Skip to main content
ཤེས་རིག་ལས་ཁུངས།

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

བསྟན་འཛིན་ལྷག་པ། འཛིན་གྲྭ་ལྔ་པ། ལོ་སྦར་སིང་སཾ་བྷོ་ཊ་སློབ་གྲྭ། འཛམ་གླིང་ནང་མི་ཚང་མ་ལ་དམིགས་ཡུལ་རེ་ཡོད། ངའི་དམིགས་ཡུལ་ནི་ང་ཆེན་པོ་ཆགས་དུས་ཚན་རིག་པ་ཞིག་བྱ་རྒྱུ་ཡིན། རྒྱུ་མཚན་ནི། ཚན་རིག་པས་ཅ་ལག་གསར་པ་བཟོ་བཞིན་ཡོད་པ་དང་ང་ཡང་ཅ་ལག་གསར་པ་བཟོ་རྒྱུར་དགའ་པོ་ཡོད། ཚན་རིག་པས་ཅ་ལག་འདྲ་མིན་སྣ་ཚོགས་བཟོ་བཞིན་ཡོད། ཚན་རིག་པ་དེ་ཚོ་རིག་པ་ཧ་ཅང་སྤྱང་པོ་ཡོད་རེད། བྱས་ཙང་ང་རང་ཡང་ཚན་རིག་པ་ཡག་པོ་ཞིག་ཆགས་འདོད་འདུག འཛམ་གླིང་ནང་ལ་ཚན་རིག་པ་མང་པོ་ཡོད་རེད། ཚན་རིག་པ་ཞིག་བྱེད་པ་ལ་ཡི་གེ་ཡག་པོ་སྦྱང་དགོས་ཀྱི་ཡོད། བོད་པའི་སྤྱི་ཚོགས་ནང་ཚན་རིག་པ་གཅིག་ཀྱང་མེད། དེ་སོང་ཙང་ང་རང་བོད་པའི་སྤྱི་ཚོགས་ནང་ནས་ཚན་རིག་པ་དང་ཤོས་ཆགས་པའི་དམིགས་ཡུལ་ཡོད། གལ་སྲིད་ང་རང་ཚན་རིག་པ་ཞིག་ཆགས་པ་ཡིན་ན་མི་ཚང་མ་ལ་ཕན་ཐོགས་ཡོད་པའི་དངོས་པོ་འདྲ་མིན་བཟོ་རྒྱུ་ཡིན། ཚན་རིག་པས་ལས་ཀ་མང་པོ་བྱེད་ཀྱི་ཡོད་པ་དང་ཚན་རིག་པ་རྣམས་སློབ་སྦྱོང་ཧ་ཅང་ཡག་པོ་ཡོད། ང་རང་ཚན་རིག་པ་ཞིག་ཆགས་ན་མི་གཞན་ལ་ཕན་ཐོགས་དང་རོགས་པ་ཡག་པོ་བྱེད་ཀྱི་ཡིན། ཚན་རིག་པ་ཁ་ཤས་སློབ་སྦྱོང་ཡག་པོ་དང་རིག་པ་དཔེ་སྤྱང་པོ་ཡོད་པ་ཡིན་ནའང་ད་དུང་མི་གཞན་ལ་གནོད་པའི་བྱ་བ་རྐྱང་རྐྱང་བྱེད་ཀྱི་ཡོད། དཔེར་ན་མི་གཞན་ལ་གནོད་པའི་དངོས་པོ་འབར་རྫས་དང་ཕྲུ་གུའི་ཀླད་པ་འཕྲོ་བརླག་གཏོང་བྱེད་དངོས་པོ་དེ་འདྲ་མང་པོ་བཟོ་ཡི་ཡོད། དེ་ཚོར་སློབ་སྦྱོང་ཡོད་ཀྱང་ཡག་པོ་མ་རེད། ང་རང་ཚན་རིག་པ་ཡག་པོ་དེ་ཚོ་ལ་མིག་དཔེ་བལྟས་ནས་མི་གཞན་ལ་ཕན་ཐོགས་བྱེད་ཐུབ་མཁན་གྱི་ཚན་རིག་པ་བཟང་པོ་ཞིག་བྱེད་ཀྱི་ཡིན། ང་རང་དམིགས་ཡུལ་དེ་འགྲུབ་པའི་ཆེད་དུ་ད་ལྟ་ནས་སློབ་སྦྱོང་ལ་དོ་སྣང་དང་འབད་བརྩོན་ཧུར་ཐག་བྱེད་ཀྱི་ཡོད།

མ་འོངས་ངའི་དམིགས་ཡུལ།

མ་འོངས་ངའི་དམིགས་ཡུལ།

བསྟན་འཛིན་བློ་གསལ། འཛིན་གྲྭ་ལྔ་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། དམིགས་ཡུལ་ཞེས་པ་ནི་ལོ་ན་ཆེན་པོ་ཆགས་དུས་བྱེད་པའི་ལས་ཀའི་བསྒྲུབ་བྱ་ཞིག་ལ་ཟེར་བ་དང་། མི་མང་ཆེ་བས་ཆུང་དུས་ནས་སེམས་ནང་དམིགས་ཡུལ་ཞིག་བཅངས་ཏེ་འཇོག་གི་ཡོད། ངའི་བསམ་པར་དམིགས་ཡུལ་ནི་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་འདུག གང་ཡིན་ཞེ་ན། དཔེར་ན། ཁྱེད་རང་གིས་དམིགས་ཡུལ་ཞིག་བཟུང་བའི་ཐོག་ནས་འཆར་གཞི་སྒྲིག་པ་ཡིན་ན་ཉིན་རེའི་ལས་ཀ་བྱེད་ཕྱོགས་ཐད་གཟབ་གཟབ་བྱས་ཏེ་ནོར་འཁྲུལ་ཉུང་བ་ཤོར་བ་དང་། འཆར་གཞི་མེད་ན་དགོས་མཁོའི་ཅ་ལག་སོགས་བརྗེད་པ་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཀྱི་ཡོད། སྤྱིར་བཏང་ངའི་དམིགས་ཡུལ་ནི་ཚན་རིག་པ་ཞིག་བྱ་རྒྱུ་དེ་ཡིན་པ་དང་། གལ་སྲིད་ཚན་རིག་པ་བྱེད་མ་ཐུབ་ན་ང་རང་མོ་ཊ་ལ་དགའ་པོ་ཡོད་སྟབས་མོ་ཊ་བཟོ་མཁན་ཞིག་བྱ་རྒྱུ་ཡིན། མོ་ཊ་བཟོ་མཁན་བྱེད་མ་ཐུབ་ན་རི་མོ་བ་མཁས་པ་ཞིག་ཆགས་ཐུབ་པ་བྱེད་ཀྱི་ཡིན། གལ་སྲིད་དེ་ཡང་བྱེད་མ་ཐུབ་ན་བརྙན་ཐུང་བཟོ་མཁན་(youtuber) ཞིག་ངེས་པར་དུ་ཆགས་ཐུབ་པ་བྱེད་ཀྱི་ཡིན། ཁྱེད་རང་གི་དམིགས་ཡུལ་དེ་ལ་བརྟེན་ནས་སྤྱི་ཚོགས་ལའང་ཕན་ཐོགས་ཆེན་པོ་ཡོང་ངེས། དཔེར་ན། ཁྱེད་རང་གི་དམིགས་ཡུལ་ནི་སྨན་པ་ཞིག་ཡིན་ན། དམིགས་བསལ་ཛ་དྲག་ཆེ་བའི་ནད་པ་རྣམས་ལ་སྨན་བཅོས་བྱས་ཏེ་ཁོང་ཚོའི་སྲོག་སྐྱོབ་ཐུབ་པ་མ་ཟད་ནད་པ་སྤྱི་ཡོངས་ལ་སྨན་བཅོས་ཀྱི་ཕན་ཐོགས་བྱེད་ཐུབ། ལྷག་པར་དུ་ངའི་དམིགས་ཡུལ་ཆེ་ཤོས་ཤིག་ནི་ཚན་རིག་པ་བྱ་རྒྱུ་དེ་ཡིན་ཞིང་། དམིགས་ཡུལ་དེ་བསྒྲུབ་ཐུབ་ན་ངས་མི་གཞན་ལ་ཚན་རིག་སློབ་ཁྲིད་བྱེད་ཐུབ་པ་མ་ཟད་ཁ་ལག་ནང་དུག་ཡོད་མེད་བརྟག་དཔྱད་བྱས་ནས་རང་གིས་ཧ་གོ་བ་དང་གཞན་ལ་འགྲེལ་བཤད་རྒྱག་ཐུབ། ཤིང་ཏོག་སོགས་ཀྱི་ས་བོན་བཏབ་ནས་འབྲས་བུ་ཇི་ལྟར་འབྱུང་མིན་གཞན་ལ་སློབ་ཐུབ། དེ་ལྟར་ལས་ཀ་སྐྱིད་པོའི་ངང་ནས་བྱས་ན་མི་རྣམས་ཀྱིས་ཏན་ཏན་ཁྱེད་ལ་དགའ་པོ་བྱེད་ཀྱི་རེད། གཞན་གྱིས་དགའ་པོ་བྱས་ན་ཕན་ཚུན་འབྲེལ་བ་བཟང་པོ་ཆགས་ཏེ་རང་གཞན་ཚང་མ་འཆམ་པོ་དང་སྐྱིད་པོའི་ངང་ནས་འཚོ་གནས་ཐུབ།

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

ལྕང་ར་ཐར་ལམ་སྒྲོལ་མ། འཛིན་གྲྭ་བཞི་པ། ཀེ་ལཤ་པུ་ར་སཾ་བྷོ་ཊ་ཉིན་སློབ། ང་ཚོ་ནི་འགྲོ་བ་རིགས་དྲུག་ནས། མི་་ཟེར་བའི་ལུས་རྟེན་རྩ་ཆེན་་འཐོབ་པའི་སེམས་ཅན་དེ་ཡིན། མི་ལུས་ནི། སེམས་ཅན་གཞན་ལས་གང་ཅི་ནས་ལྷག་པ་ཞིག་ཡིན་། ང་ཚོའི་མི་ཚེའི་དུས་གསུམ་དེ་གང་འདྲས་སྐྱེལ་དགོས་མིན། ང་ཚོའི་ཉིན་རེའི་བསམ་བློ་འཁྱེར་སྟངས་དང་ལས་ཀ་བྱེད་སྟངས་ལ་རག་ལས་ཀྱི་ཡོད། དེ་འདྲ་སོང་ཙང་། མི་ཚང་མ་སོ་སོའི་མི་ཚེའི་ནང་སྡུག་བསྔལ་མི་འདོད་པ་དང་བདེ་བ་བྱུང་ན་བསམ་མཁན་རྐྱང་རྐྱངརེད། ཡིན་ཡང། ང་ཚོའི་མི་ཚེའི་ནང་རང་ཉིད་སྐྱིད་པོ་ཞིག་དགོས་ཀྱི་ཡོད་ན། རང་གི་མི་ཚེའི་ནང་སོ་སོའི་འཇོན་ཐང་དང་ནུས་པ་ལ་ཚད་འཇལ་ནས་དམིགས་ཡུལ་གཅིག་འཛིན་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། གང་ཡིན་ཟེར་ན། དམིགས་ཡུལ་མེད་པ་ཡིན་ན་གང་ཡང་ཆགས་སྲིད་ཀྱི་མ་རེད། གལ་སྲིད། རང་ཉིད་ལ་དམིགས་ཡུལ་ཞིག་མེད་པར། གང་དྲན་བྱེད་འདོད་ཡོད་ཟེར་ན། དེ་ནི་ངེས་པ་མེད་པའི་དམིགས་ཡུལ་ཞིག་ལ་འགྱུར་བ་ཡིན། ང་རང་ཡིན་ན། ག་དུས་ཡིན་ཡང་དམིགས་ཡུལ་ཟེར་བ་དེ་ཆེ་ཆུང་ལ་མ་ལྟོས་པར། མི་ཚང་མ་ལ་དགོས་རྒྱུ་དེ་གལ་ཆེན་པོ་བསམ་མཁན་ཞིག་ཡིན། དེ་བཞིན། དམིགས་ཡུལ་དང་པོ་དེ་མི་བཟང་པོ་དང་འཇོན་པོ་ལྷག་བསམ་ཅན་ཞིག་བྱ་རྒྱུ་དེ་ཡིན། གཉིས་པ་ནི་སྨན་པ་དང་གསུམ་པ་དེ་སྨན་ཞབས་པ་བསམ་གྱི་ཡོད། དམིགས་ཡུལ་དང་པོ་དེ་ང་ཙམ་མིན་པར། མི་ཚང་མས་རང་ཉིད་ཀྱི་མི་ཚེའི་ནང་མི་བཟང་པོ་དང་དྲང་པོ་འཇོན་པོ་བྱུང་ན། སོ་སོ་སྡོད་སའི་སྤྱི་ཚོགས་དེའི་ནང་ཁེ་ཕན་ཆེན་པོ་ཡོད་པ་དང་། རང་ཉིད་སོ་སོ་ལའང་མི་གཞན་གྱི་བརྩི་འཇོག་དང་གུས་ཞབས། མིག་དཔེ་ལྟ་ས་ཞིག་ཏུ་འགྱུར་གྱི་རེད། གལ་སྲིད་རང་ཉིད་སྤྱི་ཚོགས་ནང་གནས་པའི་རིང་སེམས་ངན་པ་དང་གཞན་ལ་གནོད་པ་རང་བསྐྱལ་ནས་བསྡད་པ་ཡིན་ན། སྤྱི་ཚོགས་ནང་དཀའ་ངལ་སྤྲོད་མཁན་གྱི་མི་ཞིག་ཏུ་འགྱུར་གྱི་རེད། སོང་ཙང་ང་ཚོ་མི་ཞིག་ཡིན་པའི་ཆ་ནས། དམིགས་ཡུལ་དང་པོ་དེ་བཟང་པོ་དང་དྲང་པོ། སྙིང་རྗེ་ལྡན་པའི་མི་འཇོན་པོ་ཞིག་ཆགས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ངའི་ཕ་མ་གཉིས་ཀྱིས་རྒྱུན་དུ་གསུངས་པ་དེ་བདེན་པ་རེད་ལགས། ང་རང་ཉིད་ཀྱང་སློབ་གྲྭ་དང་རང་ཁྱིམ་དུ་ཡ་རབས་ཀྱི་སྤྱོད་པ་གང་ཐུབ་བྱེད་ཀྱི་ཡོད། ངས་རང་ལས་སློབ་སྦྱོང་སྐྱོ་བའི་འཛིན་གྲོགས་ལ་ཡི་གེ་སློབ་པ་དང་རོགས་པ་གང་ཐུབ་བྱེད་ཀྱི་ཡོད། སོ་སོས་ལས་ཀ་ཡག་པོ་བྱས་པའི་འབྲས་བུར་ག་དུས་ཡིན་ཡང་སེམས་སྐྱིད་པོ་དང་གདེང་ཚོད་དང་ལྡན་པ་ཞིག་ཡོང་གི་འདུག དེ་ནི་ངས་བཟང་པོ་བྱས་པའི་བྱ་དགའ་ཞིག་ལ་ངོས་འཛིན་གྱི་ཡོད། ག་དུས་ཡིན་ཡང་། ང་ཚོས་བཟང་པོ་བྱས་ན། ཁེ་ལས་གྱོང་མེད་པས། ང་ཚོ་ཚང་མས་རང་ཉིད་མི་ཡག་པོ་ཞིག་ཆགས་རྒྱུ་ལ་འབད་བརྩོན་བྱེད་རོགས་ཞུ་རྒྱུ་དང་། དེ་ནས་ང་རང་གི་དམིགས་ཡུལ་གཉིས་པ་དེ། བོད་པའི་སྨན་པའམ་དེང་དུས་ཀྱི་སྨན་པ་ཞིག་ཆགས་འདོད་ཡོད། ང་ཆུང་དུས་ནས་རང་ཉིད་སྨན་པ་ཞིག་བྱ་རྒྱུའི་འདོད་པ་ཆེན་པོ་ཡོད། གལ་སྲིད་ང་སྨན་པ་ཚད་ལྡན་ཞིག་ཆགས་པ་ཡིན་ན། ངས་ནད་པ་མང་པོ་ཞིག་གི་སྲོག་གཏན་གཏན་སྐྱོབ་ཐུབ་ཀྱི་རེད་བསམ་གྱི་འདུག། ཡིན་ནའང་། ང་རང་ངོས་ནས་ད་ལྟ་ནས་མ་འོངས་པར་སྨན་པ་ཞིག་ཆགས་རྒྱུའི་གྲ་སྒྲིག་གང་ཐུབ་བྱེད་ཀྱི་ཡོད། གཙོ་བོ་དེ་སྨན་པ་ཞིག་ཆགས་བར་སློབ་ཚན་གང་གི་ཐོག་ཤུགས་རྒྱག་དགོས་པ་དང་དེ་དང་འབྲེལ་བའི་གནས་ཚུལ་གོ་རྟོགས་དགོས་པ་རྣམས་ངས་ད་ལྟ་ནས་དེའི་ཐོག་འབད་བརྩོན་བྱེད་ཀྱི་ཡོད། ངའི་ཕ་མའི་ངོས་ནས་ང་རང་ལ་མཐུན་འགྱུར་དང་དགེ་རྒན་ཚོས་གནང་བཞིན་པའི་བསླབ་བྱ་དེ་ཚོ་སེམས་ལ་བཞག་ནས་བརྩོན་འགྲུས་གང་ཐུབ་བྱེད་ཀྱི་ཡོད། སྨན་པའི་ལས་ཀ་དེ་དངོས་གནས་འགན་ལྗིད་པོ་དང་ཕན་ཐོགས་ཅན་ཞིག་ཡིན། […]

ངའི་མ་འོངས་དམིགས་ཡུལ།

ངའི་མ་འོངས་དམིགས་ཡུལ།

  བསོད་ནམས་ཆོས་སྒྲོན། འཛིན་གྲྭ་བཞི་པ། བདེ་སླར་སཾ་བྷོ་ཊ་སི་ལྦི་པི་ཉིན་སློབ། ངའི་མིང་ལ་བསོད་ནམས་ཆོས་སྒྲོན་ཟེར་གྱི་ཡོད། མི་ཚང་མ་ལ་སོ་སོའི་མ་འོངས་པའི་དམིགས་ཡུལ་རེ་རེ་དགོས་རྒྱུ་གལ་ཆེན་པོ་རེད། ང་རང་གི་མ་འོངས་པའི་དམིགས་ཡུལ་ནི་སྤྱི་ཚོགས་ཞབས་ཞུ་བ་དང་དགེ་རྒན་ཡིན། ངས་དམིགས་ཡུལ་དེ་བདམས་དགོས་པའི་རྒྱུ་མཚན་གཙོ་བོ་དེ་འཛམ་གླིང་འདིའི་ནང་མི་ས་ཡ་མང་པོ་ཡོད། ཡིན་ཡང་མི་རྣམས་སོ་སོ་དང་སོ་སོའི་ནང་མི་ལས་ལྷག་མི་གཞན་ལ་བསམ་བློ་བཏང་ཡག་དེ་ཧ་ཅང་ཁག་པོ་རེད་བསམ་གྱི་འདུག དེ་འདྲ་སོང་ཙང་ང་རང་གིས་དམིགས་ཡུལ་འདི་བདམས་པ་མ་ཟད་ང་རང་ཆུང་དུས་ནས་མི་རྣམས་ལ་རོགས་པ་བྱ་རྒྱུར་དགའ་བོ་ཡོད། ང་རང་ཆུང་ཆུང་སྐབས་ནས་ཕ་མ་གཉིས་ཀྱིས་ང་ལ་སོ་སོ་ལས་སྐྱོ་བ་ལ་རོགས་པ་བྱེད་དགོས་པ་སྟེ། དཔེར་ན་སྤྲང་པོ་ཞིག་ལ་བཟའ་ཡག་མེད་ནས་བསྡད་ཡོད་ན་དེ་ལ་ཁ་ལག་དང་གྱོན་ཆས་སོགས་སྤྲོད་པ་མ་ཟད། ང་ལས་ལོ་ཆེ་བ་དང་རྒས་འཁོགས་གཟུགས་པོ་སྐྱོ་བོ་ཡོད་མཁན་ལ་རོགས་པ་བྱེད་པ་དང་། སོ་སོ་ལས་སློབ་སྦྱོང་སྐྱོ་བའི་སློབ་ཕྲུག་རྣམས་ལ་ཡི་གེ་སློབ་པ་སོགས་བྱེད་དགོས་པོའི་བསླབ་བྱ་མང་པོ་གནང་སོང་། ང་རང་གི་དམིགས་ཡུལ་དེ་བསྒྲུབ་དགོས་པ་ལ་མ་འོངས་ང་རང་སློབ་སྦྱོང་ཡག་པོ་ཤེས་མཁན་ཞིག་དང་སེམས་པ་བཟང་པོ་ཆགས་དགོས། དེ་མ་ཟད་དངུལ་གྱི་ངོས་ནས་ཡང་ཡག་པོ་དགོས། གང་ཡིན་ཟེར་ན། དེང་སང་འཛམ་གླིང་འདིའི་ནང་དངུལ་མེད་པ་ཡིན་ན་སོ་སོ་ལ་འཆར་གཞི་དང་བསམ་བློ་ག་ཚོད་མང་པོ་ཡོད་ན་ཡང་སོ་སོའི་འཆར་གཞི་དང་དམིགས་ཡུལ་དེ་བསྒྲུབ་ཐུབ་ཀྱི་མ་རེད། སོང་ཙང་རང་ལ་དངུལ་ཡང་མང་པོ་དགོས། སྤྱི་ཚོགས་ལ་ཞབས་ཕྱི་ཞུ་བ་དེ་ཁྱབ་ཆེན་པོ་རེད། དེའི་ནང་དུ་མི་མང་གི་འཕྲོད་བསྟེན་དང་སློབ་ཕྲུག་གི་ཤེས་ཡོན། རྒས་འཁོགས་ལ་རོགས་རམ་གང་མང་པོ་བྱེད་དགོས་པ། མ་འོངས་པ་ང་རང་ཆེན་པོ་ཆགས་སོང་ན་མི་སྐྱོ་བོ་དང་རྒས་འཁོགས་ལ་རོགས་པ་བྱེད་ཀྱི་ཡིན། མ་འོངས་པ་ང་རང་ཆེན་པོ་ཆགས་དུས་སྨན་ཁང་མེད་ས་ལ་སྨན་ཁང་ཆུང་ཆུང་དེ་འདྲ་འཛུགས་ཀྱི་ཡིན། སྨན་བཅོས་དང་སྨན་དེ་ཚོ་གོང་ཚད་ཧ་ཅང་དམའ་པོའི་ཐོག་བཙོང་ཡག་ཡིན། དེ་འདྲ་བྱས་པ་ཡིན་ན་མི་མང་སྐྱོ་བོ་མང་པོ་ལ་ཕན་གྱི་རེད། འཛམ་གླིང་ཆེན་པོ་འདིའི་ནང་སྤྱི་ཚོགས་ཞབས་ཕྱི་ཞུ་མཁན་མི་སྐད་གྲགས་ཅན་ཧ་ཅང་མང་པོ་བྱུང་ཡོད། དེ་དག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་མ་རྗེ་བཙུན་པདྨ་ཁོང་གཉིས་ཀྱིས་རྒྱ་གར་ནང་དུ་ཡོད་པའི་བོད་ཕྲུག་རྣམས་ལ་སློབ་སྦྱོང་དང་སྨན་ཁང་། འགྲུལ་ཁང་། བོད་མི་ཚོ་ལ་སྡོད་ཁང་དང་ཞིང་ཁ་སོགས་མང་པོ་གནང་ཡོད། ངའི་དམིགས་ཡུལ་གཉིས་པ་ནི་དགེ་རྒན་ཡག་པོ་ཞིག་བྱ་རྒྱུ་དེ་ཡིན། དམིགས་ཡུལ་འདི་བདམས་དགོས་དོན་ནི། དགེ་རྒན་གྱི་ལས་ཀ་དེ་རྒྱལ་ཁབ་ལ་ཕན་ཐོགས་ཆེན་པོ་ཞིག་དང་སློབ་ཕྲུག་ཚོ་ལ་ཧ་ཅང་གལ་ཆེན་པོ་དང་རྩ་ཆེན་པོ་ཞིག་ཡིན་པ་སོང་ཙང་། ང་རང་དགེ་རྒན་ཡག་པོ་ཞིག་བྱས་ནས་བོད་མི་མང་ལ་ཕན་ཐོགས་པ་བྱེད་ཀྱི་ཡིན། སྤྱི་ཚོགས་འདིའི་ནང་ཕྲུ་གུ་ཁ་ཤས་སློབ་གྲྭ་འགྲོ་དགོས་བསམ་ནའང་སློབ་ཡོན་གྱི་དཀའ་ངལ་ལ་ལྷག་ནས་སློབ་གྲྭ་འགྲོ་ཐུབ་ཀྱི་མེད། དེ་འདྲ་སོང་ཙང་ང་རང་དགེ་རྒན་ཞིག་བྱས་ནས་ཕྲུ་གུ་དེ་ཚོ་ལ་སློབ་སྦྱོང་ཡག་པོ་ཞིག་བསླབས་ནས་མ་འོངས་པར་ཕྲུ་གུ་དེ་ཚོ་མགོ་ཡར་བཀྱགས་ནས་འགྲོ་བ་མ་ཟད། སོ་སོ་ལས་སྐྱོ་བ་ལ་མཐོང་ཆུང་མི་གཏོང་མཁན་ཞིག་བཟོ་གི་ཡིན། ང་རང་རྒན་ལགས་རྣམས་མཐོང་དུས་སེམས་ནང་དགའ་པོ་དང་ངས་གུས་ཞབས་བྱེད་ཀྱི་ཡོད། སློབ་གྲྭའི་ནང་རྒན་ལགས་རྣམས་ཀྱི་ཞལ་ལ་ཉན་པོ་དང་། སློབ་སྦྱོང་དང་སྤྱོད་པ་ཡང་ཡག་པོ་བྱེད་ཀྱི་ཡོད། དགེ་རྒན་ལ་མི་མང་རྣམས་ཀྱིས་གུས་ཞབས་ཆེན་པོ་བྱེད་ཀྱི་ཡོད། རྒན་ལགས་རྣམས་ཡ་རབས་དང་། སློབ་སྦྱོང་ཡག་པོ་གནང་མཁན། སྤྱོད་པ་ཡག་པོ་རྐྱང་རྐྱང་རེད་འདུག དེ་འདྲ་སོང་ཙང་ང་རང་གི་མ་འོངས་པའི་དམིགས་ཡུལ་དེ་སྤྱི་ཚོགས་ནང་ཞབས་ཕྱི་ཞུ་རྒྱུ་དང་། དགེ་རྒན་ཡག་པོ་ཞིག་བྱེད་ཐུབ་ཡག་གི་རེ་བ་དང་ཡིད་ཆེས་བྱེད་ཀྱི་ཡོད། ང་ཚོ་ཚང་མས་༸གོང་ས་མཆོག་གི་བཀའ་སློབ་དང་སོ་སོའི་ཕ་མ་དགེ་རྒན་རྣམས་ཀྱི་བཀའ་སློབ་གང་གནང་བ་རྣམས་སེམས་ལ་བཞག་ནས་སོ་སོའི་མ་འོངས་པའི་དམིགས་ཡུལ་ཐོག་ལ་རྟག་པར་བསམ་བློ་བཏང་བ་ཡིན་ན། ཉིན་གཅིག་གཏན་གཏན་སོ་སོའི་དམིགས་ཡུལ་གང་ཡོད་པ་དེ་བསྒྲུབ་ཐུབ་ཀྱི་རེད། དམིགས་ཡུལ་བསྒྲུབ་པ་ལ་གལ་ཆེ་ཤོས་ཤིག་ནི་གཟུགས་པོ་ཐང་པོ་དང་ཡག་པོ་ཡོད་ན་སོ་སོའི་ལས་ཀ་དང་མི་གཞན་ལ་རོགས་པ་བྱེད་ཐུབ་ཀྱི་རེད།

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

བསྟན་འཛིན་དྭངས་སངས། འཛིན་གྲྭ་གསུམ་པ། སཾ་བྷོ་ཊ་ཀེ་ལཱཤ་པུ་རགཞི་རིམ་འོག་མ། འཛམ་གླིང་འདིའི་ནང་དུ་མི་ཚང་མ་ལ་སོ་སོར་མ་འོངས་པར་མི་ཚེའི་སྐྱིད་པོ་དང་དོན་དང་ལྡན་པ་ཡོང་ཕྱིར་དམིགས་ཡུལ་རེ་་ཡོད། དཔེར་ན། དགེ་རྒན། སྨན་ཞབས་པ། ཞིང་པ། ཁ་ལོ་བ། མ་བྱན། དམག་མི། སྨན་པ། ཉེན་རྟོག་པ། སྦྲག་པ། ཚན་རིག་པ། བཟོ་པ། ཚོང་པ། ཚེམ་བུ་བ། སོགས་ཡོད། ང་རང་ཆེན་པོ་ཆགས་ན་ངའི་དམིགས་ཡུལ་ནི་དགེ་རྒན་ཧ་ཅང་ཡག་པོ་ཞིིག་བྱ་རྩིས་ཡོད། ངས་འཛམ་གླིང་འདིའི་ནང་ལས་རིགས་མང་པོ་ཡོད་པའི་ནང་ནས་ལས་རིགས་རྩ་ཆེ་ཤོས་ནི་དགེ་རྒན་མཐོང་གི་འདུག གང་ཡིན་ཟེར་ན། དགེ་རྒན་བཟང་པོའི་ལམ་སྟོན་འོག་ལས་རིགས་གཞན་ཚང་མ་གྲུབ་པ་ལ་ཕན་ཐོགས་བྱེད་ཀྱི་ཡོད། དགེ་རྒན་ལས་རིགས་དེ་དགེ་རྒན་བཟང་པོ་ཞིག་གི་བསྒྲུབས་ན་དགེ་བ་སྟོང་ཕྲག་མང་པོ་གསོག་ཐུབ་ཀྱི་ཡོད། དེ་ལས་ལྡོག་སྟེ་དགེ་རྒན་གྱི་འགན་ཁུར་དང་ལྷག་བསམ་མེད་པ་ཞིག་གནང་ན། དེ་ནི་ཉེས་དམིགས་ཧ་ཅང་ཆེན་པོ་ཞིག་ཡིན། ང་རང་དགེ་རྒན་ཧ་ཅང་བཟང་པོའམ་ཡག་པོ་ཞིག་བྱེད་རྩིས་ཡོད། དགེ་རྒན་གྱི་ལས་རིགས་ནི་རང་ཉིད་སོ་སོ་ཙམ་མ་ཡིན་པར་མི་གཞན་མང་པོ་ཞིག་ལ་ཕན་ཐོགས་སྒྲུབ་ཐུབ་ཀྱི་ཡོད། དགེ་རྒན་ཞིག་གི་ལས་འགན་གཙོ་བོ་ནི་མ་འོངས་པར་སྤྱི་ཚོགས་ནང་དུ་སློབ་ཕྲུག་གི་མདུན་ལམ་བཟང་སྤྱོད་དང་ལྡན་པ་ཞིག་བཟོ་རྒྱུ་དེ་ཡིན། དེང་གི་དུས་ཚོད་ལ་དགེ་རྒན་འཛིན་ཁང་ནང་དུ་ཕེབས་ནས་སློབ་དེབ་གཅིག་པུ་མ་ཡིན་པར། སློབ་ཕྲུག་རྣམས་ལ་ཡ་རབས་བཟང་སྤྱོད་སློབ་དགོས་པ་ནི་ཧ་ཅང་གལ་འགངས་ཆེན་པོ་ཞིག་ཆགས་ཡོད། དགེ་རྒན་དང་པོ་ཕ་མ་དང་། ཕ་མ་གཉིས་པ་ནི་དགེ་རྒན་ཡིན་དུས། དགེ་རྒན་ཟེར་བ་དེ་ཧ་ཅང་རྩ་ཆེ་བ་ལ་ཨང་། མ་འོངས་པར་ང་རང་དངོས་སུ་དགེ་རྒན་གྱི་ལས་རིགས་སུ་འཛུལ་སྐབས་སློབ་མ་རྣམས་ལ་ཤེས་བྱ་ཡོན་ཏན་སློབ་པ་དང་། དེང་གི་སྤྱི་ཚོགས་ནང་ཉམས་ཆག་འགྲོ་བཞིན་པའི་བཟང་སྤྱོད་ཐོག་དམིགས་བསལ་གྱིས་དོ་སྣང་བྱས་ནས་བཟང་སྤྱོད་གོང་འཕེལ་ཡོང་ཆེད་ལམ་སྟོན་ཡང་ནས་ཡང་དུ་བྱེད་ཀྱི་ཡིན། ང་རང་གི་རེ་བ་ཆེ་ཤོས་ནི་དགེ་རྒན་ཡག་པོ་ཞིག་བྱ་རྩིས་ཡོད། དམིགས་ཡུལ་དེ་ལམ་ལྷོངས་ཡོང་བ་ལ་ད་ལྟ་ཆུང་དུས་ནས་སྦྱོང་བརྡར་བྱེད་ཀྱི་ཡིན། འཛིན་ཁང་ནང་དུ་དགེ་རྒན་གྱི་ཞལ་ལ་ཡག་པོ་ཉན་ནས་སློབ་སྦྱོང་ཡག་པོ་བྱེད་པ་དང་། ང་རང་གང་ཤེས་པ་དག་སློབ་གྲོགས་མི་ཤེས་པ་རྣམས་ལ་སློབ་པ། འཛིན་ཁང་ནང་དུ་བཟང་སྤྱོད་ངང་ལས་རིགས་གང་ཞིག་བྱེད་ཀྱང་གཞན་ཕན་གྱི་བློའི་ཐོག་བྱེད་ཀྱི་ཡིན། འཛིན་གྲྭར་དུས་ཐོག་འགྲོ་བ་དང་སྒྲིག་ཆས་གཙང་མ་གྱོན་པ་སོགས་དགེ་རྒན་བཟང་པོའི་གྲ་སྒྲིག་ད་ལྟ་ནས་བྱེད་ཀྱི་ཡིན།

ངའི་མ་འོངས་པའི་དམིགས་ཡུལ།

ངའི་མ་འོངས་པའི་དམིགས་ཡུལ།

བསྟན་འཛིན་ནོར་འཛོམས། འཛིན་གྲྭ་ལྔ་པ། མོན་གྷོ་སཾ་བྷོ་ཊ་གཞི་འོག་ཡན་ལག་དང་པོའི་སློབ་གྲྭ། ང་ནི་བོད་གངས་ཅན་པའི་མ་འོངས་སོན་རྩ་ཡིན། ངའི་ཕ་ཡུལ་ནི་གངས་ཅན་ཆོས་ལྡན་གྱི་ཞིང་ཁམས་ཡིན། ང་ཚོའི་བོད་ཀྱི་རྒྱལ་ས་ནི་མཛེས་སྡུག་ལྡན་པའི་ལྷ་ས་ཡིན། དེར་ཡོད་པའི་བརྗིད་ཆགས་ཡིད་འོང་ཕོ་བྲང་པོ་ཏ་ལ་ནི༸་གོང་ས་མཆོག་གི་ཕོ་བྲང་ངམ་བཞུགས་གནས་ཡིན་ཞིང་། ང་ཚོ་བོད་མི་རྣམས་ཀྱི་བློ་ཕུག་གཏད་ས་ཡང་ཡིན། ངའི་ཕ་ཡུལ་བོད་ནི་ཧ་ཅང་རྒྱ་ཆེ་ཞིང་ཁ་རླུང་གཙང་བ་འཛམ་གླིང་ཀུན་གྱི་ཆུ་བོའི་འབྱུང་གནས་ཀྱང་ཡིན། ང་ཚོ་བོད་མི་རྣམས་ཀྱི་སེམས་པ་དཀར་ཞིང་། ཆོས་ལ་དད་པ་ཧ་ཅང་ཆེ་བས་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བར་རོལ་བཞིན་ཡོད། འོན་ཀྱང་རྒྱ་དམར་གྱིས་བོད་ལ་བཙོན་འཛུལ་བྱས་པ་ནས་བཟུང་༸གོང་ས་མཆོག་དབུས་བོད་མི་རྣམས་རང་ཡུལ་བཞག་ནས་གཞནཡུལ་དུ་སྐྱབས་བཙོལ་དུ་མི་ཕེབས་ཀ་མེད་བྱུང་། འོན་ཀྱང་གོང་ས་མཆོག་གིས་དབུ་ཁྲིད་འོག་ང་ཚོ་བོད་ཕྲུག་རྣམས་ལ་སློབ་སྦྱོང་གི་གོ་སྐབས་ཧ་ཅང་བཟང་བར་བརྟེན་ང་རང་གོ་སྐབས་དེ་བཟུང་བ་མ་ཟད་བོད་ཀྱི་རྒྱལ་ཁབ་སླར་གསོའི་ཆེད་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན། ང་ཚོ་བོད་ཀྱི་རིག་གནས་རྣམས་ཉམ་ཆག་སོང་ན་བོད་ཀྱི་རྒྱལ་ཁབ་གསོན་ཐབས་མེད་པས་ངེས་པར་དུ་སློབ་སྦྱོང་ཧུ་ཐག་བྱ་རྒྱུ་དེ་ཡིན། དེ་ནི་ངའི་མའི་རེ་འདུན་ཡིན་པ་མ་ཟད་༸གོང་ས་མཆོག་གི་དགོངས་པ་དང་། མ་འོངས་སོན་རྩའི་ལས་འགན་ཀྱང་རེད། དེ་འདྲ་ཡིན་ཙང་ངས་ཧུར་བཙོན་བྱེད་ཀྱི་ཡིན། ང་ཚོ་བོད་ཀྱི་སྐད་ཡིག་གཉིས་རྨང་གཞིའི་ཐོག་ང་རང་གི་དགའ་ཤོས་དེ་གླུ་གཞས་ཡིན་པས་དེའི་ཐོག་ནུས་པ་རྩལ་འདོན་བྱེད་ཀྱི་ཡིན། བོད་ཀྱི་རིག་གནས་གཙོ་བོ་ནི་བཟང་སྤྱོད་ཡར་རྒྱས་གཏོང་ཐབས་དེ་ཡིན། ང་ཚོའི་མི་རྣམས་སེམས་བཟང་ཅན་དང་ཀུན་སྤྱོད་བཟང་པོ་ཞིག་བཟོ་ཐུབ་ན་དེ་ནི་བོད་ཀྱི་རིག་གནས་ཀྱི་ནུས་ཤུགས་ཡིན། དེ་ང་ཚོས་ཐབས་འདྲ་མིན་སྣ་ཚོགས་བེད་སྤྱོད་བྱས་ནས་མི་རྣམས་སེམས་བཟང་དང་སྤྱོད་བཟང་གི་ལམ་དུ་ཁྲིད་ཐུབ། དཔེར་ན། གཞས་ཚིག་བཟང་བ་དང་སྐད་མདངས་སྙན་པས་ཀུན་གྱི་ཡིད་དབང་འཕྲོག་པ་དང་འཁྲབ་རྩལ་བཟང་བས་ཀུན་གྱི་མིག་དཔེར་འོས་པ་སོགས་ལས། སེམས་བཟང་དང་སྤྱོད་བཟང་གི་ལམ་དུ་འགྲོ་ཐུབ་པ་ཡིན། དེ་རིང་ནས་ངས་འབད་བརྩོན་ཆེན་པོས་རང་ནུས་གང་ཡོད་ཀྱིས་ང་ཚོའི་བོད་ཀྱི་རིག་གཞུང་སྲུང་སྐྱོབ་དང་མ་འོངས་བོད་ཀྱི་སོན་རྩའི་ལས་འགན་ཕྲག་ཏུ་འཁུར་ནས་སློབ་སྦྱོང་ལ་ཧུར་བརྩོན་ཆེན་པོས་རང་ཉིད་ཤིན་ཏུ་དགའ་བའི་གླུ་གཞས་དང་ཟློས་གར་གྱི་ལམ་ནས་བོད་ཀྱི་སྤྱོད་པ་བཟང་པོ་དེ་དག་མི་མང་གི་་མདུན་དུ་ངོམས་ཐུབ་པའི་འབད་བཙོན་བྱེད་པ་དང་། རང་ཉིད་ཀྱི་འགོ་ཁྲིད་ནས་བོད་ཀྱི་སྲོལ་རྒྱུན་གྱི་ཟློས་གར་རྣམས་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱེད་པ་སོགས་རང་ཉིད་ཀྱི་མི་ཚེ་དེ་དོན་སྙིང་ལྡན་པ་ཞིག་དང་། ཕ་མས་གནང་བའི་བསླབ་བྱ་བཟང་པོ་རྣམས་ཆུ་ཟོས་མི་གཏོང་བར་རང་ཉིད་ཀྱི་མི་རབས་རྗེས་མ་རྣམས་ལ་ཡང་ངོ་ཚ་མི་དགོས་པ་ཞིག་བཟོ་དགོས་པ་ནི་ཧ་ཅང་གལ་ཆེན་ཡིན་པས། ངས་དེ་ལྟར་བྱེད་ཐུབ་པའི་རེ་བ་ཡོད་ལ་དམ་བཅའ་ཡང་དེ་ལྟར་འཇོག་གོ།