ཐུབ་བསྟན་ཚེ་དཔག འཛིན་གྲྭ་དགུ་པ། རྫོང་ཆོས་སློབ་གྲྭ། རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས། ང་རང་ཕ་ཡུལ་མོན་རྟ་དབང་ནས་ཡིན་ལ། ང་སྐྱེས་སའི་ས་ཆ་དེའི་མིང་ལ་བྱེ་མིའི་ཐང་ཞེས་ཟེར་གྱི་ཡོད། ལུང་པ་དེ་ཆུང་ཆུང་ཞིག་ཡིན་ནའང་དེའི་གཡས་གཡོན་ཚང་མར་རི་དང་། མཚོ་མང་པོ་དང་། ཤིང་ནགས་སོགས་ཀྱིས་བརྒྱན་ནས་ཡོད་སྟབས་ལྟ་ན་སྡུག་ཅིང་ཡིད་དུ་འོང་བ་ཞིག་ཡོད། དེའི་ཡུལ་མི་ཚང་མས་ཞིང་ལས་དང་འབྲོག་ལས་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད། ངས་བསམ་བློ་བཏང་ན་བོད་དང་ལུང་པ་འདི་གཉིས་ལ་ཁྱད་པར་སྤུ་་ཙམ་ཡང་མེད་པ་ལྟ་བུའི་ཚོར་སྣང་ཞིག་སླེབས་སོང་། ང་རང་གི་ནང་མི་མང་ཆེ་བ་འབྲོག་པ་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད། ངའི་ཁྱིམ་དུ་ཕ་མ་གཉིས་དང་། སྤོ་ལགས། རྨོ་ལགས། དེ་བཞིན་སྤུན་མཆེད་བུ་ལྔ་དང་སྲིང་མོ་ཆུང་བ་གཉིས་བཅས་ཡོད། ང་རང་གི་ཁྱིམ་ཚང་འདི་དབུལ་པོ་ཞིག་ཀྱང་ཡིན། ང་ཚོ་ནང་མི་ཚང་མ་མཐུན་ལམ་བཟང་པོ་ཞེ་དྲགས་ཡོད། འོན་ཀྱང་ང་རང་གྲྭ་བ་བྱས་པའི་རྗེས་ལ་པ་ལགས་ཁོང་སེམས་མ་སྐྱིད་པར་ད་ཆ་ཁོང་ཆང་ཞེ་དྲགས་འཐུང་གི་འདུག་ཟེར། ངས་ཁོང་ལ་ཆང་གིས་མིའི་གཟུགས་པོ་ལ་གནོད་སྐྱོན་ཆེན་པོ་ཡོང་གི་ཡོད་པའི་སྐོར་ལ་རོབ་ཙམ་ཞིག་ཞུས་བ་ཡིན། ཁོང་ལོ་ན་ཆེན་པོ་ཡིན་པ་མ་ཟད་ཉིན་གང་པོ་ཤུགས་ལས་མང་པོ་བྱ་དགོས་པའི་རྐྱེན་གྱིས་ཆང་མང་པོ་འཐུང་བ་ཡིན་ན་གཟུགས་པོའི་ནུས་ཤུགས་སྐྱོ་རུ་འགྲོ་ཡི་ཡོད་རེད། དེ་འདྲ་སོང་ཙང་ང་རང་བྱམས་བརྩེས་བསྐྱངས་པའི་ཨ་ཕ་ལ་ཆང་གི་ཉེས་དམིགས་སོགས་ངོ་སྤྲོད་བྱས་པ་ཡིན་། ང་ཚོའི་ལུང་པ་ལ་འཚོ་བ་ངོ་མ་ཞིང་ལས་དང་འབྲོག་ལས་རེད། བྱས་ཙང་སློབ་གྲྭ་ཞེས་པ་དེ་གང་འདྲ་ཞིག་ཡིན་པ་དང་སློབ་སྦྱོང་ཞེས་པ་དེའང་གང་འདྲ་ཞིག་ལ་ངོས་འཛིན་བྱ་དགོས་མིན་ཁོང་ཚོའི་བློ་ཟུར་དུ་ཡང་འཆར་མྱོང་མེད། དེ་ནི་ལུང་པར་མཐུན་རྐྱེན་ཡག་པོ་མེད་པ་དང་། ངའི་ཕ་མ་ཚོར་ཤེས་བྱ་ཡོན་ཏན་སྦྱོང་རྒྱུའི་དུས་ཚོད་དང་གོ་སྐབས་རག་མེད་པའི་རྐྱེན་གྱིས་རེད། ཡིན་ཡང་ཁོང་རྣམ་པའི་བཀའ་དྲིན་ལ་བརྟེན་ནས་ང་རང་ད་ལྟ་གྲྭ་བ་བྱེད་པའི་གོ་སྐབས་བྱུང་ཡོད། འདི་ནི་ཁོང་རྣམ་པའི་བཀའ་དྲིན་ཡིན་པ་མ་ཟདསྐྱེ་བ་སྔོན་མར་བག་ཆགས་བཟང་པོ་ཞིག་བཞག་པའི་འབྲས་བུ་ཞིག་ཀྱང་ལོས་ཡིན་སྙམ། དབྱར་གྱི་ནམ་ཟླ་ཡོལ་སོང་། །སྟོན་ཟླ་ངང་གིས་ཤར་བྱུང་། ། ཕ་ཡུལ་ཕྱོགས་ཀྱི་ཡུལ་ལྗོངས། །ཡིད་ལ་ཡང་ཡང་འཁོར་བྱུང་། ། སྟོན་གྱི་ལོ་མ་སེར་པོ། །རླུང་བུས་ལྷབ་ལྷུབ་འཁྱེར་དུས། ། ཕ་ཡུལ་ཕྱོགས་ཀྱི་སྟོན་གཞུང་། །ཡིད་ལ་ཡང་ཡང་འཁོར་བྱུང་། ། ཤར་ཕྱོགས་རི་བོ་རྩེ་ནས། །དཀར་གསལ་ཟླ་བ་ཤར་བྱུང་། ། དྲིན་ཅན་ཕ་མའི་ཞལ་རས། །ཡིད་ལ་ཡང་ཡང་འཁོར་བྱུང་། ། ས་མཐའི་མི་ཡུལ་འདི་རུ། །ལོ་དང་ཟླ་བ་ཕྱིན་སོང་། ། བཀའ་དྲིན་ཅན་གྱི་ཕ་མ། །ཡིད་ལ་ཡང་ཡང་འཁོར་བྱུང་། ། ལྗོན་ཤིང་སྟུག་པོའི་གསེང་ནས། །ཁུ་བྱུག་གསུང་སྙན་སྒྲོག་དུས། ། […]
བདག་ལ་བྱམས་བརྩེས་བསྐྱངས་པའི
བསྟན་འཛིན་ཟླ་དཀར། འཛིན་གྲྭ་དགུ་པ། མོན་གྷོ་སམ་བྷོ་ཊ་གཏན་ཉིན་སློབ་གྲྭ། བདག་ལ་བྱམས་བརྩེ་བསྐྱངས་པའི་བཀའ་དྲིན་ནི་ངའི་རྨོ་རྨོ་ལགས་ཡིན། ཁོང་ནི་ངའི་ཨ་མ་དང་འདྲ་བས། ང་སྐྱེས་པའི་ཉིན་མོ་དེ་ནས་བཟུང་རྨོ་རྨོ་ལགས་ཧ་ཅང་དགའ་པོ་བྱུང་འདུག མ་ཟད་ཁོང་གི་ང་ལ་བརྩེ་བ་དང་བྱམས་པོའི་ངང་གསོ་སྐྱོང་བྱས། ངའི་ཕ་མ་གཉིས་ཕྱི་ལ་ཕེབས་དུས་རྨོ་རྨོསང་ལ་བལྟ་སྐྱོང་ཡང་བྱེད་ཀྱི་རེད། དེ་བཞིན་ཆུང་དུས་གྲོད་པ་སྟོང་པ་གང་ཡང་མེད་པར་ང་ལ་ཟས་འདྲ་མིན་སྣ་ཚོགས་བཟོས་ནས་སྤྲད་ཀྱི་ཡོད། སྤྱིར་ང་རང་ཆུང་དུས་ནས་གཟུགས་པོ་སྐམ་པོ་དང་ཁ་ལག་བཟའ་ཁག་པོ་ཡོད་ཙང། རྨོ་རྨོས་ངའི་དགའ་བའི་ཟས་རིགས་བཟོ་གནང་གི་རེད། ད་ལྟ་བར་དུ་ཁོང་མོས་ང་སློབ་གྲྭ་ནས་ག་དུས་ལོག་སླེབས་ཀྱང་ང་ལ་ཁ་ལག་གྲ་སྒྲིག་བྱས་ཏེ་བཞག་གི་རེད། རྨོ་མོས་ང་ས་ཆ་གང་སར་འཁྱམ་འཁྱམ་འཁྲིད་ཀྱི་རེད། ཁོང་མོས་ངས་རྔན་པ་ག་རེ་དགོས་ལབ་པ་དེ་དངུལ་བསགས་ཏེ་ང་ལ་རྔན་པ་ཉོས་ནས་སྤྲད་ཀྱི་རེད། དེ་མིན་ང་ལ་བྱམས་སྐྱོང་ངང་ངས་དགའ་སྐྱོ་ཡོད་ཚད་སྒྲུབ་ཀྱི་རེད། ད་ཆ་ཁོང་ལོ་ན་ཆེན་པོ་ཆགས་ཡོད་པའི་རྐྱེན་གྱིས་ཕྱི་ལ་ཞེ་དྲགས་འདོན་གནང་གི་མེད། ངས་འབད་བརྩོན་བྱས་ནས་ཁོང་མོ་ཕྱི་ལ་རླུང་གཙང་མ་ཆེད་དུ་མང་པོ་འཁྲིད་ཀྱི་ཡོད། ཁོང་གིས་ངའི་ལུས་ལ་ན་ཚ་མ་བྱུང་བའི་ཆེད་དུ་དུས་རྟག་ཏུ་ཁ་ཟས་ཏག་ཏག་སྤྲད་པ་མ་ཟད། ག་དུས་ཡིན་ཡང་ང་ལ་ཤིང་ཏོག་འདྲ་མིན་བཏུབ་ནས་བཞག་གི་རེད། གལ་སྲིད་ང་ན་བ་ཡིན་ན་ཁོང་དངངས་སྐྲག་དང་སེམས་འཁྲལ་ཞེ་དྲགས་སྐྱེས་གནང་གི་རེད། དེ་དུས་ང་ལ་ཁ་ལག་མང་པོ་སྤྲད་པ་དང་སྨན་དུས་ཚོད་ཏག་ཏག་ལ་སྤྲད་ཀྱི་རེད། དེར་བརྟེན་ངའི་རྨོ་རྨོ་ལགས་ནི་ངའི་ཆེད་དུ་དཔེ་བཀའ་དྲིན་ཆེན་པོ་ཡིན། ཁོང་གི་ཆུང་དུས་ནས་ད་བར་དུ་བྱམས་སྐྱོང་དང་བརྩེ་བ་སྤྲད་པ་དེ་བཀའ་དྲིན་ཆེན་པོ་ཡིན། ཁོང་མོ་ལོ་ན་རྒན་པོ་ཆགས་ཡོད་སྟབས་ཁོང་ལས་ཀ་མང་པོ་བྱེད་ཐུབ་ཀྱི་མ་རེད། མ་ཟད་མིག་དང་རྣ་མཆོག་ཡང་སྐྱོ་བོ་ཆགས་འདུག ངའི་ཁོང་མོ་ལ་ཞབས་མཆི་ཞུས་ཆེད་དུ་གང་ཐུབ་ཐུབ་རོགས་རམ་བྱེད་ཀྱི་ཡོད་ལ། ཁོང་མོ་མཉམ་དུ་དུས་ཚོད་མང་པོ་སྐད་ཆ་བཤད་ནད་བསྡད་པ་དང་ལས་ཀ་བྱེད་རོགས་བྱེད་ཀྱི་ཡོད། ཁོང་མོའི་ངའི་ཨ་མ་གསོ་སྐྱོང་ཡག་པོ་བྱེད་པའི་ཨ་མ་ལགས་ཀྱི་ག་དུས་ཡིན་ཡང་གསུང་གི་རེད། ཨ་མ་ཆུང་དུས་སྐབས་ཀྱི་སྒྲུང་མང་པོ་བཤད་ཀྱི་རེད། ངའི་ཨ་མ་ལགས་གཅིག་པོ་མིན་པར་ཕྲུ་གུ་དགུ་གསོ་སྐྱོང་བྱས་པ་རེད། ངའི་རྨོ་རྨོ་ལགས་ནི་བཀའ་དྲིན་ཆེན་པོ་ཡིན། ངས་ཁོང་མོ་ལ་ང་རང་ངོས་ནས་གང་ཐུབ་ཐུབ་འབད་བརྩོན་བྱས་ནས་ཞབས་ཕྱི་ཞུ་ཡི་ཡིན།
བདག་ལ་བྱམས་བརྩེ་བསྐྱངས་པའི་
རྡོ་རྗེ་ཆོས་འཛོམས་ནམ་པོ། འཛིན་གྲྭ་དགུ་པ། མོན་གྷོ་སམ་བྷོ་ཊ་གཏན་ཉིན་སློབ་གྲ། ཚང་མས་མཁྱེན་གསལ་ལྟར། རང་ཉིད་ཀྱིས་ཕྲུ་གུ་ལ་བྱམས་བརྩེ་ལེགས་པོ་ཞིག་སྤྲད་ཐུབ་ན་ཕྲུག་གུ་དེའི་མ་འོངས་པའི་མདུན་ལམ་དེ་དམིགས་བསལ་གྱི་ཡག་པོ་ཞིག་ཆགས་པའི་རེ་བ་ཆེ་བ་ཡོད། སྤྱིར་བཏང་ཕ་མ་ཚོས་རང་ཉིད་ཀྱི་ཕྲུག་གུ་ལ་བྱམས་བརྩེ་སྙིང་ཐག་པ་ནས་གནང་གི་ཡོད་པ་རེད། ཡིན་ཡང་ཕ་མ་ཚོས་བྱམས་བརྩེ་གནང་སྟངས་སྣ་ཚོགས་ཞིག་ཡོད། དེ་ཡང་ཕྲུ་གུ་ལ་ཕན་དང་མི་ཕན་ཞིག་ཡོང་གི་ཡོད་པ་རེད། བདག་ལ་མཚོན་ན་རང་ཉིད་ལ་བྱམས་བརྩེ་སྤྲད་མཁན་ཕ་མ་དང། སྤུན་མཆེད། དགེ་རྒན། གྲོགས་པོ་དང་གྲོགས་མོ་སོགས་མང་པོ་ཡོད། དེའི་ནང་ནས་དམིགས་བསལ་གྱི་བཀའ་དྲིན་མཚུངས་མེད་སྤྲུལ་སྐུ་རིན་པོ་ཆེ་སྐལ་བཟང་ཐུབ་བརྟན་ལུང་རྟོགས་ཡིན། ཁོང་གི་ཕྱི་ལོ་༡༩༧༧ཟླ་བ་༡༡ཚེས་༠༩ཉིན་སྨད་རྒྱ་རོང་དུ་སྐུ་འཁྲུངས་པ་རེད། ཁོང་གི་སྤྱན་རས་གཟིགས་དྭ་ཕྲུག་གསོ་སྐྱོང་ཁང་དང་མོན་གྷོ་སམ་བྷོ་ཊའི་བུ་མོ་ཉལ་ཁང་དེ་ཁོང་གིས་བཞེངས་པ་རེད། དེ་མིན་ས་ཆ་གཞན་ལའང་ཁོང་གི་གྲྭ་ཚང་དང་མིག་གི་དབང་པོ་སྐྱོན་ཅན་གྱི་སློབ་ཁང་དང། རྒན་གསོ་ཁང་སོགས་ལ་རོགས་པ་གནང་གི་ཡོད། ཁོང་གིས་ནང་ཆོས་དང་ཕྱིའི་སྐད་ཡིག་སོགས་སྣ་འཛོམས་ཤིག་མཁྱེན་པ། མ་ཟད་ལྷག་པར་དུ་ཆོས་ཕྱོགས་ལ་སྦྱིན་གཏོང་ཤུགས་ཆེ་བ་གནང་གི་ཡོད། ཉིན་ལྟར་དགོང་ཟས་བཞེས་ཚར་བ་དང་སློབ་ཕྲུག་རྣམས་ལ་བླང་དོར་བཀའ་སློབ་གནང་གི་ཡོད། ཁོང་གིས་བཞེས་ལག་རིགས་སྣ་འཛོམས་མཆོད་རྒྱུ་དགའ་པོ་གནང་གོ་ཡོད་ལ་ཁ་ལག་བཟོས་རྒྱུ་ལའང་སྤྲོ་བ་ལྡན། དེ་བཞིན་ཉིན་ལྟར་ཀུ་ཤུ་རེ་མཆོད་གནང་གི་རེད། ཁོང་ཕྱི་རྒྱལ་ནས་རྒྱ་གར་ལ་ཕེབས་སྐབས་ང་ཚོ་སློབ་ཕྲུག་གི་ཆེད་དུ་གོས་དང་ཕྱི་རྔན་པ་རིགས་མང་པོ་འཁྱེར་ཡོང་གི་ཡོད། དེ་བཞིན་ཕྲུ་གུ་ལ་དགོས་མཁོ་རིགས་མེད་ནའང་ཁོང་གིས་ཉོས་གནང་གི་རེད། ཁོང་གིས་སྤྱན་རས་གཟིགས་དྭ་ཕྲུག་གསོ་སྐྱོང་ཁང་གི་ཕྲུག་གུ་ཚང་མ་ལ་རང་ཉིད་ཀྱི་ཕྲུག་གུ་སྟར་བལྟ་རྟོགས་གནང་གི་རེད། ཁོང་གི་སྤྱན་ནི་ཆུང་ཆུང་མིན་པས་སྤྱན་གཉིས་ལ་མིག་ཆུ་གང་པ་དང་མིག་ཆུ་དེ་འོད་ཆིམ་ཆིམ་བྱེད་ཀྱི་འདུག ཁོང་གི་སྤྱན་དེ་མཐོང་བ་དང་ཁོང་གི་ང་ཚོའི་ཆེད་དུ་རེ་བ་བཅངས་པ་དེ་ངས་ཚོར་ཐུབ་ཀྱི་འདུག ཁོང་གི་ཆེས་རེ་བ་ནི་ང་ཚོའི་མི་ཚེའི་མདུན་ལམ་བཟང་པོ་ཞིག་ཆགས་ཐུབ་པ་དང་། མི་ཡག་པོ་ཞིག་དང་གཞན་ལ་ཕན་ཐོགས་བྱེད་ཐུབ་ན་ཁོང་གི་དམིགས་ཡུལ་དེ་བསྒྲུབས་རེད། ཁོང་གིས་ཕྱག་དེ་ངའི་མགོ་བོ་ལ་འཆང་སྐབས་ཆུང་དུས་ཕ་མའི་ང་ལ་བྱམས་སྐྱོང་གནང་བ་དེ་ངའི་ཡང་ཡང་དྲན་གསོས་ཀྱི་འདུག ང་དང་པོ་ནས་ཁྱིམ་བསྐྱུར་ནས་བཟུང་ད་བར་དུ་འདི་འདྲ་མི་ཚེ་འགྱུར་བ་འཐེབས་ཀྱི་རེད་བསམ་པ་བ་བྱུང། ད་བར་རང་ཉིད་ལ་མི་ཚེ་མདུན་ལམ་རྒྱ་ཆེ་ལམ་དུ་འགྲོ་དུས་སེམས་པ་དགའ་ཚོར་སྐྱེས་བྱུང་། མཐར་གུས་མོས་ཁོང་སྐུ་ཚེ་ཡུན་རིང་པོ་བརྟན་པའི་སྨོན་ལམ་དང་བཅས་ཁོང་ལ་ཐུགས་རྗེ་ཆེ་ཞུའོ།
བདག་ལ་བྱམས་བརྩེས་བསྐྱངས་པའི
བསྟན་འཛིན་ཀུན་བཟང། འཛིན་གྲྭ་བཅུ་གཅིག སྦེལ་ཀོབ་སཾ་བྷོ་ཊ། ང་ཡི་རྩ་བའི་བླ་མ། ། ༸གོང་ས་༧སྐྱབས་མགོན་ཆེན་པོ། ། ཁྱེད་ཀྱིས་བསྐྱངས་བའི་བཀའ་དྲིན། ། ནམ་ཡང་ཡིད་ལ་བཅངས་ཡོད། ། བདག་ཅག་གི་འདི་ཕྱི་གཉིས་ཀྱི་སྐྱབས་གནས་༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་ཕྱི་ལོ་ ༡༩༥༩ ལོར་མི་འདོད་བཞིན་དུ་རྒྱ་གར་འཕགས་པའི་ཡུལ་དུ་སྐྱབས་བྱོལ་དུ་བསྐྱོད་དགོས་བྱུང་བ་རེད། ང་ཚོའི་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་བོད་མི་བཙན་བྱོལ་བ་ཚོའི་ཆེད་གཞིས་ཆགས་ཁག་དང་། བོད་ཕྲུག་ཚོའི་ཆེད་དུ་སློབ་གྲྭ་ཁག ཆོས་པ་ཚོའི་ཆེད་དུ་དགོན་པ་དང་བཤད་གྲྭ་ཁག་སོགས་གསར་བཙུགས་མང་པོ་གནང་སྟེ་སྐུ་ལས་ཧ་ཅང་ཆེན་པོ་བསྐྱོན་གནང་ཡོད། ང་ཚོ་བོད་མི་ཚོ་ཕྱི་རྒྱལ་ཁབ་གང་དུ་འགྲོ་ནའང་དཀའ་ངལ་དེ་ཙམ་མེད་པ་དང། རྒྱ་བལ་འབྲུག་གསུམ་གྱི་ནང་ཆབ་སྲིད་དང་དཔལ་འབྱོར་གྱི་རང་དབང་ལ་ལོངས་སུ་སྤྱོད་པ་ཐུབ་པ་སོགས་ཁོང་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། ཁོང་གིས་བཀའ་སློབ་གང་གནང་བ་རྣམས་གུས་མོས་སྙིང་དབུས་སུ་བཅངས་ནས་ཡོད། ཚ་གཟེར་ཉི་མ་འདྲ་བ། ། ང་ཡི་བརྩེ་བའི་ཡབ་ཡུམ། ། ཁྱེད་ཀྱིས་བསྐྱངས་བའི་བཀའ་དྲིན། ། གུས་མོས་ཡིད་ལ་བཅངས་ཡོད། ། འཛམ་གླིང་འདིའི་སྟེང་ན་བྱམས་ལྡན་གྱི་ཕ་མ་ནི་ཕྲུ་གུའི་དགེ་རྒན་ཆེས་ཐོག་མ་དེ་ཡིན་པ་དང། ཕྲུ་གུར་ཟ་སྟངས་དང། འགྲོ་སྟངས། སྡོད་སྟངས་སོགས་བསླབས་གནང་བ་མ་ཟད། ཐ་ན་རང་གི་ཟས་དང་གཉིད་བློས་བཏང་སྟེ་ཉིན་མཚན་མེད་པར་ཕྲུ་གུ་ཁོ་ནའི་ཆེད་དཀའ་ལས་བརྒྱབས་ནས་ལྟ་སྐྱོང་གནང་བཞིན་ཡོད། ད་ཆ་ང་དང་ང་འདྲ་བའི་ཕྲུ་གུ་མང་པོ་མི་བཟང་པོ་ཞིག་ཆགས་པ་དེ་ཕ་མ་གཉིས་ཀྱི་བཀའ་དྲིན་ཡིན་པ་དེ་བློ་ལ་གསལ་བར་འཆར་བའི་འགོ་ནས་ཕ་མའི་བཀའ་བཞིན་སྒྲུབ་རྒྱུ་ཡིན། བཀའ་དྲིན་གཡོ་མེད་བསྐྱངས་བའི། ། ང་ཡི་བརྩེ་བའི་དགེ་རྒན། ། ཁྱེད་ཀྱིས་བསླབས་པའི་སློབ་སྦྱོང་། ། བློ་མུན་བསལ་བའི་སྒྲོན་མེ། ། ང་ཚོ་སློབ་ཕྲུག་ཡོངས་ཀྱི་བློ་མིག་ཐོག་མར་འབྱེད་མཁན་ནི་བཀའ་དྲིན་བླ་ན་མེད་པའི་དགེ་རྒན་རྣམ་པ་ཡིན། ཁོང་རྣམ་པས་སློབ་ཕྲུག་ཚོར་དང་ཐོག་ཀ་ཁ་ནས་བསླབས་གནང་བའི་བཀའ་དྲིན་ལ་བརྟེན་ནས་ད་ཆ་འབྲི་ཀློག་རང་སྐྱ་འཕེར་བ་ཞིག་ཆགས་ཐུབ་ཡོད། སློབ་ཕྲུག་ཚོས་ཟླ་བ་དང་ལོ་མང་པོ་དགེ་རྒན་བསྟེན་པའི་སྐབས། ཁོང་རྣམ་པས་ཀྱང་སློབ་ཕྲུག་རྣམས་སྒོ་ང་ལྟར་གཟབ་གཟོན་གྱིས་གསོ་སྐྱོང་དང་ལམ་སྟོན་གནང་གི་ཡོད། ད་དུང་དུས་ཚོད་འཕར་མ་བཏང་སྟེ་སེམས་ཤུགས་ཆེན་པོས་སློབ་ཁྲིད་གནང་བར་གུས་མོས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། རྒྱ་གར་འཕགས་པའི་ཡུལ་ནི། ། བོད་མིའི་ཕ་ཡུལ་གཉིས་པ། ། ཁྱིམ་ཚང་གཉིས་པ་དེ་ལ། ། བོད་མི་མང་པོ་གནས་ཡོད། ། […]
བདག་ལ་བྱམས་བརྩེས་བསྐྱངས་པའི
བློ་བཟང་འོད་སྲུང། འཛིན་གྲྭ་དགུ་པ། རྫོང་ཆོས་འབྲིང་རིམ་སློབ་གྲྭ། བདག་ལ་བྱམས་བརྩེས་བསྐྱངས་པའི་འོར་ཆེ་བ། ། ལས་དང་ལས་འཕྲོའི་དབང་གིས་བྲལ་ན་ཡང་། ། ཁྱེད་ཀྱིས་གསུངས་པའི་བཀའ་དང་རེ་བ་ནི། ། གུས་པས་སྲོག་བཞིན་བདག་གཅེས་བྱེད་ཀྱིན་ཡོད། ། ཅེས་སྔོན་དུ་བསུས་ནས་ཐོག་མར་ཀློག་པོ་རྣམ་པར་ངའི་ནང་གི་ངོ་སྤྲོད་རགས་ཙམ་ཞིག་གླེང་ན། ངའི་དྲིན་ཆེན་ཕ་མ་གཉིས་ལ་བུ་གཉིས་དང་བུ་མོ་གཉིས་ཡོད། སྟབས་མ་ལེགས་པ་ཞིག་ལ་དེའི་ནང་ནས་བུ་གཅིག་ཆུང་དུས་ནས་གྲོངས་འདུག ང་ཚོའི་ནང་མི་ཆ་ཚང་མཛའ་བརྩེའི་འབྲེལ་བ་ཧ་ལས་པ་ཟབ་མོ་ཡོད། ངའི་ཡབ་དམ་པ་ཁོང་ནི་ཤེས་ཡོན་ཅན་དང་དབང་ཡོད་ཅན་ཞིག་མ་ཡིན་ནའང་ངོ་བོ་ནི་སྤྱང་པོ་དང་དྲང་པོ་ཞིག་ཡོད། ཨ་མ་ལགས་ནི་སྙིང་རྗེ་ཅན་ཞིག་དང་གཞན་ཕན་བྱ་རྒྱུ་ལ་ཤིན་ཏུ་དགའ་པོ་ཡོད་པའི་བུད་མེད་ཅིག་ཡིན། གུས་པའི་བསམ་པར་ང་ཚོ་སྐྱེས་པའི་ཉིན་དང་པོ་ནས་བཟུང་སོ་སོ་ལ་བྱམས་བརྩེས་སྐྱོང་མཁན་ཕ་མ་ཡིན་པར་གདོན་མི་ཟ་ཞིང་། བདག་ལ་བྱམས་བརྩེས་བསྐྱངས་པའི་མི་གཅིག་པོ་ནི་བདག་གི་དྲིན་ཆེན་ཕ་མ་གཉིས་ཡིན། མ་ཟད་ང་ལ་ཆ་བཞག་ན་ཁོང་གཉིས་ནི་གླིང་འདིར་མེད་དུ་མི་རུང་བའི་མི་ཞིག་རེད་འདུག ང་མ་སྐྱེས་པའི་སྔོན་ལ་ཨ་མའི་རུམ་མམ་མངལ་ནང་དུ་ཟླ་བ་དགུ་དང་ཉིན་ཞག་བཅུ་ཙམ་ཨ་མས་གཟབ་གཟབ་ནན་ཏན་གྱིས་གཅེས་སྤྲས་བྱས་པ་དང་། ཐ་ན་རང་ཉིད་དགའ་མོས་བྱེད་སའི་ཁ་ལག་སོགས་ཁ་ཚ་པོ་སོགས་ལ་འཛེམས་ཟོན་བྱས་པ་དང་། སྐྱེ་བོ་སུ་ཞིག་ཡིན་ཡང་ཕ་མའི་ནུ་ཞོའི་འོག་ནས་འཚར་ལོངས་བྱུང་བ་ཡིན་པ་ཤ་སྟག་རེད། ད་དུང་ཆུང་ས་ནས་བཤད་ན་ད་ལྟ་ང་ཚོའི་གནས་སྟངས་ལེགས་པོ་དང་སྐྱིད་པོ་ཡོད་པ། དེ་བཞིན་མི་གཞན་ལ་རེ་མི་དགོས་པ་དེ་ནི་ཕ་མའི་བཀའ་དྲིན་ཉག་གཅིག་ཡིན། དེའི་ཕྱིར་བུ་ཕྲུག་ང་ཚོའི་ལས་འགན་ནི་ཕ་མའི་རེ་བ་དང་འདོད་པ་སྒྲུབ་དགོས་པ་དེ་ནི་ལྡོག་ཏུ་མེད་པའི་འགན་འཁྲི་ལྕི་མོ་ཞིག་ཡོད། ཡང་བུ་ང་ལོ་བདུན་ལ་སོན་མ་ཐག་དྲིན་ཆེན་ཕ་མ་དང་ལྷན་དུ་ཁ་བྲལ་འདོད་མེད་བཞིན་དུ་འོར་ཆེ་བའི་དྲིན་ཆེན་དེ་གཉིས་ཀྱིས་རྒྱ་གར་ལྷོ་ཕྱོགས་སུ་རྫོང་དཀར་ཆོས་སྡེ་དགའ་ལྡན་འཕེལ་རྒྱས་གླིང་དུ་བཏང་བྱུང་། ཕྱི་ལོ་༢༠༡༢ ལོར་ཆོས་སྒོར་ཞུགས། ཉིན་འགའ་ཡི་རྗེས་དགོན་པའི་མཁན་པོ་རྒན་བྱམས་པ་སྐལ་བཟང་གི་སྐུ་མདུན་ནས་དགེ་ཚུལ་གྱི་སྡོམ་པ་ཞུས་ཏེ་མིང་ལ་བློ་བཟང་འོད་སྲུངས་ཞེས་བཏགས། ། དེ་རྗེས་དགེ་རྒན་བློ་བཟང་ཟླ་བའི་དགེ་ཕྲུག་དུ་བཞག་པ་མ་ཟད་གྲྭ་ཚང་གིས་ཉེར་མཁོའི་འབོལ་སྟན་དང་ཉལ་ཆས་སོགས་གནང་བྱུང་། རིམ་གྱིས་དགེ་རྒན་ཁོང་གི་ཞབས་ལ་གཏུགས་ནས་དབྱངས་དང་གསལ་བྱེད་ནས་འགོ་འཛུགས་བྱས་ཏེ་ཐེག་པ་རིམ་འཛེགས་བཞིན་གྲྭ་ཚང་འདི་ཉིད་ཀྱི་སྔགས་ཆོག་གི་ཐུན་མོང་མ་ཡིན་པའི་གསང་བདེ་འཇིགས་གསུམ་དང་བསྐང་གསོ་དང་དགྲ་ནག་ལྕགས་མཁར་ལ་སོགས་པ་བློ་འཛིན་བྱེད་རྒྱུའི་སྐལ་བཟང་ཐོབ། གྲྭ་ཚང་དེ་ཉིད་ཀྱི་མཐུན་འགྱུར་འོག་སུམ་རྟགས་དག་གསུམ་དང་སྙན་ངག་བཅས་ལ་ལོ་བཅུའི་རིང་འབད་པ་དང་རྩོལ་བ་ཅུང་བསྟེན་པས་ད་ལྟ་སྒུང་དེབ་ཀློག་ཤེས་པ་ཙམ་དང་རྩོམ་ཐུང་འབྲི་ཤེས་པ་དེ་དག་ནི་དགེ་རྒན་གྱི་བཀའ་དྲིན་ཡིན། སྐབས་རེར་སློབ་སྦྱོང་མི་བྱེད་པར་ལེ་ལོ་དང་ལོ་ན་ཆུང་བའི་དབང་གིས་རྩེད་མོ་ལ་མགོ་འཁོར་ནས་སློབ་སྦྱོང་མ་སྦྱངས་པ་ཤེས་རྟོགས་བྱུང་ཚེ་དགེ་རྒན་གྱིས་ཐབས་མཁས་པོའི་ཐོག་ནས་གུང་ཐང་བསྟན་པའི་སྒྲོན་མེའི་ཐོས་བསམ་བྱེད་དགོས་པར་བསྟན་པའི་བསླབ་བྱའི་ཤོ་ལོ་ཀ་སྟེ། ལས་ཀྱིས་བསྡུས་པའི་ཕ་ཡུལ་ཉེ་དུ་ཀུན། ། བཞག་སྟེ་རྒྱང་རིང་ཡུལ་དུ་འོང་ན་ཡང་། །རྒྱུས་མེད་ཡུལ་ནས་དོན་མེད་མཛའ་བཤེས་སོགས། །བསྡུས་ཏེ་རྣམ་གཡེང་བྱེད་པ་སྨྱོན་པ་ཡིན། །འོངས་དོན་ཐོས་བསམ་ལས་ལ་སྒྲིམས་ཤིག་ཨང་། །ཞེས་ཞལ་ནས་ལུང་འདྲེན་ཀྱི་འདུག །སླར་ཡང་དགེ་རྒན་གྱིས་ངག་ནས་འོད་སྲུངས་ཞེས་འབོད་ནས་((ཁྱོད་ཕ་ཡུལ་ནས་ལ་དང་རི་མང་པོ་བརྒལ་ནས་གླིང་འདིར་མཐུན་རྐྱེན་རྟེན་འབྲེལ་འཛོམས་པོ་འདི་འདྲའི་སྐབས་སློབ་སྦྱོང་མ་བྱས་ན་རང་སྨྱོན་པ་རེད།)) ཐུགས་བརྩེ་བ་ཆེན་པོའི་ངང་ནས་གསུང་གི་འདུག དེ་རྗེས་གཞུང་ཆེན་སྐོར་ལ་བླང་དོར་གྱི་ལམ་ཡང་དག་སྟོན་མཁན་དགེ་བའི་བཤེས་གཉེན་ཆེན་པོའི་ཞབས་དྲུང་ནས་ནང་དོན་རིག་པ་ལ་བློ་སྦྱངས་དང་སྦྱོང་བཞིན་པ་ཡིན། སྐབས་རེར་དགེ་བའི་བཤེས་གཉེན་གྱིས་འཇིག་རྟེན་དང་མཐུན་པའི་འགྲོ་ལུགས་དང་། སྐྱེ་བ་ཐོག་མ་མེད་པ་ནས་ང་ཚོ་ཉོན་མོངས་དུག་གསུམ་དབང་དུ་བསྡུས་ནས་དེའི་འོག་གཡོག་རྒྱུགས་པ་དང་དལ་འབྱོར་རྙེད་དཀའ་བ་ཡིན་པ་གདམས་ངག་གནང་གི་འདུག དེ་ཡང་།((དལ་འབྱོར་སྙིང་པོ་ལེན་པར་གདམས་པ་)) དལ་བའི་རྟེན་ཐོབ་རྒྱལ་བའི་བསྟན་དང་མཇལ། །མཚན་ལྡན་བཤེས་དང་ཆོས་མཐུན་གྲོགས་ཀྱིས་བསྐྱངས། །མཐུན་རྐྱེན་རྟེན་འབྲེལ་འཛོམས་པ་འདི་འདྲ་བ། །ཡང་ཡང་རྙེད་པར་དཀའ་ལ་དོན་ཆེ་བས། །ཕྱི་བཤོལ་སྤངས་ཏེ་སྙིང་པོ་ལོངས་ཤིག་ཨང་། །ཞེས་དང་། མཚམས་རེར་དགེ་བའི་བཤེས་གཉེན་གྱིས་ཆོས་རྣལ་མ་སྒྲུབ་པ་ལ། […]
བདག་ལ་བྱམས་བརྩེས་བསྐྱངས་པའི
བློ་བཟང་ཆོས་འཁོར། འཛིན་གྲྭ་དགུ་པ། རྫོང་ཆོས་སློབ་གྲྭ། ཡོན་ཏན་ཀུན་གྱི་གཞི་གྱུར་དྲིན་ཅན་རྗེ། ། ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། ། ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། ། གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། ། ཀ་མད་སུམ་ཅུའི་ངོ་མཚར་ཡོན་ཏན་སོགས། ། ཁ་ཞེ་གཉིས་མེད་བདག་ལ་ལམ་སྟོན་མཛད། ། ག་དུས་ཡིན་ཡང་ཡོངས་ལ་ཐུགས་ཁུར་བཞེས། ། ང་ཡི་དགེ་བའི་བཤེས་གཉེན་གཙུག་ཏུ་མཆོད། ། རིག་པའི་གཞུང་གི་དཀའ་བའི་གནད་དག་ལ། ། གདུང་ཞིང་དུབ་པའི་མི་ཤེས་རྨོངས་པའི་ཡིད། ། ཆེད་དུ་གཞོམ་པར་ངལ་བ་བསྟེན་མཛད་པའི། ། ཡོན་ཏན་གཞི་གྱུར་ཁྱོད་ནི་སྙིང་གི་ནོར། ། སྤྱིར་ས་ཆེན་གོ་ལ་འདིའི་སྟེང་དྲིན་ཆེན་ཕ་མ་ནི་ཆེས་བཀའ་དྲིན་ཆེ་བ་ཞིག་ཡིན། ཅིའི་ཕྱིར་ཞེ་ན། ཕ་མས་མངལ་ནང་ཟླ་དགུ་ཞག་བཅུ་ལྷག་ཙམ་གཅེས་ཉར་བྱས། མ་རང་ཉིད་ཆེས་ཤིན་ཏུ་དགའ་བའི་ཟས་རིགས་སྣ་ཚོགས་ལ་འཛེམས་ཟོན་བྱས་ནས་ཕྲུ་གུར་གཙོ་བོར་དམིགས་ནས་ཟ་བཏུང་བྱེད་ཀྱི་ཡོད། ཕྲན་ཕ་མ་དང་ལྷན་ལོ་ན་བདུན་ཙམ་བཤིབས་པའི་རིང་ཡོངས་གྲགས་འཇིག་རྟེན་ཁ་དཔེ་རུ་ཟ་ལུགས་འགྲོ་ལུགས་སྡོད་ལུགས་གསུམ། དྲིན་ཅན་ཕ་མའི་བསླབ་བྱ་ཡིན་ཞེས་པའི་བྱིས་དུས་སུ་བསླབས་པས་བདག་གི་དྲིན་ཅན་ཕ་མ་ནི་ཧ་ཅང་གི་བཀའ་དྲིན་ཆེན་པོ་ཡིན་པར་མངོན། དེ་ལས་ཀྱང་བཀའ་དྲིན་ཆེ་བ་ནི་ད་ལྟ་རང་ཉིད་ཀྱི་གྲོགས་དགེ་བའི་བཤེས་གཉེན་ཆགས་ཡོད། རྒྱུ་མཚན་ནི། ང་ཆུང་དུས་ནས་ཕ་མ་དང་སྙིང་ཉེ་བའི་སྤུན་མཆེད་མཐའ་དག་བྲལ་ནས་སྔོན་ཚེ་བསོད་ནམས་ཀྱི་རྣམ་སྨིན་བཟང་པོའམ་བསོད་ནམས་ཀྱི་རྒྱབ་རྟེན་གྱིས་ཁྱིམ་པའི་བྱ་བ་རྣམས་དབྱུང་ནས་ས་ཐག་རིང་བའི་གནས་ཆེན་དགོན་པ་གྲྭ་ཚང་ནང་དུ་སློབ་གཉེར་བྱ་རྒྱུའི་གོ་སྐབས་སམ་སྐལ་བཟང་ཅིག་འཆར། དེའི་ནང་ནས་རབ་བྱུང་གི་སྡོམ་པ་ཐོག་མར་དགེ་ཚུལ་གྱི་སྡོམ་པ་བླངས་ནས་སངས་རྒྱས་དང་ངོ་བོ་དབྱེར་མེད་པའི་གྲོགས་དགེ་བའི་བཤེས་གཉེན་དང་ཞལ་མཇལ་བྱུང་བས་ཐོག་མ་དེ་ལ་དགའ་སྤོབས་ཆེན་པོ་སྐྱེས་བྱུང་། དེ་རྗེས་ངེད་གཉིས་ཀྱི་དམ་ཚིག་མཐུན་པས་ལོ་ངོ་མང་པོ་སོང་བའི་དུས་ད་ལྟའི་བར་ལྷན་ཅིག་ཏུ་གནས་པའི་སྐལ་བཟང་བྱུང་བ་མ་ཟད་དགེ་བའི་བཤེས་གཉེན་གྱིས་འགྲོ་བ་ཀུན་གྱི་མཐར་ཐུག་གི་ཐོབ་བྱ་གཏན་གྱི་བདེ་བ་རྙེད་པའི་ཞིང་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཐབས་མ་ནོར་བར་སྟོན་པ་པོ་ནི་དགེ་བའི་བཤེས་གཉེན་ཆེན་པོ་མཆོག་ཡིན། ཁོང་ནི་སྐྱབས་གནས་གཞན་དང་ཐུན་མོང་མ་ཡིན་པ་ཞིག་ལ་ངོས་ལེན་བྱེད་ཀྱི་ཡོད། ཁོང་གི་ཁྱད་ཆོས་སམ་ཡོན་ཏན་ནི་འབྱམས་ཀླས་འགྱུར་ཀྱང་ཅུང་ཟད་ཅིག་་ཚིགས་བཅད་ལམ་དུ་བརྗོད་ན། གཞུང་དོན་མཁྱེན་རྒྱ་ཡངས་པའི་རྣམ་དཔྱོད་ལྡན། ། ཆོས་བརྒྱད་དབང་དུ་མ་སོང་དོན་ཆེན་སྒྲུབ། ། བླ་མ་ཁྱེད་ཀྱི་རླབས་ཆེན་མཛད་བཟང་འདི། ། རྗེས་འཇུག་སློབ་མ་བདག་གི་ལམ་སྟོན་གྱུར། ། ཕྲན་ལོ་ན་བདུན་ལ་སོན་སྐབས་རྣམ་དཔྱོད་ཀྱི་འགྲོ་ལུགས་རྡུལ་ཕྲན་ཙམ་ཡང་མི་ཤེས་པའི་སྐབས་སུ་བདག་གི་དགེ་བའི་བཤེས་གཉེན་ཆེན་པོའི་འོག་ཏུ་འཚར་ལོངས་བྱུང་བ་ཞིག་ཡིན། ཁོང་ནི་ཕྲན་ལྟ་བུ་ལ་མཚོན་ན་བཀའ་དྲིན་བརྗོད་པར་དཀའ་བ་ཞིག་ཏུ་གྱུར་ཡོད། གྲྭ་ཚང་འདིའི་ནང་ཀུན་སློང་བཟང་པོའི་ཐོག་ནས་ཆོས་ཀྱི་སློབ་གཉེར་བྱ་རྒྱུའི་ཐོག་བཀའ་སློབ་ལམ་སྟོན་མི་ཉུང་བ་ཞིག་བསྩལ་ནས་ཐོག་མར་ཀ་མད་སུམ་ཅུ་ཀ་ཁ་ག་ང་དང་སྦྱོར་ཀློག་གི་རྨང་གཞི་བསླབས་པ་དང་དེ་ནས་རིམ་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་སུམ་ཅུ་པའི་གཞུང་དང་རྟགས་འཇུག་གི་གཞུང་། དག་ཡིག སྙན་དངགས་ཀྱི་གཞུང་ལ་སོགས་སྦྱོང་བའི་མཐུན་རྐྱེན་འཛོམས་པོ་སྣ་མང་བསྐྲུན། མི་ཚེའི་འགྲོ་ལུགས་དང་། སྤྱི་ཚོགས་ནང་སྤྱོད་པ་འཁྱེར་སོ་གཞན་དང་མཐུན་སྒྲིལ་བྱེད་སྟངས་ཁ་མིག་ཡར་བལྟ་ལ་སོགས་རྨང་གཞི་ནས་སློབ་གསོ་བསྐྱོན་པས་དགེ་བའི་བཤེས་གཉེན་ནི་ཆེས་བཀའ་དྲིན་ཆེ་ཞིང་མེད་དུ་མི་རུང་བ་ཞིག་ཡིན། […]
