Skip to main content
ཤེས་རིག་ལས་ཁུངས།

བདག་ལ་བྱམས་བརྩེས་བསྐྱངས་བའི

བདག་ལ་བྱམས་བརྩེས་བསྐྱངས་བའི་བཀའ་དྲིན་ཅན། །

བློ་བཟང་བྱང་སེམས། འཛིན་གྲྭ་དགུ་པ། རྫོང་དཀར་ཆོས་སྡེ་སློབ་གྲྭ། གནམ་སྔོན་པོའི་དཀྱིལ་ན་སྤྲིན་དཀར་ལང་ལོང་གཡས་གཡོན་དུ་འགྲོ་བཞིན་པའི་སྐབས། འོག་ཏུ་རི་དང་ནགས་ཀླུང་ཐམས་ཅད་ལྗང་ཐིང་ངེར་ཡོད་པ་དང་། དེ་དང་དེའི་དཀྱིལ་གྱི་གཤོངས་ན་འབབ་ཆུ་ལྷུང་ལྷུང་འབབ་ཅིང་། ཆར་བ་ཟིམ་ཟིམ་འབབ་བཞིན་པའི་དཔྱིད་དུས་སུ། ཁོ་བོ་འཇིག་རྟེན་འདིར་མིའི་ལུས་སུ་བཙས། སྐྱེ་ས་དེའི་ཡུལ་མི་རྣམས་བྱམས་སེམས་ཆེན་པོ་ཡོད་པ་དང་། བདག་ལའང་བཀའ་དྲིན་ཆེན་པོ་ཡིན། གང་ཡིན་ཞུ་ན། ཡུལ་མི་རྣམས་ཞིང་ལས་སོགས་བྱེད་དུས་ཕན་ཚུན་རོགས་རེམ་བྱེད་ཅིང་། ཞབས་བྲོ་མཉམ་འཁྲབ་དང་། སྐྱིད་སྡུག་མཉམ་མྱོང་གནང་གི་ཡོད། ཡང་སྐབས་འགར་ཞིང་ལས་བྱེད་དུས་གླུ་སྙན་པོ་ལེན་ནས་གྲོང་གསེབ་ཀྱི་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད་ནས་སྡོད་ཀྱི་ཡོད། དེ་ཐམས་ཅད་གཙོ་བོ་སྔོན་ལས་བཟང་པོའི་རྣམ་སྨིན་ལ་བརྟེན་ནས་འོང་བ་དང་། གཉིས་པ་ནི་མེས་པོ་རྣམས་ཀྱི་གཤིས་ལུགས་བཟང་པོ་དང་ཡུལ་མི་དེ་དག་གི་སྤྱི་མཐུན་བསོད་ནམས་ལས་བྱུང་བ་ཡིན། རླུང་བསིལ་པོ་དང་ཁོར་ཡུག་བཟང་པོ་འདིའི་འོག་ནས་དྲིན་ཆེན་ཕ་མ་ནས་བདག་ལ་བྱམས་བརྩེས་བསྐྱངས། ངའི་བྱམས་བརྩེ་ཡི་བདག་པོ་དང་བྱམས་བརྩེ་ཡི་དགེ་རྒན་དེ་ཡང་ཁོང་རྣམ་པ་གཉིས་ཡིན། ད་ལྟ་ང་ལ་ངོམ་རྒྱུ་ཡོད་པའི་ཟ་ལུགས་དང་། སྡོད་ལུགས། འགྲོ་ལུགས་བཟང་པོ་ཏིལ་འབྲུ་ཙམ་ཡོད་པ་ཐམས་ཅད་ཁོང་གཉིས་ལས་བྱུང་བ་ཡིན། དེ་ནི་གླིང་འདིར་འཚོ་ཞིང་གནས་པའི་མི་ཡོངས་ཀྱི་གནས་སྟངས་གཅིག་མཚུངས་ཡིན་ལ། དེ་ནི་འཇིག་རྟེན་ཁ་དཔེ་ལྟར་ཆུ་མགོ་གངས་ལ་ཐུག་པ་ལྟར་ཡིན་སྙམ། མ་ཟད་ཁོང་རྣམ་གཉིས་ཀྱིས་བདག་ལ་རིན་ཐང་བྲལ་ཞིང་གསེར་ལས་ལྷག་པའི་བྱམས་པ་དང་བརྩེ་བ་སྦྱིན། གལ་ཏེ་ཆུང་དུས་སྐབས་སུ་ཁོང་གཉིས་ཀྱི་བྱམས་བརྩེ་དང་ཉིན་གཅིག་བྲལ་བ་ཡིན་ན་བན་ཆུང་ང་གསོན་པོར་སྡོད་རྒྱུ་མེད་པ་སོམ་ཉི་མེད། གལ་ཏེ་བྱམས་བརྩེ་དང་བྲལ་ནས་གསོན་པོར་བསྡད་ན་ཡང་ཆུ་རྒྱུན་ལྟར་ངེས་མེད་སྤྲང་འཁྱམ་བྱེད་དགོས་བྱུང་ཡོད་སྲིད། འདིར་ཕ་མའི་བྱམས་བརྩེས་བསྐྱངས་ཚུལ་་ཁ་ཤས་ཤིག་བཤད་པ་ཡིན་ན། དང་པོ། ནང་པའི་ཆོས་ཀྱི་ནང་གསུངས་པ་ལྟར་མའི་མངལ་ནང་ཞུགས་དགོས་པ་ལ་མ་བུའི་ལས་དང་། བུའི་རྣམ་ཤེས། མའི་མངལ་འཕྲོ་བརླག་སོང་མེད་པ་ཞིག་དགོས། མངལ་དེའི་ནང་ཕྲུ་གུ་ཆགས་དུས་མེར་པོ་དང་། ནུར་པོ། སྟར་པོ།མཁྲང་འགྱུར་ལ་སོགས་པ་ཆགས་ཚར་དུས་ཡང་བུ་དེར་མངལ་གྱི་ནང་དུ་སྡུག་བསྔལ་གྱི་ཚོར་བ་མྱོང་གི་ཡོད་དེ། དཔེར་ན། མ་ཡིས་ཁ་ཟས་ཚ་པོ་ཟ་དུས་མེ་ཡི་ནང་སྲེག་པ་ལྟ་བུའི་སྡུག་བསྔལ་མྱང་གི་ཡོད། མར་ཉལ་བའི་སྐབས་སུ་བྲག་གཉིས་ཀྱི་བར་ཚུད་པ་ལྟ་བུའི་སྡུག་བསྔལ་མྱོང་དགོས་པ་སོགས་མང་པོ་ཡོད་དེ། མ་ཡིས་དེ་འདྲའི་སྡུག་བསྔལ་ཐམས་ཅད་མཁྱེན་ནས་མ་རང་གིས་འདོད་པའི་ཟས་ཞིམ་པོ་ཅི་ཡོད་ཀྱང་འཛེམས་ཀྱིན་ཡོད། དཔེར་ན། གལ་ཏེ་རང་ལ་གཞན་གྱིས་བརྡུང་བ་དང་། རྐྱེན་ངན་པ་ཞིག་་གི་དབང་དུ་ཤོར་དུས་ལམ་སང་ཁ་ནས་ཨ་མ་ཞེས་རང་བཞིན་གྱིས་ཐོན་པ་དེ་ཨ་མར་འཇིགས་པ་ལས་སྐྱོབ་པའི་ནུས་པ་ཡོད་རུང་མེད་རུང་མ་དྲིན་ཆེན་དང་བློ་ཐག་ཉེ་ཤོས་ཡིན་པའི་བརྩེ་བ་མཚོན་གྱི་ཡོད། མངལ་དུ་ཉིང་མཚམས་སྦྱར་ནས་མ་བཙས་བར། ། རང་ལུས་བྲག་ལྟར་ལྗིད་ཆགས་ཁུར་དུ་འཁྱེར། ། དཀའ་ཚེགས་དུ་མ་ཁྱད་གསོད་རབ་མཛད་པ། ། ཨེ་མ་མ་ཡུམ་བཀའ་དྲིན་མི་ཆེ་འམ། ། དེ་དང་ལྷན་དུ་ཞོར་ལ་དགེ་བའི་བཤེས་གཉེན་གྱི་བྱམས་བརྩེ་དང་བཀའ་དྲིན་གྱིས་ཇི་ལྟར་བསྐྱངས་བ་ཐུང་ངུ་ཞིག་འབྲི་བར་འདོད། ཁོ་བོར་རྒན་ལགས་ཀྱིས་ཆུང་དུས་སྐབས་སུ་བྱམས་བརྩེས་མང་པོ་བསྐྱངས་ཡོད་ཅིང་། དེ་བཀའ་དྲིན་ཆེ་ཤོས་ཡིན་པ་ཤེས་ཆེད་དུ་་སྒྲུང་གི་ཚུལ་དུ་འཆད་པར་འདོད། ངའི་རེ་བར་ཁྱེད་རྣམས་ལ་སྙན་པོ་ཡོང་བ་དང་འཕོ་འགྱུར་ཐེབས་པའི་རེ་བ་མཆིས། དེ་ནི་ང་ཆུང་དུས་སྐབས་རྐུན་མ་རྒྱག་རྒྱུར་དཔེ་མི་སྲིད་པའི་དགའ་པོ་ཡོད། […]

བདག་ལ་བྱམས་བརྩེས་བསྐྱངས་པའི

བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན།

བསྟན་འཛིན་ཆོས་དབྱིངས། འཛིན་གྲྭ་བཅུ་གཅིག གོ་པལ་པུར་བོད་ཁྱིམ། ༄༅། །བོད་གངས་ལྗོངས་ཀྱི་སྐྱབས་མགོན་༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ལགས། ཁྱེད་ཉིད་དགུང་ལ་བཅུ་དྲུག་ལ་བོད་ཆོས་སྲིད་གཉིས་ཀྱི་ཐུགས་འགན་ཇི་ལྟར་བཞེས་ཡིན་ནམ། སྐབས་དེ་དུས་བོད་ཀྱི་ཆབ་སྲིད་ནི་འཐེན་འཁྱེར་ཆེ་ཞིང་ཞིག་རལ་ཞིག་འདུག དེ་ནས་དུས་ཡུན་ཐུང་ངུའི་ནང་རྒྱ་མིས་བོད་དུ་བཙན་འཛུལ་བྱས་ཤིང། ༸གོང་ས་མཆོག་དང་བོད་གཞུང་གིས་ཨ་རི་དང་དབྱིན་ཇི། རྒྱ་གར་བལ་ཡུལ་བཅས་ལ་འབྲེལ་བ་བྱས་ཏེ་རོགས་སྐྱོར་ཞུས་ཀྱང་སུས་ཀྱང་བདག་སྤྲོད་མ་བྱས་པར་བོད་དེ་གཅིག་པུར་ལུས་ཡོད། དེ་ན་ལོ་བརྒྱད་དགུ་ཞིག་རྒྱ་དཔོན་ཚོ་དང་གནད་དོན་སྣ་ཚོགས་ཀྱི་ཐོག་ཡ་ལན་ཅི་འདྲ་གནང་ཡོད་དམ། དེ་དག་ལ་བསམ་ཚེ་དེ་ཚོ་ནི་ལས་སླ་པོ་ཞིག་གཏན་ནས་རེད་བསམ་གྱི་མེད། ༸གོང་ས་མཆོག་དང་བོད་མི་ངོས་ནས་ཅི་འདྲའི་བསམ་ཤེས་དང་གུ་ཡངས་ཀྱིས་བགྲོ་གླེེང་དང་གོ་བསྡུར་མང་དག་གནང་ཡོད་ཀྱང། མཐའ་མ་རྒྱ་དཔོན་དེ་དག་གི་གྲོས་མཐུན་དོན་ཚན་བདུན་ཡང་རྡོག་རོལ་ཏུ་བཏང་ནས། སྲིད་ཚབ་རྣམ་གཉིས་ཀྱང་དགོངས་པ་ཞུ་དགོས་པ་དང། ༸རྒྱལ་བའི་སྐུ་སྲོག་ལའང་ཉེན་ཁ་ཆེན་པོ་ཆགས་པར་བརྟེན། སྐུ་ཉིད་རྒྱ་གར་དུ་བཙན་བྱོལ་ལ་མ་ཕེབས་ཀ་མེད་དུ་གྱུར་ཡོད། བཙན་བྱོལ་དུ་འབྱོར་སྐབས་ཀྱང་རྒྱ་གར་གཞུང་ལ་རོགས་སྐྱོར་ཞུ་རྒྱུ་ལས་གཞན་དཔལ་འབྱོོར་གྱི་རྒྱབ་རྟེན་གང་ཡང་མེད། འོན་ཀྱང་གནས་སྟངས་ཉག་ཕྲ་བའི་སྐབས་དེ་དུས་བོད་མི་རྒན་ཚོས་བཀའ་གསུངས་ཅི་སྒྲུབ་ཞུས་ཏེ། བོད་ཕྲུག་ན་གཞོན་ཚོར་སློབ་གྲྭ་ཐོག་མར་བཙུགས་ཡོད། བོད་མི་བྱིངས་ལ་གཞིས་ཆགས་དང། རབ་བྱུང་ཚོར་དགོན་པ་ཧ་ཅང་མང་པོ་འདི་འདྲ་གསར་བཞེངས་ཇི་ལྟར་གནང་བ་ཡིན་ནམ། མིའིང་གཞིས་ཆགས་གང་དུ་ཕྱིན་ཡང་དེར་སློབ་གྲྭ་དང་དགོན་པ་མེད་པ་མི་འདུག དེ་དག་ཁྱེད་ཀྱིས་མཛད་འཕྲིན་གྱི་སྟོབས་ཤུགས་ལས་བྱུང་ཞིག་མ་ཡིན་ནམ། དེ་སྔ་བོད་དུ་གཙོ་བོོ་༸རྒྱལ་བ་རིན་པོ་ཆེ་དང་བཀའ་བློོས་ཚོགས་གཞུང་བསྐྱང་གི་ཡོད། བཙན་བྱོལ་དུ་འབྱོར་མ་ཐག་ནས་མང་གཙོའི་གཞུང་ཞིག་ཏུ་འགྱུར་རྒྱུའི་དགོངས་པ་བཞེས་ནས། ༡༩༦༠ ནས་བོད་མི་མང་སྤྱི་འཐུས་བཙུགས་ནས་མང་གཙོ་དབུ་བརྙེས་དེ་ནས་རིམ་གྱི་ཡང་རྒྱས་བཏང་ནས་སྤྱི་འཐུས་མང་དུ་བཏང། དེ་ནས་ཁྲིམས་ཞིབ་ལྷན་ཁང་བཙུགས་རྗེས་བཙན་བྱོལ་གཞུང་འདི་བོད་མིིའི་གཞུང་མང་གཙོ་ཅན་ཞིག་ཏུ་གྱུར་ཐུབ་པ་བྱུང་ཡོད། བོད་མི་ཚོས་རྔུལ་ཆུ་དང་རྣག་ཁྲག་གི་འགྲོ་སོང་ཇི་ཡང་བཏང་མི་དགོས་ཀྱང་སྟབས་བདེ་པོར་བོད་མི་ཚོ་མང་གཙོའི་གཞུང་ཞིག་ཏུ་གྱུར། ཕྱི་ལོ་༢༠༡༡ ལོར་༸རྒྱལ་བའི་སྐུ་དབང་ཡོངས་རྫོགས་མི་མང་གིས་བདམས་པའི་བཀའ་བློན་ཁྲི་བར་གནང་ནས་བཙན་བྱོལ་བོད་གཞུང་འདི་མང་གཙོ་ཡང་དག་པ་ཞིག་ཏུ་འགྱུར་ཡོད། བོད་མི་ཚོས་དེར་འདོད་བབ་མེད་ཀྱང་༸རྒྱལ་བ་རིན་པོ་ཆེས་དེ་འདྲ་གནང་བ་ནི་ཆེས་ངོ་མཚར་ཆེན་པོ་ཞིག་རེད་སྙམ། བཀའ་བློན་ཁྲི་པ་སྲིད་སྐྱོང་དང་སྲིད་སྐྱོང་དང་བཙན་བྱོལ་བོད་གཞུང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཏུ་དགོས་པ་རྒྱ་ཆེན་པོ་ཞིག་ལ་བརྟེན་ནས་འགྱུར་བཅོས་གནང་ཡོད། དེ་བཞིན་བོད་མི་ཚོས་རང་བཙན་མ་རྩོད་པར་དབུ་མའི་ལམ་གྱི་ཐོག་ནས་བོད་རང་དབང་བསྐྱར་གསོ་ཡོང་ཐབས་དང་སྐུ་ངལ་དང་འབད་བརྩོན་བརྒྱ་ཕྲག་བསྐྱོན་གནང་ཡོད་ཀྱང་། ལྟ་བ་མཁྲེགས་བཟུང་ཅན་གྱི་རྒྱ་དཔོན་ཚོས་ཚུལ་མཐུན་ཞིག་ཡ་ལན་བྱས་མེད་པས་ད་བར་ལམ་ལྷོང་མ་བྱུང་ཡང། ཤེས་ཡོན་ཅན་གྱི་རྒྱ་རིགས་མི་མང་གིས་དུས་ཚོད་ངེས་ཅན་ཞིག་ལ་དེར་ངེས་པར་དང་ལེན་བྱེད་དགོས་ཀྱི་རེད་སྙམ། འཛམ་གླིང་གི་ཁམས་འདིར་ཁྱེད་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང། འཛམ་གླིང་ཞི་བདེ། ཆོས་ལུགས་མཐུན་སྒྲིལ། གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་ཁོར་ཡུག་སྲུུང་སྐྱོབ་གལ་འགངས་ཆེན་པོ་ཡིན་པ་བཅས་ཀྱི་ཐོག་བཀའ་སློབ་ལམ་སྟོན་འཛམ་གླིང་ཤར་ནུབ་ཡོངས་ལ་དུས་ནས་དུས་སུ་གནང་ཡོད། དེ་བཞིན་ཚན་རིག་པ་དང་འབྲེལ་བ་ཡུན་རིང་གནང་ནས་ཆོས་ལུགས་ཡོངས་ན་ནང་པའི་ཆོས་ལ་ཚན་རིག་པ་མཁས་པ་ཚོས་ཀྱང་གདེང་འཇོག་ཆེན་པོ་བྱེད་མུས་ཡིན། ཆོས་ལུགས་ལ་མ་བརྟེན་པའིི་བཟང་སྤྱོད་ཀྱིི་ཐབས་ལམ་སྤེལ་བ་དེ་ཡང་ཆེས་ངོ་མཚར་ཅན་ཞིག་ཡིན། ང་ཚོ་ནི་ཚེ་སྔོན་ལས་དབང་གིས་མི་ཡུལ་འགྲིམས་འདོད་མེད་བཞིན་དུ་ཡོང་དགོས་བྱུང། འོན་ཀྱང་བོད་གཞིས་བྱེས་གཉིས་ཀྱི་གནས་སྟངས་ཉག་ཕྲ་བའི་སྐབས་འདིར་ང་ཚོར་སྐྱབས་མགོན་ཁྱེད་དང་འཕྲད་པ་ནི་ང་ཚོའི་བསོད་ནམས་ཞིག་ཡིན་པར་ཚོར་བྱུང། དངོས་གནས། སྐྱབས་མགོན་ལགས་ཁྱེད་ཀྱིས་བོད་ཕྲུག་ཚོར་དགོས་པའི་ཤེས་ཡོོན་དང་རླབས་ཆེན་བཀའ་སློབ་གནང་བ་དེ་ནི། ང་ཚོའིི་བསམ་བློ་ནས་ནམ་ཡང་བརྗེད་ཐབས་མེད། ངོ་མ། ཁྱེད་ཀྱིས་ང་ཚོར་ནུ་ཞོ་བྱིན་ནས་མ་གསོས་ཀྱང་ད་ལྟ་ང་ཚོའི་ལུས་པོ་དང་ལྷག་པར་བསམ་བློའི་ནུས་པ་ཅི་འདྲ་ཞིག་ཏུ་གྱུར་བ་ནི་ཁྱེད་ཀྱིས་བླང་དོར་གྱི་བཀའ་སློབ་ཁོ་ནའི་དྲིན་ཡིན། ༸རྒྱལ་དབང་མཆོག་གིས་ཉིན་མཚན་ཀུན་ཏུ་བོད་ཕྲུག་ང་ཚོའིི་ཆེད་དུ་ཕྱི་རྒྱལ་གྱི་ཡུལ་གྲུ་གང་སར་ཕེབས་ནས་བོད་དོན་གྱི་མདུན་ལམ་དང་མ་འོངས་པ་བོད་ཕྲུག་ང་ཚོའི་ཆེད་དུ་ཡིན་པས་བཀའ་དྲིན་ཆེ། དེ་དག་ང་ཚོས་རྟག་ཏུ་ཡིད་ལ་དྲན་བཞིན་ཡོད། ད་དུང་ཁྱེད་ཀྱི་གཡོ་བ་མེད་པའི་ལྷག་བསམ་དང་གཞན་གཅེས་འཛིན་གྱིི་ནུས་པ་ནི། ང་ཚོས་མི་རབས་ནས་མི་རབས་བར་བརྗེད་ཐབས་མེད་པ་ཞིག་ཡིན། ཁྱེད་ཀྱི་བྱམས་བརྩེའི་ནུས་སྟོབས་ནི་དགུང་སྔོན་གྱི་དབྱིངས་ནས་འོད་ཟེར་སྟོང་ལྡན་གྱི་ཉི་མ་སེར་པོས་འཇིགས་སྐྲག་གིས་ཁེངས་ཞིང་མུན་ནག་གིས་འཐུམས་པའི་མུན་སེལ་སྒྲོན་མེ་དང་གཉིས་སུ་མ་མཆིས། […]

ང་ལ་བྱམས་བརྩེས་བསྐྱངས་བའི་བ

ང་ལ་བྱམས་བརྩེས་བསྐྱངས་བའི་བཀའ་དྲིན་ཅན།

ལྷ་མོ་སྒྲོལ་མ། འཛིན་གྲྭ་བཅུ་གཅིག སྦེལ་ཀོབ་སཾ་བྷོ་ཊ། བདག་ལ་བྱམས་བརྩེས་བསྐྱངས་བའི་བཀའ་དྲིན་ཅན་མང་པོ་ཡོད་ཀྱང་མི་སྣ་གལ་ཆེན་པོ་ལྔའི་སྐོར་ཞུ་རྒྱུ་ཡིན། དང་པོ་ནི་ངའི་བརྩེ་བའི་ཕ་མ་གཉིས་ཡིན། ད་ལྟ་ང་འཛམ་གླིང་འདིའི་ནང་ཡོད་པ་ནི་ཕ་མ་གཉིས་ཀྱི་བཀའ་དྲིན་གྱི་ཡིན། བདག་གི་ཕ་མ་ནི་ཧ་ཅང་གི་སྙིང་རྗེ་ཆེན་པོ་དང་། བྱམས་སེམས་ཆེན་པོ་ཡོད། བུ་མོ་ང་རང་ད་ལྟ་སློབ་སྦྱོང་གང་ལ་གང་མཚམས་ཤེས་པ་དེ་ཡང་གཙོ་བོ་བྱམས་བརྩེ་ལྡན་པའི་ཕ་མ་གཉིས་ཀྱི་དཀའ་དྲིན་ལ་བརྟེན་ནས་ཡིན། གུས་མོ་ང་རང་ལོ་ན་ཆུང་དུས་སྐབས་ཕ་མའི་བསླབ་བྱ་དང་བཀའ་དྲིན་ལ་བརྟེན་ནས་བུ་མོ་ང་རང་གི་མི་ཚེའི་འགྲོ་ལམ་འདི་བྱུང་བ་རེད། ཕ་མ་མེད་པའི་དུས་སྐབས་སུ་འཛམ་གླིང་གི་བྱེ་ཐང་ཆེན་པོ་ཞིག་གི་སྟེང་བུ་མོ་ང་རང་ཁེར་རྐྱང་ལྷག་པའི་ཚོར་བ་ཞིག་སྟེར། ད་ལྟ་སོ་སོ་ལ་བྱམས་བརྩེས་སྐྱོང་མཁན་ཡོད་པའི་སྐབས་འདིར་ཕ་མ་གཉིས་པོ་ཧ་ཅང་གི་དྲིན་ཆེན་དང་ཐུགས་རྗེ་ཆེན་པོ་ཡིན་པ་ཚོར་དགོས། འཛམ་གླིང་འདིའི་ནང་ད་ལྟ་མི་འབོར་ཧ་ཅང་མང་པོ་ཡོད་ཀྱང་། ཁ་ཤས་ཀྱིས་ཕ་མ་ཐུགས་རྗེ་བཀའ་དྲིན་ཆེན་པོ་ཡིན་པ་ཤེས་ཀྱི་མེད། དེར་བརྟེན་ལྷན་རྒྱས་ཡོངས་ལ་ད་ལྟ་བྱམས་བརྩེས་སྐྱོང་མཁན་གྱི་ཕ་མ་ཡོད་དུས་དེ་ལ་རོགས་རམ་དང་གུས་ཞབས་བྱེད་རྒྱུ་ནི་ང་ཚོ་ཚང་མའི་ལས་འགན་ཡིན། ད་ལྟ་ང་ཚོ་ཚང་མ་ལ་ཕ་མ་ཡོད་པས་སོ་སོ་བསོད་ནམས་ཆེན་པོ་ཡིན་པ་ཚོར་དགོས། བདག་ལ་བྱམས་བརྩེས་བསྐྱངས་བའི་བཀའ་དྲིན་ཆེ་བའི་ཕ་མ་ནི་ངས་དུས་ནམ་ཡང་བརྗེད་མི་སྲིད་ལ། བུ་མོ་ང་རང་ངོས་ནས་ཁོང་རྣམ་པས་གང་གསུངས་པ་ལ་ཉན་རྒྱུ་ཡིན། གཉིས་པ། བདག་ལ་བྱམས་སྙིང་རྗེས་བསྐྱངས་བའི་བཀའ་དྲིན་ཅན་གཉིས་པ་ནི་ངའི་ཨ་ཁུ་ལགས་ཡིན། ཁོང་ནི་ད་ལྟ་ཕྱི་རྒྱུལ་དུ་བཞུགས་ཡོད། ང་རང་ཆུང་དུས་ནས་ཁོང་གིས་གཟིགས་སྐྱོང་གནང་བ་རེད། ད་ལྟ་ང་རང་བོད་པའི་སློབ་གྲྭར་སློབ་སྦྱོང་བྱ་རྒྱུའི་གོ་སྐབས་ཐོབ་པ་དེ་ཁོང་གི་བཀའ་དྲིན་ཡིན། མི་མང་ཆེ་བ་ལ་སོ་སོའི་ཕ་མ་བཀའ་དྲིན་ཆེན་པོ་ཡིན་ནའང། ངའི་ཆེད་དུ་ཕ་མ་གཉིས་པ་ལྟ་བུ་ནི་ངའི་ཨ་ཁུ་ཡིན། ང་ལོ་ལྔ་ནས་རྒྱ་གར་གྱི་མངའ་སྡེ་ཀར་ནཱ་ཊ་ཀ་ལ་ཁྲིད་ནས་ང་ལ་གསོ་སྐྱོང་གནང་ཡོད། ཁོང་གིས་ངའི་ཆེད་དུ་སྐུ་ལས་གང་གནང་བ་དེ་ཕ་མས་གནང་བ་དང་མཚུངས་བས། ངས་ཁོང་གི་བཀའ་དྲིན་ནམ་ཡང་བརྗེད་མི་ཐུབ་ལ། ངས་ཁོང་གི་བཀའ་དྲིན་ཚེ་གང་འཇལ་ཐུབ་ཐབས་ཀྱང་མེད། གསུམ་པ། བདག་ལ་ཤེས་ཡོན་གནང་མཁན་གྱི་དགེ་རྒན་རྣམ་པ་ཡིན། ད་ལྟ་ང་ཚོའི་སློབ་ཕྲུག་གི་མི་ཚེ་བཟོ་མཁན་ནི་བཀའ་དྲིན་ཆེ་བའི་དགེ་རྒན་རྣམ་པ་ཡིན། བདག་གིས་བསམ་ན་འཛམ་གླིང་ནང་ལས་ཀ་ཁག་ཤོས་དེ་དགེ་རྒན་གྱི་ལས་ཀ་ཡིན་པར་སེམས། ང་ཚོ་སློབ་ཕྲུག་གི་མི་ཚེ་ཕྱེད་ཀ་ལྷག་ཚང་མ་དགེ་རྒན་གྱིས་བཟོས་ཀྱི་ཡོད། དགེ་རྒན་གྱིས་ང་ཚོ་ཉི་མ་ནས་ཉི་མ་མི་ཚེའི་འགྲོ་སྟངས་སློབ་གནང་གི་ཡོད། ང་ཚོའི་དགེ་རྒན་དང་སློབ་ཕྲུག་གི་འབྲེལ་བ་ནི་ཕ་མ་དང། ཕྲུ་གུ་ཡི་འབྲེལ་བ་དང་མཚུངས་པ་ཡིན། བདག་གིས་དགེ་རྒན་ཚོའི་བཀའ་དྲིན་ནམ་ཡང་བརྗེད་ཐུབ་ཐབས་མེད། གསུམ་པ། བདག་གི་བརྩེ་བའི་གྲོགས་པོ་དང་གྲོགས་མོ་རྣམ་པ་ཡིན། བདག་འཛམ་གླིང་ནང་ལ་སླེབས་པ་ནས་ང་རང་གི་གྲོགས་མོ་ཚོ་ཧ་ཅང་བཀའ་དྲིན་ཆེན་པོ་ཡིན། ང་རང་ལ་དཀའ་ངལ་འཕྲད་པའི་སྐབས་སུ་ངའི་གྲོགས་མོ་ཚང་མས་ང་ལ་སེམས་ཤུགས་དང། ནུས་པ་སྤྲོད་ཀྱི་ཡོད། དེང་སང་གི་འཛམ་གླིང་ནང་ང་ཚོའི་གྲོགས་མོ་དང་གྲོགས་པོ་ཡག་པོ་རགས་རྒྱུ་ཁག་པོ་རེད། གྲོགས་མོས་བདག་ལ་གང་ཡག་པོ་ཡིན་པ་དང་ནོར་བ་ཡིན་པ་བཤད་ཀྱི་ཡོད། ད་ལྟ་ང་ཚོ་ལ་གྲོགས་པོ་དང་གྲོགས་མོ་བཟང་པོ་ཡོད་པའི་སྐབས་འདིར་ཁོང་ཚོའི་མཉམ་དུ་འཆམ་པོ་བྱེད་དེ་སྡོད་དགོས་པ་དང། གྲོགས་པོ་དང་གྲོགས་མོ་བཟང་པོ་རྣམས་སོ་སོས་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེ། གྲོགས་པོ་དང་གྲོགས་མོ་རྣམས་སྤྱོད་པ་ཡག་པོ་དང་། རང་ལ་བརྩེ་བ་ཡོད་མཁན། བྱམས་སྙིང་རྗེ་ཡོད་མཁན་ཡོད་དགོས་སོ། །

བདག་ལ་བྱམས་བརྩེས་བསྐྱངས་པའི

བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན།

དབྱངས་ཅན་སྒྲོལ་དཀར། འཛིན་གྲྭ་བཅུ་གཅིག དྷོ་ལན་ཇཱི་སཾ་བྷོ་ཊ། འཛམ་གླིང་ཆེན་པོ་འདི་ཡི་ནང་། ། མི་ནི་གྲངས་མེད་ཡོད་ན་ཡང་། ། ང་ལ་བཀའ་དྲིན་ཆེ་ཤོས་ནི། ། ང་ཡི་དྲིན་ཆེན་ཨ་མ་ཡིན། ། ང་ལ་དཀའ་ངལ་འཕྲད་པའི་དུས། ། གྲིབ་མ་ནང་བཞིན་མཉམ་དུ་ཡོད། ། ཆར་དུས་སྐབས་ཀྱི་ཆར་གདུགས་བཞིན། ། ང་ལ་རྟག་ཏུ་སྲུང་སྐྱོབ་གནང་། ། བདག་ལ་ཡག་པོ་བྱེད་མཁན་ནི། ། མང་པོ་མཐོང་རྒྱུ་ཡོད་ན་ཡང་། ། ཨ་མ་འདྲ་བའི་མི་སྣ་ནི། ། བཙལ་ཀྱང་རྙེད་རྒྱུ་ཡོད་མ་ཡིན། ། བྱམས་བརྩེ་ལྡན་ཞིང་སྙིང་སྟོབས་ཆེ། ། བུ་ཕྲུག་དོན་དུ་ཅི་ཡང་བྱེད། ། ཨ་མ་འདྲ་བའི་ནུས་པ་ཅན། ། འཛམ་གླིང་འདི་ན་ཤིན་ཏུ་དཀོན། ། བརྙན་འཕྲིན་ནང་གི་དཔའ་བོ་ནི། ། བརྫུས་པའི་དཔའ་བོ་ཡིན་ན་ཡང་། ། དྲིན་ཆེན་ཨ་མ་ཁྱེད་ཉིད་ནི། ། ང་ཡི་དཔའ་བོ་ངོ་མ་ཡིན། ། ཨ་མ་ཁྱེད་ཀྱི་བཀའ་དྲིན་ནི། ། འཇལ་བར་འདོད་ཀྱང་གཞལ་དུ་མེད། ། ཁྱེད་ཀྱི་བསླབ་བྱ་སྙིང་བཅངས་ཀྱིས། ། སློབ་ལ་འབད་བརྩོན་བྱེད་མུས་ཡིན། །

བདག་ལ་བྱམས་བརྩེས་བསྐྱངས་པའི

བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན།

ཕུར་བུ་ཚེ་དབང་། འཛིན་གྲྭ་བཅུ་གཉིས། མོན་གྷོ་སམ་བྷོ་ཊ་གཏན་ཉིན་སློབ་གྲྭ། སྤྱིར་འཛམ་གླིང་འདིའི་ནང་གི་མི་རེ་ཚང་རང་ཉིད་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན་གྱི་མི་ནི་གལ་ཆེན་ཡིན་ཞིང་། མི་སྣ་དེ་འདྲ་རང་ཉིད་ཀྱི་མི་ཚེའི་ནང་མི་ཉུང་བ་ཡོད་ངེས། བདག་ལ་མཚོན་ན་བྱམས་བརྩེས་བསྐྱངས་པའི་མི་ནི་དཀའ་ངལ་གྱི་སྨག་རུམ་ནང་ལྷུང་དུས་རོགས་རམ་གྱི་ཉི་མས་སྐྱོབ་པར་བྱེད་མཁན་གྱི་མི་སྣ་དག་ཡིན། དེ་ཡང་ངའི་མི་ཚེའི་ནང་ཉི་ཟླ་ལྟ་བུས་བྱམས་བརྩེས་སྐྱོང་མཁན་གཙོ་བོ་གཉིས་ཡོད། གཅིག་ནི་བརྩེ་བའི་ཕ་མ་གཉིས་དང་། གཞན་དེ་བཀའ་དྲིན་གཞལ་བར་དཀའ་བའི་དགེ་རྒན་དག་ཡིན། ཕ་མ་དང་དགེ་རྒན་མེད་ན་ངའི་མི་ཚེ་འདི་ཆ་ཚང་བ་ཞིག་ཡོང་མི་ཐུབ། རྒྱུ་མཚན་ནི་ཕ་མ་ནི་གཉིས་ངའི་མི་ཚེའི་ནང་དུས་ནམ་ཡང་མཉམ་དུ་ཡོད་ཅིང་། ང་རང་སེམས་པ་མི་སྐྱིད་པའི་སྐབས་ཁོང་གཉིས་ཀྱིས་སེམས་གསོ་གནང་གི་ཡོད། དགེ་རྒན་ནི་ད་ལྟ་བདག་གིས་རྩོམ་ཡིག་འབྲི་ཐུབ་པ་དང་། ཤེས་ཡོན་ཏོག་ཙམ་ཡོད་པ་དེའི་འབྱུང་ཁུངས་གཅིག་པུ་དེ་རེད། ཕ་མ། ང་རང་ཚོ་འཛམ་བུ་གླིང་འདིའི་ནང་ཡོང་དུ་འཇུག་མཁན་གྱི་ཐབས་ཤེས་གཉིས་ནི་ཕ་མ་ཡིན་ཞིང་། ད་ལྟ་ང་རང་ཚོ་ཇི་འདྲ་ཡོད་པ་དེ་ཡང་ཕ་མའི་བཀའ་དྲིན་ཉག་གཅིག་ལས་བྱུང་བ་རེད། ཕ་མའི་བྱམས་བརྩེ་ལྟ་བུ་མི་གཞན་སུས་ཀྱང་གནང་ཐུབ་རྒྱུ་མ་རེད། བདག་ལ་མཚོན་ན་ཕ་མ་གཉིས་ནི་ཧ་ཅང་རྩ་ཆེན་པོ་ཡིན་ཅིང་ཕ་མའི་བཀའ་དྲིན་ནི་གཞལ་དཀའ་བ་ཞིག་རེད། འོན་ཀྱང་བདག་གིས་མ་འོངས་དྲིན་ལན་གསོ་ཐབས་བྱ་རྒྱུའི་དམ་བཅའ་བཞག་ཡོད། བདག་གི་ཕ་མ་ནི་བདག་གི་ནུས་ཤུགས་ཡིན་ཞིང་ཁོང་གཉིས་བདག་གི་མི་ཚེའི་ཆ་ཤས་གལ་ཆེན་ཞིག་ཡིན། ཕ་མས་བདག་ལ་ཆུང་སྦར་མོ་གང་ནས་བྱམས་སྐྱོང་ཚད་མེད་གནང་པ་མ་ཟད་ངའི་མ་འོངས་པའི་ཆེད་སྐུ་ལས་ཚད་ལས་འདས་པ་གནང་དང་གནང་བཞིན་ཡོད་ཅིང་། ང་སྐྱེས་པའི་ཉིན་ནས་ཉིན་མཚན་ལྟོས་མེད་བདག་གི་བདེ་སྡུག་ཁོ་ན་བསམས་ཞིང་རང་དོན་ཡོངས་རྫོགས་བློས་བཏང་ཡོད། བདག་གི་ཨ་མས་ང་རང་ལོ་ན་གཉིས་མ་ཟིན་བར་མཚན་མོ་གཉིད་མ་ཁུག་པར་ངུས་ནས་དཀའ་ངལ་ཆེན་པོ་སྤྲད་མྱོང་གསུངས། དེ་ནི་བདག་གིས་ཕ་མ་གཉིས་སྡུག་ལ་སྦྱར་བའི་དཔེ་མཚོན་ཆུང་ཆུང་ཞིག་རེད་ཨང་། དགེ་རྒན། རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་མཆོག་ནས་“ཕྲུ་གུ་སློབ་གྲྭའི་ནང་ནས་ཡང་བསྐྱར་སྐྱེ་གི་ཡོད།”ཅེས་གསུངས་པ་ལྟར། དགེ་རྒན་ནི་ང་ཚོ་འཛམ་གླིང་འདིའི་ནང་ཆ་ཚང་བར་སྐྱེ་འཇུག་མཁན་དེ་རེད། གུས་པ་ང་རང་གིས་ད་ལྟ་སློབ་སྦྱོང་ཏོག་ཙམ་ཤེས་པ་དེ་ཐམས་ཅད་དགེ་རྒན་གྱི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན། ཁོང་ཚོས་རང་ཉིད་ཀྱི་སློབ་མ་ཚོའི་མདུན་ལམ་ལེགས་པོ་ཞིག་དང་། མི་བཟང་པོ་ཞིག་བཟོ་ཐབས་འབད་བརྩོན་ཕྱོགས་གང་ས་ནས་གནང་གི་ཡོད། ང་རང་གིས་རྒྱུན་དུ་སློབ་ཚན་མ་ཤེས་པ་དང་དོགས་གནས་ཡོད་པ་རྣམས་ཁོང་རྣམས་ལ་བཀའ་འདྲི་ཞུ་གི་ཡོད། ཁོང་རྣམ་པས་ངལ་བ་ཁྱད་བསད་ཀྱིས་དོན་གནད་རྣམས་ལས་སླ་པོའི་ངང་རྟོགས་ཐུབ་པ་བཟོ་གི་འདུག །དེར་བརྟེན་ཁོང་ཚོ་བདག་གི་སེམས་པའི་གཏིང་དུ་བཞད་པའི་མེ་ཏོག་དང་འཇའ་ཚོན་དག་ཡིན་ཞིང་། བདག་གིས་ནམ་ཡང་བརྗེད་མི་སྲིད་ལ། དྲིན་ལན་འཇལ་རྒྱུའི་ཁས་ལེན་ཞུའོ། །

བདག་ལ་བྱམས་བརྩེས་བསྐྱངས་པའི

བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན།

བསྟན་འཛིན་ཟླ་དཀར། འཛིན་གྲ་བརྒྱད་པ། བདེ་སླར་སཾ་བྷོ་ཊ་སཱི་ཝི་པི་ཉིན་སློབ། གུས་པའི་མིང་ལ་བསྟན་འཛིན་དགྲ་འདུལ་ཟེར་གྱི་ཡོད། འཛམ་གླིང་འདི་ནང་དུ་མི་ཚང་མར་བྱམས་དང་བརྩེ་བའི་མི་སྣ་རེ་རེ་ཡོད། དེ་འདྲ་བ་བདག་ལ་ཡང་བྱམས་དང་བརྩེ་བའི་མི་སྣ་ཞིག་ཡོད། དེ་ནི་བདག་གི་བྱམས་བརྩེ་ལྡན་པའི་དགེ་རྒན་ཡིན། བདག་གི་དགེ་རྒན་གྱི་མཚན་ལ་སངས་རྒྱས་ལགས་ཟེར་གྱི་ཡོད་ལ། ཁོང་མོའི་གཤིས་ཀ་ནི་བལ་ལས་འཇམ་པ་ཡོད་། ཁོང་མོས་སློབ་མ་རྣམས་ཀྱི་མདུན་ལམ་ལ་བསམ་གཞིག་བྱས་ཏེ་སོ་སོའི་གཅེས་ཕྲུག་ལྟར་བྱམས་སྐྱོང་གནང་གི་འདུག། ཁོང་མོ་ནི་དགུང་ལོ་བཞི་བཅུ་ཞེ་ལྔ་རེད། ཁོང་མོར་དབུ་སྐྲ་དཀར་པོ་ཐར་ཐོར་ཡོད་པ་དང་ངོ་གདོང་གངས་ལས་དཀར་བ་ཡོད། ཁོང་མོ་ནི་གཟུགས་ཆུང་ཞིང་སྐུ་ཤ་འཇོར་པོ་ཡོད་པའི་བུད་མེད་ཞིག་ཡིན། ཁོང་མོ་ནི་མེ་ཏོག་པདྨ་མ་ལྟར་མཛེས་ཞིང་ལྟ་ན་འདུག་པ་ཞིག་ཡིན། ཁོང་མོས་ཉིན་ལྟར་མཛམ་དམུལ་དམུལ་ངང་ང་དང་ངའི་འཛིན་གྲོགས་རྣམས་ལ་སློབ་ཚན་བསླབ་ཀྱི་ཡོད། ཁོང་མོས་ང་ཚོར་ཉེ་དགའ་ཕྱོགས་ཞེན་མེད་པར་ང་ཚོ་ཚང་མར་ངང་རྒྱུད་རིང་པོའི་ཐོག་ནས་སློབ་ཚན་ཁྲིད་ཀྱི་ཡོད། ད་དུང་ཁོང་མོས་ང་ཚོའི་སྐྱོན་ཆ་ཡོ་བསྲང་བྱེད་ཀྱི་ཡོད། ཁོང་མོས་ལྷག་བསམ་དཀར་པོའི་ཐུགས་སེམས་འཁྱེར་ནས་ཉིན་ལྟར་ང་ཚོ་ལ་སློབ་ཚན་བཀློག་ནས་སློབ་ཚན་ལ་འགྲེལ་བཤད་བརྒྱག་གྱི་ཡོད། དེ་དུས་ཤེས་ཡོན་ལྡན་པའི་སློབ་མ་རྣམས་ཀྱི་དགེ་རྒན་གྱི་སློབ་ཚན་ལ་ཨམ་ཅོག་ཀྲོང་ངེར་བྱས་ནས་ཉན་གྱི་ཡོད་པ་དང་མཉམ་དུ་ཟིན་ཐོ་ཡང་བྲིས་ཀྱི་ཡོད། ཁོང་མོ་ནི་བྱ་བ་ཅི་ཞིག་ཕྲད་ཀྱང་ལས་དོན་གཙོ་བོ་འཛིན་མཁན་ཞིག་ཡིན། ཁོང་མོས་ཞོགས་པ་ལྟག་པར་འཛིན་གྲྭར་བསླེབ་ནས་དང་པོ་ང་ཚོ་ལ་བསླབ་བྱ་ཡང་ཡང་གནང་གི་ཡོད། ད་དུང་ཁོང་མོས་བོད་ཀྱི་སྐོར་ལ་སྒྲུང་མང་པོ་ཤོད་ཀྱི་ཡོད། དེ་དུས་ང་ཚོས་ཁ་ཁུ་སིམ་པོའི་ངང་ནས་ཉན་གྱི་ཡོད། དེ་རྗེས་ཁོང་མོས་གསུངས་སྐད་སྙན་པོའི་ངང་སློབ་ཚན་འཁྲིད་ཀྱི་ཡོད། གལ་སྲིད་ང་ཚོས་ཁོང་མོས་བསླབ་པའི་སྒྲུང་མགོ་མ་ཚུགས་པ་ཡིན་ན་ཁོང་མོས་བོད་ཀྱི་གཏམ་དཔེ་མང་པོ་བསྐྱོར་ནས་ང་ཚོ་མགོ་ཚུགས་པ་བཟོ་ཡི་ཡོད། ང་ཚོའི་གཙང་ཞིང་ཡིད་དུ་འོང་བའི་འཛིན་གྲྭིའི་ནང་དུ་ཡོད་པའི་སློབ་ཕྲུག་རྣམས་ཤེས་ཡོན་ལྡན་པ་དང་བྱམས་དང་སྙིང་རྗེ་ལྡན་པ་ཆགས་པ་དེ་ཁོང་མོའི་བཀའ་དྲིན་ཡིན། ཁོང་མོ་ནི་ང་ཚོའི་མི་ཚེའི་མདུན་ལམ་སྟོན་མཁན་དེ་ཡིན་པ་མ་ཟད་ད་དུང་ང་ཚོ་ལ་གསེར་གྱི་ཉི་མའི་འོད་ཟེར་སྤྲོད་མཁན་དེ་ཡིན། ང་ཚོས་ཁོང་མོའི་གསུངས་པ་རྣམས་ཅི་གསུང་བཀའ་སྒྲུབ་བྱེད་ཀྱི་ཡོད། ང་ཚོས་ཁོང་མོས་བསྐུར་བའི་ནང་ལས་རྣམས་ཏག་ཏག་བྱེད་ཀྱི་ཡོད། ཡིག་ཚད་སླེབས་ལ་ཉེ་བའི་དུས་སུ་ང་ཚོ་རྩེད་མོ་རྩེས་ཀྱི་མེད་དེ་དུས་ང་ཚོ་ཚང་མ་མཉམ་དུ་འཛོམས་ནས་སློབ་ཚན་སླབ་རེས་བྱེད་ཀྱི་ཡོད། དེ་དུས་ཁོང་མོས་ང་ཚོར་བསྟོད་བསྔགས་བཏང་གི་འདུག། གལ་སྲིད་ང་ཚོས་སློབ་སྦྱོང་ཡག་པོ་བྱེད་ན་སོ་སོ་དགའ་བ། ང་ཚོའི་ཕ་མ་དགའ་བ་མ་ཟད་ད་དུང་ང་ཚོའི་དགེ་རྒན་ཡང་དགའ་ཡི་ཡོད་བྱས་ཙང་ང་ཚོས་ཉིན་ལྟར་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས། ང་ཚོའི་ཁ་ཁུ་སིམ་པའི་འཛིན་གྲྭིའི་ནང་དུ་ཁོང་མོས་ང་ཚོར་བསླབ་དུས་ང་ཚོས་ཅ་ཅོ་ལབ་གླེང་བྱེད་ཀྱི་མེད་པ་མ་ཟད་རྩེད་མོ་ཡང་རྩེས་ཀྱི་མེད། དེ་དུས་ང་ཚོས་བློ་བརྩེ་གཅིག་སྒྲིམ་གྱི་ཉན་གྱི་ཡོད། གལ་སྲིད་བོད་ཡིག་ཚོགས་ཐེངས་སྐབས་ཁོང་མོ་མ་ཕེབས་པ་ཡིན་ན་ང་ཚོ་ཚང་མ་ཁ་ཁུ་སིམ་པའི་ངང་ནས་བོད་ཡིག་སློབ་ཚན་བཀློག་ནས་བསྡད་ཀྱི་ཡོད། སྐབས་སྐབས། ང་ཚོ་ཚང་མ་སྒྲུང་དེབ་བཀློག་ནས་བསྡད་ཀྱི་ཡོད། ཁོང་མོ་ནི་དཀའ་ངལ་ལ་གདོང་ལེན་བྱེད་མཁན་ཞིག་ཡིན་པས་ང་ཚོ་སློབ་ཚན་བསླབ་ཚར་བ་དང་མཛེས་ཤིང་ལྟ་ན་སྡུག་པའི་འཛིན་གྲྭ་དང་པོ་ལ་སློབ་ཚན་བསླབ་པར་འགྲོ་གི་ཡོད། ངའི་བསམ་པར་ཁོང་མོ་ལ་དཀའ་ངལ་མང་པོ་ཡོད་རེད་བསམ་གྱི་འདུག་པས་ངས་སློབ་སྦྱོང་ཡག་པོ་བྱེད་པ་མ་ཟད་ད་དུང་དུས་ཚོད་སྟོང་པར་རྩེད་མོ་མ་རྩེས་ནས་བོད་ཡིག་སློབ་ཚན་བཀློག་ནས་བསྡད་ཀྱི་ཡོད། ངས་ང་རང་གི་བྱམས་དང་བརྩེ་བའི་གྲོགས་པོ་རྣམས་ལ་ཡང་ཁོང་མོས་དཀའ་ལས་གང་འདྲ་མང་པོ་བརྒྱག་གི་ཡོད་མེད་ལབ་ཀྱི་ཡོད། འཚམ་འཚམ་ང་རང་མིག་བཙུམ་དུས་ཁོང་མོའི་དཀར་ཞིང་གཙང་བའི་ཞལ་རས་ཡིད་ལ་དྲན་དུས་སྐབས་སྐབས་ང་རང་གི་མིག་ནས་མིག་ཆུ་ཤོར་གྱི་འདུག། གལ་སྲིད་ངའི་བྱམས་དང་བརྩེ་བའི་གྲོགས་པོ་དང་གྲོགས་མོ་རྣམས་ཁོང་མོས་ནང་ལས་བསྐུར་བ་རྣམས་མ་བྱེད་པ་ཡིན་ན། ཁོང་མོ་སེམས་ཧ་ཅང་གི་སྐྱོ་ཡི་ཡོད་པ་ངས་ཤེས་ཀྱི་ཡོད། བྱས་ཙང་ངས་གྲོགས་པོ་གྲོགས་མོ་ཚང་མར་ནང་ལས་རྣམས་ཏག་ཏག་བྱེད་བཅུག་ཀྱི་ཡོད། ཁོང་གི་བྱམས་སྐྱོང་བྱེད་པ་དེར་ལྟ་ན་ཁོང་མོ་ནི་འཛིན་རིམ་དྲུག་པ་དུང་དཀར་དང་འཛིན་རིམ་དང་པོ་དུང་དཀར་གྱི་ཨ་མ་དང་འདྲ། གལ་སྲིད་ང་ཚོས་སློབ་ཚན་མ་ཉན་པ་དང་ནང་ལས་ཏག་ཏག་མ་བྱེད་པ་ཡིན་ན་ཁོང་མོར་སྨྲ་མི་ཤེས་པའི་ཚོར་བ་ཞིག་སྐྱེས་ཀྱི་ཡོད་པ་ཤེས་ཀྱི་ཡོད། རང་གཤིས་དར་དཀར་ལས་འཇམ་ཞིང་བྱམས་བརྩེ་འོ་མ་ལས་ཀྱང་དཀར་བའི་དགེ་རྒན་གྱི་བསླབ་བྱ་རྣམས་ང་དང་ངའི་གྲོགས་པོ་གྲོགས་མོ་རྣམས་ཀྱི་ནམ་ཡང་བརྗེད་མི་སྲིད་དོ།