Skip to main content
ཤེས་རིག་ལས་ཁུངས།

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

བསྟན་འཛིན་ཆོས་སྐྱིད། འཛིན་གྲྭ་དྲུག་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ ཉི་མ་ཚ་ལམ་ལམ་དུ་ཤར་བའི་རེས་གཟའ་མིག་དམར་གྱི་ཉིན་ངས་རྩོམ་ཞིག་འབྲི་རྒྱུའི་བསམ་བློ་ཞིག་འཁོར་བྱུང་། སྤྱིར་བཏང་མི་ཚང་མར་སོ་སོའི་དམིགས་ཡུལ་གཅིག་ཡོད། དམིགས་ཡུལ་ནི་མ་འོངས་པ་སློབ་སྦྱོང་སྦྱོང་ཚར་བའི་རྗེས་སོ་སོའི་མི་ཚེ་ནང་གང་ཆགས་འདོད་ཡོད་པ་དང་ལས་ཀ་གང་བྱེད་འདོད་ཡོད་པ་ལ་དམིགས་ཡུལ་ཟེར། ངའི་དམིགས་ཡུལ་ནི་སྨན་པ་བཟང་པོ་ཞིག་ཆགས་རྒྱུ་དེ་ཡིན། སྨན་པ་ནི་མིའི་ཚེ་སྲོག་སྐྱོབ་མཁན་ཞིག་ཡིན་པ་སོང་ཙང་སྨན་པའི་ལས་ཀ་དེ་ནི་ལས་ཀའི་ནང་ནས་རྩེ་ཕུད་ཞིག་ཡིན་པར་བསམ་གྱི་ཡོད། ནམ་རྒྱུན་དུ་ང་རང་མི་གཞན་ལ་རོགས་པ་བྱེད་རྒྱུ་དགའ་པོ་ཡོད་ཙང་སྨན་པ་ཞིག་བྱེད་འདོད་ཡོད། ང་སྨན་པ་ཆགས་ནས་མི་རྣམས་ལ་རོགས་པ་བྱེད་འདོད་ཡོད།ཆུང་དུས་ང་རང་གི་དམིགས་ཡུལ་ནི་དགེ་རྒན་ཞིག་ཡིན།དགེ་རྒན་ནི་ཕྲུ་གུ་རྣམས་ལ་སློབ་སྦྱོང་སྤྲོད་མཁན་ཙམ་མ་ཟད་མ་འོངས་མདུན་ལམ་བཟོས་མཁན་ཞིག་ཀྱང་རེད། ཡིན་ཡང་ཕྱི་ལོ་༢༠༡༩མཇུག་ཙམ་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་ཡམས་ཁྱབ་ནས་མི་མང་པོ་ན་ཚ་དེ་ན་བ་དང་མང་པོ་ཞིག་འདས་གྲོངས་ཀྱང་ཕྱིན་ཡོད། དེ་དུས་ང་ཚོའི་སློབ་གྲྭ་སྒོ་རྒྱག་དགོས་བྱུང་ཡོད་པ་དང་ང་ཚོ་ཚང་མ་ནང་ལ་བསྡད་དགོས་བྱུང་སོང་།སྐབས་དེ་དུས་མི་ཚང་མར་ཞེད་སྣང་དང་དངངས་སྐྲག་གིས་ཕྱི་ལ་ཡང་ཐོན་གྱི་མེད་པ་རེད། ཐེངས་གཅིག་ངས་བརྙན་འཕྲིན་ནང་དུ་མི་རྣམས་ནད་ཡམས་དེའི་རྐྱེན་གྱིས་མང་པོ་གྲོངས་པ་མཐོང་དུས་ཨ་ཙི་གལ་སྲིད་ང་ཡང་སྨན་པ་ཞིག་ཡིན་ན་བསམ་བྱུང་། བྱས་ཙང་ང་སྨན་པ་ཞིག་ཆགས་རྒྱུའི་འདོད་པ་དེ་ནི་ཏོག་དབྱིབས་ནད་ཡམས་སྐབས་ནས་སླེབས་བྱུང་། སྨན་པ་ནི་འཛམ་བུ་གླིང་གི་ནང་དུ་མི་རྣམས་ཀྱིས་ལྷ་དང་གཅིག་པ་བརྩི་ཡི་ཡོད་གང་ཡིན་ཟེར་ན་ཁོང་ཚོས་མི་རྣམས་ཀྱི་ཚེ་སྲོག་སྐྱོབ་ཀྱི་ཡོད། མ་འོངས་པ་ང་ཡང་སྨན་པ་ཞིག་བྱེད་ནས་མི་སྐྱོ་པོ་རྣམས་ལ་རིན་མེད་ཐོག་ནས་བརྟག་དཔྱད་བྱེད་རྒྱུ་ཡིན། མི་ཚང་མར་སྨན་པ་བྱེད་རྒྱུའི་རྒྱུ་མཚན་མི་འདྲ་བ་ཡོད་ཀྱང་ཕལ་ཆེ་བའི་གཞན་ལ་རོགས་པ་བྱེད་རྒྱུའི་བསམ་བློ་བཏང་ནས་སྨན་པ་བྱེད་ཀྱི་ཡོད། ངའི་བསམ་པར་སྨན་པ་ཡིན་པ་ཙམ་མ་ཟད་སྨན་པ་སེམས་བཟང་པོ་དང་ཁ་འཇམ་པོ་བྱེད་རྒྱུ་དེ་ཡང་གལ་ཆེན་པོ་མཐོང་གི་འདུག སྐབས་རེ་ངའི་རྨོ་མོ་ལགས་སྨན་ཁང་དུ་ཕེབས་ནས་ཚུར་ལོག་དུས་ཨེམ་རྗེ་དེ་ཁ་འཇམ་པོ་ཞེ་པོ་འདུག་གསུངས་པ་དང་སྐབས་རེ་ཨེམ་རྗེ་དེ་རླུང་ཚ་པོ་འདུག་གསུངས་པ་དེ་འདྲ་གོ་མྱོང་ཡོད།དེ་ཡི་རྐྱེན་གྱིས་ནད་པའི་སེམས་ལ་ཕན་ཐོགས་པ་དང་སྐབས་རེ་གནོད་པ་ཡང་བསྐྱལ་སྲིད། དེ་འདྲ་སོང་ཙང་ང་རང་མ་འོངས་པ་སྨན་པ་བཟང་པོ་ཞིག་དང་ཁ་འཇམ་པོ་ཞིག་བྱེད་འདོད་ཡོད། མ་ཟད་སྨན་པ་ཁ་ཤས་ཀྱིས་ནད་པ་རྣམས་ལ་དབུལ་ཕྱུག་དང་གོ་གནས་ཀྱི་ཐོག་ནས་དབྱེ་འབྱེད་བྱས་ཏེ་སྨན་བཅོས་དང་བརྟག་དཔྱད་བྱེད་སྟངས་ཐོག་ནས་མི་འདྲ་བ་བྱས་ཏེ་མིའི་ཚེ་སྲོག་ལ་ལག་རྩེད་རྩེ་མཁན་ཡང་ཡོད།འོན་ཀྱང་ངས་ཚང་མར་ལྟ་སྟངས་གཅིག་མཚུངས་བྱེད་ཀྱི་ཡིན།

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

བསྟན་འཛིན་ཉི་མ། འཛིན་གྲྭ་བརྒྱད་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། དེ་ཡང་སྤྱིར་བཏང་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་འདིིའི་ནང་སྐྱེ་བོ་ཇི་ཙམ་ཡོད་པ་ཚང་མ་རང་ཉིད་ཀྱི་དམིགས་ཡུལ་ཞིག་ཡོད། དེར་བརྟེན་བུ་མོ་ང་ཡང་རང་ཉིད་ཀྱི་དམིགས་ཡུལ་སྐོར་ལ་རྩོམ་ཡིག་ཅིག་འབྲི་འདོད་ཆེན་པོ་བྱུང། ང་རང་ལ་ཆ་མཚོན་ན་དམིགས་ཡུལ་ངེས་ཅན་གསུམ་ཡོད། ངས་དམིགས་ཡུལ་དེ་དག་འཛིན་དགོས་པའི་རྒྱུ་མཚན་ཡང་དག་བཤད་རྒྱུ་ཡོད། ངས་དམིགས་ཡུལ་དེ་དག་མི་ཚེའི་ནང་ཉམས་ལེན་དང་ངེས་པར་དུ་སྒྲུབ་ཐུབ་པའི་འབད་བརྩོན་ཧུར་ཐག་བྱེད་ཀྱི་ཡིན། མ་འོངས་པར་ཡང་དམིགས་ཡུལ་དེ་བསྒྲུབས་ཏེ་བོད་མིའི་སྤྱི་ཚོགས་ནང་ཞབས་འདེགས་སྒྲུབ་པའི་འདུན་པ་མེ་ལྟར་འབར་བཞིན་ཡོད།ང་ལ་དམིགས་ཡུལ་གསུམ་ཡོད་པའི་ནང་ནས་དང་པོ་ནི་བོད་མིའི་རྩ་བ་བླ་མ་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་དེ་དག་སྣང་མེད་དུ་མ་བཏང་བར་བློ་རྩེ་གཅིག་སྒྲིམ་གྱིས་བསམ་གཞིག་དང་ལག་བསྟར་བྱེད་ཀྱི་ཡིན། དེ་ཡང་ང་ཚོ་ནི་བོད་མི་ཞིག་དང་ཁོང་གི་རྗེས་འབྲངས་པ་ཞིག་ཡིན་ཞེས་བཤད་ཀྱང་དོན་དངོས་ཐོག་ང་ཚོས་ཁོང་གི་བཀའ་དགོངས་ཅི་སྒྲུབ་མ་ཞུས་ན་ག་ལ་འགྲིག ང་ཚོས་ཁོང་གི་བཀའ་སློབ་མ་ཉན་པ་དང་ཁོང་གི་བཀའ་ལ་རྒྱབ་གཏོད་བྱེད་ན་ལས་རྒྱུ་འབྲས་མི་འགྲོ་བ་དང་བོད་མིའི་རྐང་འདྲེན་པ་ཞིག་ཏུ་འགྱུར་རྒྱུ་ཉག་ཅིག་རེད། དེར་བརྟེན་ང་ལ་ཁོང་གི་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུའི་ཆོད་སེམས་བརྟན་པོ་ཞིག་ཡོད། ངའི་དམིགས་ཡུལ་གཉིས་པ་ནི། རང་ཉིད་བརྩེ་བའི་ཕ་མ་གཉིས་ཀྱི་དྲིན་ལན་འཇལ་རྒྱུ་དང་ཁོང་རྣམ་གཉིས་ཚེ་གང་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་སྐྱེལ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡིན། གང་ཡིན་ཟེར་ན། ཁོང་རྣམ་གཉིས་ཀྱི་བླ་ན་མེད་པའི་ཐུགས་རྗེའི་བཀའ་དྲིན་འོག་བུ་མོ་ང་རང་བདེ་པོ་ཐང་པོའི་ངང་འཚར་ལོངས་བྱུང་བ་དང། བུ་མོ་ང་ཡི་མདུན་ལམ་ཆེད་དུ་ཁོང་གཉིས་ཀྱིས་ད་བར་ཡོད་ཚད་བློས་བཏང་གནང་བ་རེད། གལ་སྲིད་དྲིན་ཅན་ཕ་མ་གཉིས་མེད་ན་ང་འཇིག་རྟེན་འདིའི་སྟེང་དུ་མི་ལུས་ལེན་མི་སྲིད། ཁོང་རྣམ་གཉིས་ཀྱི་སྐུ་དྲིན་ལ་བརྟེན་ནས་ངས་སྤྱི་ཚོགས་ཀྱི་རྗེས་ཟིན་ཐུབ་པ་དང། འདབ་གཤོག་གཉིས་ལྡན་གྱི་ཤེས་ཡོན་ཅན་ཞིག་ཏུ་གྱུར་ག་ལ་སྲིད། དེ་ཙང་མ་ཕ་མ་གཉིས་ཀྱི་སྐུ་དྲིན་ཡིན་པས། ཕ་མ་གཉིས་ཐུགས་ལྷོད་ལྷོད་དང་བདེ་ཞིང་སྐྱིད་པའི་ཚེ་འཇུག་ལ་རོལ་ཐུབ་པའི་འབད་བརྩོན་ཞུ་རྒྱུ་ཡིན། སླད་མ་འོངས་པར་ངས་འཇིག་རྟེན་འདིའི་སྟེང་གི་བདེ་སྐྱིད་ལོངས་སྤྱོད་ཚང་མ་ཕ་མ་གཉིས་ལ་སྤྲོད་ཐུབ་པ་བྱེད་ཀྱི་ཡིན། ངའི་དམིགས་ཡུལ་གཙོ་བོ་གསུམ་པ་ནི། འབྱུང་འགྱུར་འགྲན་ཟླ་བྲལ་བའི་ཚན་རིག་པ་ཞིག་བྱ་རྒྱུ་དེ་ཡིན། ང་རང་ཆུང་དུས་ནས་ཀྱི་ནང་དོགས་འདྲི་ཡིས་ཁེངས་པ་དང་དོགས་སློང་སྙིང་སྟོབས་ཤུགས་ཆེ་ལྡན་ཡོད། ངས་མ་འོངས་པར་ཚན་རིག་པ་མཁས་ཅན་ཞིག་བྱས་ཏེ་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་ནང་ཕན་ཐོགས་ཡོད་པའི་འཕྲུལ་ཆས་གསར་པ་མང་པོ་གསར་གཏོད་དང་འཛམ་གླིང་གི་ཁོར་ཡུག་དེ་སྲུང་སྐྱོབ་བྱེད་ཀྱི་ཡིན། གལ་སྲིད་ངས་ཚན་རིག་པ་ཞིག་བྱས་ཏེ་འཛམ་གླིང་གི་ཁོར་ཡུག་སྲུང་སྐྱོབ་མ་བྱེད་ན་འབྱུང་འགྱུར་མི་རབས་གསར་པ་རྣམས་ལ་འཚོ་གནས་ཀྱི་དཀའ་ངལ་ཆེན་པོ་ཞིག་འཕྲད་རྒྱུ་ཉག་ཅིག་རེད་ལ། ༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྒྱུད་དགོངས་པ་ཞིག་ཀྱང་ཡིན། མཐའ་མེད་མུན་ནག་ཁྲོད་དུ།། ཁྱར་ཁྱོར་གོམ་སྟབས་སྤོ་སྐབས།། བྱམས་བརྩེ་ལྡན་པའི་ཕ་མས།། ལམ་སྟོན་སྒྲོན་མེ་སྤར་བྱུང།།ཤེས་ཡོན་གནས་ལ་བརྩོན་སྐབས།། ཕུགས་འདུན་ཡིད་ལ་འཆར་བྱུང།། དམིགས་ཡུལ་སྒྲུབ་རྒྱུའི་ཆེད་དུ།། ཤེས་ཡོན་གནས་ལ་འབད་དགོས།།

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

བསྟན་འཛིན་ཟླ་སྒྲོན། འཛིན་རིམ་དྲུག་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། སློབ་ཕྲུག་ཚང་མར་རང་ཉིད་ཀྱི་དམིགས་ཡུལ་རེ་ཡོད་པ་དང། ང་ལའང་དམིགས་ཡུལ་ཞིག་ཡོད་པ་མ་ཟད། དེ་ལེགས་གྲུབ་ཡོང་བའི་ཆེད་དུ་འབད་བརྩོན་ཧུར་ཐག་བྱེད་བཞིན་ཡོད། ངའི་དམིགས་ཡུལ་ནི་མ་འོངས་པར་བོད་སྨན་གྱི་གསོ་རིག་སྨན་པ་ཞིག་བྱ་རྒྱ་དེ་ཡིན། བོད་ཀྱི་སྲོལ་རྒྱུན་གསོ་རིག་སྨན་པ་བྱ་འདོད་ན་ཁྱེད་རང་གི་བོད་ཀྱི་སྐད་ཡིག་ཤེས་ཚད་མཐོ་པོ་དགོས་ཀྱི་ཡོད།༸གོང་ས་མཆོག་གིས་ཀྱང་ང་ཚོས་རྒྱུན་དུ་སེམས་པ་བཟང་པོ་བྱེད་དགོས་པ་དང། སྨན་པ་ཞིག་ཡིན་ན་སེམས་པ་བཟང་པོ་དགོས། སེམས་བཟང་པོ་ཡོད་ན་ནད་ཀྱིས་མནར་བའི་མི་མང་པོ་ཞིག་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད། ཅེས་གསུངས་མྱོང་ཡོད། བོད་ཀྱི་གསོ་རིག་ལ་ལོ་མང་པོའི་ལོ་རྒྱུས་ལྡན་ཡོད་པ་དང། ང་རང་ལུས་ཁམས་མི་བདེ་བར་གྱུར་དུས་བོད་སྨན་ཨེམ་རྗེ་བསྟེན་གྱི་ཡོད། བོད་སྨན་ནི་རང་བྱུང་ཁམས་ཀྱི་སྨན་རྩྭ་ཡིས་བཟོས་པ་དང། ང་ཚོས་ཟ་བའི་སྐབས་སུ་བྲོ་བ་ཁ་ཏིག་ཡོད་ཀྱང་ན་ཚ་གཙང་དྲག་ཡོང་བ་མ་ཟད། གཟུགས་པའི་མ་ལག་གཞན་ལ་གནོད་ཀྱི་མ་རེད། བོད་སྨན་རིན་ཆེན་རིལ་བུ་བཟོ་རྒྱུར་ལས་སླ་པོ་གཏན་ནས་མེད། རིན་ཆེན་རིལ་བུ་ནི་གཡུ་དང་བྱུ་རུ་སོགས་རིན་པོ་ཆེ་རྫས་མང་པོ་མཉམ་སྦྱོར་བྱས་ཏེ་བཟོས་པ་རེད། སྤྱིར་བཏང་བྱས་ན་ཟླ་བ་རེ་རེར་ཐེངས་རེ་རེ་གཏོང་ན་ན་ཚ་གཞན་སྔོན་འགོག་བྱ་རྒྱུར་ཕན་ནུས་ཆེན་པོ་ཡོད།མ་ཟད་རིན་ཆེན་རིལ་བུའི་ནང་༸གོང་ས་མཆོག་གི་བྱིན་རླབས་ཀྱང་ཡོད་པར་བརྟེན། སྤྱིར་བཏང་གི་སྨན་རིགས་དང་མི་འདྲ་བར་བྱིན་རླབས་ཆེན་པོ་དང་ཕན་ནུས་ཆེན་པོ་ལྡན་ཡོད། ང་ཚོའི་བོད་གཞུང་སྨན་རྩིས་ཁང་ནས་རིན་ཆེན་གྲང་སྦྱོར་ཆེན་མོ་དང། རིན་ཆེན་ར་ཏྣ་བསམ་འཕེལ། རིན་ཆེན་ཚ་སྦྱོར་ཆེན་མོ། རིན་ཆེན་མང་སྦྱོར་ཆེན་མོ། རིན་ཆེན་གཡུ་རྙིང་ཉེར་ལྔ། རིན་ཆེན་ལྕགས་རིལ་ཆེན་མོ་བཅས་རིགས་བརྒྱད་ཡོད་རེད་འདུག ངས་ཀྱང་མ་འོངས་པར་རང་ཉིད་བོད་པའི་གསོ་རིག་སྨན་པ་ཞིག་བྱས་ཏེ་སྨན་པ་སེམས་བཟང་པོ་དང། བཅོས་ཐབས་མཁས་པ་ཞིག་བྱེད་ཐུབ་པའི་རེ་བ་ཡོད་ལ། ང་རང་ངོས་ནས་ཀྱང་བོད་ཡིག་ཧུར་ཐག་སྦྱངས་ཏེ་བོད་ཀྱི་སྨན་གཞུང་ལ་ཡང་སློབ་སྦྱོང་བྱེད་ཀྱི་ཡིན།

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

བཀྲ་ཤིས་འབྲུག་གྲགས། འཛིན་གྲྭ་དྲུག་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། སྤྱིར་བཏང་ཆ་ནས་བཤད་ན་སློབ་གྲྭའི་ནང་སློབ་སྦྱོར་བྱེད་མཁན་སློབ་ཕྲུག་རྣམས་ལ་དམིགས་ཡུལ་རེ་ཡོད་པ་བཞིན། དཔེར་ན། ཁ་ཤས་སློབ་མཐར་ཕྱིན་རྗེས་ལུས་སྦྱོང་རྩེ་མཁན་དང་ཁ་ཤས་སྨན་པ་བྱ་འདོད་ཡོད། ཁ་ཤས་ཡང་མཐའ་མཚམས་སྲུང་སྐྱོབ་བྱེད་མཁན་དམག་མི་སོགས་རང་རང་གི་དགའ་ཕྱོགས་དང་མཐུན་པའི་དམིགས་ཡུལ་རེ་ཡོད། རང་ངོས་ནས་དཀའ་དཔྱད་འབད་བརྩོན་གནང་སྟེ་དམིགས་ཡུལ་དེ་སྒྲུབ་ཐབས་བྱེད་ན་དམིགས་ཡུལ་ཞིག་ཡོད་པ་ཙམ་གྱིས་ག་ལ་འགྲིགས། ངས་དེ་རིང་རང་ཉིད་ཀྱི་དམིགས་ཡུལ་སྐོར་ལ་རྩོམ་ཐུང་ཞིག་འབྲི་འདོད་བྱུང། བདག་གི་དམིགས་ཡུལ་ནི་རང་ཉིད་ནར་སོན་རྗེས་གསར་གཏོད་ལ་དགའ་བའི་ཚན་རིག་མཁས་ཅན་ཞིག་བྱ་འདོད་ཡོད། རྒྱུ་མཚན་ནི་ང་རང་ཨང་རྩིས་རིག་པར་ཧ་ཅང་དགའ་པོ་ཡོད་པ་མ་ཟད། སའི་གོ་ལ་དང་ཉི་མའི་ཁྱིམ་རྒྱུད། དགུ་ཚིགས་སྐྱ་མོ། སྟོང་ཁམས་ཆེན་པོ་སོགས་ཀྱི་ཤེས་བྱ་སྦྱོང་རྒྱུར་ཧ་ཅང་དགའ་པོ་ཡོད། ང་རང་གནམ་དཔྱད་རིག་པར་ཡང་དགའ་པོ་ཡོད། ད་དུང་གནམ་དཔྱད་རིག་པའི་ཤེས་བྱའི་ནང་གི་བསམ་ཡུལ་ལས་འདས་པའི་སྐར་མའི་ཚོགས་དང། མཛེས་ཤིང་ལྟ་ན་སྡུག་པའི་དཀར་སྤྲིན། དགུ་ཚིགས་སྐྱ་མོ། འཇིག་རྟེན་ཁམས་ཀྱི་ལྐོག་གྱུར་ཤེས་བྱ་སོགས་ལ་ཉམས་ཞིབ་དང་རྟོག་ཞིབ་བྱ་རྒྱུའི་འདོད་པ་མེ་ལྟར་འབར་བཞིན་ཡོད། འོན་ཀྱང་ང་རང་འཛིན་གྲྭ་དྲུག་པ་ཡིན་པས་གནམ་དཔྱད་རིག་པའི་དཔེ་དེབ་ཁག་ཀློག་རྒྱུར་དཀའ་ངལ་ཅུང་ཙམ་འཕྲད་ཀྱི་འདུག སྤྱིར་ཨང་རྩིས་ནི་ཚན་རིག་གི་རྨང་གཞི་ལྟ་བུ་ཡིན། ཚན་རིག་ནི་མི་རྣམས་ཀྱི་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་བྱེད་བཞིན་པའི་ཤེས་བྱ་ཞིག་ཡིན། ཚན་རིག་གིས་ང་ཚོའི་ཉིན་རེའི་འཚོ་བའི་ནང་གི་ལས་ཀ་མང་པོ་སྟབས་བདེ་པོའི་ངང་སྒྲུབ་རྒྱུར་ཕན་ཐོགས་པ་དང། འཚོ་བའི་མཐུན་རྐྱེན་ཇེ་ལེགས་སུ་བཏང་གི་ཡོད། ཐ་ན་ང་ཚོས་རྒྱུན་གཏན་འཚོ་བའི་ནང་མཐོང་ཆོས་སུ་གྱུར་བའི་བྱ་དངོས་ཐམས་ཅད་ཚན་རིག་ལ་བརྟེན་ནས་བྱུང་བ་རེད། དེར་བརྟེན་ཚན་རིག་མེད་ན་མི་རྣམས་འཚོ་གནས་བྱེད་རྒྱུར་དཀའ་ངལ་འཕྲད་ཀྱི་རེད། ཚན་རིག་གི་ཁེ་ཕན་དེ་ང་ཚོའི་འཚོ་བའི་ནང་ཕན་ཐོགས་ཡོད་པའི་མཁོ་ཆས་བཟོ་རྒྱུར་བེད་སྤྱོད་བྱེད་པ་ལས་མཚོན་ཆ་སྣ་ཚོགས་བཟོ་རྒྱུར་བེད་སྤྱོད་བྱེད་ན་ང་ཚོ་འཚོ་གནས་བྱེད་རྒྱུར་དཀའ་ངལ་འཕྲད་ཀྱི་རེད། ཚན་རིག་ལ་བརྟེན་ནས་ང་ཚོ་ཕན་ཚུན་འབྲེལ་མཐུད་བྱེད་རྒྱུར་ལག་ཐོག་ཁ་པར་གསར་གཏོད་བྱས་ཡོད། གལ་སྲིད་བེད་སྤྱོད་བྱེད་དྲགས་ན་མིག་གི་མཐོང་ཤུགས་ཉམས་ཞན་དུ་སོང་གི་རེད། སྤྱིར་ང་རང་གནམ་དཔྱད་རིག་པ་སྨྲ་བ་ཞིག་བྱ་དགོས་ན། ང་རང་སློབ་མཐར་ཕྱིན་རྗེས་ཚན་རིག་ཁོ་ན་སྦྱོང་སའི་མཐོ་རིམ་སློབ་གཉེར་ཁང་ཞིག་གི་ནང་འཛུལ་ཞུགས་བྱས་ཏེ་གནམ་དཔྱད་རིག་པ་ཐོན་དགོས་ཀྱི་ཡོད། དེ་རྗེས་ཨ་རིའི་གནམ་དཔྱད་རིག་པའི་ལྟེ་གནས་ཁང་གི་ཚན་རིག་པ་ཞིག་བྱ་འདོད་ཡོད། དེ་ནི་ངའི་དམིགས་ཡུལ་ཡིན།།

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

བསྟན་འཛིན་གཡང་སྒྲོན། འཛིན་གྲྭ་བརྒྱད་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། དྲོད་འཇམ་བསིལ་རླུང་དལ་གྱིས་ལྡང་བའི་དབྱར་དུས་ཀྱི་ཉིན་ཞིག་ལ། ང་རང་བདེ་ཞིང་ལྷོད་པའི་ངང་ཁྱིམ་དུ་གསེར་ལས་དཀོན་པའི་དུས་ཚོད་ཆུད་ཟོས་སུ་གཏོང་བཞིན་པའི་སྐབས་གློ་བུར་དུ་ང་ཚོའི་བོད་ཡིག་རྒན་ལགས་ཀྱིས་བསྐུར་གནང་བའི་ཁྱིམ་སྦྱོང་དེ་ཡིད་ལ་འཆར་བྱུང། ངས་ལམ་སང་བྱ་འཕུར་བ་ལྟར་ཉལ་ཁང་ནང་འཛུལ་ཏེ་དཀར་གཙང་ཤོག་བུའི་སྟེང་དུ་རྩོམ་ཡིག་འབྲི་འགོ་བརྩམས་པ་ཡིན། དེང་སང་སྤྱི་ཚོགས་ནང་མང་པོ་ཞིག་ལ་མཐར་ཐུག་གི་དམིགས་ཡུལ་ཞིག་མེད་པ་དང། ངའི་བསམ་ཚུལ་ལ་ཁོང་རྣམས་ནི་མུན་ནག་གི་ཁྲོད་དུ་ཁྱར་ཁྱོར་གྱི་གོམ་སྟབས་སྤོ་བཞིན་པ་དང་གཉིས་སུ་མ་མཆིས། དམིགས་བསལ་སློབ་སྦྱོང་བྱེད་མཁན་སློབ་ཕྲུག་རྣམས་ལ་མཐར་ཐུག་གི་དམིགས་ཡུལ་ཞིག་དགོས་རྒྱུ་དེ་ཧ་ཅང་གནད་འགག་ཆེན་པོ་རེད།གང་ཡིན་ཟེར་ན། ཁོ་རང་སློབ་སྦྱོང་ལ་དོ་སྣང་སྤུ་ཙམ་ཡང་སྤྲད་ཀྱི་མ་རེད་ལ་སློབ་སྦྱོང་བྱེད་རྒྱུའི་འདུན་པ་ཡང་སླེབས་ཀྱི་མ་རེད། གལ་སྲིད་ཁྱེད་ལ་སློབ་སྦྱོང་བྱ་རྒྱུའི་འདུན་པ་མེད་ན་ཕུགས་ལ་བྱ་བ་ཆེན་པོ་ཞིག་སྒྲུབ་ཐབས་མེད། མ་འོངས་པར་ཁྱེད་ཀྱི་མི་ཚེ་དེ་བེད་མེད་ཆུད་ཟོས་སུ་འགྲོ་བ་དང། རང་ཉིད་ཀྱི་རྒྱལ་ཁབ་ལ་ཕན་མེད་བེམ་རོ་བཞིན་ལེགས་སྐྱེས་ཕུལ་མི་ཐུབ། ང་ཚོས་ཆུང་དུས་ནས་ཤེས་བྱ་ཡོན་ཏན་ལ་ཧུར་བརྩོན་གྱིས་འབད་ནས་མ་འོངས་པར་བོད་མི་རིགས་ལ་ཕན་པའི་སོན་རྩ་ཞིག་བྱེད་དགོས་པ་དེ་བོད་ཕྲུག་ཚང་མའི་ཕྲག་ཏུ་ཡོད་པའི་འགན་འཁྲི་གཞོལ་དུ་མེད་པ་ཞིག་ཡིན། བུ་མོ་ང་རང་ལ་དམིགས་ཡུལ་ཞིག་ཡོད་པ་དེ་ནི་སྨན་པ་བྱ་རྒྱུ་དེ་ཡིན། གང་ཡིན་ཟེར་ན། ང་རང་ཚན་རིག་ལ་དགའ་བ་དང་ནད་གསོ་ཐབས་ཀྱི་སྨན་པའི་ལས་རིགས་ལ་ཧ་ཅང་དགའ་པོ་ཡོད། འགྲོ་བ་མིའི་རིགས་ལ་ནད་གཞི་ཕོག་དུས་སྨན་པ་མ་བསྟེན་ཀ་མེད་རེད།དེས་ན་ངས་སྨན་བཅོས་ལག་རྩལ་ལ་སྦྱངས་ཏེ་ཉམ་ཆུང་ནད་པ་རྣམས་ཀྱི་ཚེ་སྲོག་སྐྱོབ་པའི་བྱ་བ་བཟང་པོ་བསྒྲུབ་ཀྱི་ཡིན། བདག་གི་ནང་མི་ཚོས་ཀྱང་ང་ལ་མ་འོངས་པར་སྨན་པ་ཞིག་བྱེད་དགོས་ཞེས་གསུངས་པ་མ་ཟད།ཤེས་ཡོན་མེད་པའི་མི་རྣམས་ལ་འཕྲོད་བསྟེན་ཤེས་བྱ་གང་མང་བརྒྱུད་སྤྲོད་བྱེད་དགོས་ཞེས་སྐུལ་ལྕག་གཏོང་གི་འདུག ངས་ཀྱང་ཁོང་རྣམ་པའི་བསླབ་བྱ་སྙིང་དབུས་སུ་བཅངས་ཏེ་སློབ་གྲྭའི་ནང་སློབ་སྦྱོང་ལ་འབད་བརྩོན་དང་དམིགས་བསལ་ཚན་རིག་གི་ཤེས་བྱར་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད། སྤྱིར་བཏང་སྨན་པ་ཞིག་ལ་ཡང་འགན་ལྕི་མོ་ཞིག་ཡོད་པ་དེ་ནི་གཞན་གྱི་གཞན་གྱི་ནད་གསོ་བ་དང་ཚེ་སྲོག་གསར་པ་སྦྱིན་རྒྱུ་དེ་ཡིན། ངའི་སློབ་གྲོགས་དང་སྙིང་ཉེ་བ་ཁ་ཤས་ཀྱིས་ང་ལ་ཁྱེད་ཀྱིས་ནམ་ཡང་སྨན་པ་ཞིག་བྱེད་ཐུབ་ཀྱི་མ་རེད། ཅེས་བཤད་མྱོང་ཡོད། འོན་ཀྱང་ངའི་སེམས་ནང་སྨན་པ་ཞིག་བྱ་རྒྱུའི་འདུན་པ་མེ་ལྟར་འབར་བཞིན་ཡོད་པ་མ་ཟད། སྔ་མོ་བོད་ཀྱི་བཤད་རྒྱུན་ལ། དཀའ་སྤྱད་འབད་བརྩོན་བྱེད་ན།། མ་གྲུབ་བྱ་བ་ཅི་ཡང་མེད།། ཞེས་པ་ཞིག་ཡོད། ངས་དུས་རྟག་ཏུ་གཏམ་དཔེ་དེ་སེམས་ཀྱི་མེ་ལོང་ངོས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་བཅངས་ཏེ་རང་ཉིད་ཀྱི་མ་འོངས་པའི་ཕུགས་བསམ་མངོན་འགྱུར་ཐུབ་ཆེད་འབད་བརྩོན་ཧུར་ཐག་བྱེད་ཀྱི་ཡིན། དེང་སང་འཛམ་གླིང་ནང་སྨན་བཅོས་ཀྱི་མཐུན་རྐྱེན་སྣ་ཁ་འཛོམས་པོ་དང་ལག་རྩལ་ཚད་གཞི་མཐོ་པོ་སླེབས་ཡོད་ཀྱང་ཚུལ་དང་མཐུན་པའི་སྨན་པ་བཟང་པོ་ཞིག་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པ་ཤེས་མཁན་དང་བསམ་བློ་གཏོང་མཁན་ཧ་ཅང་དཀོན་པོ་ཡོད། དེས་ན། ངས་རྩོམ་ཡིག་འདི་བརྒྱུད་ནས་བོད་པའི་སྤྱི་ཚོགས་དང་འཛམ་གླིང་ཁྱོན་ཡོངས་ལ་ཕན་པའི་སྨན་པ་བཟང་པོ་ཞིག་བྱེད་ཐུབ་པའི་དམ་བཅའ་དང་འབད་བརྩོན་ཞུ་རྒྱུ་ཡིན།།

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

བསྟན་འཛིན་མཚོ་མོ། འཛིན་གྲྭ་ལྔ་པ། གུར་པུ་ར་སཾ་བྷོ་ཊ་སློབ་གྲྭ། དེ་རིང་ངས་ངའི་མ་འོངས་པའི་དམིགས་ཡུལ་སྐོར་ལ་མདོར་ཙམ་འབྲི་རྒྱུ་ཡིན། ངའི་མ་འོངས་པའི་དམིགས་ཡུལ་ནི་གནམ་གྲུའི་ཞལ་ཏ་མ་ཡག་པོ་ཞིག་དང་གཟུགས་པོ་ཡག་པོ་ཞིག་ཆགས་འདོད་ཡོད། ངའི་མ་འོངས་པའི་དམིགས་ཡུལ་ཡག་པོ་ཡོང་བའི་ཆེད་དུ་ངས་ད་ལྟ་ནས་སློབ་སྦྱོང་ཡག་པོ་བྱེད་པ་དང་དཀའ་ལས་མང་པོ་རྒྱག་དགོས་རེད་བསམ་གྱི་ཡོད། ད་ལྟ་ནས་ངས་སློབ་སྦྱོང་སོགས་ལ་ཧུར་བརྩོན་ཡག་པོ་བྱས་ན་མ་འོངས་པར་གྲུབ་འབྲས་ཡག་པོ་ཐོབ་རྒྱུ་རེད་བསམ་གྱི་ཡོད། ངའི་ཕ་མ་གཉིས་ཀྱིས་ང་ཚོའི་མ་འོངས་པའི་མི་ཚེ་ཡག་པོ་དང་སྐྱིད་པོ་ཞིག་ཡོང་ཕྱིར་ཞིང་ཁ་འདེབས་པ་དང་ཚོང་རྒྱག་པ། དེ་བཞིན་ཞིང་ཁའི་ནང་ཤིང་ཏོག་སོགས་འདྲ་མིན་སྣ་ཚོགས་བཏབས་ཏེ་དངུལ་བཟོས་པ་རྣམས་ང་ཚོའི་མ་འོངས་པའི་མི་ཚེ་དེ་ཡག་པོ་ཆགས་པའི་ཆེད་དུ་ཡིན་པ་ངས་ཤེས་ཀྱི་ཡོད། བྱས་ཙང་ང་ཚོས་ཀྱང་སོ་སོའི་མ་འོངས་ཀྱི་མི་ཚེ་དེ་ཡག་པོ་ཅིག་སྐྱེལ་བ་ལ་ད་ལྟ་ནས་དམིགས་ཡུལ་གཏན་གཏན་ཅིག་ཟིན་ན། སོ་སོ་མ་འོངས་པར་གང་བྱེད་དགོས་པ་ལ་ཐེ་ཚོམ་མེད་པར་ད་ལྟ་ནས་དེ་ལཤུགས་རྒྱག་ཆོག་རེད་དྲན་གྱི་འདུག དཀའ་ལས་རྒྱག་སྟངས་དེ་གཞན་སུ་ལའང་ལྟ་མི་དགོས་པར་ང་རང་གི་ཕ་མ་གཉིས་ནས་སློབ་གསོ་ལེན་ཐུབ་པ་ཡོད། ངའི་ཕ་མ་གཉིས་ནི་དགུན་ཁ་འཁྱུག་ཙམ་ཚོང་ལས་ལ་ཕྱིན་པ་མ་གཏོགས་རྩ་བའི་ཁོང་གཉིས་ཞིང་པ་རང་རེད། ཁོང་གཉིས་ཞོགས་པ་ནས་ཉིན་གུང་དང་། དེ་ནས་ཉིན་གུང་འཁྱུག་ཙམ་ནང་ལ་ཞལ་ལག་མཆོད་པར་ཕེབས་ནས་ཡང་བསྐྱར་དགོང་མོ་བར་ཞིང་ཁར་ཞིང་ལས་དང་། རྩི་ཤིང་ལ་ཆུ་བླུགས་ཕྱིར་ཕྱི་པོ་བར་ཆུ་སླེབས་མིན་ལྟ་བ་དང་། ཆུ་སླེབས་ན་རྩི་ཤིང་ལ་ཆུ་འདྲེན་ནས་སྡོད་དགོས་ཀྱི་ཡོད། དགོང་མོ་ཆུ་ཚོད་ ༦ ཙམ་ལ་ནང་དུ་འབྱོར་ཏེ་ནང་ལ་ཞལ་ལག་སོགས་བཟོས་ཏེ་ང་ཚོ་ནང་མི་བུ་ཕྲུག་ཚོ་ལ་སྤྲད་རྗེས་ཡང་བསྐྱར་མཚན་ལ་ཞིང་ཁ་ལ་ཕག་གི་གནོད་པ་སོགས་འགོག་པའི་ཆེད་དུ་མཚན་གང་ཞིང་ཁ་སྲུང་དགོས་ཀྱི་ཡོད། སྐབས་རེ་ཁོང་གཉིས་ལ་ཆུ་ཚོད་གཉིས་ཙམ་མ་གཏོགས་གཟིམ་ཡག་རག་གི་མེད། དེ་འདྲའི་དཀའ་ལས་རྒྱག་སྟངས་ལ་ལྟ་དུས་ངས་ང་རང་གི་དམིགས་ཡུལ་བསྒྲུབ་པ་ལ་ངེས་པར་དུ་དཀའ་ལས་བརྒྱབས་ཏེ་ཕ་མ་དང་རྒྱལ་ཁབ་མི་རིགས་གསུམ་ཀ་ལ་ཕན་ཐོགས་ཅན་གྱི་མི་ཞིག་ཆགས་ཐུབ་པ་བྱ་དགོས་བསམ་གྱི་འདུག ངས་སོ་སོའི་དམིགས་ཡུལ་གནམ་གྲུའི་ཞལ་ཏ་མ་བདམས་དགོས་པ་ནི་ང་རང་གི་ཤ་མདོག་ཡག་པོ་དང་གཟུགས་དབྱིབས་ཡག་པོ་མ་ཟད་འཛམ་གླིང་གི་ཡུལ་འཁོར་སྤྲོ་འཆམ་པའང་བྱ་འདོད་ཡོད་པས་ཡིན། འཛམ་གླིང་གི་མི་རིགས་འདྲ་མིན་ཐུག་ཐུབ་པའི་གོ་སྐབས་དང་བསྟུན་་ངས་ཁོང་ཚོ་ལ་འཚམས་འདྲི་ཞུ་བ་དང་ཆབས་ཅིག བོད་དོན་ཡང་དྲིལ་བསྒྲགས་ཡག་པོ་བྱེད་ཐུབ་ཀྱི་རེད་བསམ་གྱི་འདུག ངའི་ཕ་མས་དཀའ་ལས་དེ་འདྲ་ཞིག་བརྒྱབས་ཏེ་དངུལ་བསགས་པ་དང་ང་ཚོའི་མི་ཚེ་སྐྱིད་པོ་བཟོས་པ་བཞིན། ངས་ཀྱང་རྗེས་སུ་ལས་ཀ་བྱས་ཏེ་དེ་དངུལ་བྱུང་བ་དེས་ཕ་མ་གཉིས་ལ་དྲིན་ལན་འཇལ་འདོད་ཆེན་པོ་ཡོད། ཕ་མས་ང་ཚོའི་མི་ཚེའི་ཆེད་དུ་དེ་འདྲའི་དཀའ་ལས་དང་བརྒྱབས་པ་དང་གསོ་སྐྱོང་བྱས་པ་ལ་ང་ཚོས་རང་དགོས་སློབ་སྦྱོང་ཡག་པོ་དང་། སོ་སོས་དམིགས་ཡུལ་ཟིན་པ་བཞིན་འབད་བརྩོན་མ་བྱས་པ་ཡིན་ན་ང་ཚོའི་མི་ཚེ་དེ་ཡག་པོ་མི་ཡོང་རྒྱུ་ངེས་པ་རེད། གང་འཚམ་ཞིག་ནས་ངས་ང་རང་གི་་དམིགས་ཡུལ་ཆེད་དཀའ་ལས་རྒྱག་དགོས་བསམ་ན་དེ་ནོར་བ་རེད། སོ་སོའི་དམིགས་ཡུལ་ངེས་ཅན་གྲུབ་པ་ལ་རྨང་གཞི་རང་ནས་འགོ་བཙུགས་ཏེ་དཀའ་ལས་རྒྱག་ཐུབ་ན་སོ་སོའི་མ་འོངས་ཀྱི་དམིགས་ཡུལ་དེ་སྒྲུབ་ཐུབ་ཀྱི་རེད། བྱས་ཙང་སང་ཉིན་སང་ཉིན་སོགས་ཟེར་ནས་མི་སྡོད་པར་ཐོག་མ་ཉིད་ནས་དམིགས་ཡུལ་བསྒྲུབ་པ་ལ་དཀའ་ལས་རྒྱག་དགོས་སོ། དཔེར་ན། མེ་ཏོག་གམ་རྩི་ཤིང་གང་ཡིན་རུང་དང་ཐོག་འབྲུའམ་སོན་ཞིག་རེད། གལ་སྲིད་ང་ཚོས་དེ་ལ་ས་དང་ཆུ། རྫས་ལུད། དྲོད་དང་གྲིབ་ནག་སོགས་ཐོག་མ་ཉིད་ནས་ཚད་ལྡན་ཞིག་སྤྲོད་ཐུབ་པ་ཡིན་ན་རྗེས་སུ་འབྲས་བུ་ཡང་ཡག་པོ་ཅིག་རག་རྒྱུ་ངེས་པ་བཞིན། མི་དེ་ཚོའང་དཔེ་དེ་བཞིན་ཆུང་དུས་རང་ནས་དམིགས་ཡུལ་འཛིན་རྒྱུ་དང་འབད་བརྩོན་བྱ་རྒྱུ་དེ་གལ་ཆེ་བའོ། གང་ལྟར་ང་ཚོས་དམིགས་ཡུལ་ཅིག་མེད་པར་ལས་གང་བྱས་ཀྱང་འབྲས་བུ་ཞིག་རག་རྒྱུ་མེད་པར་ངེས་པར་དུ་ཡིད་ལ་བཅངས་དགོས་པ་དང་། དམིགས་བསལ་གྱིས་ང་རང་ཚོ་བོད་པའི་སློབ་ཕྲུག་ཚོར་བོད་རང་བཙན་ལེན་དགོས་རྒྱུའི་ལས་འགན་འཕར་མ་ཞིག་ཡོད་པའི་རྒྱུ་མཚན་གྱིས་མ་འོངས་པར་སོ་སོའི་དམིགས་ཡུལ་རེ་བཟུང་དགོས་རྒྱུ་ནི་དེ་བས་གལ་ཆེ་བ་མཐོང་ངོ་།