ཕུར་བུ་ཚེ་དབང་། འཛིན་གྲྭ་བཅུ་གཉིས། མོན་གྷོ་སམ་བྷོ་ཊ་གཏན་ཉིན་སློབ་གྲྭ། སྤྱིར་འཛམ་གླིང་འདིའི་ནང་གི་མི་རེ་ཚང་རང་ཉིད་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན་གྱི་མི་ནི་གལ་ཆེན་ཡིན་ཞིང་། མི་སྣ་དེ་འདྲ་རང་ཉིད་ཀྱི་མི་ཚེའི་ནང་མི་ཉུང་བ་ཡོད་ངེས། བདག་ལ་མཚོན་ན་བྱམས་བརྩེས་བསྐྱངས་པའི་མི་ནི་དཀའ་ངལ་གྱི་སྨག་རུམ་ནང་ལྷུང་དུས་རོགས་རམ་གྱི་ཉི་མས་སྐྱོབ་པར་བྱེད་མཁན་གྱི་མི་སྣ་དག་ཡིན། དེ་ཡང་ངའི་མི་ཚེའི་ནང་ཉི་ཟླ་ལྟ་བུས་བྱམས་བརྩེས་སྐྱོང་མཁན་གཙོ་བོ་གཉིས་ཡོད། གཅིག་ནི་བརྩེ་བའི་ཕ་མ་གཉིས་དང་། གཞན་དེ་བཀའ་དྲིན་གཞལ་བར་དཀའ་བའི་དགེ་རྒན་དག་ཡིན། ཕ་མ་དང་དགེ་རྒན་མེད་ན་ངའི་མི་ཚེ་འདི་ཆ་ཚང་བ་ཞིག་ཡོང་མི་ཐུབ། རྒྱུ་མཚན་ནི་ཕ་མ་ནི་གཉིས་ངའི་མི་ཚེའི་ནང་དུས་ནམ་ཡང་མཉམ་དུ་ཡོད་ཅིང་། ང་རང་སེམས་པ་མི་སྐྱིད་པའི་སྐབས་ཁོང་གཉིས་ཀྱིས་སེམས་གསོ་གནང་གི་ཡོད། དགེ་རྒན་ནི་ད་ལྟ་བདག་གིས་རྩོམ་ཡིག་འབྲི་ཐུབ་པ་དང་། ཤེས་ཡོན་ཏོག་ཙམ་ཡོད་པ་དེའི་འབྱུང་ཁུངས་གཅིག་པུ་དེ་རེད། ཕ་མ། ང་རང་ཚོ་འཛམ་བུ་གླིང་འདིའི་ནང་ཡོང་དུ་འཇུག་མཁན་གྱི་ཐབས་ཤེས་གཉིས་ནི་ཕ་མ་ཡིན་ཞིང་། ད་ལྟ་ང་རང་ཚོ་ཇི་འདྲ་ཡོད་པ་དེ་ཡང་ཕ་མའི་བཀའ་དྲིན་ཉག་གཅིག་ལས་བྱུང་བ་རེད། ཕ་མའི་བྱམས་བརྩེ་ལྟ་བུ་མི་གཞན་སུས་ཀྱང་གནང་ཐུབ་རྒྱུ་མ་རེད། བདག་ལ་མཚོན་ན་ཕ་མ་གཉིས་ནི་ཧ་ཅང་རྩ་ཆེན་པོ་ཡིན་ཅིང་ཕ་མའི་བཀའ་དྲིན་ནི་གཞལ་དཀའ་བ་ཞིག་རེད། འོན་ཀྱང་བདག་གིས་མ་འོངས་དྲིན་ལན་གསོ་ཐབས་བྱ་རྒྱུའི་དམ་བཅའ་བཞག་ཡོད། བདག་གི་ཕ་མ་ནི་བདག་གི་ནུས་ཤུགས་ཡིན་ཞིང་ཁོང་གཉིས་བདག་གི་མི་ཚེའི་ཆ་ཤས་གལ་ཆེན་ཞིག་ཡིན། ཕ་མས་བདག་ལ་ཆུང་སྦར་མོ་གང་ནས་བྱམས་སྐྱོང་ཚད་མེད་གནང་པ་མ་ཟད་ངའི་མ་འོངས་པའི་ཆེད་སྐུ་ལས་ཚད་ལས་འདས་པ་གནང་དང་གནང་བཞིན་ཡོད་ཅིང་། ང་སྐྱེས་པའི་ཉིན་ནས་ཉིན་མཚན་ལྟོས་མེད་བདག་གི་བདེ་སྡུག་ཁོ་ན་བསམས་ཞིང་རང་དོན་ཡོངས་རྫོགས་བློས་བཏང་ཡོད། བདག་གི་ཨ་མས་ང་རང་ལོ་ན་གཉིས་མ་ཟིན་བར་མཚན་མོ་གཉིད་མ་ཁུག་པར་ངུས་ནས་དཀའ་ངལ་ཆེན་པོ་སྤྲད་མྱོང་གསུངས། དེ་ནི་བདག་གིས་ཕ་མ་གཉིས་སྡུག་ལ་སྦྱར་བའི་དཔེ་མཚོན་ཆུང་ཆུང་ཞིག་རེད་ཨང་། དགེ་རྒན། རྒྱ་གར་གྱི་མེས་པོ་དམ་པ་གྷན་དྷི་མཆོག་ནས་“ཕྲུ་གུ་སློབ་གྲྭའི་ནང་ནས་ཡང་བསྐྱར་སྐྱེ་གི་ཡོད།”ཅེས་གསུངས་པ་ལྟར། དགེ་རྒན་ནི་ང་ཚོ་འཛམ་གླིང་འདིའི་ནང་ཆ་ཚང་བར་སྐྱེ་འཇུག་མཁན་དེ་རེད། གུས་པ་ང་རང་གིས་ད་ལྟ་སློབ་སྦྱོང་ཏོག་ཙམ་ཤེས་པ་དེ་ཐམས་ཅད་དགེ་རྒན་གྱི་བཀའ་དྲིན་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན། ཁོང་ཚོས་རང་ཉིད་ཀྱི་སློབ་མ་ཚོའི་མདུན་ལམ་ལེགས་པོ་ཞིག་དང་། མི་བཟང་པོ་ཞིག་བཟོ་ཐབས་འབད་བརྩོན་ཕྱོགས་གང་ས་ནས་གནང་གི་ཡོད། ང་རང་གིས་རྒྱུན་དུ་སློབ་ཚན་མ་ཤེས་པ་དང་དོགས་གནས་ཡོད་པ་རྣམས་ཁོང་རྣམས་ལ་བཀའ་འདྲི་ཞུ་གི་ཡོད། ཁོང་རྣམ་པས་ངལ་བ་ཁྱད་བསད་ཀྱིས་དོན་གནད་རྣམས་ལས་སླ་པོའི་ངང་རྟོགས་ཐུབ་པ་བཟོ་གི་འདུག །དེར་བརྟེན་ཁོང་ཚོ་བདག་གི་སེམས་པའི་གཏིང་དུ་བཞད་པའི་མེ་ཏོག་དང་འཇའ་ཚོན་དག་ཡིན་ཞིང་། བདག་གིས་ནམ་ཡང་བརྗེད་མི་སྲིད་ལ། དྲིན་ལན་འཇལ་རྒྱུའི་ཁས་ལེན་ཞུའོ། །
བདག་ལ་བྱམས་བརྩེས་བསྐྱངས་པའི
བསྟན་འཛིན་ཟླ་དཀར། འཛིན་གྲ་བརྒྱད་པ། བདེ་སླར་སཾ་བྷོ་ཊ་སཱི་ཝི་པི་ཉིན་སློབ། གུས་པའི་མིང་ལ་བསྟན་འཛིན་དགྲ་འདུལ་ཟེར་གྱི་ཡོད། འཛམ་གླིང་འདི་ནང་དུ་མི་ཚང་མར་བྱམས་དང་བརྩེ་བའི་མི་སྣ་རེ་རེ་ཡོད། དེ་འདྲ་བ་བདག་ལ་ཡང་བྱམས་དང་བརྩེ་བའི་མི་སྣ་ཞིག་ཡོད། དེ་ནི་བདག་གི་བྱམས་བརྩེ་ལྡན་པའི་དགེ་རྒན་ཡིན། བདག་གི་དགེ་རྒན་གྱི་མཚན་ལ་སངས་རྒྱས་ལགས་ཟེར་གྱི་ཡོད་ལ། ཁོང་མོའི་གཤིས་ཀ་ནི་བལ་ལས་འཇམ་པ་ཡོད་། ཁོང་མོས་སློབ་མ་རྣམས་ཀྱི་མདུན་ལམ་ལ་བསམ་གཞིག་བྱས་ཏེ་སོ་སོའི་གཅེས་ཕྲུག་ལྟར་བྱམས་སྐྱོང་གནང་གི་འདུག། ཁོང་མོ་ནི་དགུང་ལོ་བཞི་བཅུ་ཞེ་ལྔ་རེད། ཁོང་མོར་དབུ་སྐྲ་དཀར་པོ་ཐར་ཐོར་ཡོད་པ་དང་ངོ་གདོང་གངས་ལས་དཀར་བ་ཡོད། ཁོང་མོ་ནི་གཟུགས་ཆུང་ཞིང་སྐུ་ཤ་འཇོར་པོ་ཡོད་པའི་བུད་མེད་ཞིག་ཡིན། ཁོང་མོ་ནི་མེ་ཏོག་པདྨ་མ་ལྟར་མཛེས་ཞིང་ལྟ་ན་འདུག་པ་ཞིག་ཡིན། ཁོང་མོས་ཉིན་ལྟར་མཛམ་དམུལ་དམུལ་ངང་ང་དང་ངའི་འཛིན་གྲོགས་རྣམས་ལ་སློབ་ཚན་བསླབ་ཀྱི་ཡོད། ཁོང་མོས་ང་ཚོར་ཉེ་དགའ་ཕྱོགས་ཞེན་མེད་པར་ང་ཚོ་ཚང་མར་ངང་རྒྱུད་རིང་པོའི་ཐོག་ནས་སློབ་ཚན་ཁྲིད་ཀྱི་ཡོད། ད་དུང་ཁོང་མོས་ང་ཚོའི་སྐྱོན་ཆ་ཡོ་བསྲང་བྱེད་ཀྱི་ཡོད། ཁོང་མོས་ལྷག་བསམ་དཀར་པོའི་ཐུགས་སེམས་འཁྱེར་ནས་ཉིན་ལྟར་ང་ཚོ་ལ་སློབ་ཚན་བཀློག་ནས་སློབ་ཚན་ལ་འགྲེལ་བཤད་བརྒྱག་གྱི་ཡོད། དེ་དུས་ཤེས་ཡོན་ལྡན་པའི་སློབ་མ་རྣམས་ཀྱི་དགེ་རྒན་གྱི་སློབ་ཚན་ལ་ཨམ་ཅོག་ཀྲོང་ངེར་བྱས་ནས་ཉན་གྱི་ཡོད་པ་དང་མཉམ་དུ་ཟིན་ཐོ་ཡང་བྲིས་ཀྱི་ཡོད། ཁོང་མོ་ནི་བྱ་བ་ཅི་ཞིག་ཕྲད་ཀྱང་ལས་དོན་གཙོ་བོ་འཛིན་མཁན་ཞིག་ཡིན། ཁོང་མོས་ཞོགས་པ་ལྟག་པར་འཛིན་གྲྭར་བསླེབ་ནས་དང་པོ་ང་ཚོ་ལ་བསླབ་བྱ་ཡང་ཡང་གནང་གི་ཡོད། ད་དུང་ཁོང་མོས་བོད་ཀྱི་སྐོར་ལ་སྒྲུང་མང་པོ་ཤོད་ཀྱི་ཡོད། དེ་དུས་ང་ཚོས་ཁ་ཁུ་སིམ་པོའི་ངང་ནས་ཉན་གྱི་ཡོད། དེ་རྗེས་ཁོང་མོས་གསུངས་སྐད་སྙན་པོའི་ངང་སློབ་ཚན་འཁྲིད་ཀྱི་ཡོད། གལ་སྲིད་ང་ཚོས་ཁོང་མོས་བསླབ་པའི་སྒྲུང་མགོ་མ་ཚུགས་པ་ཡིན་ན་ཁོང་མོས་བོད་ཀྱི་གཏམ་དཔེ་མང་པོ་བསྐྱོར་ནས་ང་ཚོ་མགོ་ཚུགས་པ་བཟོ་ཡི་ཡོད། ང་ཚོའི་གཙང་ཞིང་ཡིད་དུ་འོང་བའི་འཛིན་གྲྭིའི་ནང་དུ་ཡོད་པའི་སློབ་ཕྲུག་རྣམས་ཤེས་ཡོན་ལྡན་པ་དང་བྱམས་དང་སྙིང་རྗེ་ལྡན་པ་ཆགས་པ་དེ་ཁོང་མོའི་བཀའ་དྲིན་ཡིན། ཁོང་མོ་ནི་ང་ཚོའི་མི་ཚེའི་མདུན་ལམ་སྟོན་མཁན་དེ་ཡིན་པ་མ་ཟད་ད་དུང་ང་ཚོ་ལ་གསེར་གྱི་ཉི་མའི་འོད་ཟེར་སྤྲོད་མཁན་དེ་ཡིན། ང་ཚོས་ཁོང་མོའི་གསུངས་པ་རྣམས་ཅི་གསུང་བཀའ་སྒྲུབ་བྱེད་ཀྱི་ཡོད། ང་ཚོས་ཁོང་མོས་བསྐུར་བའི་ནང་ལས་རྣམས་ཏག་ཏག་བྱེད་ཀྱི་ཡོད། ཡིག་ཚད་སླེབས་ལ་ཉེ་བའི་དུས་སུ་ང་ཚོ་རྩེད་མོ་རྩེས་ཀྱི་མེད་དེ་དུས་ང་ཚོ་ཚང་མ་མཉམ་དུ་འཛོམས་ནས་སློབ་ཚན་སླབ་རེས་བྱེད་ཀྱི་ཡོད། དེ་དུས་ཁོང་མོས་ང་ཚོར་བསྟོད་བསྔགས་བཏང་གི་འདུག། གལ་སྲིད་ང་ཚོས་སློབ་སྦྱོང་ཡག་པོ་བྱེད་ན་སོ་སོ་དགའ་བ། ང་ཚོའི་ཕ་མ་དགའ་བ་མ་ཟད་ད་དུང་ང་ཚོའི་དགེ་རྒན་ཡང་དགའ་ཡི་ཡོད་བྱས་ཙང་ང་ཚོས་ཉིན་ལྟར་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས། ང་ཚོའི་ཁ་ཁུ་སིམ་པའི་འཛིན་གྲྭིའི་ནང་དུ་ཁོང་མོས་ང་ཚོར་བསླབ་དུས་ང་ཚོས་ཅ་ཅོ་ལབ་གླེང་བྱེད་ཀྱི་མེད་པ་མ་ཟད་རྩེད་མོ་ཡང་རྩེས་ཀྱི་མེད། དེ་དུས་ང་ཚོས་བློ་བརྩེ་གཅིག་སྒྲིམ་གྱི་ཉན་གྱི་ཡོད། གལ་སྲིད་བོད་ཡིག་ཚོགས་ཐེངས་སྐབས་ཁོང་མོ་མ་ཕེབས་པ་ཡིན་ན་ང་ཚོ་ཚང་མ་ཁ་ཁུ་སིམ་པའི་ངང་ནས་བོད་ཡིག་སློབ་ཚན་བཀློག་ནས་བསྡད་ཀྱི་ཡོད། སྐབས་སྐབས། ང་ཚོ་ཚང་མ་སྒྲུང་དེབ་བཀློག་ནས་བསྡད་ཀྱི་ཡོད། ཁོང་མོ་ནི་དཀའ་ངལ་ལ་གདོང་ལེན་བྱེད་མཁན་ཞིག་ཡིན་པས་ང་ཚོ་སློབ་ཚན་བསླབ་ཚར་བ་དང་མཛེས་ཤིང་ལྟ་ན་སྡུག་པའི་འཛིན་གྲྭ་དང་པོ་ལ་སློབ་ཚན་བསླབ་པར་འགྲོ་གི་ཡོད། ངའི་བསམ་པར་ཁོང་མོ་ལ་དཀའ་ངལ་མང་པོ་ཡོད་རེད་བསམ་གྱི་འདུག་པས་ངས་སློབ་སྦྱོང་ཡག་པོ་བྱེད་པ་མ་ཟད་ད་དུང་དུས་ཚོད་སྟོང་པར་རྩེད་མོ་མ་རྩེས་ནས་བོད་ཡིག་སློབ་ཚན་བཀློག་ནས་བསྡད་ཀྱི་ཡོད། ངས་ང་རང་གི་བྱམས་དང་བརྩེ་བའི་གྲོགས་པོ་རྣམས་ལ་ཡང་ཁོང་མོས་དཀའ་ལས་གང་འདྲ་མང་པོ་བརྒྱག་གི་ཡོད་མེད་ལབ་ཀྱི་ཡོད། འཚམ་འཚམ་ང་རང་མིག་བཙུམ་དུས་ཁོང་མོའི་དཀར་ཞིང་གཙང་བའི་ཞལ་རས་ཡིད་ལ་དྲན་དུས་སྐབས་སྐབས་ང་རང་གི་མིག་ནས་མིག་ཆུ་ཤོར་གྱི་འདུག། གལ་སྲིད་ངའི་བྱམས་དང་བརྩེ་བའི་གྲོགས་པོ་དང་གྲོགས་མོ་རྣམས་ཁོང་མོས་ནང་ལས་བསྐུར་བ་རྣམས་མ་བྱེད་པ་ཡིན་ན། ཁོང་མོ་སེམས་ཧ་ཅང་གི་སྐྱོ་ཡི་ཡོད་པ་ངས་ཤེས་ཀྱི་ཡོད། བྱས་ཙང་ངས་གྲོགས་པོ་གྲོགས་མོ་ཚང་མར་ནང་ལས་རྣམས་ཏག་ཏག་བྱེད་བཅུག་ཀྱི་ཡོད། ཁོང་གི་བྱམས་སྐྱོང་བྱེད་པ་དེར་ལྟ་ན་ཁོང་མོ་ནི་འཛིན་རིམ་དྲུག་པ་དུང་དཀར་དང་འཛིན་རིམ་དང་པོ་དུང་དཀར་གྱི་ཨ་མ་དང་འདྲ། གལ་སྲིད་ང་ཚོས་སློབ་ཚན་མ་ཉན་པ་དང་ནང་ལས་ཏག་ཏག་མ་བྱེད་པ་ཡིན་ན་ཁོང་མོར་སྨྲ་མི་ཤེས་པའི་ཚོར་བ་ཞིག་སྐྱེས་ཀྱི་ཡོད་པ་ཤེས་ཀྱི་ཡོད། རང་གཤིས་དར་དཀར་ལས་འཇམ་ཞིང་བྱམས་བརྩེ་འོ་མ་ལས་ཀྱང་དཀར་བའི་དགེ་རྒན་གྱི་བསླབ་བྱ་རྣམས་ང་དང་ངའི་གྲོགས་པོ་གྲོགས་མོ་རྣམས་ཀྱི་ནམ་ཡང་བརྗེད་མི་སྲིད་དོ།
བདག་ལ་བྱམས་བརྩེས་བསྐྱདས་བའི
བསྟན་འཛིན་ཟླ་གསལ། འཛིན་གྲྭ་བརྒྱད་པ། གུ་རུ་པུ་ར་སཾ་བྷོ་ཊ་ཉིན་སློབ། ༈ སའི་གོ་ལ་འདིའི་ནང་ཡོད་པའི་སེམས་ཅན་ཐམས་ཅད་མ་བྱེད་མ་མྱོང་བ་མེད་ལ་སེམས་ཅན་ཐམས་ཅད་མ་ལས་སྐྱེས་པ་ཤ་སྟག་རེད། སེམས་ཅན་གང་འདྲ་ཞིག་ཡིན་ནའང་ཨ་མ་ཡི་བྱམས་བརྩེའི་འོག་ནས་འཚར་ལོངས་བྱུང་བ་ཤ་སྟག་རེད། ཕ་མ་མེད་པའི་ཕྲུ་གུ་ཞིག་མེད་དུས་ཕ་མ་ནི་ཕྲུ་གུ་གི་མི་ཚེའི་ནང་མི་སྣ་གལ་ཆེ་ཤོས་ཞིག་ཆགས་ཀྱི་ཡོད། དེ་ཡང་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་ཨ་མ་ཡོད་པ་ནང་བཞིན་ང་རང་ཡིན་ན་ཡང་སྔོན་མའི་འབྲས་བུ་བཟང་པོ་ཞིག་ལ་བརྟེན་ནས་ཨ་མ་བདེ་ཆེན་ཆོས་སྒྲོན་དང་པ་ལགས་པདྨ་རྒྱ་མཚོ་གཉིས་ཀྱི་ཕྲུ་གུར་སྐྱེས་བའི་་གོ་སྐབས་བཟང་པོ་ཞིག་ཐོབ་བྱུང། ཨ་མ་ཁྱེད་ཀྱིས་ང་ལ་ཆུང་བྱིས་པའི་དུས་ནས་བྱམས་བརྩེའི་འོག་གོས་འཇམ་པ་ང་ལ་གཡོགས། ཟས་ཞིམ་པ་ང་ལ་སྤྲད། ཉལ་ས་རློན་སར་ཨ་མས་ཉལ་ནས་སྐམ་སར་ང་མཉལ་ནས་བྱམས་སྐྱོང་གནང་བྱུང་། གུས་མོ་ན་བའི་ཚེ་ཨ་མ་ཁྱེད་རང་ལ་ཟས་པའི་བཅུད་དང་ཉལ་པའི་གཉིད་མེད་པར་གུས་མོར་ལྟ་སྐྱོང་གནང་གི་ཡོད། བུ་མོ་ང་རང་ལ་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་ཨ་མ་ཁྱེད་རང་གིས་སྤོས་ཐབས་བྱེད་ཀྱི་ཡོད། ཞོགས་པ་སྔ་པོ་ལངས་ནས། ཨ་མས་ང་རང་ང་ལ་ཁ་ལགས་སྤྲད་པ་དང་པཱ་ལགས་ཀྱིས་ང་ལ་སློབ་གྲྭར་བསྐྱལ་གནང་བ་དང་། དགོང་མོ་སློབ་གྲྭ་གྲོལ་རྗེས་པཱ་ལགས་ང་སློབ་གྲྭ་ནས་ནང་ལ་ལེན་པར་ཕེབས་གནང་གྱི་ཡོད། ཨ་མས་ཉིན་གཅིག་ཀྱང་མ་ཆད་པར་ང་ལ་བྱམས་སྐྱོང་དང་བསླབ་བྱ་བསྐྱོན་གནང་གྱི་ཡོད། ངའི་མི་ཚེའི་ནང་གི་དགེ་རྒན་དང་པོ་དེ་ང་རང་གི་་ཨ་མ་ལགས་ཡིན། ང་རང་པཱ་ལགས་ནི་ངའི་ཆེད་དུ་དཔེ་བཀའ་དྲིན་ཆེན་པོ་ཡིན། ང་ལ་ཟས་དང་པོ་གཏད་མཁན་ཨ་མ་ཡིན་པ་ནང་བཞིན་གོས་དང་པོ་གཡོགས་མཁན་པཱ་ལགས་རེད། པཱ་ལགས་ཀྱིས་ང་ལ་དཔེ་བྱམས་སྐྱོང་གནང་གྱི་རེད། ངའི་པཱ་ལགས་ཀྱིས་ང་ལ་ཟ་སྟངས་དང་། འཐུང་སྟངས། འགྲོ་སྟངས་ཐོག་མ་བསླབས་གནང་བྱུང། ང་རང་ཆུང་དུས་སྐབས་པཱ་ལགས་ཀྱིས་དཔུང་པ་སྒང་ལ་འཁྱེར་ནས་སྐྱིད་པོ་ཡོང་བའི་ཆེད་དུའཁྱམ་འཁྱམ་ལ་འཁྲིད་པ་དྲན་གསོས་ཀྱི་འདུག ངའི་པཱ་ལགས་ཀྱིས་ང་ལ་ཁ་ལག་ཞིམ་པོ་དང་གྱོན་ཆས་གསར་པ་ཡག་པོ་ང་རང་གི་འདོད་པ་དང་མཐུན་པར་སྤྲད་ཀྱི་ཡོད། ཨ་མས་ཀྱང་ང་རང་ལ་སྐད་ཆ་བཤད་སྟངས་དང་ཟ་སྟངས་སྡོད་སྟངས་སོགས་བསླབ་གནང་བྱུང། དེར་བརྟེན་ཕ་མ་གཉིས་ནི་ཕྲན་ཀྱི་མི་ཚེ་ཡི་ལྷ་དང་ལྷ་མོ་མངོན་སུམ་ཡིན་ལ་བཀའ་དྲིན་འཇལ་དགོས་པའི་མི་སྣ་དང་པོ་ངེ་ཡིན། དྲིན་ཆེན་གྱི་ཨ་མ་ལགས། ཁྱེད་ནི་ངའི་སྙིང་གི་ནོར་བུ་ཡིན། དྲིན་ཆེན་གྱི་པཱ་ལགས། ཁྱེད་ནི་ངའི་མིག་གི་འབྲས་བུ་ལྟ་བུ་་ཡིན། ངས་དུས་རྟག་ཏུ་ཁྱེད་གཉིས་སྐུ་ཚེ་རིང་པོ་བརྟན་ཞིང་ལུས་སེམས་བདེ་པོ་ཡོངས་བའི་སྨོན་ལམ་ཡང་ཡང་འདེབས་བཞིན་ཡོད། འཇིག་རྟེན་འདིར་ཕ་མ་མེད་པའི་ཕྲུ་གུ་ཧ་ཅང་མང་པོ་ཡོད། ཁ་ཤས་ཕ་མ་ཆུང་དུས་ནས་འདས་གྲོངས་ཕྱིན་ནས་ཟས་གོས་སོགས་ཀྱི་མཐུན་རྐྱེན་གྱིས་དཀའ་ངལ་མང་པོ་ཕྲད་ཀྱི་ཡོད། ཕ་མ་ཡོད་ཀྱང་ཕ་མའི་བྱམས་བརྩེ་མ་ཐོབ་པའི་ཕྲུ་གུ་མང་པོ་ཡོད། ང་ཚོ་ཕ་མ་ཡོད་པའི་ཕྲུ་གུ་ཚོ་ཕ་མ་ཡོད་པ་ཟད་ཕ་མའི་བྱམས་བརྩེ་ཐོབ་ཡོད། དེ་ནི་དགའ་འོས་པ་དང་བསོད་ནམས་ཅན་རེད་བསམ་གྱི་འདུག། བྱིས་པ་མང་པོ་ཞིག་ཕ་མ་མེད་པའི་རྐྱེན་གྱིས་ཆུང་དུས་ནས་གྲོངས་འགྲོ་ཡི་ཡོད། མང་པོ་ཞིག་ཟས་གོས་གནས་མལ་མེད་པར་འཚོ་སྡོད་བྱེད་ཀྱི་ཡོད། དེར་བརྟེན་ཕ་མ་ནི་ཕྲུ་གུ་ཚོར་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་ཕ་མའི་བཀའ་ལ་ཉན་ནས་གུས་ཞབས་བྱེད་དགོས། ང་རང་ལོ་ལྟར་ཕ་མའི་ཉིན་མོ་སྲུས་བརྩི་ཞུ་གི་ཡོད། སྙན་གྲགས་ཅན་གྱི་མི་སྣ་གྲགས་ཆེན་རྣམས་ཕ་མས་བྱམས་བརྩེས་བསྐྱངས་ནས་ཤེས་ཡོན་ཅན་ཞིག་ཏུ་གྱུར་ཡོད།
བདག་ལ་བྱམས་བརྩེས་བསྐྱངས་པའི
བསྟན་འཛིན་ཀུན་གསལ། འཛིན་གྲྭ་བདུན་པ། གོ་པལ་པུར་བོད་ཁྱིམ། ཤར་གྱི་ཉི་མའི་འོད་ཟེར་དེ་སྒེའུ་ཁུང་ནས་ངའི་མིག་ལ་ཤར་མ་ཐག་གཉིད་ལས་དཀྲོགས་སོང། ཤེལ་སྒོའི་ནང་ལ་ཕྲན་ཐང་པོ་དང་བདེ་པོ་ཡིན་པ་མཐོང་དུས་སེམས་ལ་ཨ་མ་རྗེ་བཙུན་པད་མའི་ཞལ་རས་འཁོར་འཁོར་བྱེད་བྱུང། གུས་མོ་ང་ནི་ཀ་གདུང་དཀར་པོའི་ཁེངས་པའི་འཛིན་ཁང་ནང་ལ་སློབ་སྦྱོང་སྦྱངས་ཀྱི་ཡོད་ལ་ཕྲན་ལ་ཡིི་གེ་སྦྱངས་པའི་གོ་སྐབས་ཞིག་ཐོབ་པ་དེ་ནི་ལྷ་མོ་རྗེ་བཙུན་པད་མའི་བཀའ་དྲིན་ཡིན་པ་དེ་བརྗེད་མི་སྲིད། ཨ་མ་རྗེ་བཙུན་པད་མ་ནི་བདག་ལ་ཙམ་བཀའ་དྲིན་ཆེན་པོ་མ་ཡིན་པ་ཁོང་མོ་ནི་རང་བཙན་མེད་པའི་གདོང་དམར་བོད་མི་རྣམས་ཀྱི་དྭ་ཕྲུག་རྣམས་ལ་ཡང་ཧང་སང་པའི་བཀའ་དྲིན་ཆེན་པོ་ཡིན། ཨ་མ་རྗེ་བཙུན་པདྨ་ནི་ཕྱི་ལོ་ ༡༩༤༠ ལོར་ཟླ་བ་ ༧ ཚེས་ ༧ ཉིན་མོར་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་གཅུང་མོ་ཞིག་ཏུ་འཁྲུངས། ཁོང་མོ་ནི་བོད་ཕྲུག་རྣམས་ཀྱི་མུན་པ་གསལ་བའི་སྒྲོན་མེ་ཡིན་པ་མ་ཟད་ཁོང་མོ་ལ་གངས་ལྗོངས་ཀྱི་ཨ་མ་ཡང་འབོད་སྲོལ་ཡོད། ཨ་མ་རྗེ་བཙུན་པདྨ་ལགས་ཀྱི་བོད་ཁྱིམ་རྣམས་བཞེངས་པའི་ཆེད་དུ་ཕྱི་རྒྱལ་ཁབ་ཏུ་ཕེབས་ནས་ཞལ་འདེབས་སློང་བ་རེད། མཐའ་ཁོབ་བོད་ཀྱི་ཡུལ་འདིར་ནས་སླེབས་པའི་བཙན་བྱོལ་བོད་ཕྲུག་རྣམས་ལ་ཤེས་ཡོན་གནང་བ་མ་ཟད་རྒྱ་གར་མཐའ་འཁོབ་གྲོང་ཁྱེར་དབུས་ལ་བོད་ཁྱིམ་གོ་པལ་པུར་ཞེས་པའི་ཡིད་དབང་འཕྲོག་པའི་གླིང་ཞིག་ཕྱག་བཏབ་ཡོད། གུས་མོ་ངས་ཁོང་མོ་མཐོང་མྱོང་མེད་ཀྱང་ཁོང་མོས་བོད་ཕྲུག་རྣམས་ལ་བྱེད་པའི་ལས་འགན་ལ་ལྟ་དུས་བཀའ་དྲིན་ཡང་ཡང་སེམས་ལ་འཁོར་གྱི་འདུག། ད་ལྟ་སློབ་གྲྭ་ལ་ཀ་གདུང་དཀར་པོའི་འཛིན་ཁང་གྲུ་བཞི་མ་ནང་དུ་སློབ་སྦྱོང་སྦྱངས་དུས་སློབ་དཔོན་གྱིས་གང་གསུངས་པ་ལྟར་བློ་རྩེ་གཅིག་སྒྲིམ་ངང་ཉན་གྱི་ཡོད། ཨ་མ་རྗེ་བཙུན་པདྨ་ལགས་ཀྱིས་བཀའ་དྲིན་ལ་བརྟེན་ནས་ང་ཚོའི་བཙན་བྱོལ་བ་དྭ་ཕྲུག་མང་པོ་ཞིག་ལ་ཤེས་ཡོན་རག་ཡོད་པ་མ་ཟད་མང་པོ་ཞིག་གི་སོ་སོའི་དམིགས་ཡུལ་རྣམས་སྒྲུབ་ནས་མི་ཚེ་སྐྱིད་པོ་ཞིག་རོལ་བཞིན་ཡོད་སྲིད། ཨ་མ་རྗེ་བཙུན་པདྨ་ནི་སེམས་པ་བལ་ལས་འཇམ་པ་དང་ཁོང་གི་སེམས་པ་ནི་རྒྱ་མཚོ་ལས་གཏིང་ཟབ་པ་ཡོད་པ་མ་ཟད་བོད་ཕྲུག་རྣམས་ཀྱི་ཆེད་དུ་བྱམས་བརྩེ་དེ་ནི་སྦྲང་རྩི་ལས་ཡང་མངར་བ་ཡོད། གངས་ལྗོངས་བོད་ཀྱི་ཨ་མ་ལགས་ཀྱིས་བོད་ཕྲུག་རྣམས་ལ་སོ་སོའི་ཤ་ཁྲག་ཡིན་པ་ལྟ་བུར་དབྱེ་བ་མི་འབྱེད་ནས་འདྲ་མཉམ་ངང་གསོ་སྐྱོང་ངམ་ལྟ་སྐྱོང་བྱེད་ཀྱི་ཡོད། ཁོང་མོ་ནི་བོད་ཀྱི་ཡུལ་མཐའ་འཁོབ་དེ་ཡི་ཕྲུ་གུ་རྣམས་ཀྱི་ཆེད་དུ་མགོན་ཅིག་ཡིན། བོད་ཁྱིམ་རྣམས་ལ་ཡི་གེ་སྦྱངས་མཁན་གྱི་བཙན་བྱོལ་བོད་ཕྲུག་ཚང་མ་ནི་ད་ལྟ་བདེ་ཐང་ཡིན་པ་ཁོང་མོའི་བཀའ་དྲིན་ཡིན་ལ་བོད་ཁྱིམ་ནང་ལ་ལྟོ་དང་གོས་སྡོད་གནས་སོགས་ཀྱི་སྐྱོན་མེད་པ་དེ་ཡང་ཁོང་མོས་བཀའ་དྲིན་ཡིན་པའི་སོ་སོ་བསོད་ནམས་ཆེན་པོ་ཡིན་པ་ཚོར་དགོས་པ་དེ་གལ་གནད་ཆེ། གུས་མོ་ང་རང་གི་ཚོར་བ་ལ་ཁོང་མོའི་བོད་ཕྲུག་རྣམས་ལ་ཆ་རྐྱེན་མང་པོ་སྤྲད་པའི་ཡི་གེ་སྦྱངས་ཡ་དེ་ནི་བོད་ཕྲུག་རྣམས་ཀྱི་ལས་འགན་ཞིག་ཏུ་གྱུར་གྱི་ཡོད་པ་མ་ཟད་སོ་སོའི་ཡུལ་གྱི་སྐད་ཡིག་དར་སྤེལ་བཏང་རྒྱུ་དེ་ནི་བོད་མི་སྲོག་རྩ་ལྟ་བུ་ཞིག་ཡིན་པ་དེ་༸གོང་ས་མཆོག་གིས་ཀྱང་གསུངས་མྱོང་ཡོད་པ་མི་ཡོད་དོ་ཅོག་གི་མཁྱེན་གྱི་ཡོད། བཙན་བྱོལ་བོད་མི་གདོང་དམར་རྣམས་ལ་ཨ་མ་རྗེ་བཙུན་པདྨ་ལགས་ནི་བྱམས་བརྩེ་དང་ལྡན་པའི་སྐྱོང་མཁན་གྱི་མི་སྣ་བཀའ་དྲིན་ཅན་ཞིག་ཡིན་པའི་དྲིན་ལན་དེ་ངེས་པར་དུ་མཇལ་དགོས། ཨ་མ་རྗེ་བཙུན་པདྨ་ལགས་ནི་ཕྲུ་གུ་ལ་བརྩེ་བ་ཆེ་ཞིང་སོ་སོའི་ཕྲུ་གུ་ལྟ་བུར་གལ་ཆེན་པོ་རྩིས་ཀྱི་ཡོད། ཁོང་མོ་ལ་ཕྱི་ལོ་༡༩༩༥ལོར་གངས་ཅན་བོད་ཀྱི་ཨ་མ་ཞེས་ངོས་འཛིན་ཞུས་པ་མ་ཟད་ཕྱི་ལོ་༢༠༡༨ལོར་བུད་མེད་ནུས་སྟོབས་ཀྱི་བྱ་དགའ་འབུལ་བཞེས་མཛད་པ་རེད། བུ་མོ་ང་ནི་བཙན་བྱོལ་བ་ཞིག་ཡིན་པའི་རྩོམ་དེ་ཡི་ནང་ལ་ང་རང་གིས་སྙིང་གི་སྐད་ཆ་ཚང་མ་ཡིག་ཐོག་ཏུ་བྲིས་ཡོད་ལ་གུས་མོ་ངའི་མི་ཚེའི་འདི་ཡི་ནང་ལ་ཚེ་སྔོན་ལས་དང་བསོད་ནམས་དབང་གིས་ཚེ་འདིར་ཁྱེད་ཀྱི་སྐུ་པར་ཙམ་མཇལ་ཐུབ་པའི་གུས་མོ་བསོད་ནམས་ཆེ་སོང། དེ་མ་ཟད་ཚེ་རྗེས་མ་སླར་ཡང་མཇལ་ཐུབ་པའི་སྨོན་ལམ་ཡང་ཡང་བཏབ་ཀྱི་ཡོད།
བདག་ལ་བྱམས་བརྩེ་སྐྱོང་བའི་བ
བསྟན་འཛིན་ནོར་སྒྲོན། འཛིན་གྲ་དྲུག་པ། རྡ་སྟེང་བོད་ཁྱིམ་སློབ་གྲྭ། སྤྱིར་བཏང་ང་ལ་བྱམས་བརྩེས་སྐྱོང་བའི་མི་སྣ་ཧ་ཅང་མང་པོཡོད། ཕ་མ་སྤུན་མཆེད་གཉེན་ཉེ་པོ་སོགས་འདྲ་མིན་ཡོད། ཡིནའང་དེ་ནང་ནས་གཙོ་བོ་ནི་ངའི་བརྩེ་བའི་རྨོ་རྨོ་ལགས་ཡིན། ངའི་རྨོ་རྨོ་ལགས་ཀྱི་མཚན་ལ་པདྨ་ལྷ་མོ་ཟེར། ཁོང་ནི་ང་ཚོའི་ནང་མི་ནང་ནས་ལོ་ན་བགྲེས་ཤོས་དེ་ཡིན། ང་ཚོའི་ནང་མི་ཚང་མ་ཁོང་ལ་ཧ་ཅང་དགའ་པོ་ཡོད་དང་། ཁོང་ཡང་ང་ཚོའི་ནང་མི་ཚང་མར་གཅིག་མཚུངས་ཧ་ཅང་དགའ་པོ་ཡོད། ཁོང་ནི་གཙང་སྦྲ་བྱེད་རྒྱུ་དགའ་ཞིང་སྐུ་གཟུགས་བདེ་བ་དང་བཅུད་ཅནགྱི་ཟས་རིགས་ཟ་རྒྱུར་དགའ་པོ་ཡོད། ཁོང་ཆོས་ལ་ཡང་ཧ་ཅང་དད་པ་ཆེན་པོ་ཡོད། ཁོང་མེ་ཏོག་འདྲ་མིན་སྣ་ཚོགས་ལ་ཡང་ཧ་ཅང་དགའཔོ་ཡོད། ང་ཚོའི་ནང་ལ་མེ་ཏོག་ལྡུམ་ར་ཡིད་དུ་འོང་བའི་མཛེས་པོ་ཞིག་ཡོད། དེར་མཚོན་མདོག་འདྲ་མིན་ཅན་གྱི་མེ་ཏོག་མང་པོ་ཡོད། ཁོང་གིས་ང་ལ་གྱོན་ཆས་དང་རྩེད་ཆས་སོགས་མང་པོ་གནང་པ་དང་། ང་ཚོ་སྤྲོ་འཆམ་ལ་ཡང་ཡང་འཁྲིད་ཀྱི་ཡོད། ᨮᨕᩏ་ᨵᨑ་ᩏ་་ᨵ་རྟགས་མང་པོ་གནང་གི་ཡོད་ནའང་། ཁོང་གི་ང་ལ་གནང་པའི་ནང་ནས་ལག་རྟགས་ཡག་ཤོས་དེ་ཁོང་གི་བྱམས་བརྩེ་དང་ཡ་རབས་བཟང་སྤྱོད་ཀྱི་བཀའ་སློབ་དེ་ཡིན། ཁོང་སློབ་གྲྭ་ཐོན་མེད་ཀྱང་། ང་ཚོ་ཤེས་ཡོན་ཅན་ཞིག་ཏུ་འགྱུར་བའི་ཆེད་དུ་གང་ཐུབ་འབད་བརྩོན་གནང་གི་ཡོད། ངའི་རྨོ་རྨོ་ལགས་ངག་འཇམ་པ་ཤིང་སྡོང་སྟེང་གི་འཇོལ་མོ་དང་འདྲ། ངའི་རྨོ་རྨོ་ལགས་སྤྱང་གྲུང་ལྡན་པ་རི་བོང་བློ་ལྡན་དང་འདྲ། ངའི་རྨོ་རྨོ་ལགས་སེམས་ཤུགས་ཆེ་ཞིང་གྲོགས་ཆུང་གྲོག་མ་ལྟར་མང་། ངའི་རྨོ་རྨོ་ལགས་བློ་ཁོག་ཆེ་བ་ནགས་ཀྱི་རྒྱལ་པོ་སེང་གེ་དང་འདྲ། ངའི་རྨོ་མོ་ལགས་ཉི་མ་ལྟར་ང་ཚོ་ལ་རང་གི་འོད་གནང་། ད་ལྟ་ཁོང་ལོ་ན་རྒན་དུ་ཕྱིན་པའི་ཞལ་རས་གཉེར་མ་ཏོག་ཙམ་ཡོད་ཀྱང་ངའི་ཆེད་མཛེས་བཞིན་མཛུམ་མདངས་ཀྱི་ལྷ་མོ་ཡིན། ཁོང་གི་དབུ་་སྐྲ་དཀར་དུ་ཕྱིནའང་ངའི་ཆེད་དུ་དཀར་གསལ་ཟླ་བའི་སྲས་མོ་དང་འདྲ། ཁོང་གི་ནུས་ཤུགས་ཞནའང་ང་ཚོའི་ནང་མི་ནང་ནས་སེམས་ཤུགས་ཆེ་ཤོས་དེ་ཡིན། ཁོང་གི་སྐོར་ལ་བསྟོད་བསྔགས་ག་ཚོད་གཏོང་ན་ཡང་རྫོགས་མཐའ་མེད། ངའི་བརྩེ་བའི་རྨོ་མོ་ལགས། ཁྱོད་ལ་ཐུགས་རྗེ་ཆེ་གྲངས་མེད་ཡོད། །
བདག་ལ་བྱམས་བརྩེས་བསྐྱངས་པའི
བསྟན་འཛིན་མཚོ་མོ། བདུན་པ་བུམ་པ། གོ་པལ་པུར་བོད་ཁྱིམ། སྤྱིར་མི་སུ་ཞིག་ཡིན་ཡང་རང་ཉིད་ཀྱི་ཨ་མ་ལས་གལ་ཆེ་བ་སུ་ཞིག་ཀྱང་མེད་པ་ལྟ་བུ་རེད། དེ་ལྟར་ང་ཚོའི་གངས་ཅན་ལྗོངས་ཀྱི་ཨ་མ་ལགས་ནི་སྐྱེ་འགྲོ་ཀུན་གྱིས་དགའ་མོས་བྱེད་སའི་བུད་མེད་ཞིག་རེད། ཨ་མ་རྗེ་བཙུན་པདྨ་ནི་བོད་མི་ཡོངས་ཀྱི་ཨ་མ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད། ཕྱི་ལོ་༡༩༤༠ཟླ་བ་༧ཚེས་༧ཉིན་ཡབ་ཆོས་སྐྱོང་ཚེ་རིང་དང་ཡུལ་བདེ་སྐྱིད་ཚེ་རིང་གི་བུ་མོ་རུ་སྐུ་འཁྲུངས་ཞིང། ༸སྐྱབས་མགོན་༸གོང་ས་ཆེན་པོའི་གཅུང་མོ་ཡང་ཡིན། དགུང་ན་ཕྲ་བའི་སྐབས་ནས་སེམས་ཅན་ལ་བརྩེ་བཀུར་ཆེ་བ་དང་ལས་གང་འདྲ་ཞིག་གནང་ཀྱང་སེམས་པ་ལྷག་བསམ་རྣམ་དག་གི་གནང་གི་ཡོད། ཁོང་གི་དཀར་བསལ་ཟླ་བའི་ཞལ་རས་ནི་དུས་རྟག་ཏུ་ངའི་ཡིད་ལ་ཤར། ཞལ་རས་ནང་གི་གཉེར་མ་རྣམས་ཀྱི་ནང་ཁྱེད་ཀྱི་ང་ཚོའི་ཆེད་དཀའ་ལས་ཚད་མེད་སྐྱོན་པ་དང་དཀའ་སྡུག་ཚད་མེད་མྱོང་བ་ཤར་གྱི་འདུག། དབུ་སྐྲ་དཀར་པོའི་ཁྱེད་ཀྱི་བོད་མི་ཙམ་མིན་ལ་སྲོག་ཆགས་ཚང་མར་བྱམས་སེམས་བཅངས་པ་མཚོན། རྒྱ་མིས་བོད་བཙན་བཟུང་བྱས་ནས་བཟུང་རྒྱ་གར་དུ་བོད་ཁྱིམ་སློབ་གྲྭ་ཤིན་ཏུ་མང་པོ་གསར་བཞེངས་བྱས་པས་ད་ལྟ་ང་ཚོའི་བོད་ཕྲུག་དུ་མས་ཤེས་རིག་སྦྱོང་དང་སྦྱོང་བཞིན་ཡོད། ས་ཡུལ་གང་སར་བསྐོར་ནས་ཕྱི་རྒྱལ་བ་རྣམས་ལ་ཐལ་མོ་སྦྱོར་ནས་དངུལ་གྱི་ཞལ་འདེབས་སློང་གི་ཡོད། དེ་དག་རྣམས་བོད་ཕྲུག་ཚོར་སྦྱིན་གྱི་ཡོད་ཙང་བོད་ཕྲུག་ཡོངས་ཀྱི་ཕ་མ་ནང་བཞིན་བརྩེ་སེམས་ཆེན་པོ་བྱེད་པ་མ་ཟད་ལས་འགན་ཨ་མ་ལགས་གཅིག་པུས་འཁྱེར་གྱི་ཡོད། འདི་ལོར་དགུང་ལོ་༨༢ཕེབས་ཡོད་ཀྱང་མུ་མཐུད་དུ་བོད་ཕྲུག་རྣམས་ལ་དཀར་སེམས་བཅངས་ཏེ་གཞན་ཕན་རང་གི་ཐོག་དགོངས་པ་བཞེས་པ་རེད། རང་ཉིད་ཀྱི་གཞན་ལ་སེམས་བཟང་བྱས་པ་ནང་བཞིན་ང་ཚོར་རྟག་ཏུ་སེམས་པ་བཟང་པོ་བྱོས། ཕན་ཐོགས་བྱེད་མི་ཐུབ་ན་གནོད་འཚེ་ནམ་ཡང་བྱེད་རྒྱུ་མེད། ཞེས་བཀའ་སློབ་ཡང་ནས་ཡང་དུ་འཆད་ཀྱི་ཡོད། དེ་འདྲའི་ཨ་མ་ལགས་ལྟ་བུ་ནི་མི་རིགས་སུ་ལ་ཡང་མེད་ཞིང་གོ་ལའི་སྟེང་དུ་ཧ་ཅང་དཀོན་ལ་རྙེད་པར་དཀའ། ང་ཚོ་ལ་རང་ཉིད་ཀྱི་གཅེས་ཕྲུག་ལྟར་སྐྱོང་བའི་ཡུམ་ཆེན་དང་རང་ཉིད་ཀྱི་ཚེ་སྲོག་ལས་ང་ཚོའི་ཚེ་སྲོག་གལ་ཆེ་བ་བརྩི་མཁན་གྱི་མགོན་ཆེན་ལྟ་བུར་ཁོང་ནི་སྐྱེ་བ་གང་ལའང་བདེ་བ་དང་ཞི་བདེ་ཐོབ་པའི་ང་ཚོའི་ངོས་ནས་སྨོན་ལམ་ཟབ་མོ་ཡོད་པ་དང་སྦྲགས་ང་ཚོའི་ཁོང་གི་དྲིན་གསོ་ཆེད་དུ་བོད་ཕྲུག་རྣམས་པས་སློབ་སྦྱོང་ལ་བློ་རྩེ་གཅིག་སྒྲིམ་གྱི་སྦྱོང་དགོས་ཀྱི་ཡོད་པ་དང་མི་ཚང་མའི་མཉམ་རུབ་ཀྱི་སྒོ་ནས་མཐུན་སྒྲིལ་བྱ་དགོས་ཀྱི་ཡོད། དམིགས་བསལ་གྱི་བོད་མི་རྣམས་པས་ཡིན་གཅིག་མིན་གཅིག་ཏུ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གོམས་གཤིས་རྣམས་ཉར་རྩ་བྱེད་དགོས་ཀྱི་ཡོད། དེ་འདྲ་བྱུང་བ་ཡིན་ན་ཁོང་གི་སྐུ་ཚེ་གང་བོར་ཞི་བདེ་དང་སྤྲོ་སྐྱིད་བྱུང་གི་རེད། ཨ་མ་ལགས་ཁྱེད་ནི་ངའི་མི་ཚེ་ནང་གི་ཆ་ཤས་གལ་ཆེན་པོ་ཞིག་ཡིན་ལ་ང་ནི་སྐྱེ་བ་སྔོན་མའི་བག་ཆགས་དང་ལས་རྐྱེན་གྱི་སྐྱེ་བ་འདིར་ཁྱེད་དང་མཇལ་བར་བྱུང་བས་ང་རང་ནི་ཧ་ཅང་གི་བསོད་ནམས་ཆེན་པོ་ཚོར་གྱི་འདུག བོད་ཕྲུག་ཡོངས་ཀྱི་ཚབ་བཞུས་ནས་དེ་རིང་ངའི་ཁྱེད་ཀྱི་བརྗེད་དཀའ་བའི་ཐུགས་རྗེ་བཀའ་དྲིན་ལ་ཐུགས་རྗེ་གནང་ཞེས་བརྗོད་པ་དང་སྐུ་ཚེ་གང་བོར་བདེ་སྐྱིད་དང་སྤྲོ་སྣང་ཁེངས་བའི་སྨོན་འདུན་ཡོད། ཐུགས་རྗེ་ཆེ། ཨ་མ་ལགས།
