་སྡེ་ཁག་གི་མཁན་པོ། དེ་བཞིན་ལས་བྱེད་པ་དང་མི་མང་མང་དག་ཅིག་ཕོ་བྲང་དུ་ཕེབས་འདུག ད་ལོ་མ་འདྲ་བ་གཅིག་ལ་གོ་སྟོན་ཡིན་ཙང་ང་ཚོ་ཉིན་གསུམ་ཕོ་བྲང་དུ་འཁྲུངས་སྐར་སྲུང་བརྩི་ཞུས་པ་རེད། དེ་དུས་ཕོ་བྲང་དུ་གོ་སྟོན་ཆེད་དུ་བོད་པའི་བཟོ་ལྟའི་སྤྲི་སྐོར་བཟོས་པ་མ་ཟད། སྤྲི་སྐོར་དེ་ཧ་ཅང་ཆེན་པོ་འདུག་ལ། དེ་ཡང་སྤྲི་སྐོར་དེ་དུམ་བུར་བཏང་ནས་མི་མང་ཚང་མར་གནང་བྱུང། ངས་ཀྱང་དེ་བཟས་པས་དེ་ཞིམ་པོ་ཞེ་དྲགས་འདུག། དེའི་རྗེས་སུ་སློབ་གྲྭ་དང་གཞིས་ཆགས་གསར་རྙིང་གི་གཞིས་གྲོང་ཁག་ནས་གཞས་སྣ་འཁྲབ་སྟོན་མང་པོ་དང་ཡག་པོ་ཞེ་དྲགས་འཁྲབས་གནང་སོང། དེ་དུས་ང་ཚོའི་སློབ་གྲྭ་ངོས་ནས་ཀྱང་གཞས་འཁྲབས་པས་ང་ཡང་གཞས་འདིའི་ནང་ཡོད། དེའི་སྐབས་སུ་རྒྱ་གར་ཡུལ་མི་ཞིག་གིས་གཞས་གཏོང་གནང་སོང། གཟིགས་མོ་བ་མི་མང་ཚང་མ་དགོད་དྲོ་བ་དང་དགའ་ཐག་ཆོད་ནས་ཡུལ་མི་དེ་དང་ལྷན་དུ་གཞས་བཏང་སོང། ཉིན་དང་པོ་དེར་བྱེད་སྒོ་མང་པོ་སྤེལ་བའི་ནང་ནས་ང་རང་གཞས་སྣ་འཁྲབ་རྒྱུ་དང་། མཛད་སྒོ་དབུ་འཛུགས་སྐབས་འབྲས་སིལ་ཟ་སྲོལ་དེ་སྐྱིད་ཤོས་དང་དགའ་ཤོས་བྱུང། དེ་བཞིན་འཁྲུངས་སྐར་ཉིན་གསུམ་གྱི་ནང་དུ་དེ་གཅིག་པུར་མ་ཡིན་པར་གཞིས་གྲོང་ཁག་ནས་རྩེད་མོ་མང་དག་ཅིག་གོ་སྒྲིག་ཞུས་འདུག་པས། ཁོང་རྣམ་པ་རྩེད་མོ་རྩེ་སྐབས་རྐུབ་སྟེགས་རྩེད་མོ་ཞིག་ལ་རྩེད་མོ་བ་ཁ་ཤས་ས་ལ་ལྷུང་པས་ང་ཚོ་ཚང་མ་དགོད་བྲོ་ནས་ང་ཚོ་ཡང་རིལ་གྲབས་བྱས་སོང། དེ་བཞིན་ཐག་འཐེན་གྱི་རྩེད་མོ་ཞིག་ལ་མི་རྒན་ཚོས་རྩེད་མོ་བརྩེས་ནས་འདི་དུས་ཡང་མི་ཚང་མ་ཤུགས་རྒྱག་ནས་ཐག་པ་འཐེན་སོང་། དེ་དུས་ཉིན་གསུམ་གྱི་འཁྲུངས་སྐར་སྐབས་སུ་ཉིན་གུང་དགུང་ཚིགས་ཀྱང་ཡོད་པས་ང་ཚོ་མི་མང་ཚང་མ་ཟས་བཅུད་ལྡན་པའི་ཁ་ལག་ཞིམ་པོ་དེ་ལ་རོལ་ཡིན། མཛད་སྒོ་འགྲུབ་མཚམས་སུ་རྟག་པར་སྒོར་གཞས་ཡོད་པས་ང་ཡང་མཉམ་ཞུགས་བྱས་ནས་འཁྲབས་ཡིན། དགོང་མོ་རྨོ་མོ་ལགས་དང་ལྷན་དུ་ཁ་པར་ལྟ་དུས་ངས་བོད་པའི་གཞིས་ཆགས་མང་ཆེ་བ་ལ་གོ་སྟོན་ཟབ་རྒྱས་བྱས་པའི་ལྟད་མོ་མང་པོ་མཐོང་བྱུང། སྐབས་དེར་ངའི་སེམས་ནང་རང་བཞིན་གྱི་དགའ་ཚོར་དང་སྤོབས་པ་ཆེན་པོ་སྐྱེས་བྱུང། ང་ཚོ་བོད་མི་གཅིག་པུ་མ་ཡིན་པར་ཕྱི་རྒྱལ་ཁག་མང་པོ་ཞིག་ལ་༸གོང་ས་མཆོག་གི་གོ་སྟོན་གཞན་དང་མི་འདྲ་བ་ཞུ་ཡིད་འདུག བོད་མི་དང་ཕྱི་རྒྱལ་མི་རིགས་ཚང་མས་གོ་སྟོན་སྲུང་བརྩི་ཞུས་འདུག ད་དུང་ལོ་འདིའི་ནང་བོད་མི་རིགས་དང་། ཕྱི་རྒྱལ་མི་རིགས་མང་པོ་ཞིག་གིས་༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པའི་བརྟན་བཞུགས་མང་པོ་ཕུལ་ཡོད། ང་ཚོ་ཡང་སྦེལ་ཀོབ་ཀྱི་བཀྲ་ཤིས་ལྷུན་པོའི་དགོན་པ་རུ་དགོན་པའི་བརྟན་བཞུགས་ལ་བཅར་རྒྱུའི་གོ་སྐབས་བྱུང། མ་ཟད་གཞིས་ཆགས་སོ་སོའི་གཞིས་གྲོང་གི་ནང་དུ་བོད་མི་ཚོས་ཁོང་སྐུ་ཚེ་རིང་པོར་གནས་པའི་ཞབས་རིམ་བསགས་པ་དང། བོད་མི་ཚོས་དྭང་བླངས་ཀྱིས་ས་ཆ་གཙང་མ་བཟོ་བ་དང། རྒྱ་གར་ཡུལ་མི་སྐྱོ་བ་ཁག་ལ་རོགས་པ་གང་ཐུབ་བྱས་པ་དང་སེམས་ཅན་མང་པོ་ཞིག་ཚེ་ཐར་བཏང་ཡོད། དེ་མ་ཡིན་པར་ཞལ་འདེབས་མང་དག་ཅིག་གནང་འདུག ང་ཚོའི་སློབ་གྲྭ་ལའང་གོ་སྟོན་ཚོགས་ཆུང་སྔོན་ཚུད་ནས་བཙུགས་པ་མ་ཟད། ཚོགས་ཆུང་གིས་ལས་འགུལ་མང་དག་ཅིག་སྤེལ་དང་སྤེལ་བཞིན་ཡོད་པ་དང་། བདག་གིས་ཀྱང་གང་ཐུབ་ཀྱི་བྱེད་སྒོ་སོ་སོའི་ནང་འཛུལ་བཞུགས་བྱེད་པ་ཡིན། ལོ་འདི་ལ་ང་རང་བྱེད་སྒོ་མང་པོ་ཞིག་ནང་འཛུལ་ཞུགས་བྱེད་པས་ང་རང་སྐྱིད་པོ་ཞེ་དྲག་བྱུང། ད་དུང་མུ་མཐུད་བྱེད་སྒོ་ཆ་ཚང་ལ་འཛུལ་ཞུགས་བྱེད་རྒྱུ་ཡིན། མཐའ་དོན། ༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག །

༸སྐུའི་གོ་སྟོན་སྲུང་བརྩི་དང

༸སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་བའི་ཉིན་ཐོ།

བསྟན་འཛིན་ནོར་ལྷ། འཛིན་གྲྭ་གསུམ་པ།ཀེ་ལཱཤ་པུ་ར་སཾ་བྷོ་ཊ་ཉིན་སློབ། ང་ཚོའི་རྩ་བའི་བླ་མ་བསྟན་འཛིན་རྒྱ་མཚོ་མཆོག་དགུང་ལོ་དགུ་བཅུ་ལ་ཕེབས་པས་ང་ཚོ་བོད་མི་ཚང་མས་༸སྐུའི་གོ་སྟོན་རྟེན་འབྲེལ་བྱས། ཟླ་བ་ ༧ ཚེས་ ༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོའི་འཁྲུངས་སྐར་ཡིན་པས་ང་ཚོ་ཚང་མ་ཕོ་བྲང་དུ་འཛོམས་པ་ཡིན ཕོ་བྲང་དུ་ས་གནས་ལས་ཁུངས་ཀྱི་སྐུ་ངོ་དང་གལ་ཆེ་བའི་མི་མང་པོ་ཕེབས་འདུག མི་མང་ཚོ་ལ་གསུང་བཤད་དང་སློབ་ཕྲུག་ཚོས་བོད་གཞས་འཁྲབས་པ་དང་ང་རང་ཡང་འཛིན་གྲོགས་དང་ལྷན་དུ་གཞས་འཁྲབས་ཡིན། ང་ཚོའི་སྦེལ་ཀོབ་གཞིས་ཆགས་ནས་གོ་སྟོན་གྱི་ཆེད་དུ་སྨོན་ལམ་དང་ཞལ་འདོན་བསགས་པ་ཡིན། ང་ཚོ་སཾ་བྷོ་ཊ་ནས་དམར་ཟས་སྤངས་བའི་དམ་བཅའ་བྱས་པ་ཡིན། སློབ་ཕྲུག་ཚང་མས་སློབ་གྲྭ་རུ་ཁོར་ཡུག་གི་ཆེད་དུ་མེ་ཏོག་འདྲ་མིན་སྣ་ཚོགས་འདེབས་པ་ཡིན། སཾ་བྷོ་ཊའི་སློབ་གྲྭ་ཚང་མ་རུ་དགེ་ཆེ་ཆེན་པོས་གཟིགས་སྐོར་ཕེབས་པ་རེད། ནང་པ་ཚང་མས་དྷ་རམ་ས་ལར་༸གོང་ས་མཆོག་ལ་བརྟན་བཞུགས་ཕུལ་བའི་གནས་ཚུལ་མང་པོ་འདུག། ནང་པ་ཚང་མས་༸གོང་ས་མཆོག་ལོ་མང་པོ་གནས་པའི་ཆེད་དུ་སྨོན་ལམ་མང་པོ་བརྒྱབ་ཡོད་པ་དང་སེམས་ཅན་སོགས་ལ་སྦྱིན་པ་བཏང་བ་དང་ཉ་སོགས་ལ་ཁ་ལག་སྤྲད་པ་བཅས་དགེ་བའི་ལས་ཀ་མང་པོ་བྱེད་ཀྱི་ཡོད། ༸གོང་ས་མཆོག་གི་མི་མང་པོ་མཇལ་བ་དང་མི་མང་པོས་༸གོང་ས་མཆོག་ལ་དགའ་པོ་གནང་གི་ཡོད། ངས་ཉིན་གསུམ་གྱི་གུང་གསེང་ལ་ཞོགས་པ་སྔ་པོ་ལངས་ནས་སོ་དང་གདོང་པ་བཀྲུས་ནས་ཕྱགས་མ་ཕྱགས་པ་ཡིན། དེ་ནས་ངས་ཁ་ལག་བཟས་པ་ཡིན། དེ་རྗེས་ངས་གྱོན་ཆས་གསར་པ་གཟབ་འཆོར་སྤྲས་ནས་སྦེལ་ཀོབ་ཀྱི་རྒྱལ་བའི་ཕོ་བྲང་དུ་ཕྱིན་པ་ཡིན། དེ་ནས་ཕོ་བྲང་དུ་འཛིན་གྲོགས་མང་པོ་མཐུག་སོང། ངས་ཁོང་ཚོ་དང་ལྷན་དུ་སྐད་ཆ་མང་པོ་བཤད་པ་དང་རྩེད་མོ་མང་པོ་ཞེ་དྲགས་བརྩེས་པ་ཡིན། མཛད་སྒོར་སྐུ་མགྲོན་མང་པོ་ཞེ་དྲགས་ཕེབས་འདུག།སློབ་གྲྭ་ཚང་མའི་སློབ་མ་དང་གཞིས་ཆགས་གསར་རྙིང་གི་གཞིས་གྲོང་གི་མི་མང་རྣམས་ཀྱི་གཞས་སྣ་མང་པོ་འཁྲབས་སོང། ང་ལ་ཡང་དེ་ལ་གཞས་འཁྲབ་རྒྱུའི་གོ་སྐབས་བཟང་པོ་ཐོབ་སོང། དེ་ནས་ངའི་སྤོ་ལགས་དང་གཅེན་པོ་གཉིས་འཚོལ་བར་ཕྱིན་སྐབས་དགོད་དྲོ་བ་ཞིག་ལ་ཁོང་གཉིས་ལ་བཞུགས་ས་མ་རག་ནས་ཡར་ལངས་ནས་འདུག ང་རང་ལའང་བསྡད་ས་རག་མ་སོང། མི་མང་མང་པོ་ཞེ་དྲགས་ཕེབས་པའི་དགའ་བ་དང་སྐྱོ་སྣང་གཉིས་ཀ་བྱུང། དེ་འདྲ་བའི་འཁྲུངས་སྐར་ངས་ནམ་ཡང་གཏང་རྒྱུ་མ་བྱུང། དངོས་གནས་ཀྱི་སྐྱིད་པོ་ཞེ་དྲགས་བྱུང། ངས་རྔན་པ་ཡང་མང་པོ་ཞེ་དྲགས་བཟས་ཡིན། ནམ་རྒྱུན་ངའི་ནང་མིས་ང་དང་ངའི་གཅེན་པོ་ལ་ཁ་ལག་མ་གཏོགས་ཟ་བཅུག་གི་མ་རེད། རྔན་པའི་ནང་རྫས་འདྲ་མིན་སྣ་ཚོགས་བླུགས་ཀྱི་ཡོད་པས་ང་ཚོ་ལ་ཟ་བཅུག་གི་མ་རེད། ཡིན་ཡང་། དེའི་སྐབས་རྔན་པ་འདྲ་མིན་བཟའ་རྒྱུའི་གོ་སྐབས་བྱུང་། སྐབས་དེར་ངའི་སེམས་ནང་དུ་དེ་འདྲ་བའི་ཉིན་མང་པོ་སླེབས་པ་ཤོག་ཅེས་སྨོན་ལམ་ཡང་མང་པོ་བརྒྱབ་པ་ཡིན། ཡིན་ཡང་། སང་ཉིན་དེར་སློབ་གྲྭ་འགྲོ་དུས་ཡི་གེ་སྦྱང་རྒྱུ་འགོ་བཙུགས་པས། དེ་དུས་ངས་དེ་འདྲ་བའི་ཉིན་རྟག་པར་སླེབས་རྒྱུ་ཁག་པོ་ཡིན་པ་ཤེས་སོང། མ་ཟད་སློབ་མ་ཚང་མར་ང་དང་འདྲ་བར་མངོན་ཤེས་བྱུང་འདུག ཧ་ཧ་ཧ། མཐའ་དོན་། ༸གོང་ས་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ཚེ་རིང་པོར་གནས་པ་དང་བོད་ཀྱི་བདེན་མཐའ་མྱུར་དུ་གསལ་བ་ཤོག་བཅས་སྨོན་ལམ་ཞུ།

༸སྐུའི་གོ་སྟོན་སྲུང་བརྩི་དང

༸སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་བའི་ཉིན་ཐོ།

བསྟན་འཛིན་ཟླ་སྒྲོན། འཛིན་གྲྭ་གསུམ་པ།ཀེ་ལཱཤ་པུ་ར་སཾ་བྷོ་ཊ་ཉིན་སློབ། འདི་ལོ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་༸སྐུའི་གོ་སྟོན་སྲུང་བརྩི་ཞུ་བའི་ལོ་གལ་ཆེན་པོ་ཞིག་ཡིན། སྤྱིར་འཛམ་བུ་གླིང་འདིའི་ནང་ས་ཕྱོགས་ཚང་མ་ལ་དཔོན་རིགས་ཚང་མས་༸གོང་ས་མཆོག་གི་འཁྲུངས་སྐར་ལ་ཁ་གཅིག་གྲག་གིས་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་གི་ཡོད། འཛམ་གླིང་མི་མང་ཚང་མས་ཁོང་ལ་བརྩི་བཀུར་དེ་འདྲ་གནང་བར་ང་རང་དགའ་པོ་དང་སྤོབས་པ་ཆེན་པོ་སྐྱེས་ཀྱི་འདུག ང་གཅིག་པུ་མ་ཡིན་པར་ངས་བསམས་པར་བོད་མི་ཚང་མས་དེ་ལྟར་ཚོར་ཡོད་ཤག་རེད། འདི་ལོར་གོ་སྟོན་གྱི་ལས་འགུལ་མང་དག་ཅིག་སྤེལ་དང་སྤེལ་བཞིན་འདུག ང་ཚོའི་སློབ་གྲྭ་ལའང་གོ་སྟོན་གྱི་ལས་འགུལ་མང་པོ་སྤེལ་གྱི་འདུག་པས། འདིའི་ནང་ནས་དམིགས་བསལ་གྱི་སློབ་གྲྭ་རུ་ཞལ་ལག་དཀར་ཟས་མ་གཏོགས་དམར་ཟས་མ་གཏང་བ་དེ་རེད་འདུག འདི་དང་མཉམ་དུ་སྤྱིར་བཏང་གི་སློབ་གྲྭ་ཚང་མའི་ནང་ནམ་རྒྱུན་བྱེད་སྒོ་མང་དག་ཅིག་ཡོད། འདི་ལོ་དམིགས་སུ་བཀར་ནས་ང་ཚོའི་གོ་སྟོན་ཚོགས་ཆུང་གིས་བོད་ལྗོངས་ང་ཚོའི་ཕ་ཡུལ་ཟེར་བའི་ལས་འགུལ་ཞིག་གསར་བཙུགས་གནང་བ་མ་ཟད། དེར་ང་དང་ངའི་སློབ་གྲོགས་ཚང་མས་དགའ་སྣང་ཆེན་པོའི་ངང་མཉམ་ཞུགས་བྱས་ཡིན། དེར་ང་བྱེད་སྒོ་ཚང་མའི་ནང་ནས་སྐྱིད་ཤོས་དང་དགའ་ཤོས་བྱུང། ངས་ལོ་འདི་འགོ་བཙུགས་པ་ནས་བཟུང་དགེ་རྒན་དང་ཕ་མས་རྟག་ཏུ་གསུངས་པ་ལྟར་གལ་ཆེན་པོ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ང་ཚོའི་བོད་ཡིག་དགེ་རྒན་གྱིས་རྟག་ཏུ་ཐོག་མར་རང་ཉིད་ཀྱི་གལ་ཆེ་བའི་ལས་དང་མི་སྣ། དངོས་པོ་རྣམས་ལ་གལ་ཆེན་པོ་རྩིས་དགོས། མ་གཏོགས་མི་གཞན་གྱིས་རྩིས་རྒྱུ་ཁག་པོ་རེད་གསུངས་ཀྱི་འདུག སོང་ཙང་ངས་དུས་རྟག་ཏུ་བོད་ཀྱི་དུས་ཆེན་གྱི་མིང་དང་ལས་འགུལ་གང་འདྲ་ཞིག་ཡིན་རུང་ཐོག་མར་དེའི་སྐོར་ཤེས་རྒྱུ་དང་། དེ་གལ་ཆེན་པོར་བརྩི་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད། ང་ཚོ་སྦེལ་ཀོབ་ཏུ་མི་ཚང་མ་ཞོགས་པ་སྔ་པོ་ལངས་ནས་ཕོ་བྲང་དུ་འགྲོ་ཡི་ཡོད། ང་ཡང་དེར་སྔ་པོ་ནས་ནང་མི་དང་ལྷན་དུ་འགྲོ་བ་ཡིན། དེར་ང་ཚོས་བསང་གསོལ་བཏང་བ་ཡིན། སྦེལ་ཀོབ་ཏུ་མཛད་རིམ་ཆུ་ཚོད་དགུ་པ་ནས་འགོ་བཙུགས་སོང། ང་ཚོ་སློབ་ཕྲུག་ཚང་མས་མཛད་སྒོ་དེར་གཞས་འཁྲབས་པ་དང། གཞིས་གྲོང་མི་ཚང་མས་གཞས་སྣ་འདྲ་མིན་མང་པོ་འཁྲབས་གནང་སོང། ང་ཚོའི་འཛིན་གྲྭའི་སློབ་ཕྲུག་ངོས་ནས་སྟོད་མངའ་རིས་ཀྱི་གཞས་ཞིག་འཁྲབས་ཡིན། གཞས་འཁྲབས་ཚར་རྗེས་ཕྱི་ལ་རྩེད་ཆས་མང་པོ་ཡོད་ས་ཞིག་ནས་ངས་རྩེད་ཆས་ཤིག་དང་རྔན་པ་མང་པོ་ཉོས་པ་ཡིན། དེ་ནས་ཉིན་དང་པོའི་མཛད་སྒོ་དེ་ཚར་རྗེས་ང་རང་ཕོ་བྲང་ནས་ཕྱིར་ཐོན་རྗེས་ང་དང་ངའི་ནང་མི་རྣམས་དགོན་པ་རུ་ཆོས་མཇལ་དུ་འགྲོ་ཡིན། ལམ་བར་དུ་ངས་ཁྱི་དེ་ཚོ་ལ་ཟས་ཁ་ཤས་སྤྲད་ཡིན། འཁྲུངས་སྐར་ཉིན་གསུམ་མུ་མཐུད་འདི་ལྟར་སྤྲོ་སྐྱིད་ཆེན་པོའི་ངང་སྲུང་བརྩི་ཞུས་པས། ང་རང་གིས་ཉིན་མོ་དེ་དག་ངའི་མི་ཚེ་ནང་གི་ཉིན་མོ་སྐྱིད་ཤོས་ཤིག་ཡིན་པ་ཚོར་བ་ཆེན་པོ་སྐྱེས་སོང། མ་ཟད་ངས་དགོན་པ་རུ་སྐོར་ར་མང་པོ་བརྒྱབ་པ་ཡིན། ཉིན་གསུམ་དེ་ཡུད་ཙམ་ཞིག་ན་འགྲོ་བ་ལྟར་ཚོར་བ་བྱུང། ད་དུང་སློབ་གྲྭར་སླེབས་སྐབས་སློབ་མ་ཚང་མས་དེའི་སྐོར་སྐད་ཆ་ལྷུག་པོ་བཤད་ཀྱི་འདུག ངས་ཀྱང་ཁོང་ཚོ་དང་ལྷན་དུ་སྐད་ཆ་བཤད་པའི་སྐབས་ཉིན་གསུམ་གྱི་བྱེད་སྒོ་མང་པོའི་ནང་ནས་དྲན་ཤེས་ཡག་ཤོས་རྒྱ་གར་བ་ཞིག་གིས་བོད་གཞས་ཡག་པོ་བཏང་བའི་སྐོར་ལ་བཤད་སྐབས་ཁོང་ཚོས་ཀྱང་དེའི་སྐོར་ལ་ང་རང་ནང་བཞིན་ཡ་མཚན་ཆེན་པོ་སྐྱེས་འདུག དེ་དང་ལྷན་ངས་ཁོང་ཚོ་ལ་ངས་མཐོང་བའི་རྨོ་ལགས་ཤིག་མི་དེས་གཞས་གཏོང་དུས་ངུ་བཞིན་པ་མཐོང་བའི་སྐོར་ཞུས་དུས་ཁོང་ཚོས་ང་ལ་འདི་དངོས་གནས་རེད་དམ་ཅེས་དྲི་བ་དྲིས་བྱུང། ངས་ལན་དུ་ངས་དངོས་གནས་མཐོང་བྱུང་ཞུས་པ་ཡིན། ཁོང་ཚོ་ཚང་མ་འདི་ལའང་ཡ་མཚན་ཆེན་པོ་སྐྱེས་འདུག ང་ཚོས་ཁ་གཅིག་གྲག་གིས་ཞུ་རྒྱུ་ལ་ད་ལོ་འཁྲུངས་སྐར་དམིགས་བསལ་གྱི་སྐྱིད་པོ་བྱུང་སོང་ལབ་མཁན་རྐྱང་རྐྱང་རེད་འདུག ངས་སྨོན་ལམ་ལའང་ང་ཚོ་ལོ་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་གཟབ་རྒྱས་ངང་བཏང་ཐུབ་པར་ཤོག་བཅས་སྨོན་ལམ་རྒྱག་གི་ཡོད། མཐའ་དོན། ༸གོང་ས་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་པ་དང་། ཐུགས་ཀྱི་དགོངས་དོན་ཆ་ཚང་འགྲུབ་པར་ཤོག་ཅེས་སྨོན་འདུན་ཞུ།

༸སྐུའི་གོ་སྟོན་སྲུང་བརྩི་དང

༸སྐུའི་གོ་སྟོན་སྲུང་བརྩི་དང་འབྲེལ་བའི་ཉིན་ཐོ།

བསྟན་འཛིན་བསོད་ནམས། འཛིན་གྲྭ་ལྔ་པ།ཀེ་ལཱཤ་པུ་ར་སཾ་བྷོ་ཊ་ཉིན་སློབ། སྤྱི་ལོ་ ༢༠༢༥ ཟླ་ ༩ ཚེས་ ༡༥ ཞོགས་པ་ཕྱག་ཚོད་ ༧ པར་ལངས་པ་ཡིན། ཉིན་མོ་དེ་ནི་ཉིན་མོ་གཞན་དང་མི་འདྲ་བ་ཉིན་དམིགས་བསལ་ཞིག་ཡིན། གང་ཡིན་ཟེར་ན། ང་ཚོ་སློབ་གྲྭ་ལ་༸གོང་ས་མཆོག་དགུང་ལོ་དགུ་བཅུར་ཕེབས་པའི་གོ་སྟོན་སྲུང་བརྩི་ལ་ ༼  གོང་ས་མཆོག་གི་ལྡུམ་ར་༽ གཅིག་དབུ་འབྱེད་གནང་བ་རེད། ཉིན་དེའི་ཉིན་ཐོ་ཞིག་འབྲི་རྒྱུ་ཡིན། སྤྱི་བཏང་ང་ཚོའི་སློབ་གྲྭ་ལ་ལྡུམ་ར་ཆེན་པོ་གཅིག་ཡོད། ལྡུམ་ར་དེ་ནི་ལྡུམ་ར་རྙིང་པ་ཞིག་ཡིན། དེ་རིང་གི་ལྡུམ་ར་དེ་ལྡུམ་ར་དམིགས་བསལ་ཞིག་ཡིན། དེ་ནི་༸གོང་ས་མཆོག་གི་མཚན་ཐོག་བཟོས་པའི་ལྡུམ་ར་རྩ་ཆེན་པོ་ཞིག་ཆགས་ཡོད། ལྡུམ་ར་དེའི་ཆེད་དུ། ང་ཚོ་སློབ་ཕྲུག་ཚང་མས་མེ་ཏོག་ཡག་ཤོས་རེ་རེ་ཞལ་འདེབས་གནང་བ་ཡིན། ངའི་ཨ་མ་ལགས་ཀྱིས་ལྡུམ་ར་དེའི་ཆེད་དུ་ཁྲོམ་ནས་རྒྱ་སེའི་མེ་ཏོག་སེར་པོ་ཞིག་ཉོས་གནང་བྱུང་། མེ་ཏོག་དེར་ལྟ་དུས་ནས་སྙིང་རྗེ་མོ་ཞིག་འདུག དྲི་མ་ཡང་ཞིམ་པོ་འདུག ངས་ཉིན་དེར་མེ་ཏོག་དེ་ཁྱེར་ནས་སློབ་གྲྭའི་དགེ་ཆེ་ལགས་ལ་ཕུལ་བ་ཡིན། ངས་མེ་ཏོག་དེ་སློབ་གྲྭ་ལ་སྤྲད་པའི་རྗེས་སུ་སེམས་ལ་བདེ་བ་དམིགས་བསལ་ཞིག་སྐྱེས་བྱུང་། ང་ཚོ་སློབ་ཕྲུག་ཚོས་སྤྲད་པའི་མེ་ཏོག་དེ་ཚོ་ཚང་མ་ལྡུམ་རའི་ནང་མཐོང་དུས་ཧ་ཅང་གི་མཛེས་སྡུག་ལྡན་པ་ཞིག་འདུག ང་ཚོའི་ཁང་སྲུང་བས་མེ་ཏོག་ཆེ་ཆུང་ལ་བལྟས་ནས་བང་བསྒྲིགས་སོང་། ང་ནི་ང་རང་གིས་ཁྱེར་བའི་རྒྱ་སེ་མེ་ཏོག་དེ་བཙལ་རྒྱུར་བྲེལ་བ་ཆེན་པོ་ཆགས་སོང་ན། ངའི་མཛེས་སྡུག་ལྡན་པའི་རྒྱ་སེ་མེ་ཏོག་སེར་པོ་དེ་༸གོང་ས་མཆོག་གི་སྐུ་པར་འོག་ལ་རྙེད་དུས། ངའི་སེམས་ལ་དེ་བས་དགའ་སྣང་ཞིག་སྤྲད་བྱུང་། དེ་ནས་དྲིལ་བུ་ཞིག་བརྡུངས་སོང་། དྲིལ་བུ་དེས་ང་ཚོ་ཚང་མ་ལྡུམ་རའི་དབུ་འབྱེད་མཛད་སྒོ་ལ་འཛོམས་དགོས་པའི་བརྡ་བཏང་རེད། ང་དང་ངའི་གྲོགས་མོ་གཉིས་སོ་སོའི་མེ་ཏོག་གི་འགྲམ་དུ་བསྡད་པ་ཡིན། དེ་རིང་མཛད་སྒོའི་སྐུ་མགྲོན་ནི་སློབ་གྲྭ་ཆེན་བའི་སློབ་སྤྱི་མཆོག་རེད་འདུག ཁོང་གིས་༸གོང་ས་མཆོག་གི་ལྡུམ་ར་དབུ་འབྱེད་གནང་ཚར་བ་དང་མེ་ཏོག་གི་ཡོན་ཏན་དང་མེ་ཏོག་ལ་གནོད་སྐྱེ་རྒྱུ་མེད་པ་གསུངས་གནང་བྱུང་། ངའི་སེམས་ལ་དེ་རིང་ནས་བཟུང་ངས་མེ་ཏོག་ལ་གནོད་མི་སྐྱེལ་བའི་དམ་བཅའ་ཡང་བཞག་པ་ཡིན། ཁོང་གི་བཀའ་སློབ་ཚར་བ་དང་། ང་ཚོའི་སློབ་གྲྭའི་དགེ་ཆེ་ལགས་ནས་སློབ་མ་རྣམས་ལ་༸གོང་ས་མཆོག་གི་བཀའ་སློབ་སྙིང་གི་ནོར་བུ་བསྟན་གནང་བྱུང་། དགེ་ལགས་གཅིག་གིས་བཀའ་སློབ་དེ་འགྲེལ་བཤད་བརྒྱབ་གནང་བྱུང་། སློབ་ཕྲུག་མང་ཆེ་བས་ཡག་པོ་མཉན་སོང་། ངའི་མདུན་ལ་ཡོད་པའི་འཛིན་གྲྭ་གཉིས་པའི་བུ་ཞིག་གིས་ཡག་པོ་མཉན་མ་སོང་། ཁོས་མི་གཞན་ལ་སྙད་རྐོ་ནས་བསྡད་སོང་། ངས་ཁོང་ལ་མིག་ཆེན་པོ་ཞིག་བལྟས་ནས་བཀའ་སློབ་ཉན་དགོས་པའི་བརྡ་ཞིག་བྱས་ཀྱང་ཉན་མ་བྱུང་། ༸གོང་ས་མཆོག་གི་བཀའ་སློབ་རྫོགས་པ་དང་དགེ་ཆེ་ལགས་ཀྱིས་དྲི་བ་དྲིས་ལན་འགོ་བཙུགས་གནང་སོང་། ངས་དྲི་བ་གཉིས་ལ་ལན་བརྒྱབ་པ་ཡིན། དེ་རིང་ངས་༸གོང་ས་མཆོག་གི་བཀའ་སློབ་སྙིང་གི་ནོར་བུ་ཡག་པོ་ཞེ་དྲགས་ཉན་པ་ཡིན། ང་ཉིན་དེ་ལ་ཧ་ཅང་གི་སྐྱིད་པོ་བྱུང་། ངས་ཉིན་དེ་ནས་བཟུང་རང་ཉིད་སྤྱོད་པ་བཟང་པོ་ཞིག་བྱ་རྒྱུའི་དམ་བཅའ་ཡང་བཞག་པ་ཡིན། བོད་ཀྱི་དབུ་ཁྲིད་བསྟན་འཛིན་རྒྱ་མཚོ་མཆོག་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག །