བསྟན་འཛིན་དབངམོ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ འཛིན་གྲྭ་དགུ་པ། གྲང་རླུང་འུར་འུར་དུ་ལྡང་ཞིང་ཕྱི་རུ་ཁྱི་རྣམས་མུན་ནག་གི་ཁྲོད་དུ་“བའོ་བའོ”ཞེས་སྐད་རྒྱག་བཞིན་འདུག མ་ཟད་ཆར་པ་ཤག་ཤག་ཏུ་བབས་ནས་ཆར་ཐིག་གི་སྐད་དང་། ཆར་རླུང་གི་ཤག་སྒྲ་དེ་དག་གིས་བདག་ལ་སྔར་ལས་ལྷག་པའི་རྩོམ་ཡིག་འབྲི་རྒྱུའི་འདུན་པ་ཞིག་སྦྱིན། དགོང་མོ་དེར་ངས་ཁེར་རྐྱང་ངང་དཀར་གསལ་ཟླ་སྒོར་དེའི་འོག་ཏུ་རང་སྦྱོང་བྱེད་སའི་ནག་ཅིང་སྣུག་པའི་ཅོག་ཙེའི་དེའི་སྒང་ལ་ཁྱིམ་གྱི་གློག་སྒྲོན་ཆུང་ཆུང་དེ་སྦར་ནས་དེའི་འོག་ཏུ་སེམས་ཤུགས་ཆེན་པོའི་ངང་རྩོམ་ཡིག་འབྲི་འགོ་བརྩམས་པ་ཡིན། གུས་མོ་ང་རང་གི་ཀ་ཁའི་དབྱངས་རྟ་སྙན་མོ་གྱེར་ས་དེ་ནི་མ་ཡུམ་དཔེ་སྟོན་སློབ་གྲྭ་ཡིན། ང་རང་ད་བར་སློབ་གྲྭའི་རྭ་སྐོར་ཆུང་ཆུང་དེའི་ནང་དུ་འཚར་ལོངས་བྱུང་བའི་སློབ་ཕྲུག་དཀྱུས་མ་ཞིག་ཡིན། འདས་ཟིན་པའི་ལོ་དེ་དག་གི་ནང་དུ་ངའི་མཐོང་སྣང་ལ་སློབ་གྲྭའི་ནང་གི་ལས་བྱེད་དང་དགེ་རྒན་དག་ནི་སྤྱི་ཚོགས་འདིའི་ནང་ཧ་ཅང་དཀོན་པའི་བློ་དཀར་སེམས་དཀར་ཅན་ཞིག་དང་། གཞུང་དྲང་བོད་མི་ཞིག་ཡིན་པར་ངས་སེམས་ནས་ཡིད་ཆེས་དང་དད་པ་བྱེད་བཞིན་ཡོད། གང་ཡིན་ཟེར་ན། ཁོང་རྣམས་པས་ང་ཚོ་སློབ་མ་རྣམས་ལ་རང་ཉིད་ཀྱི་ཕྲུ་གུ་བཞིན་འདུ་ཤེས་བཟུང་སྟེ་ང་ཚོར་བྱམས་སྐྱོང་གནང་གི་འདུག ངའི་བསམ་པར་སློབ་མ་ང་ཚོར་སློབ་གྲྭ་བཟང་པོ་འདི་དང་དགེ་རྒན་བཟང་པོ་ཁོང་ཚོའི་འོག་ཡི་གེ་སྦྱོང་རྒྱུ་རག་པ་དེ་སློབ་མ་ང་ཚོའི་ཚེ་སྔོན་གྱི་ལས་ཤིག་རེད་ཡང་སྙམ་མྱོང་། དགེ་རྒན་རྣམ་པས་བོད་པའི་སོན་རྩ་ང་ཚོའི་ཆེད་དུ་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་བྱས་ཏེ་མཚམས་རེ་ཕྱི་པོ་བར་དུ་སང་ཉིན་གྱི་སློབ་ཚན་འཆར་འགོད་བྱས་ཏེ་ཞུགས་དགོས་ཁེལ་གྱི་ཡོད་། འོན་ཀྱང་སང་ཞོགས་དེར་ཁོང་རྣམ་པས་སེམས་ཤུགས་ཆེན་པོའི་ངང་དམིགས་ཡུལ་ཆེན་པོ་ཞིག་ཁྱེར་ནས་འཛིན་གྲྭའི་ནང་བྲེལ་འཚུབ་ཀྱིས་བསླེབས་ཏེ། ང་ཚོར་སློབ་ཁྲིད་དང་མ་འོངས་པའི་མདུན་ལམ་ཐོག་སློབ་གསོ་གང་གཟབ་གནང་སྟེ། རྩི་ཤིང་སྐམ་པོ་ཞིག་ལ་ཆུ་སྦྱིན་པ་ལྟར་གྱི་རྩི་ཤིང་དེ་སྐྱེ་འཕེལ་བྱེད་བ་ལ་ཕན་པའི་ཕྱག་ལས་གང་མང་གནང་གི་ཡོད། དགེ་རྒན་རྣམས་པས་ང་ཚོར་ཉིན་ལྟར་ཁ་ན་ན་བར་དུ་མ་འོངས་པའི་ཆེད་འོད་ཟེར་གྱི་མདུན་ལམ་སྦྱིན་ཏེ་ང་ཚོར་དྲན་སྐུལ་ཐེངས་མང་བྱེད་མྱོང་། ཁོང་རྣམས་པས་ང་ཚོར་ཉིན་ལྟར་སྤྱི་ཚོགས་ནང་མི་ཡ་རབས་དང་ལྡན་པ་ཞིག་ལས་གཞན་གཡོ་ཁྲམ་གསུམ་ཅན་དང་། མི་རྨོངས་གཉིད་ཀྱིས་བཏུམས་པའི་འཇོན་མེད་ནུས་མེད་ཀྱི་སློབ་ཕྲུག་ཅིག་བྱེད་རྒྱུ་མེད་པའི་དྲན་སྐུལ་གྱི་སློབ་གསོ་བཟང་པོ་ཉིན་གཅིག་ཀྱང་མ་ཆད་པར་གསུང་བཞིན་ཡོད། ངས་ཁ་སྔོན་གྱི་དུས་ཚོད་ཅིག་ལ་ཕྱིར་དྲན་ཞིག་བྱེད་དུས་རྒན་ལགས་རྣམས་པས་རང་ཉིད་ཀྱི་ལས་ཁུར་འཁུར་དུ་བླངས་ཏེ་སློབ་མ་ང་ཚོའི་ཤེས་ཡོན་ཆུ་ཚད་འཐུས་ཤོར་མི་འགྲོ་བའི་ཆེད། དགེ་རྒན་ཞིག་ཡིན་པའི་ཆ་ནས་སེམས་འཁུར་དང་ཐུགས་འཁུར་གནང་ནས་ང་ཚོར་དུས་ཁོམ་བྱུང་ཚེ་སློབ་གྲྭ་གྲོལ་ནས་ཟུར་ཁྲིད་བྱ་རྒྱུ་ཡིན་པ་དང་། སློབ་ཕྲུག་ང་ཚོ་དུས་ཐོག་ཏུ་འཛོམས་དགོས་པའི་བཀའ་ཕེབས་ཀྱང་། ཕྲུ་གུ་ཐ་ཤལ་དང་གླེན་པ་ང་ཚོས་འདོད་ལ་མི་འདོད་ཀྱི་རྣམ་འགྱུར་སྐྱུག་བྲོ་བོ་ཞིག་བསྟན་ནས་ནང་སྦྱོང་དང་ཟུར་ཁྲིད་དག་ལེ་ལོ་དང་ཉོབ་སྣང་གི་ངང་བྲིས་པ་ཡིན། ད་ལྟ་དེ་ཚོ་སེམས་ལ་དྲན་དུས་གུས་མོ་ང་གཅིག་པོ་མ་ཡིན་པར་ང་དང་ང་འདྲ་བའི་སློབ་ཕྲུག་རྣམས་ཀྱང་གནོང་འགྱོད་དྲག་པོ་སྐྱེ་ཡི་འདུག གང་ཡིན་ཟེར་ན་དེ་སྔོན་བུ་མོ་གླེན་མ་ངས་གོ་སྐབས་བཟང་པོ་དེ་དམ་འཛིན་ཡག་པོ་བྱེད་ཐུབ་མ་སོང་། དེང་སང་ཆ་བཞག་པ་ཡིན་ན་ཏོག་དབྱིབས་ནད་རིམས་དེའི་རྐྱེན་གྱིས་རྒན་ལགས་རྣམས་པས་སློབ་མ་ང་ཚོར་དྲ་རྒྱ་བརྒྱུད་སློབ་ཁྲིད་བྱ་དགོས་ཡོད་སྟབས། ཁོང་རྣམས་ཀྱིས་སློབ་མ་ང་ཚོར་སློབ་ཁྲིད་བྱ་རྒྱུའི་ཆེད་དུ་དྲ་རྒྱ་བརྒྱུད་ནས་སླབོ་སྦྱོང་སྤྲོད་ཐབས་བྱེད་ཀྱི་ཡོད་། ཁོང་རྣམས་པའི་བྱས་རྗེས་རྣམས་གུས་མོ་ང་གཅིག་པོ་མ་ཡིན་པར་སློབ་གྲྭའི་སློབ་ཕྲུག་ཕལ་མོ་ཆེའི་སེམས་ནང་རྡོ་ལ་རི་མོ་བཀོད་པ་ལྟར་དྲན་ངེས་རེད་། ང་ཚོས་ནམ་ཡང་ཁྱེད་རྣམས་པའི་རི་ལས་ལྗིད་པའི་བྱས་རྗེས་རྣམས་བརྗེད་མི་སྲིད་། བཀའ་དྲིན་ཆེ། ང་ཡི་སློབ་དཔོན་ལགས།
འཛམ་གླིང་ཁོར་ཡུག་གི་ཉིན་མོ།
བསྟན་འཛིན་ཚེ་དཔལ། སཾ་བྷོ་ཊ་གུ་རུ་པུ་ར་སློབ་གྲྭ འཛིན་གྲྭ་དགུ་པ། ཕྱི་ཟླ་ ༦ པའི་ཚེས་ ༥ ཉིན་འཛམ་གླིང་ས་ཕྱོགས་གང་སར་ཁོར་ཡུག་གི་ཉིན་མོར་སྲུང་བརྩི་ཞུ་བཞིན་ཡོད། སྲུང་བརྩི་འདི་ཐོག་མར་ཕྱི་ལོ་ ༡༧༩༣ ལོའི་ནང་དུ་འགོ་འཛུགས་བྱས་ནས་ད་བར་མུ་མཐུད་སྲུང་བརྩི་ཞུ་བཞིན་ཡོད་པས། རྒྱལ་སྤྱིའི་ནང་གི་མཁས་པ་དང་ཁོར་ཡུག་ལ་དགའ་མཁན་ཚོས་ཉིན་མོ་འདི་གལ་ཆེན་ཞིག་ཏུ་བརྩིས་ནས་སྙན་ངག་འབྲི་བ་དང་། ལྕང་མ་འདེབས་འཛུགས་བྱེད་པ་སོགས་བྱེད་ཀྱི་ཡོད། ཉིན་མོ་འདི་སྲུང་བརྩི་ཞུ་དོན་གཙོ་བོ་ནི་འཛམ་གླིང་མི་མང་ཚོས་ཁོར་ཡུག་ལ་དོ་སྣང་དང་། དམིགས་བསལ་ཁོར་ཡུག་ཟེར་བ་འདི་གལ་ཆེན་པོ་ཡིན་པའི་སྐོར་ལ་ཤེས་རྟོགས་ཡོང་བའི་ཆེད་ལམ་དང་ལུགས་སྲོལ་ཞིག་སྤེལ་ནས་བསྡད་ཡོད། ཁོར་ཡུག་ནི་ང་ཚོའི་གཡས་གཡོན་དུ་ཡོད་པའི་སྲོག་ཆགས་དང་རྩི་ཤིང་དེ་བཞིན་རླུང་སོགས་ལ་གོ་ཐུབ་ཀྱི་ཡོད། དེའི་ནང་འཚོ་བ་བསྐྱལ་ནས་སྡོད་མཁན་རྣམས་ལ་ཁོར་ཡུག་ཡག་པོ་ཞིག་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་རེད། མི་དང་སེམས་ཅན། རྩེ་ཤིང་སོགས་གནས་ཐུབ་པར་ཁོར་ཡུག་གཙང་མ་ཞིག་དགོས་གལ་ཆེ་བ་ཡིན། ས་དང་། ཆུ། རླུང་སོགས་ཡག་པོ་མེད་ན་སྲོག་ཆགས་རྣམས་གནས་མ་ཐུབ། ད་ལྟའི་དུས་སྐབས་འདིར་ང་ཚོའི་ཁྱིམ་ནང་བཞིན་གྱི་འཛམ་གླིང་འདི་མུ་མཐུད་དེ་སྦགས་བཙོག་དང་ཉེན་ཚབས་ཆེ་རུ་བཟོས་པ་ཡིན་ན། ཁོར་ཡུག་ཙམ་མ་ཟད་དེའི་ནང་དུ་འཚོ་བ་བསྐྱལ་ནས་སྡོད་མཁན་གྱི་སྲོག་ཆགས་དང་རྩི་ཤིང་། དེ་བཞིན་རང་བྱུང་གི་ཁམས་ལ་གནོད་སྐྱོན་ཤུགས་ཆེན་པོ་བྱུང་ན། ང་ཚོའི་འཛམ་གླིང་འདི་གཏོར་བཤིག་ཏུ་འགྲོ་ཡི་རེད། དེ་དུས་ང་ཚོས་བཟས་པའི་ཁ་ལག་དང་ཁ་རླངས་ཆ་ཚང་ཁོར་ཡུག་སྦགས་བཙོག་དེས་རྐྱེན་པས་ང་ཚོར་ནད་རིགས་འདྲ་མིན་དང་། གཟུགས་པོར་ཟུངས་ཤུགས་མེད་པ་གྱུར་ཏེ། ནད་ན་ཚ་མང་པོ་བྱུང་ནས་ཚེ་རིང་པོ་མ་བསྡད་པར་ཤི་འགྲོ་ཡི་རེད། དེ་འདྲ་སོང་ཙང་། ང་ཚོས་ག་དུས་ཡིན་ནའང་ཁོར་ཡུག་ལ་བདག་གཅེས་དང་སྲུང་སྐྱོབ་བྱས་ནས་གཙང་མ་བཟོ་བ་དང་། ཉམས་པ་རྣམས་བསྐྱར་དུ་གསོ་བ་དང་། ཤིང་སྣ་འདེབས་འཛུགས་སོགས་བྱེད་དགོས་རེད། དེ་འདྲ་སོང་ཙང་། དུས་ནས་དུས་སུ་ཁོར་ཡུག་གཙང་མ་བཟོ་རྒྱུ་ནི་གལ་ཆེན་པོ་ཞེ་དྲག་རེད། དེང་སང་འཛམ་གླིང་ཁོར་ཡུག་གི་ཉིན་མོ་འདི་གལ་ཆེན་པོ་བརྩིས་ནས་ས་ཕྱོགས་གང་ས་ནས་འཛམ་གླིང་ཁོར་ཡུག་གི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད། འཛམ་གླིང་གང་ས་ནས་ཁོར་ཡུག་ཉིན་མོ་འདིར་ཤིང་སྣ་འདེབས་བཛུགས་དང་ཁོར་ཡུག་གཙང་མ་བཟོ་བའི་ལས་གཞི་སྣ་ཚོགས་སྤེལ་བ་དང་། མི་རྒན་པ་དང་ཆུང་བ་ཚང་མ་ལ་ཁོར་ཡུག་གི་སྐོར་གོ་རྟོགས་སྤེལ་ནས་ཁོར་ཡུག་ཟེར་བ་འདི་གལ་ཆེན་པོ་ཡིན་པའི་སྐོར་ལ་འགྲེལ་བཤད་བྱེད་པ་དང་བྱེད་སྒོ་ཡང་གང་མང་མང་སྤེལ་ཏེ། མི་སོ་སོའི་གོམས་གཤིས་ནང་དུ་ཁོར་ཡུག་ཟེར་བ་འདི་གལ་ཆེན་པོ་ཡིན་པའི་སྐོར་ལ་སློབ་སྦྱོང་སྤྲོད་བཞིན་ཡོད། ང་རང་ཚོའི་བོད་ལྟ་བུ་ལ་ཡང་ཆ་མཚོན་ན། སྔོན་མ་བོད་དེ་རང་བཙན་ཡིན་པའི་སྐབས་སུ་བོད་ཀྱི་ཁོར་ཡུག་འདི་ཧ་ཅང་གི་མཛེས་པོ་དང་ཕྱོགས་ཚང་མ་གངས་རིས་བསྐོར་ནས་ཡོད་པ། དེའི་ནང་དུ་ཡོད་པའི་སྤང་རི་དང་། ནགས་རི། མེ་ཏོག་རྣམས་སྨན་གྱི་རིགས་ཤ་སྟག་ཡིན་པ་མ་ཟད། ནམ་དུས་བཞི་ཡིན་ཡང་སོ་སོའི་ཁོར་ཡུག་གི་རང་བཞིན་འགྱུར་བ་ལ་བརྟེན་ནས་ནམ་དུས་བཞི་རུ་འགྱུར་བ་ང་ཚོས་མངོན་གསལ་དོད་པོས་མཐོང་ཐུབ་ཀྱི་རེད། ཡིན་ནའང་ད་ལྟ་བར་དུ་རྒྱ་ནག་དམར་པོས་བོད་ནང་བཟོ་གྲྭ་འདྲ་མིན་སྣ་ཚོགས་འཛུགས་པ་དང་། གཙང་ཆུའི་ནང་དུག་རྫས་འདྲ་མིན་སྣ་ཚོགས་གཡུགས་པའི་རྐྱེན་གྱིས་ཁོར་ཡུག་ལ་གནོད་ཆེ་ཚབས་ཆེན་ཐེབས་ཏེ། བོད་ཀྱི་མཐའ་སྐོར་གྱི་གངས་རི་རྣམས་བཞུར་བ་དང་། བོད་ཀྱི་གནམ་གཤིས་ལ་འགྱུར་བ་ཕྱིན་ནས་ཚ་བ་ཆེ་རུ་འགྲོ་བཞིན་ཡོད། བོད་ཀྱི་ཁོར་ཡུག་ལ་འགྱུར་བ་ཤུགས་ཆེ་ཕྱིན་པ་ཡིན་ན། འཛམ་གླིང་གི་ཁོར་ཡུག་ཚང་མ་ལ་འགྱུར་བ་འགྲོ་ཡི་ཡོད་པ་ངེས་པ་རེད། རྒྱུ་མཚན་ནི་བོད་ཀྱི་རྒྱུག་ཆུ་རྣམས་རྫོགས་པ་ཡིན་ན་འཛམ་གླིང་གང་སར་དཀའ་ངལ་ཆེན་པོ་ཡོང་གི་རེད། གངས་རི་རྣམས་བཞུར་བ་ཡིན་ན་བོད་ཙམ་མ་ཟད་འཛམ་གླིང་ཚང་མར་ཚ་བ་ཆེ་རུ་འགྲོ་བ་གསལ་པོ་རེད། མཐའ་མ་དེར་ང་ཚོ་ཚང་མས་ཁོར་ཡུག་གི་ཉིན་མོ་འདིར་རྩི་ཤིང་འདེབས་འཛུགས་བྱེད་པ་ལས་གང་བྱུང་གིས་རྩི་ཤིང་གཅོད་འབྲེག་རྩ་བ་ནས་མ་བྱེད་རོགས་གནང་། ལྷག་པར་དུ་ཁོར་ཡུག་ལ་སྦགས་བཙོག་བཟོ་རྒྱུ་སོགས་མི་བྱེད་པར་གཙང་མ་བྱས་ནས་ཉར་རོགས། […]
ངའི་གྲོང་གསེབ་ཀྱི་རི་མི།
བསྟན་འཛིན་ཚེ་འཕེལ། སཾ་བྷོ་ཊ་གུ་རུ་པུ་ར་སློབ་གྲྭ འཛིན་གྲྭ་དགུ་པ། རྒྱུན་ཆད་མེད་པར་གངས་རི་ནས་འབབ་པའི་རྦབ་ཆུ་དེ་ཚོ་འཇམ་ལ་གཙང་བ་མ་ཟད། ཆུའི་རྒྱལ་མོ་ཞིག་ལྷ་ཡུལ་ནས་མི་ཡུལ་དུ་ཡོང་བ་དང་འདྲ་ལ། བྱིས་པའི་དགའ་སྐྱིད་ལྡན་པའི་གསུངས་སྐད་དང་ཡངས་ཤིང་རྒྱ་ཆེ་བའི་སྤང་ལྗོངས་ཐོག་བ་ཕྱུགས་དང་། གཡང་དཀར་ལུག་གིས་ཁེངས་དུས་སྤྲིན་པ་དཀར་པོ་ཚོམ་བུ་ཅན་ཞིག་ས་ལ་འབབ་པ་ལྟར་སྣང་བ་མ་ཟད། དེ་འདྲའི་ཁོར་ཡུག་ཅིག་གི་འགྲམ་དུ་ང་ཚོའི་གྲོང་གསེབ་ཆུང་ཆུང་དེའི་མཐའ་སྐོར་ཚང་མ་ཤིང་སྡོང་གིས་བསྐོར་ནས་ཡོད། གྲོང་གསེབ་ཀྱི་མི་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་དང་དང་བྱམས་སེམས་ཅན་ཤ་སྟག་ཡིན་ཞིང་། ཕན་ཚུན་སྲུང་སྐྱོབ་དང་འཆམ་པོ་ཞེ་དྲག་ཡོད་པས་ནང་ཚང་གཅིག་ལྟ་བུ་ཡོད། ང་ཚོའི་གྲོང་གསེབ་ནས་མཚན་མོ་ནམ་མཁར་ལྟ་བའི་སྐབས་སུ་སྐར་ཚོགས་འོད་ཆེམ་ཆེམ་མང་བ་དང་། སྐབས་དེར་ང་ཚོ་རྩེད་མོ་རྩེས་ནས་སྡོད་ཀྱི་ཡོད་ལ་ང་ཚོ་དང་མཉམ་དུ་ཁྱི་དེ་ཚོ་ཡང་རྩེད་མོ་རྩེས་ནས་སྡོད་ཀྱི་རེད། མཚམས་རེ་རླུང་གིས་ཞིང་ཁའི་ནང་གི་ཤིང་འབྲས་ཀྱི་དྲི་ཞིམ་མཐུལ་བ་དང་། གླང་ཆེན་རྣམས་དེར་རྒྱུགས་ཡོང་ནས་ཤིང་ཏོག་ཟ་བར་སླེབས་ཀྱི་རེད། དུས་ཚོད་དེའི་སྐབས་ཞིང་པ་ཚོས་ཤོག་སྦག་སྤར་ནས་གླང་ཆེན་དེ་ཚོ་བྲོས་འཇུག་གི་རེད། ང་ཚོའི་གྲོང་ཚོར་ཞོགས་པའི་ཉི་མ་འཆར་བའི་སྐབས། བྱང་ཕྱོགས་ནས་ལྷག་པ་བསིལ་པོ་ལྡང་བ་དང་ཁང་པའི་ཐོག་གི་དར་ལྕོག་དག་གཡུག་གཡུག་གཏོང་བ་མ་ཟད། གྲང་བསིལ་བསིལ་གྱི་རླུང་བུ་དེ་ང་ཚོའི་གཟུགས་པོར་ཕོགས་པའི་སྐབས་ང་ཚོའི་སེམས་ཞི་འཇམ་ངང་གནས་ཀྱི་ཡོད། དེ་བཞིན་གྲོང་གསེབ་གྱི་ཉེ་འགྲམ་དུ་ཡོད་པའི་རྒྱུག་ཆུ་ཆེན་པོ་དེའི་སྒྲ་ནི་རྒྱ་མཚོའི་རྦ་རླབས་དལ་གྱིས་གཡོ་བའི་སྒྲ་ལྟར་ཡོད་པས་མི་རྣམས་སེམས་པ་ལྷོད་ལྷོད་དུ་གྱུར་བ་མ་ཟད། ཚེ་སྔོན་བསགས་པའི་དཀའ་སྡུག་ཡོངས་རྫོགས་ཆུ་སྒྲ་དེས་འཁྱེར་བའི་ཚོར་བ་ཞིག་དང་ལྷན། མི་རྣམས་ཀྱི་སེམས་ལ་བདེ་སྐྱིད་ཅིག་ངང་གིས་སྤྲོད་ཀྱི་ཡོད། རྒྱུག་ཆུ་ཡིས་དལ་གྱིས་གཡུགས་པའི་ཆུའི་སྒྲ་དེ་ནི་ནམ་མཁའི་ལྷ་མོ་གདན་འདྲེན་ཞུ་བ་དང་གཉིས་སུ་མ་མཆིས་ལ། ཉེ་འགྲམ་གྱི་བྱ་རྣམས་ཀྱིས་དགའ་སྤྲོའི་ངང་སྐད་སྒྲ་འདྲ་མིན་སྒྲོགས་བཞིན། སྐད་སྒྲ་དེ་དག་ནི་མཛེས་སྡུག་ཕུན་སུམ་ཚོགས་པའི་གླུ་གཞས་ཀྱི་སྒྲ་བཞིན་ཧ་ཅང་སྙན་ཞིང་འཇིབས། དེའི་སྐབས་རྒྱུག་ཆུ་ཡི་སྐད་དང་བྱ་བྱེའུ་ཡི་སྐད་སྒྲ་དེ་ཚོ་ཉན་པའི་སྐབས་གཉིད་ཤོར་ནས་རྨི་ལམ་ནང་། རང་ཉིད་ཆུང་ཆུང་སྐབས་ཀྱི་གནས་ཚུལ་དགའ་པོ་བྱུང་བ་དེ་ཚོ་དྲན་ནས་སྐྱིད་པོ་ཞེ་དྲག་འདུག དེ་དུས་སེམས་པ་ལྷོད་ལྷོད་དང་། ཞི་འཇམ་དང་། བསམ་བློ་ཚང་མ་དགའ་སྐྱིད་ཀྱིས་ཁེངས་ཡོང་གི་འདུག་ལ། སྐབས་དེ་ནི་དངོས་གནས་སྐྱིད་པོ་ཞེ་དྲག་བྱུང་། ང་གྲོང་གསེབ་ནས་ཤིང་ནགས་ནང་འགྲོ་བའི་སྐབས་ཤིང་སྡོང་རྣམས་ཀྲོང་ངེར་ལངས་པ་དང་། དེའི་ནང་དུ་ཡོད་པའི་སེམས་ཅན་རྣམས་དགའ་ཞིང་སྤྲོ་བའི་ངང་གནས་འདུག་ལ། དེར་རླུང་བུ་ལྡང་དུས་རླུང་གིས་རྒྱལ་པོས་དགའ་བསུ་ཞུས་ནས་གཞས་བཏང་བ་དང་འདྲ་ལ། ཤིང་ནགས་དེ་ནི་ཧ་ཅང་བསིལ་པོ་ཞེ་དྲག་འདུག དེ་ནས་མུ་མཐུད་ནས་ཕྱིན་པས་ཤིང་ནགས་ནང་གི་ལམ་ཁའི་ཟུར་ལ་ཡོད་པའི་ཤིང་སྡོང་དེ་དག་སྔོ་ལྡེམ་ལྡེམ་ངང་གནས་ཡོད་པ་མ་ཟད། ཞོགས་པའི་དུས་སུ་རླུང་བུས་འཁྱེར་ཡོང་བའི་ཤིང་ནགས་ནང་གི་དྲི་ཞིམ་དག་གཟུགས་པོ་འཕོས་ན། དེས་ན་ཚ་དྲག་པར་ཕན་ཐོགས་ཆེན་པོ་ཡོད་རེད། ཤིང་ནགས་དེ་ང་ཚོའི་གྲོང་གསེབ་ཀྱི་ནང་ནས་ཕལ་ཆེར་ས་ཆ་སྙིང་རྗེ་ཤོས་དང་འཁོད་སྙོམས་ཤོས་དེ་རེད། མི་འགའ་ཤས་ཤིང་ནགས་དེའི་ནང་ལྟད་མོ་ལྟ་བར་ཡོང་རྒྱུའི་ཆེད། དུས་ཚོད་མང་པོ་བཏང་ནས་ཤིང་ནགས་དེ་དང་ང་ཚོའི་གྲོང་ཚོ་ལ་ལྟ་བར་སླེབས་ཀྱི་རེད། ཡིན་ནའི་ཁོང་ཚོས་ང་ཚོའི་གྲོང་གསེབ་སྣང་བ་སྐྱིད་པོ་དེ་དང་ཤིང་ནགས་དེའི་ཡི་ཁྱད་ཆོས་མ་ཤེས་པར་འཁྱུག་ཙམ་ཞིག་ལ་ལོག་འགྲོ་ཡི་འདུག ངས་བྱས་ན་མི་གཅིག་པོ་མ་ཡིན་པར་ལྷ་དང་ལྷ་མོ་སུ་ཞིག་ཡོང་ན་ཡང་ང་ཚོའི་གྲོང་གསེབ་ཀྱི་སྣང་བ་སྐྱིད་པའི་ཁྱད་ཆོས་བཟང་པོ་དེ་ཚོ་མཐོང་ཐུབ་ཀྱི་མ་རེད།
ཏོག་དབྱིབས་ནད་རིམས་བཅུ་དགུ་
བསྟན་འཛིན་བདེ་ལྡན། སཾ་བྷོ་ཊ་གུ་རུ་པུ་ར། འཛིན་རིམ་དགུ་པ་གདུགས། རྒྱ་ནག་འུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་རིམས་བཅུ་དགུ་པ་ཞེས་པ་དེས་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་བརྡལ་བྱུང་ནས་འཛམ་གླིང་གང་སར་དཀའ་ངལ་ཧ་ཅང་ཆེན་པོ་སྤྲད་པ་ནི་ནམ་ཡང་སེམས་ནས་བརྗེད་ཐབས་མེད་པ་ཞིག་ཏུ་གྱུར། དཔེར་ན་དུས་ཚོད་དེའི་སྐབས་སུ་ཕྲུ་གུ་མང་པོ་ཞིག་དྭ་ཕྲུག་ཏུ་གྱུར་བ། རྒན་ཁོག་མང་པོ་ཞིག་གཅིག་པུར་ལྷག་པ། བཟའ་ཚང་ཡིན་ནའང་ཆ་མེད་དུ་གྱུར་ཏེ་ཕ་མ་མེད་པའི་ཕྲུ་གུ་སྟོང་ཕྲག་ལས་ལྷག་གྱུར་ཡོད། འཛམ་གླིང་ནང་དུ་ཡོད་པའི་མི་མང་པོ་དངུལ་མེད་པས་བཟའ་རྒྱུ་མ་རག་པར་གྲོད་པ་ལྟོགས་ནས་དཀའ་ངལ་མང་པོ་འཕྲད་དང་འཕྲད་བཞིན་པ་རེད། ད་དུང་སློབ་གྲྭའི་སློབ་ཕྲུག་མང་པོ་སློབ་གྲྭར་བསྐྱོད་མི་ཐུབ་པས་ནང་དུ་བསྡད་ནས་སློབ་སྦྱོང་ལ་དོ་སྣང་བྱས་ཏེ། རྒན་ལགས་ཀྱིས་གང་བསླབས་པ་རྣམས་གསལ་པོ་བྱས་ནས་སྦྱོང་བཞིན་ཡོད། ཡིན་ནའང་སློབ་ཕྲུག་སྤྱོད་པ་ངན་པ་ཚོས་དྲྭ་ཐོག་ནས་ཁྲིད་པའི་སློབ་ཚན་རྣམས་སྣང་མེད་དུ་བཏང་སྟེ། ཉིན་མ་གང་རྩེད་མོ་རྩེས་ནས་སྡོད་ཀྱི་ཡོད་པ་མ་ཟད། རྒན་ལགས་ཀྱིས་བཀུར་བའི་སྦྱོང་ཚན་ལ་དོ་སྣང་མ་བྱས་པར་སྐྱིད་པོ་བྱས་ནས་སྡོད་ཀྱི་ཡོད། དགེ་རྒན་ཚོས་ག་ཚོད་བསླབས་པ་ཡིན་ནའང་། ཁོང་ཚོ་སྟོང་པ་རེད་འདུག གལ་སྲིད་ནད་ཡམས་འདི་མུ་མཐུད་ནས་ལྷག་པ་ཡིན་ན་ང་ཚོའི་སློབ་སྦྱོང་ལ་རྗེས་ལུས་མང་པོ་ཐེབས་ས་རེད། ནམ་རྒྱུན་ང་ཚོའི་གཞིས་ཆགས་ཀྱི་མི་ཚོ་དགུན་ཁའི་དུས་སུ་ཚོང་རྒྱག་ཏུ་འགྲོ་ཡི་རེད། ད་ལོ་རྒྱ་ནག་འུ་ཧན་གྱིས་ནད་ཡམས་འདིས་དགུན་ཚོང་དུ་འགྲོ་མི་ཐུབ་པས་འཚོ་བའི་གནས་སྟངས་ལ་དཀའ་ངལ་མང་པོ་བྱུང་སོང་། ནད་ཡམས་འདི་མི་མང་པོ་ལ་བྱུང་ཡོད་པ་རེད་རང་ཉིད་ཀྱི་ས་གནས་ཧུན་སུར་རབ་རྒྱས་གླིང་ལ་ཆ་བཞག་ནའང་མི་མང་པོ་ཞིག་ལ་ནད་ཡམས་དེ་བྱུང་བ་མ་ཟད། ཁ་ཤས་ཀྱི་ནང་མི་ཡང་ནད་ཡམས་འདིས་གྲོངས་པ་རེད། འདི་ཚོ་མང་ཆེ་བ་ལོ་ན་རྒན་ཁོག་རེད། དེ་དུས་ང་ཚོ་སེམས་པ་ཧ་ཅང་སྐྱོ་པོ་བྱུང་སོང་ལ་མི་གྲོངས་མཁན་གྱི་ནང་མི་དེ་ཚོ་ལ་ཡང་དཀའ་ངལ་ཆེན་པོ་བྱུང་ཡོད་རེད། ད་ལྟའི་དུས་སུ་ང་ཚོའི་སྐུ་ངོས་ལགས་ཀྱིས་ནད་ཡམས་འདི་མ་ཡོང་བའི་ཆེད་དུ་མུ་མཐུད་ནས་བརྟག་དཔྱད་བྱེད་པ་དང་། ད་ལྟ་བར་དུ་༸གོང་ས་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བོད་མི་རྣམས་ལ་ནད་ཡམས་དེས་ཛ་དྲག་པོ་བྱུང་མེད་པས། ས་གནས་འཕྲོད་བསྟེན་སྨན་ཁང་དང་བོད་གཞུང་སྨན་རྩིས་ཁང་གཉིས་ཀྱི་སྨན་པ་དང་སྨན་ཞབས་པ་རྣམས་པས་ནད་ཡམས་སོགས་མི་ཡོང་བའི་ཆེད་དུ་གཞིས་ཆགས་ཀྱི་མི་རྣམས་ལ་ལྟ་སྐྱོང་ཧ་ལས་པའི་ཡག་པོ་གནང་གི་འདུག སོང་ཙང་ས་གནས་ལ་གནས་ཚུལ་ཛ་དྲག་པོ་དེ་འདྲ་བྱུང་མེད། ད་ལྟའི་དུས་ཚོད་འདི་ནི་འཛམ་གླིང་ནང་དུ་ནད་ཡམས་གྲངས་ཁ་མང་ཤོས་ཤིག་ཏུ་འགྱུར་ཡོད། ནད་འབུ་དེ་མིའི་གཟུགས་པོའི་ནང་དུ་འཛུལ་བ་ཡིན་ན་ཉིན་བཅུ་བཞིའི་ནང་ཚུན་དུ་ཧ་གོ་ཡི་རེད། གལ་སྲིད་ནད་ཡམས་དེ་སོ་སོ་རང་ཉིད་ལ་འགོས་པ་ཡིན་ན་ནད་རྟགས་མི་འདྲ་མང་པོ་ཡོང་གི་རེད། མགོ་ན་བ་དང་། ཧབ་སྤྲིད་བརྒྱབ་པ་དང་གྲོད་ཁོག་བཤལ་བ་སོགས་མང་པོ་ཡོང་གི་རེད། སོང་ཙང་རང་ཉིད་ས་གནས་གང་དུ་འགྲོ་ན་ཡང་ངེས་པར་དུ་ཁ་རས་མ་གྱོན་པ་དང་ལག་པ་གཙང་མ་མ་བཀྲུ་བ། ཕན་ཚུན་དབར་བར་ཐག་བཞག་དགོས་པ་སོགས་གལ་ཆེ། ང་ཚོའི་གཞིས་ཆགས་ནང་གི་མི་ཚོས་འགན་འཁུར་ཡག་པོ་ཁྱེར་ནས་ཕྱི་ལོག་ལ་མང་པོ་མ་དོན་པ་དང་། བར་ཐག་བཞག་རྒྱུ་དང་ཕྱི་ལོག་མི་དང་འབྲེལ་བ་བྱུང་ཚེ་ལག་པ་གཙང་མ་བཟོ་རྒྱུ་སོགས་ཤིན་ཏུ་གལ་ཆེན་དུ་བརྩིས་པས་ཏོག་དབྱིབས་ནད་ཡམས་གྱི་སྐབས་སུ་ཕན་ཐོགས་ཆེན་པོ་བྱུང་སོང་། ངའི་རེ་བར་ང་ཚོ་ཚང་མ་ཏོག་དབྱིབས་ནད་ཡམས་བཅུ་དགུ་འདི་ནས་མགྱོགས་པོ་ཐར་ན་བསམ་གྱི་འདུག ད་དུང་ཡིན་ནའང་ནད་འདི་དང་པོ་དང་། གཉིས་པ། གསུམ་པ་སོགས་རིགས་མི་འདྲ་བ་མང་པོ་ཕྱེ་ཡི་འདུག དངོས་གནས་འུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་ཡམས་འདི་མི་ལ་དཀའ་ངལ་སྤྲོད་མཁན་ཅིག་རེད་འདུག ད་ལྟ་ཁོང་ཚོ་ངོ་ཚ་ནས་ཏོག་དབྱིབས་ནད་ཡམས་འདི་ཁོང་ཚོས་བཟོས་མེད་ལབ་ཀྱི་ཡོད་རེད། ཡིན་ནའང་འཛམ་གླིང་གི་སྨན་པ་མང་པོས་སྨན་བཟོས་ནས་ད་ལྟ་ཕན་ཐོགས་ཆེནཔོ་བྱུང་ཡོད་རེད། ད་ལྟ་ནད་པ་མང་པོ་ན་ཚ་འདི་ནས་མཐར་བཞིན་ཡོད། །
ཁོར་ཡུག་སྲུང་སྐྱོབ།
བསྟན་འཛིན་ཆོས་དབྱིངས། སྦེལ་ཀོབ་སཾ་བྷོ་ཊ། འཛིན་གྲྭ་བཅུ་གཉིས། དེང་སང་འཛམ་གླིང་ནང་དུ་ཕྱིའི་དངོས་པོ་དང་འཁྲུལ་ཆས་སོགས་ཡར་རྒྱས་ཤུགས་ཆེན་ཕྱིན་པའི་རྒྱུ་མཚན་གྱིས་འཛམ་གླིང་གི་ཁོར་ཡུག་ལ་ཡང་གནོད་སྐྱོན་ཤུགས་ཆེན་པོ་འབྱུང་གི་ཡོད་པ་རེད། ཁོར་ཡུག་ནི་ང་ཚོ་མི་དང་། རྩི་ཤིང། སེམས་ཅན་སོགས་ཀྱི་འཚོ་བའི་གཞི་རྩ་ཆགས་ཀྱི་ཡོད། དེར་བརྟེན་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་ང་ཚོ་མི་རྣམས་ཀྱིས་ཤིན་ཏུ་གལ་ཆེན་ཞི་ཏུ་བརྩི་འཇོག་བྱས་ཏེ་འགན་འཁུར་གནང་དགོས། ང་ཚོ་མི་ཞིག་ཡིན་པའི་ཆ་ནས་སྐྱེ་དངོས་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་པོ་ཞིག་ཡོད་པ་དག་ནི། ཕུགས་རྒྱང་རིང་པོར་བསམ་བློ་གཏོང་ཐུབ་པ་དང། སྐད་ཆ་བཤད་ནས་རང་གི་མྱོང་ཚོར་གཞན་ལ་ཤོབ་ཐུབ་པ། ཕན་ཚུན་དབར་འབྲེལ་བ་བྱེད་ཐུབ་པ་ལ་སོགས་པ་ཡིན། ཐུན་མོང་མིན་པའི་ཁྱད་ཆོས་དེ་དག་ང་ཚོས་བེད་སྤྱོད་ལོག་པར་མི་གཏོང་བར། གཞན་སེམས་ཅན་རྣམས་ལ་ཕན་པའི་ཆེད་བེད་སྤྱོད་བྱེད་དགོས། གལ་ཏེ་ཁོར་ཡུག་ལ་ང་ཚོ་མིས་དོ་སྣང་དང་ལྟ་རྟོགས་མ་བྱས་ན་སེམས་ཅན་དུད་འགྲོ་རྣམས་ཀྱིས་དེ་ལྟར་བྱ་མི་ཐུབ། འོ་ན་ཁོར་ཡུག་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་སམ་ཞེ་ན། ༡༽ མི་གཞན་གྱི་ཉེ་འཁོར་ད་ུགཙང་མ་བཟོ་མི་ཐུབ་ནའང་སོ་སོའི་ཉེ་འཁོར་དུ་ཡོད་པའི་གད་རྙིགས་རྣམས་ངེས་པར་དུ་བསྒྲུགས་ནས་གཙང་མ་ཉར་དགོས། ༢༽ དུས་རྒྱུན་དུ་གད་རྙིགས་དང་འགྱིག་ཤོག་སོགས་གང་བྱུང་དུ་མ་གཡུགས་གོང་བསམ་བློའི་ནང་དུ། གལ་ཏེ་ངས་འགྱིག་ཤོག་འདི་ས་ལ་གཡུགས་ན་སེམས་ཅན་གཞན་གྱིས་ཟ་བ་དང། གཞན་གྱི་མིག་ལ་ཡང་མི་མཛེས་པ་སོགས་ཀྱི་མཇུག་འབྲས་ཡོང་ངེས་ཡིན་པ་ཤེས་པའི་ཐོག་སྤྱི་ཡོངས་ནས་དགོངས་པ་རྒྱ་ཆེ་བཞེས་རྒྱུ་གལ་ཆེ། ༣༽ མི་དང་སེམས་ཅན། རྩི་ཤིང་བཅས་ང་ཚོ་ཚང་མ་འཛམ་གླིང་འདིའི་སྟེང་གནས་ཡོད་ཙང། ཁོར་ཡུག་གཙང་མ་ཉར་རྒྱུ་དེ་སོ་སོའི་ལས་འགན་ཞིག་ཡིན་བསམ་པ་དང། འཛམ་གླིང་གི་ཁོར་ཡུག་དེ་སོ་སོའི་ཁང་ཁྱིམ་ཞིག་ཡིན་པ་ལྟར་བདག་པོ་རྒྱག་དགོས། ༤༽ སོ་སོའི་ངོས་ནས་ཤིང་སྡོང་དང། སྐྱེ་དངོས་རིགས་རང་གི་ཉེ་འཁོར་དུ་གང་མང་འདེབས་འཛུགས་བྱེད་པ་དང། རྒྱང་ཐུང་རིགས་འགྲུལ་བཞུད་བྱེད་སྐབས་སྦག་སྦག་དང་སྣུམ་འཁོར་རིགས་བེད་སྤྱོད་མ་བཏང་བར་གོམ་པ་རྒྱག་པའམ་ཡང་ན་རྐང་འཁོར་སྟེང་ཕེབས་ཐབས་གནང་ཚེ་ཁོར་ཡུག་ལ་ཕན་པ་ཙམ་དུ་མ་ཟད། རང་གི་འཕྲོད་བསྟེན་ལ་ཡང་ཕན་ངེས་རེད། ༥༽ དེ་བཞིན་གློག་དང། ཆུ། རང་བྱུང་ཐོན་ཁུངས་སོགས་ཁོར་ཡུག་དང་ཐད་ཀར་འབྲེལ་བ་ཤུགས་ཆེ་ཡོད་སྟབས། དེ་རྣམས་ང་ཚོས་བེད་སྤྱོད་ཚད་ལྡན་དུ་གཏོང་དགོས། ༦༽ མཐར་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ཧ་ལས་པའི་མང་པོ་ཡོད་ཀྱང་གལ་གནད་ཆེ་ཤོས་ནི། སོ་སོ་མི་གཅིག་གིས་འཛམ་གླིང་ཆེན་པོ་འདིའི་ཁོར་ཡུག་སྲུང་སྐྱོབ་དོན་དུ་དཀའ་ལས་ཇི་ཙམ་བརྒྱབས་ནའང་། འགྱུར་བ་དང་ཕན་ཐོགས་གང་ཡང་ཡོང་མི་སྲིད་སྙམ་པའི་རེ་བ་ཟད་པའམ་བསམ་བློའི་འཁྱེར་སོ་དེ་རྩད་ནས་གཅོད་དེ། ནམ་ཡང་རེ་བཟང་ཕུགས་བཅོལ་གྱི་བསམ་པར་རྒྱུན་བསྲིངས་ནས་གནང་ཐུབ་པ་བྱེད་དགོས་པ་དེ་ཡིན། དཔེར་ན་སྤྱི་ཚོགས་ཆུང་ཆུང་ཞིག་ལ་ཆ་མཚོན་ན། གལ་ཏེ་སྤྱི་ཚོགས་དེ་ཡག་པོ་དང་། ཞི་བདེ། མཐུན་པོ། ཐང་པོ་ཞིག་ཡོང་བ་ལ་མི་རེ་རེའི་བཟང་སྤྱོད་དང་གཤིས་ཀ། ཤེས་ཡོན་བཅས་ལ་རག་ལུས་ཀྱི་ཡོད་པ་ལྟར། མི་རེ་རེའི་ངོས་ནས་ཁོར་ཡུག་གཙང་མ་ཉར་ཐབས་ལ་འབད་རྩོལ་བྱས་ན་ཐེ་ཚོམ་མེད་པར་འཛམ་གླིང་སྤྱིའི་ཁོར་ཡུག་ལ་འགྱུར་བ་བཟང་པོ་ཞིག་འབྱུང་ངེས། གལ་ཏེ་ང་ཚོས་ཁོར་ཡུག་ལ་དོ་སྣང་མ་སྤྲད་ནས་སྣང་མེད་ད་ུབཏང་ན་མ་འོངས་པའི་མི་རབས་རྣམས་ལ་དཀའ་ངལ་ཚབས་ཆེན་འཕྲད་རྒྱུ་ངེས་པ་རེད། མ་འོངས་པའི་མི་རབས་ཙམ་དུ་མ་ཟད་དུས་ད་ལྟ་ཡང་རྒྱུན་ལྡན་དང་མི་འདྲ་བའི་གནམ་གཤིས་འགྱུར་ལྡོག་དང། གོ་ལའི་ཚ་དྲོད་འཕེལ་བ། འཁྱགས་རོམ་རྣམས་བཞུ་བ། ས་རུད། ཁོར་ཡུག་སྦགས་བཙོག་སོགས་ཀྱིས་སེམས་ཅན་དང་རྩི་ཤིང་གི་རིགས་འགའ་རྩ་སྟོང་དུ་ཕྱིན་པའི་མཚམས་སུ་སླེབས་ཡོད་པ་ནི་སྨོས་ཅི་དགོས། […]
གྲུང་ཤ་དོད་པོས་སློབ་གཉེར་བྱ
བསྟན་འཛིན་འོད་ཟེར། སྦེལ་ཀོབ་སཾ་བྷོ་ཊ། འཛིན་གྲྭ་བཅུ་གཉིས། ཤེས་གསལ་ལྟར་ཤེས་ཡོན་སློབ་སྦྱོང་ཟེར་བ་གལ་ཆེན་པོ་རེད། ཡིན་ནའང་ང་དང་ང་འདྲ་བའི་སློབ་མ་རྣམས་ཀྱིས་ཤེས་བྱ་ཡོན་ཏན་ཏེ། རྒྱུ་མཚན་གང་ལ་བརྟེན་ནས་སྦྱོང་དགོས་པ་དེ་ཤེས་ན། རང་རེ་ཚོས་སློབ་སྦྱོང་ལ་དོ་སྣང་མང་བ་བྱེད་ཐུབ་ཀྱི་རེད་སྙམ་གྱི་འདུག སློབ་ཕྲུག་ཞིག་ཡིན་ན་སློབ་སྦྱོང་དེ་ཐོག་མར་སོ་སོ་རང་ཉིད་ཀྱི་དོན་དུ་སྦྱོང་དགོས། གང་ཡིན་ཟེར་ན་ང་ཚོས་མི་ཚེ་གང་ཚང་སོ་སོའི་ཕ་མ་ལ་བརྟེན་མི་ཐུབ་པས་རང་སོ་སོའི་རྐང་པའི་སྒང་ལ་ལངས་ནས་མི་བཟང་པོ་ཞིག་ཆགས་ཐུབ་པ་བྱེད་དགོས། གཉིས་པ་རང་གི་བརྩེ་བའི་ཕ་མ་གཉིས་ཀྱི་ཆེད་དུ་སྦྱོང་དགོས། ཁོང་ཚོས་ང་ཚོ་སློབ་གྲྭ་རུ་ཤེས་ཡོན་སྦྱོང་ཆེད་བཏང་བ་རེད། དེར་བརྟེན་ཤེས་ཡོན་ལ་ཧུར་ཐག་བྱེད་རྒྱུ་དེ་ལས་འགན་དང་ཁོང་ཚོའི་བཀའ་དྲིན་འཇལ་བའི་ཐབས་ལམ་ཞིག་ཀྱང་ཡིན། ༧སྐྱབས་མགོན་༸རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་ལྟར་ཤེས་ཡོན་ཡག་པོ་སྦྱངས་ནས་སོ་སོའི་སྤྱི་ཚོགས་ལ་ཞབས་སྤྱི་ཞུ་ཐུབ་པ་བྱེད་དགོས། བརྩོན་འགྲུས་གཅིག་པོས་སློབ་སྦྱོང་བྱས་ན་གང་ཤེས་པ་དེ་བློ་ཡུལ་དུ་རྒྱུན་རིང་པོ་མི་གནས་པ་དང། ད་དུང་དེས་དུས་ཚོད་མང་པོ་ཞིག་ཆུས་ཟོས་སུ་འགྲོ་བ། མ་ཟད་ལ་ལས་མཚན་མོར་གཉིད་མ་ཉལ་བ་དང། ཡི་གེ་སྦྱོང་དུས་བར་སེང་མ་ལེན་པ་སོགས་བྱས་ནས་ལུས་སེམས་གཉིས་ཀར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད། དེར་བརྟེན་སློབ་སྦྱོང་ངམ་ཡི་གེ་གྲུང་པོ་བྱས་ནས་སྦྱོང་རྒྱུ་དེ་གལ་ཆེན་པོ་ཡིན། དུས་ཚོད་མང་ཉུང་གི་གྲངས་འབོར་ལས་ག་ཚོད་ཤེས་ཡོད་མེད་ཀྱི་སྤུས་ཀ་དེ་གལ་ཆེ་བ་རེད། གྲུང་པོའི་ཐོག་ནས་སྦྱངས་ན་དུས་ཚོད་ཐུང་ཐུང་ཞིག་ལ་མང་པོ་ཤེས་ཐུབ་ལ། གོ་དོན་རྣམས་ཐབས་ལམ་འདྲ་མིན་ཁག་བེད་སྤྱོད་བཏང་ནས་སྦྱངས་ན་རང་གིས་དོན་ཡག་པོ་ཤེས་པ་མ་ཟད། ཡུན་རིང་བློ་རུ་ངེས་པའི་ཕན་ཡོན་ཡང་ཡོད། སློབ་སྦྱོང་གྲུང་པོའི་ཐོག་སྦྱང་གནང་རྒྱུའི་ཐབས་ལམ་ནི་ཐོག་མ་དེ་འཛིན་གྲྭའི་ནང་མདུན་དུ་བསྡད་ན་ལེགས་པ་ཡོད། མདུན་ལ་བསྡད་མ་ཐུབ་ཚེ་འཛིན་གྲྭའི་ནང་དགེན་ལགས་ཀྱིས་སློབ་ཚན་ཁྲིད་པའི་སྐབས་སུ་ཡག་པོ་བྱས་ནས་ཉན་པ་དང། དོ་སྣང་ཡག་པོ་གནང་ནས་ནང་དུ་དགེན་ལགས་ཀྱིས་སློབ་ཁྲིད་གནང་བ་རྣམས་བསྐྱར་སྦྱོང་བྱེད་ཐུབ་ན་རང་གི་སློབ་སྦྱོང་གོང་འཕེལ་དུ་ཕྱིན་པ་ཙམ་དུ་མ་ཟད། ཡིག་རྒྱུགས་སྐབས་སུའང་ཁེ་ཕན་ཆེན་པོ་ཡོད་རེད། ཡང་གལ་ཆེའི་དོན་གནད་རྣམས་ཤོག་བུ་ཆུང་ཆུང་སྟེང་བྲིས་ན་དྲན་པར་སླེབས་མྱུར་བ་དང། རང་གིས་སྦྱངས་ཟིན་པའི་སློབ་ཚན་གྱི་ནང་དོན་རྣམས་བང་རིམ་བསྒྲིགས་ནས་ས་ཁྲ་འདྲ་བ་ཞིག་བྲིས་ཚེ། གང་སྦྱངས་ཟིན་མིན་གསལ་པོར་ཤེས་པ་དང་སྦྲགས་བསྐྱར་སྦྱོང་བྱེད་སླ་བ་ཡང་ཡོད། དེ་བཞིན་གང་སྦྱོང་རྒྱུ་ལྷག་པ་རྣམས་དང་སློབ་སྦྱོང་གི་འཆར་གཞི་རྣམས་དེབ་ཆུང་ནང་དུ་བཀོད་ཚེ་ནང་ལས་ཡིན་ནའང་དུས་ཐོག་ཏུ་བྱེད་ཐུབ་པ་དང། སློབ་ཚན་ཆད་རྣམས་ཆད་ལྷག་མེད་པར་དུས་ཐོག་ཏུ་སྦྱོང་ཐུབ་པའི་ཁྱད་ཆོས་ཡོད། མ་ཟད་དགེན་ལགས་ཀྱིས་དྲི་བ་ཁག་གི་ལན་གང་བྲིས་གནང་བ་དེ་རང་གིས་མགོ་མ་ཚོད་པ་དང་། རིང་དྲགས་པ་སོགས་ཡོད་ན། རང་གི་ཚིག་ཐོག་ཏུ་བསྡོམས་བརྒྱབ་ནས་ལན་ཐུང་ངུ་ཞིག་སྦྱོང་སླ་བའི་ཆེད་དགེན་ལགས་ལ་བཀའ་འདྲི་ཞུས་ནས་བྲིས་ན་ཕན་རླབས་ཧ་ཅང་ཆེན་པོ་ཡོད། ལྷག་པར་དུ་རང་གི་འཛིན་གྲོགས་དང་མཉམ་དུ་སློབ་ཚན་དང་འབྲེལ་བའི་གྲོས་བསྡུར་བྱས་ན་ཕན་ཐོགས་ཆེ། རང་གིས་གང་ཤེས་པ་དེ་རོགས་པ་གཞན་ལ་བསླབས་པ་ཡིན་ན། ཁོ་རང་ཚོར་ཕན་ཐོགས་པ་ཙམ་མ་ཟད། རང་ལ་ཡང་བསྐྱར་སྦྱོང་ཡོང་གི་རེད། སློབ་སྦྱོང་བྱེད་སྐབས་བར་སེང་ལེན་རྒྱུ་གནད་འགག་ཅིག་རེད། གལ་སྲིད་ཆུ་ཚོད་གཅིག་རིང་སྦྱངས་ན་སྐར་མ་བཅུ་རིང་བར་སེང་ལེན་པ་སོགས་བྱེད་དགོས། ད་དུང་རང་གིས་སྦྱངས་ཟིན་པ་རྣམས་རང་སོ་སོས་སོ་སོར་ཡིག་རྒྱུགས་གཏོང་བ་དང། བོད་ཡིག་འདྲ་ཡིན་ཚེ་དེབ་ཐོག་ཏུ་ཕབས་ནས་སྦྱངས་ན་རྗེས་སུ་ཡིག་རྒྱུགས་སྐབས་དག་ཆར་ནོར་འཁྲུལ་ཉུང་བ་སོགས་ཀྱི་ཕན་ཐོགས་ཡོད། སློབ་སྦྱོང་ལས་ལྷག་པ་འཕྲོད་བསྟེན་ཡིན་སྟབས་ཞལ་ལག་དང་ཆབ་སོགས་དུས་ཐོག་ཏུ་མཆོད་དགོས། ཡང་ལུས་རྩལ་རྩེད་ན་སློབ་སྦྱོང་ནུས་པ་ཆེ་བ་བྱེད་ཐུབ་པ་ཡང་ཡོད། འཕྲོད་བསྟེན་ཡག་པོ་ཡོད་ན་རང་བཞིན་གྱིས་སློབ་སྦྱོང་བྱེད་པར་དོ་སྣང་དང་ནུས་པ་ཆེ་བ་ཐོན་གྱི་རེད། ནང་ལས་བྱེད་སྐབས་མང་ཉུང་ལ་མ་བལྟོས་པར་དོ་སྣང་སྤྲད་ནས་བྱས་ན་ནང་ལས་མགྱོགས་པ་ཚར་བ་དང། ནང་ལས་དུས་ཐོག་ཏུ་ཚར་ན་བསྐྱར་སྦྱོང་དང་དཔེ་དེབ་གཞན་བཀླག་རྒྱུའི་དུས་ཚོད་མང་པོ་འཐོབ་པ་ནི་ཆོས་ཉིད་རེད། དེང་སང་སློབ་ཕྲུག་ཚོར་ལག་ཐོགས་ཁ་པར་མེད་པ་ཕལ་ཆེར་མེད་པས་ཁ་པར་བལྟས་ནས་དུས་ཚོད་སྐྱེལ་དྲགས་ན། མིག་དང་འཕྲོད་བསྟེན་གཉིས་ཀར་གནོད་སྐྱོན་ཤུགས་ཆེན་པོ་བཟོ་ཡི་ཡོད་པ་དང། དམིགས་བསལ་གྱིས་སློབ་སྦྱོང་བྱེད་པར་ཁ་པར་གྱིས་བར་ཆད་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། དེར་བརྟེན་རང་སྦྱོང་བྱེད་སྐབས་ཁ་པར་རྒྱང་ཐག་རིང་ཙམ་བཞག་པ་དང་། ཡང་ན་མཁའ་འགྲུལ་རྣམ་པ་(Airplane Mode)ལ་བཞག་གནང་དགོས། ཡིག་རྒྱུགས་དུས་སྐབས་སུ་ཁ་པར་ལ་ལག་པ་མ་འཆང་ན་ལེགས། ཡང་ཁ་པར་གྱིས་སློབ་སྦྱོང་བྱེད་པར་བར་ཆད་ལས་མཐུན་རྐྱེན་མི་བྱེད་པ་མིན་ཏེ། […]
