Skip to main content
ཤེས་རིག་ལས་ཁུངས།

དབྱར་སྐྱིད་ཆེན་མོ།

དབྱར་སྐྱིད་ཆེན་མོ།

བཀྲ་ཤིས་འབྲུག་གྲགས། འཛིན་གྲྭ་ལྔ་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། ད་ལོའི་སྟོན་ཟླ་བཅུ་པའི་ཕྱི་ཚེས་ ༨ དང་ ༩ ཉིན་གཉིས་རིང་ཨ་མདོའི་དབྱར་སྐྱིད་ཆེན་མོ་བཏང་སོང་། སྐབས་དེར་ང་རང་ཧ་ཅང་སྐྱིད་པོ་བྱུང་སོང་ལ་ངའི་མི་ཚེ་ནང་གི་བརྗེད་དཀའ་བའི་ཉིན་མོ་ཞིག་ཀྱང་ཡིན། ངས་ཨ་མདོའི་དབྱར་སྐྱིད་སྐོར་ལ་རྩོམ་ཡིག་ཅིག་འབྲི་རྒྱུ་ཡིན། འབྲུག་སྒྲ་འུར་འུར་དུ་གྲགས་ཤིང་། ཆར་པ་ཤག་ཤག་ཏུ་འབབ་པའི་ཞོགས་པ་ཞིག་ལ་ང་རང་གཉིད་ལས་སད་སྐབས། ངའི་ཨ་མ་ལགས་སྔ་པོ་ནས་ཡར་ལངས་ཏེ་ཕྱིན་ཚར་འདུག དེ་ནི་ཨ་མ་ལགས་ཉིན་མ་ཁ་ཤས་སྔོན་ནས་ཨ་མདོའི་དབྱར་སྐྱིད་ལ་གྲ་སྒྲིག་བྱེད་དུ་འགྲོ་བཞིན་ཡོད་པ་ངས་ཤེས་ཀྱི་ཡོད། མོ་རང་ཞབས་བྲོ་འཁྲབ་མཁན་ཡང་རེད། ཞོགས་པ་ཆུ་ཚོད་༨པ་ཙམ་ལ་པ་ལགས་དང་གཅུང་མོ་གངས་ཅན་གསེར་བཟང་། ང་ཚོ་གསུམ་མལ་ལས་ལངས་ཏེ་ཨ་མདོའི་དབྱར་སྐྱིད་ལ་འགྲོ་རྒྱུར་གྲ་སྒྲིག་བྱས་པ་ཡིན། དེ་དུས་གནམ་ངོ་ཡང་རིམ་གྱིས་དྭངས་ཏེ་དྷ་རམ་ས་ལའི་རི་ལུང་ཐང་གསུམ་མཛེས་སྡུག་ལྡན་པ་ཞིག་རེད། པ་ལགས་ཀྱི་སྦག་སྦག་རྒྱབ་ཏུ་ང་དང་གཅུང་མོ་གཉིས་བཞོན་ཏེ། ང་ཚོས་ལམ་བར་དུ་སྐད་ཆ་ཅི་འཕྲོས་མོོོལ་འཕྲོས་ཤོད་བཞིན་ཕྱིན་པ་ཡིན། ཨ་མདོའི་དབྱར་སྐྱིད་གཏོང་ས་དེར་ལམ་སེང་སླེབས་སོང་། དེ་ནི་གོ་པལ་པུར་སློབ་གྲྭ་ལ་འགྲོ་སའི་ལམ་ཁ་ཞིག་རེད་འདུག གཞུང་ལམ་གཡོན་ཟུར་དུ་སྤང་ཐང་ཆེན་པོ་ཞིག་འདུག་པ་དང་། སྤང་ཐང་དེའི་མཐའ་འཁོར་དུ་ཤིང་སྡོང་ཡང་མང་པོ་འདུག མི་མང་པོ་སྔ་པོ་ནས་སླེབས་ཚར་འདུག ང་ཚོ་དེར་འབྱོར་སྐབས་མི་རྒན་པ་ཁ་ཤས་ཀྱིས་བསང་གཏོང་གི་འདུག དེ་ནས་ཕར་ཅུང་ཙམ་ཕྱིན་ན་སྒོ་ཆེན་པོ་ཞིག་བཟོས་འདུག་པ་དང་། དེའི་སྟེང་དུ་འཕྲེད་དར་ཞིག་འཐེན་འདུག་པའི་སྟེང་དྷ་སའི་མདོ་སྨད་དབྱར་སྐྱིད་ཆེན་མོ།༽ ཞེས་བྲིས་འདུག་ལ། སྒོའི་གཡས་གཡོན་གཉིས་ལ་བོད་པ་དང་རྒྱ་གར་གྱི་རྒྱལ་དར་རེ་བསྒྲེངས་འདུག རྒྱལ་སྒོ་དེའི་ཕར་ཕྱོགས་སུ་བྱིས་པ་ཚོ་རྩེད་མོ་རྩེ་སའི་གནམ་མཆོང་ལྡིང་ར་གཉིས་བཞག་འདུག་པ་དེར་ང་ཧ་ཅང་དགའ་སོང་། ང་ཚོའི་སློབ་གྲྭའི་ཁྲོམ་འདུས་སྐབས་ཀྱི་རྩེད་མོ་རྩེ་ས་ཚང་མ་འདི་ལ་ཡོད་ན་ཅི་མ་རུང་དྲན་སོང་། སྤང་ཐང་དེའི་དཀྱིལ་དུ་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོ་ཡོད་པའི་གུར་ཆེན་པོ་ཞིག་ཕུབ་འདུག གུར་ཆེན་པོ་དེའི་མཐའ་རུ་ད་དུང་གུར་ཆུང་ཆུང་ཡང་མང་པོ་ཞིག་ཕུབ་འདུག པ་ལགས་དང་ངེད་གཉིས་གུར་ཡོད་ས་དེར་འབྱོར་མ་ཐག རིན་པོ་ཆེ་ཆིབས་བསྒྱུར་བསྐྱངས་སོང་ཞེས་མི་མང་པོ་ཞིག་གིས་བོད་ཆས་གཙང་མ་གྱོན་ཞིང་། ལག་པར་ཁ་བཏགས་བཟུང་སྟེ་བང་སྒྲིག་བཞིན་འདུག ངས་པ་ལགས་ལ་རིན་པོ་ཆེ་སུ་རེད་ཅེས་འདྲི་སྐབས། ཀིརྟི་རིན་པོ་ཆེ་དང་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་རེད། ཁོང་གཉིས་དེ་རིང་གི་སྐུ་མགྲོན་གཙོ་བོ་རེད་ཟེར། རིན་པོ་ཆེ་རྣམ་གཉིས་བཞུགས་ཁྲིའི་སྟེང་དུ་བཞུགས་རྗེས་དབྱར་སྐྱིད་མཛད་སྒོ་ཚོགས་སོང་། ཤིང་ཏོག་དང་མངར་ཟས་རིགས། ཤིང་ཏོག་ཁུ་བ་སོགས་སྡེར་ཁ་མང་པོ་བསྒྲིགས་འདུག སྐབས་དེར་ཀིརྟི་རིན་པོ་ཆེ་མཆོག་གིས་བཀའ་སློབ་མང་པོ་ཞིག་གནང་སོང་ཡང་། ང་རང་གིས་གོ་བ་ནི་བོད་པ་ཚང་མས་༸རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་ལ་བརྩི་དགོས་པ་དང་། བོད་ཡིག་བོད་སྐད་དང་བོད་པའི་རིག་གཞུང་ལ་བདག་པོ་རྒྱག་དགོས་པ། བོད་མི་ཚོས་འཆམ་པོ་མཐུན་པོ་གནང་དགོས་པ་སོགས་གསུངས་སོང་། ད་དུང་། དེ་རིང་བོད་ཆས་གྱོན་མཁན་ཚོ་ཡག་པོ་འདུག དབྱར་སྐྱིད་སྐབས་ཨ་རག་མང་པོ་འཐུང་ནས་འཁྲུག་པ་རྒྱག་པ་དང་། ཤོ་དང་རྒྱན་སོགས་རྩེས་ནས་སྤྱོད་པ་མ་རབས་དེ་འདྲ་མ་བྱེད་རོགས་གསུངས་སོང་། དེའི་རྗེས་ལ་ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་ཀྱང་བཀའ་སློབ་མང་པོ་ཞིག་གནང་སོང་ཡང་ང་རང་གིས་ཡག་པོ་ཞིག་གོ་མ་སོང་། རིན་པོ་ཆེ་གཉིས་ཀྱིས་བཀའ་སློབ་གནང་ཚར་རྗེས། གཞས་དང་ཞབས་བྲོ་འཁྲབ་འགོ་བརྩམས་སོང་། ངའི་ཨ་མ་ལགས་ཀྱང་ཞབས་བྲོ་འཁྲབ་མཁན་གྲས་རེད། […]

བདག་ལ་བྱམས་བརྩེས་བསྐྱངས་པའི

བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན།

ཐུབ་བསྟན་བཟོད་པ། འཛིན་གྲྭ་ལྔ་པ། ཛོང་ཆོས་འབྲིང་རིམ་སློབ་གྲྭ། སའི་གོ་ལ་འདིའི་སྒང་ལ་ཡོད་པའི་སེམས་ཅན་སུ་ཡིན་རུང་སོ་སོ་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན་ཞིག་ཡོད་པ་ངས་བཤད་མ་དགོས་པར་ཚང་མས་ཤེས་པའི་རེ་བ་ཡོད། སྤྱིར་བཏང་མི་སོ་སོར་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན་གྱི་མི་སྣ་ཚོགས་ཡོད་སྲིད། བདག་ལ་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་ཅན་གྱི་མི་སྣ་གལ་ཆེན་གཉིས་ཡོད་། དང་པོ་ཨ་མ་དང་། གཉིས་པ་པ་ལགསཡིན། འཛམ་གླིང་འདིའི་ཐོག་ཁོང་གཉིས་ལས་ལྷག་པའི་མི་སྣ་ཡོད་རེད་ཟེར་མཁན་སུའང་མིན་འདུག མ་འོངས་པར་ཡང་འབྱུང་མི་སྲིད་། དང་པོ་ངའི་ཨ་མ་ནི་མི་སུ་དང་ཐུག་རུང་འཛུམ་མདངས་ཀྱི་བཞིན་རས་ཡོད་། ངའི་ཕྲུ་གུ་དང་གཞན་གྱི་ཕྲུ་གུ་རེད་ཟེར་བའི་དབྱེ་བ་མེད་། ཚང་མར་གཅིག་པར་ལྟ་ཡི་ཡོད། རང་ཉིད་ཀྱི་ཟ་མ་རྣམས་དབུལ་པོའི་ཕྲུ་གུ་ལ་བྱིན་། ངས་བྱིས་པའི་དུས་སུ་ཨ་མ་བྱམས་བརྩེ་ཆེན་པོ་ཡིན་པ་མི་ཤེས་། ད་ཆ་ངས་མ་ཡིས་བྱམས་བརྩེས་བསྐྱངས་པའི་བཀའ་དྲིན་དྲན་དུས། གལ་སྲིད་ཁོང་མེད་ན་མཇེས་པའི་འཛམ་གླིང་འདི་མཐོང་ག་ལ་སྲིད། ཁོང་གིས་བཅངས་པའི་བྱམས་བརྩེ་དེ་སྦྲང་རྩི་ལས་མངར་བ་ཡིན་པ་དང། ཁོང་མེད་ན་ངའི་ལུས་མེད། ཁྱེད་མེད་ན་ངའི་མདུན་ལམ་མེད། ཞེས་པའི་ཚིག་དེ་ཡང་སེམས་ལ་དྲན་སོང།  ད་ལྟ་ངའི་མ་ཡུམ་གྱི་དབུ་་སྐྲ་དུང་ལས་དཀར་ལ། གདོང་གཉེང་མས་ཁེངས་པ་མཐོང་དུས་ངའི་སེམས་ལ་སྡུག་བསྔལ་ཚད་མེད་སྐྱེས། ཡིན་ན་ཡང་འདི་ནི་འཇིག་རྟེན་གྱི་ཆོས་ཉིིད་ཡིན་པས་། བྱེད་ཐབས་གང་ཡང་མེད་། དེ་ལས་ཨ་མའི་དྲིན་གསོ་བའི་ཆེད་དུ་ཁོང་གི་རེ་བ་སྒྲུབ་དགོས་བསམ། ཁོང་གི་མ་འོངས་པའི་རེ་བ་ནི་རང་གཞན་གཉིས་ལ་ཕན་པའི་བྱ་བ་བྱ་རྒྱུ་ནི་ཁོང་གི་རེ་བ་དང་དམིགས་ཡུལ་རེད། དེ་འདྲ་སོང་ཙང་ཁོང་གི་དམིགས་ཡུལ་སྒྲུབ་ཆེད་ང་མ་ཤི་བར་རང་གཞན་གཉིས་ལ་ཕན་པའི་ལས་ཀ་ལ་བརྩོན་རྒྱུ་ཡིན། གཉིས་པ་ངའི་ཨ་ཕ་ནི་ནང་གི་འཚོ་བའི་རྟེན་གཞི་གཙོ་བོ་ཡིན།  ཁོང་ནི་ནང་ལ་ཡོང་རྒྱུ་ང་ཚོས་མཐོང་དཀའ་བས།  ངའི་བསམ་པར་ཨ་ཕ་ལགས་སོ་སོའི་ཕྲུ་་གུ་དང་སྤུན་མཆེད།  ཨ་མ་ལ་བརྩེ་བ་མེད་ནས་ཕྱི་ལ་གཡོལ་ནས་སྡོད་ཀྱི་ཡོད་རེད་དྲན།  ཁོང་སླེབས་པའི་དུས་གཅིག་ཡོད།  དེ་ནི་ལོ་གསར་ལ་ཡིན།  དེ་ཡང་ཉིན་བདུན་ཙམ་ཡིན།  དེ་ནི་ཁོང་ཡུན་རིང་ཤོས་བཞུགས་པའི་དུས་དེ་ཡིན།  དེ་ནས་ཕྱི་ལ་ང་ཚོའི་མཐོང་ས་མེད་པར་འགྲོ། ཉིན་གཅིག་ཨ་མ་ལ་སྨན་ཁང་ནས་ཁ་པར་འབྱོར་སོང།  ཁ་པར་ནས་ཁྱོད་ཀྱི་བཟའ་ཟླ་ནད་པ་ཆགས་འདུག་པས་མྱུར་མགྱོགས་ཕེབས་རོགས་ཞེས་བརྗོད་སོང།  དེ་མ་ཐག་ཨ་མ་བྲེལ་འཚུབ་བྱས་ནས་ཕྱིན་སོང།  དགོང་དྲོ་ཆུ་ཚོད་བདུན་དང་ཕྱེད་ཀར་་ནང་ལ་སླེབས་སོང།  ཨ་མའི་གདོང་ནི་ཧ་ཅང་མི་བདེ་བའི་ངང་ནས་ང་ཚོ་ཕྲུ་གུ་རྣམས་ལ་ཟ་མ་གཡོས་ནས་སྤྲད་པ་དང།  ཁོང་གིས་སང་ཉིན་པ་ལགས་ཐུག་འཕྲད་ལ་འགྲོ་དགོས་ཟེར་ནས་ཚང་མ་ཉལ། སང་ཞོགས་ཆུ་ཚོད་བཞི་པ་ལ་སྨན་ཁང་ནས་ཁ་པར་སླེབས་ཏེ་ཁྱོད་ཚོ་ནང་མི་གང་མགྱོགས་ཕེབས་རོགས་ཞེས་གསུངས་སོང།  ཨ་མས་ལམ་སང་ང་ཚོ་སྤྱི་སྤྱོད་གླང་འཁོར་ནང་འཁྱེར་སྟེ་དེ་མ་ཐག་སྨན་ཁང་ལ་འབྱོར།  ཕ་ཁོང་ཉལ་ཁྲིའི་སྒང་ལ་བཞུགས་ཏེ་ཞལ་ནས་འདི་ལྟར། ངའི་བརྩེ་བའི་བཟའ་ཟླ་དང་བུ་ཕྲུག སྤུན་མཆེད་ཚང་མའི་གདོང་མཐོང་ཡ་དེ་ཉིན་མཐའ་མ་ཡིན་སྲིད།  གང་ཡིན་ཟེར་ན།  ཕལ་ཆེར་ཉིན་ཁ་ཤས་རྗེས་སུ་ང་འཇིག་རྟེན་འདི་ནས་འཇིག་རྟེན་གཞན་ལ་ལས་དོན་ཆེད་འགྲོ་དགོས་འདུག་པས། ཁྱོད་ཚོས་ངའི་དོན་དུ་སེམས་ཁྲལ་མ་བྱེད།  དེ་ལས་ཁྱོད་ཚོའི་མ་འོངས་པའི་མདུན་ལམ་གང་འདྲ་སྐྱེལ་དགོས་དང་མི་རིགས་དང་རྒྱལ་ཁབ་ལ་ཕན་པའི་ལས་མང་ཙམ་བགྱི།  དེ་ལས་ལྷག་པའི་བྱ་བ་གང་ཡང་མེད་གསུངས་སོང། ངའི་བརྩེ་བའི་ཨ་ཕས་དེ་འདྲ་ལབ་དུས་ང་དང་ངའི་འགྲམ་ལ་ཡོད་པའི་སྨན་གཡོག་ཡན་ཆད་མིག་ཆུ་རང་དབང་མེད་པ་ཤོར་ནས་ཧ་ཅང་ངུས། ཕ་དམ་པ་འཇིག་རྟེན་གཞན་ལ་གཤེགས་ནས་ཟླ་བ་དྲུག་ཙམ་རྗེས་སུ་ང་ཚོའི་ནང་གི་འཚོ་བའི་གནས་སྟངས་ཧ་ཅང་སྐྱོ་རུ་ཕྱིན་པ་མ་ཟད་གྲོང་རྡལ་གྱི་འཚོ་བ་ཡང་སྐྱོ་རུ་ཕྱིན།  […]

བདེ་སྐྱིད་ཀྱི་ལམ་བུ།

བདེ་སྐྱིད་ཀྱི་ལམ་བུ།

བསྟན་འཛིན་བྱམས་ཆེན་རྡོ་རྗེ། འཛིན་གྲྭ་ལྔ་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། ང་ཚོ་སྲིད་པའི་བཙོན་རའི་ནང་མཐོ་སྲིད་རྩེ་ནས་དམའ་དམྱལ་བ་བར་སུ་ཞིག་ཡིན་ཡང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་རེད། དེ་འདྲ་ཡིན་ན་བདེ་སྐྱིད་ངོ་མ་དེ་གང་ཡིན་ནམ་ཞེས་སེམས་ལ་འཁོར་སྲིད་པ་རེད། བདེ་སྐྱིད་ངོ་མ་ནི་གཞན་ཕན་གྱི་བསམ་བློ་ཡོད་པ་དེ་རེད། དེ་ཡང་གཞན་ཕན་བསྒྲུབ་རྒྱུའི་བསམ་བློ་དེ་ཡང་ཆོས་ཡིན་པ་རེད། གང་ཡིན་ཟེར་ན་ཆོས་ལུགས་ཚང་མའི་སྙིང་པོ་ནི་གཞན་ཕན་བ སྒྲུབ་རྒྱུ་དེ་རེད། དེ་ལ་ཁ་ཤས་ཀྱིས་གཞན་ཕན་བསྒྲུབ་རྒྱུའི་བསམ་བློ་དེ་ཆོས་ཁས་ལེན་མཁན་མ་གཏོགས་བྱེད་མི་ཆོག་པའི་གོ་བ་ལོག་སྒྲུབ་བྱེད་ཀྱི་ཡོད་པ་རེད། དེ་འདྲ་ཡིན་ན་འཛམ་བུའི་གླིང་ནང་མི་དུང་ཕྱུར་བདུན་ཡོད་པ་དང་། དེ་ཡང་ཡོངས་གྲགས་བཤད་ཚུལ་ལྟར་ན་དུང་ཕྱུར་གཅིག་ནི་ཆོས་ཁས་ལེན་མཁན་མིན་སྟབས་འཛམ་གླིང་ཞི་བདེ་ཡོང་རྒྱུར་ཕལ་ཆེར་ཁག་པོ་རེད། ཡིན་ན་ཡང་༸གོང་ས་མཆོག་གི་བཀའ་སློབ་ནང་བཟང་སྤྱོད་གང་འདྲ་ཞིག་བྱས་ན་ཡང་ཆོས་ལུགས་བྱེ་བྲག་པ་ཞིག་ལ་བརྟེན་མི་དགོས་པ་རེད། དེ་ཡང་འཛམ་གླིང་ཞི་བདེའི་དེད་དཔོན་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་གནང་བའི་ཆོས་ལུགས་ཀྱི་མཚམས་ལས་འདས་པའི་ཕྱག་དེབ་ནང་དུ་བཟང་སྤྱོད་དང་ཆོས་གཉིས་ནི་ཆུ་དང་ཇ་གཉིས་ལ་དཔེར་བཀོད་ཡོད་པ་རེད། དེ་ཡང་ཇ་བཟོས་པ་ལ་རྒྱུ་ཆ་འདྲ་མིན་སྣ་ཚོགས་དགོས་ཀྱང་ཆུ་མེད་ན་ཇ་བཟོ་ཐབས་བྲལ་བ་རེད། དེ་དང་མཚུངས་སུ་ཆོས་ལུགས་ཤིག་ལ་སྐྱབས་སུ་འགྲོ་ན་ཐོག་མར་རྨང་གཞི་དང་གྲུབ་ཆ་ཚང་དགོས་པ་རེད། ཡིན་ན་ཡང་ཆོས་ལུགས་གང་འདྲ་ཞིག་ཡིན་རུང་བཟང་སྤྱོད་མེད་པའི་ཐོག་ནས་ཆོས་ལུགས་ཤིག་བྱས་པ་ཡིན་ན་ཆོས་ལུགས་དེ་མ་བྱས་པ་ལྟ་བུ་རེད། དེ་ཡང་བསྐྱར་དུ་དཔེ་མཚོན་ཞིག་ཞུས་པ་ཡིན་ན་ཇ་མེད་ན་མི་གནས་ཐུབ། ཡིན་ཡང་ཆུ་མེད་ན་མི་གནས་མི་ཐུབ་པ་བཞིན་འཛམ་གླིང་འདིའི་ནང་ཆོས་ལུགས་མེད་ན་མི་གནས་ཐུབ་པ་དང་ངེས་པར་མཁོ་བའི་བཟང་སྤྱོད་མེད་ན་མི་འཚོ་མི་ཐུབ་པ་ཡིན། མ་ཟད་ཆོས་ལུགས་ཐམས་ཅད་ཀྱི་རྨང་གཞི་ནི་བཟང་སྤྱོད་བྱེད་རྒྱུ་དེ་ཡིན་ལ་དེ་ནི་ཆོས་ལུགས་ཐམས་ཅད་ཀྱི་བསླབ་བྱ་ཡིན་ལ་དམིགས་ཡུལ་ཡང་ཡིན། འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་ཆོས་ཁས་ལེན་མཁན་དང་མ་ལེན་མཁན་འདྲ་མིན་ཡོད་པ་རེད། ཡིན་ཡང་མི་བཟང་པོ་ཞེས་པ་ནི་ཆོས་ཁས་བླངས་མ་བླངས་སྐད་ཆ་མ་རེད། དེས་མ་ཟད་ཚན་རིག་གི་ཐོག་ནས་ཕྱིའི་དངོས་པོའི་ཡར་རྒྱས་ཞེ་དྲག་ཡག་པོ་ཕྱིན་ཡོད་པ་རེད། ཡིན་ཡང་འཛམ་བུའི་གླིང་ནང་འཁྲུག་འཛིང་མང་བ་དང་། ཆེ་བས་ཆུང་བར་ཐུབ་ཚོད་སོགས་ཀྱི་གནས་ཚུལ་འདྲ་མིན་ཡོང་གི་ཡོད་པ་རེད། དེ་ནི་སློབ་སྦྱོང་གིས་མ་འདང་བས་མ་རེད་ལ་དཔལ་འབྱོར་ཉུང་དྲགས་པས་མ་རེད། དེ་ནི་ནང་སེམས་དང་འབྲེལ་བའི་བསམ་བློ་གཏོང་མི་ཐུབ་པས་རེད། ང་ཚོས་ཁ་ནས་ང་ང་ཞེས་རྒྱུན་དུ་ལབ་ཀྱི་ཡོད་པ་ནི་སེམས་ནང་ཉོན་མོངས་དུག་གསུམ་དང་རང་གཅེས་འཛིན་ཤུགས་ཆེ་བའི་དབང་གིས་འཛམ་བུ་གླིང་ལྷིང་འཇགས་ཡོང་གི་མེད་པ་རེད། མི་རྣམས་བྱམས་བརྩེ་ལྡན་པ་དང་གཞན་ལ་ཕན་ཐོགས་ཀྱི་བསམ་བློ་ཡོད་ན་འཛམ་གླིང་ཞི་བདེ་ཡོང་ངེས་རེད། ཞི་བདེ་ཡོད་ན་གཟུགས་པོ་བདེ་བ་ཡོང་བ་དང་ཚེ་རིང་བ། ན་ཚ་ཉུང་བ། ཁྱིམ་ཚང་སྐྱིད་པ་གཞན་སྐྱིད་པོ་ཡོང་བ་དེ་ཚན་རིག་པ་དང་དཔྱད་ཞིབ་པ་རྣམས་ཀྱིས་དཔྱད་ཞིབ་འདྲ་མིན་གྱི་ཐོག་ནས་ཤེས་ཡོད་པ་རེད། བཟང་སྤྱོད་ནི་མི་ཚང་མས་བྱེད་འོས་པ་ཞིག་དང་བྱེད་ཐུབ་པ་ཞིག་རེད། དེང་སང་སློབ་སྟོན་པ་ཁ་ཤས་ཀྱིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཟེར་ན་མི་ལ་ཕན་ཐོགས་རྒྱུ་དང་བྱམས་བརྩེ་སོགས་རེད་ཅེས་ལམ་སྟོན་གནང་གི་ཡོད། ཡིན་ཡང་མི་རྣམས་བསམ་བློ་གཏོང་སྟངས་འདྲ་མིན་ཡིན་པར་བརྟེན་ཁ་ཤས་ཀྱི་སེམས་སུ་བྱམས་བརྩེ་བྱེད་རྒྱུ་དེ་ནི་མི་ཕན་ཚུན་མ་གཏོགས་གཞན་སེམས་ཅན་ཐམས་ཅད་ལ་བྱམས་བརྩེ་མི་བྱེད་པའི་སྐོར་སེམས་ནང་འཁོར་གྱི་ཡོད་པ་རེད། དེ་ནི་མི་རྣམས་ལ་གཅིག་གྱུར་གྱི་འདུ་ཤེས་མེད་པའི་རྟགས་རེད། དེ་ནི་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་དང་འབྲེལ་བ་ཤུགས་ཆེ་ཡོད་པའི་གནད་དོན་གལ་ཆེ་ཞིག་རེད། གཅིག་གྱུར་གྱི་འདུ་ཤེས་ཞེས་པ་ནི་ཕན་ཚུན་གཅིག་གྱུར་ཡིན་པ་དང་གཅིག་པ་ཡིན་པའི་བསམ་བློ་ལ་གོ། ང་ཚོ་མི་ཡོངས་ལ་གཅིག་གྱུར་གྱི་འདུ་ཤེས་ཡོད་ན་ཁྱིམ་ཚང་འཆམ་མཐུན་ཡོང་ངེས་རེད། རྒྱ་ཆེ་ས་ནས་བཤད་ན་ཁྱིམ་ཚང་མ་ཟད་རྒྱལ་ཁབ་འཆམ་མཐུན་ཡོང་ངེས་རེད། སེམས་ཅན་རྣམས་ནི་བསམ་བློ་གཏོང་མི་ཐུབ་པས་གཅིག་གྱུར་གྱི་འདུ་ཤེས་མ་ཤེས་པར་བརྟེན་སེམས་ཅན་ཕན་ཚུན་གསོད་རེས་བྱས་པར་བརྟེན་སེམས་ཅན་མང་པོ་སྟོང་འགྲོ་ཡི་ཡོད་པ་རེད། ཁ་ཤས་ནི་མི་ཡིས་བཟོས་པའི་འཇིགས་སྣང་ཆེ་བའི་མེ་མདའ་དེ་དག་གིས་བསད་བཞག་པ་ཡིན། དེ་ཡང་ཁ་ཤས་ཀྱིས་སེང་གེས་ཤ་བ་བསད་པ་དེ་ནི་ཁོ་གཉིས་ནས་གཅིག་ནི་ཤ་གཟན་སེམས་ཅན་དང་གཅིག་ནི་རྩ་གཟན་སེམས་ཅན་ཡིན་པས་ཁག་ཁག་ཡིན་ཚུལ་བཤད་ཚུལ་ཡོད་ཀྱང་རྒྱ་ཆེ་ས་ནས་བལྟས་ན་ཁོ་གཉིས་སེམས་ཅན་ཡིན་པ་གཅིག་པ་རེད། དེ་ཡང་༸གོང་ས་མཆོག་གིས་སློབ་གྲྭ་ཐམས་ཅད་ལ་དེང་དུས་ཀྱི་ཤེས་བྱ་གསར་པ་འདྲ་མིན་དཔེར་ན་ཚན་རིག་དང་ཨང་རྩིས་སོགས་རིག་གནས་དང་བོད་ཀྱི་གནའ་དེང་ཤེས་བྱ་ཡོན་ཏན་ལ་སོགས་པ་མང་པོ་བསླབ་གྱི་ཡོད་ཀྱང་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་བསླབ་ཀྱི་མི་འདུག་ཅེས་བཀའ་སློབ་སྙིང་དབུས་ནས་བསྩལ་ཡོད་པ་རེད། དེར་བརྟེན་དེང་སང་སློབ་གྲ་ཁག་ལ་ཕྱི་ལོགས་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྟེང་ལམ་སྟོན་གནང་བར་ཕེབས་མཁན་དང་སློབ་ཚན་ནང་དུ་ཡང་ཡོད་པ་རེད། ཆོས་ལུགས་མ་བརྟེན་པའི་བཟང་སྤྱོད་ལ་དགེ་མཚན་མང་པོ་ཡོད་པ་རེད། དཔེར་ན་བཀྲ་ཤིས་ཀྱིས་ང་ལ་གཞུས་པ་ཡིན་ན་ངས་ཁོ་པར་ལན་སློག་པ་ཡིན་ན་དེ་ནི་འཁྲུག་འཛིང་ཆེ་རུ་འགྲོ་ངེས་རེད། དེ་ལས་ལྡོག་སྟེ་ངས་བཀྲ་ཤིས་ལ་བཟོད་སྒོམ་བྱས་ཏེ་བསྡད་པ་ཡིན་ན་འཁྲུག་འཛིང་ལྷིང་འཇགས་ཡོང་ངེས་རེད། ཟླ་ཤས་སྔོན་དུ་འགྲོ་བཞིན་པའི་ཨུ་རུ་སུ་དང་ཡུག་རེན་གཉིས་འཁྲུག་འཛིང་བྱེད་རྒྱུ་དེ་ནི་གཅིག་ནི་གཅིག་གྱུར་གྱི་འདུ་ཤེས་མེད་པ་རེད་ལ་གཅིག་ནི་བཟོད་སྒོམ་མེད་པའི་རྟགས་ཀྱང་རེད། དེ་ཡང་མི་ཁ་ཤས་ལ་དོགས་འདྲི་ཡོང་སྲིད་པ་རེད། ང་ཚོས་འགྲན་སེམས་ནི་སྡུག་ཅག་རེད་ལབ་ཀྱི་ཡོད་ན་ཡང་འགྲན་སེམས་ལ་རིགས་གཉིས་ཡོད་རེད། གཅིག་ཡག་པ་དང་གཅིག་སྡུག་བ་རེད། འགྲན་སེམས་སྡུག་བ་དེ་ནི་དེ་རིང་ང་ཁོ་ལས་སྐྱོ་བ་ལེན་འདུག རྗེས་མ་ངས་ཁོ་ཕམ་ཐུབ་པ་བྱེད་རྒྱུ་ཡིན་བསམ་པའི་རྒྱལ་ཕམ་གྱི་བསམ་བློ་དེ་སྡུག་པ་རེད། ཡག་པ་དེ་ནི་རྗེས་མ་ང་ཁོ་དང་འདྲ་བ་ཅིག་ལེན་གྱི་ཡིན་བསམ་པའི་བསམ་བློ་དེ་བཏང་ན་འགྲན་སེམས་ཡག་པ་ཡིན་པས་བཟང་སྤྱོད་ཡིན་པ་རེད། […]

བོད་ཡིག་སྦྱང་དགོས་པ་ངའི་ལས་

བོད་ཡིག་སྦྱང་དགོས་པ་ངའི་ལས་འགན་ཡིན།

ནོར་འཛིན། འཛིན་གྲྭ་བཅུ་པ། བདེ་སླར་སམ་བྷོ་ཊ་སཱི་ཝི་པི་ཉིན་སློབ། ང་ཚོའི་འཛམ་གླིང་འདིའི་ནང་ལུང་པ་ཆེ་ཆུང་འདྲ་མིན་མང་པོ་ཡོད། ལུང་པ་མང་པོ་ཡོད་པ་ནང་བཞིན་སྐད་ཡིག་ཀྱང་མི་འདྲ་མང་པོ་ཡོད། ལུང་པ་ཚང་མའི་སྐད་ཡིག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེ་ཡོད། ང་ཚོ་བོད་པའི་ལུང་པ་ལ་ཡང་བོད་སྐད་དང་ཡི་གེ་ཡོད། བོད་ལ་སྐད་དུས་སྔ་མོ་ནས་ཡོད། བོད་ཀྱི་ས་ཕྱོགས་སོ་སོ་ལ་སྐད་མི་འདྲ་བ་རེ་རེ་ཡོད། དཔེར་ན་མདོ་སྟོད་ལ་མདོ་སྟོད་སྐད་དང་། མདོ་སྨད་ལ་མདོ་སྨད་སྐད། དབུས་གཙང་ལ་དབུས་གཙང་སྐད་ཡོད། སྐད་རིགས་མི་འདྲ་བ་ཡོད་ན་ཡང་བོད་ཡོངས་ལ་དུས་རབས་བདུན་པའི་ནང་ཐོན་མི་སམ་བྷོ་ཊས་བཟོས་པའི་ཡི་གེ་དེ་བེད་སྤྱོད་བྱེད་ཀྱི་ཡོད། ང་ཚོ་བོད་ཀྱི་སྐད་གལ་ཆེན་པོ་དང་དེ་བདག་པོ་བརྒྱབ་དགོས་པའི་སྐོར་ཤོད་འདོད་ཡོད། གང་ཡིན་ཟེར་ན། སྐད་ཡིག་ཚང་མའི་ནང་ནས་བོད་ཡིག་དེ་གལ་ཆེ་ཤོས་ཡིན། ད་ལྟ་ང་ཚོ་བོད་པ་ཚོ་འཛམ་གླིང་འདིའི་ནང་མིང་ཡོད་པ་དེ་བོད་ཀྱི་སྐད་ཡིག་ལས་བྱུང་བ་རེད། ང་ཚོ་བོད་པ་ཡིན་པའི་ཆ་ནས་བོད་ཀྱི་སྐད་ཡིག་དེ་སོ་སོའི་སྲོག་ལས་གལ་ཆེ་བ་རེད། སྲོག་མེད་ན་མི་ལུས་ལ་བེད་སྤྱོད་མེད་པ་བཞིན་ནོ། བོད་ཀྱི་སྐད་ཡིག་དེ་ང་ཚོ་བོད་པ་ཙམ་མ་ཟད་འཛམ་གླིང་ཡོངས་ལ་གལ་ཆེན་པོ་རེད། མི་ཚང་མ་སྐད་དང་ཤ་མདོག་ཆ་ནས་མི་འདྲ་བ་རེད། ཡིན་ན་ཡང་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་པ་རེད། བདེ་བ་དངོས་གནས་གང་ཡིན་པ་དང་སྡུག་བསྔལ་མེད་པ་བཟོ་དགོས་ན་ནང་ཆོས་ལས་ལྷག་པ་མེད། ནང་ཆོས་སྦྱོང་བ་ལ་བོད་ཡིག་ཤེས་དགོས། ནང་ཆོས་སྦྱངས་ན་མིའི་བསམ་བློ་ཡག་པོ་ཆགས་ནས་གཞན་ལ་ཕན་པའི་ལས་ཀ་མང་པོ་བྱེད་ཐུབ། གཞན་པ་ཕན་པ་ནི་ཚང་མས་ཡག་པོ་མཐོང་གི་རེད། དེང་སང་འཛམ་གླིང་ནང་མི་གཅིག་གི་གཅིག་ལ་དང་། ལུང་པ་གཅིག་གི་གཅིག་ལ་འཁྲུག་པ་དང་། རྫུན་མ་ཕྲག་དོག་མ་དགའ་བ་ཚང་མ་བསམ་བློ་ཡག་པོ་བཏང་མ་ཤེས་པ་སོང་ཙང་བྱུང་བ་རེད། བསམ་བློ་ཡག་པོ་གཏོང་ཡ་ལ་བོད་ཡིག་སྦྱང་ནས་ནང་ཆོས་སྦྱང་དགོས། བོད་ཡིག་བདག་པོ་མ་བརྒྱབས་ན་དང་པོ་བོད་པ་རྣམས་འཛམ་གླིང་ནང་ནས་བརླག་འགྲོ་གི་རེད། དེ་ནས་འཛམ་གླིང་ནང་ཞི་བདེ་དང་བདེ་སྐྱིད་མེད་པ་ཆགས་ཀྱི་རེད། སངས་རྒྱས་ཀྱི་ཆོས་དངོས་གནས་དེ་ཡང་བརླགས་འགྲོ་གི་རེད། བོད་ཡིག་བདག་པོ་བརྒྱབ་ཡ་དེ་སུ་ཡི་ལས་འགན་རེད་དམ། བདག་པོ་རྒྱབ་སྟངས་གང་དང་གང་རེད་དམ་ཟེར་ན། བོད་ཡིག་དེ་བོད་པ་ཚོས་བདག་པོ་བརྒྱབ་དགོས། བདག་པོ་རྒྱབ་སྟངས་ཀྱི་ཐབས་ལམ་མང་པོ་ཡོད། དཔེར་ན་ནམ་རྒྱུན་དུ་བོད་སྐད་བེད་སྤྱོད་བྱེད་དགོས་པ་མ་ཟད་བོད་སྐད་ནང་སྐད་གཞན་མེད་པའི་ཐབས་ཤེས་བྱ་དགོས། རྟག་པར་བོད་ཡིག་ནང་བྲིས་པའི་དེབ་དང་སྒྲུང་སོགས་ཀློག་དགོས། བོད་སྐད་ཀྱི་གློག་བརྙན་གང་མང་ལྟ་དགོས། ༸གོང་ས་མཆོག་གི་བཀའ་སློབ་ཐུང་ཐུང་རྣམས་ཀློག་དགོས། བོད་ཕྲུག་ཚོ་བོད་པའི་སློབ་གྲ་ལ་འགྲོ་དགོས། བོད་སྐད་བཤད་ཡ་ལ་རྒྱབ་སྐྱོར་དང་སྟོད་སྔགས་བྱེད་དགོས། སློབ་གྲྭ་ལ་དགེ་རྒན་ཚོས་སློབ་ཚན་གཞན་དག་རྣམས་བོད་སྐད་ནང་འགྲེལ་བཤད་བྱེད་དགོས། དགེ་རྒན་དང་མི་མཐོ་བ་ཚོས་གཏམ་བཤད་བོད་སྐད་ནང་གནང་དགོས། སློབ་གྲྭའི་ནང་བོད་སྐད་ཐོག་ནས་གཏམ་བརྗོད་དང་བགྲོ་གླེང་སོགས་མང་པོ་བྱེད་དགོས། གལ་སྲིད་རང་གི་རྒྱལ་ཁབ་དང་མི་རིགས་ལ་དགའ་པོ་ཡོད་ན། བོད་པ་ཚོས་བོད་ཡིག་སྦྱངས་ནས་བདག་པོ་བརྒྱབ་དགོས། བོད་སྐད་བེད་སྤྱོད་བྱེད་པ་ལ་ངོ་ཚ་དགོས་མ་རེད།

ང་རང་བོད་པ་ཡིན་པའི་ཆ་ནས་བོད

ང་རང་བོད་པ་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པ་ངའི་ལས་འགན་ཡིན།

བློ་བཟང་འོད་སྲུང་། འཛིན་གྲྭ་དགུ་པ། རྫོང་ཆོས་འབྲིང་རིམ་སློབ་གྲྭ། ༄༅། ། བོད་གཞུང་ཤེས་རིག་ལས་ཁུངས་ནས་སློབ་གྲྭ་དང་དགོན་སྡེ་ཁག་ལ་བཀའ་ཕེབས་པ་བཞིན་ཁོ་བོས་བརྗོད་གཞི་དེ་རྣ་བར་གོ་མ་ཐག་དགའ་དགའ་སྤྲོ་སྤྲོའི་ངང་ནས་གོ་སྐབས་བཟང་པོ་ཞིག་ཐོབ་བྱུང་སྙམ་པའི་སེམས་ཚོར་དྲག་པོ་ཞིག་སྐྱེས་སོང་། ལར་ནས་ང་ཚོའི་ཤ་ཁྲག་རུས་གསུམ་གདུང་རྒྱུད་བོད་པ་རྩམ་ཟན་ཡིན་པའི་ཆ་ནས་བོད་ཀྱི་རིག་གཞུང་བདག་གཉེར་བྱེད་དགོས་པ་དང་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་བྱ་དགོས་པ་དེ་ནི་རང་རང་སོ་སོའི་ཕྲག་པའི་སྟེང་ལས་འགན་ལྕི་མོ་ཞིག་མཆིས། ཨུ་རུ་སུའི་མཁས་དབང་ Stalin གྱིས་”དང་པོ་རྒྱལ་ཁབ་ཞིག་མེད་པ་བཟོ་འདོད་ན། དང་ཐོག་རྒྱལ་ཁབ་དེའི་སྐད་ཡིག་རྩ་མེད་བཟོ་དགོས་ཞེས་གསུངས། དེ་ལས་སྐད་ཡིག་དེ་གལ་འགངས་ཆེ་ཆུང་ཡིན་མིན་དཔོག་ཐུབ། དེ་དང་འབྲེལ་ནས་ཀློག་པ་པོ་ཡོངས་ལ་དྲི་བ་ཞིག་གཏང་བར་འདོད། དེ་ནས་ཅི་སྟེ་རྒྱབ་ཁབ་ཞིག་ལ་སྐད་ཡིག་མེད་པར་གྱུར་ན་རྒྱལ་ཁབ་དེའི་མི་རིགས་དང་རྒྱལ་ཁབ་འདི་ཡིན་ཞེས་མཚོན་ཐུབ་ཀྱི་ཡོད་དམ། གུས་པས་བསམ་ན་སྐད་ཡིག་མེད་ན་མི་རིགས་དང་རྒྱལ་ཁབ་ཐ་སྙད་ཙམ་ཡང་མཚོན་མ་ཐུབ་སྙམ། དེ་བཞིན་དུ་སྤྱིར་གཏང་རང་དབང་ལ་འདྲ་མིན་མཆིས་ཏེ། དཔེར་ན། སྨྲ་བརྗོད་རང་དབང་དང་། སྐད་ཡིག་རང་དབང་། ཆབ་སྲིད་རང་དབང་། ཆོས་དད་རང་དབང་སོགས་ཡོད། བོད་ཀྱི་མཁས་དབང་དགེ་འདུན་སྦྱིན་པས་ཀྱང་། གང་ཞིག་ཡུལ་གྱི་རང་དབང་གི ། གཞི་རྟེན་གྱུར་པའི་རིག་གཞུང་དག ། ཅི་སྟེ་ཉམས་པར་གྱུར་པས་ན། ། ཡུལ་དེར་རང་དབང་ཡོངས་སུ་བརླགས། ། ཅེས་གསུངས་སོ། ། ཕྱི་ལོ་༡༩༥༩ལོར་རང་རྒྱལ་ཁབ་རྒྱ་མི་ཀླ་ཀློའི་འོག་ཏུ་ཚུད་ནས་༸གོང་ས་ལྷ་མི་རྣམ་འདྲེན་དང་བོད་མི་ཕལ་མོ་ཆེ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་འགྲོ་དགོས་བྱུང་སྟེ་མགོན་པོ་གང་ཉིད་ནས་སྲིད་བློན་ནེ་རུ་དང་མཇལ་ཕྲད་བྱུང་སྐབས་དགོངས་པ་ཆེ་བཞེད་ཀྱི་ཐོག་ནས་ཐོག་མ་སློབ་གྲྭ་གསར་བཙུགས་དགོས་པ་རྒྱུ་མཚན་གཙོ་བོ་བཟུང་གནང་བ་རེད། ད་ལྟའི་བར་ལོ་ངོ་ ༦༠ ལྷག་གི་རིང་རྒྱ་མི་ཚོས་བོད་མི་མང་ལ་བརྙས་བཅོས་དང་གདུག་རྩུབ་འདྲ་མིན་བྱས་ཡོད་ཀྱང་༸གོང་ས་མཆོག་གིས་ཀྱང་ངན་སེམས་འཆང་གི་མེད་ཞེས་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་དཔེ་དེབ་འདིའི་གླེང་གཞི་རུ། བོད་ནང་རྒྱ་དམར་གྱི་སྐུ་ཚབ་ཚོས་ཀླ་ཀློ་ལྟ་བུའི་སྤྱོད་ཚུལ་ངན་པ་བྱས་ཡོད་ཀྱང་ང་ཚོ་བོད་མི་མང་ནས་སྙན་གྲགས་ཅན་གྱི་རྒྱ་ནག་མི་རིགས་ལ་ངན་སེམས་འཆང་གི་མེད། ང་ཚོའི་རེ་འདོད་ནི་རྒྱ་མི་སོགས་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་མཛའ་མཐུན་ཞི་བའི་ངང་སོ་སོའི་མི་ཚེ་སྐྱེལ་ཐུབ་པ་ཞིག་དགོས་པ་ཡིན་ཞིང་དེ་ལྟར་ཡོང་བའི་ཆེད་དུ་དཀའ་ཐུབ་དང་བྱམས་བརྩེ་ལྡན་པའི་འཛམ་གླིང་མི་མང་ཕོ་མོ་རྣམས་ལ་ཞུ་འབོད་ཞུ་བཞིན་ཡོད། ཞེས་དང་། ཡང་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྱང་ལོ་ཆུང་བྱིས་པ་མ་ལུས་པ་ཐམས་ཅད་སློབ་གྲྭར་བསྐྱོད་དགོས་པ་དང་། སློབ་གྲྭའི་ནང་བོད་ཡིག་སློབ་ཚན་ངེས་པར་དུ་འཁྲིད་དགོས་ཞེས་གསུངས་ཡོད། དེ་བཞིན་དུ་སྐྱེས་ཆེན་དམ་པ་རྣམས་ཀྱིས་ཀྱང་ཡང་ནས་ཡང་དུ་བཀའ་ཕེབས་ཀྱི་ཡོད། དེང་གི་དུས་སུ་ཁ་བ་གངས་ལྗོངས་སུ་གནས་པའི་བོད་མི་སྤྱི་བོ་གནམ་བསྟན་ཚོ་ལ་ཆ་བཞག་ན་སྐད་ཡིག་གི་རང་དབང་བྲལ་ནས་ལུས་ཀྱི་ལྕོག་ཀྱང་སེམས་ཀྱི་མི་ལྕོག་པ་ཤ་སྟག་ཡིན། ངེད་ཚོ་རང་དབང་ལུང་པ་རྒྱ་གར་ནང་དུ་གནས་སྡོད་བྱེད་མཁན་བོད་མི་རྩམ་གཟན་པ་ཚོ་ལ་ལས་འགན་དམིགས་བསལ་ཞིག་ལྡན་ཡོད། གཞན་ཡང་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་ཁྱེད་ཅག་ངའི་འདྲ་གཟུགས་ལྷ་ཁང་དུ་བཤམས་ཏེ་དད་པ་ཡོད་མདོག་གི་ཕྱག་འབུལ་དང་སྤོས་ཀྱི་འདུག་པ་ལས། ངའི་ཁར་ཉན་ནས་བོད་ཡིག་སྦྱོངས་བོད་སྐད་ཤོད། ཁས་ལེན་ཚིག་བརྩིས་མེད་པར་དད་པ་དེ་འདྲ་ང་ལ་མི་མཁོ་ཞེས་བློ་ཕམ་ངང་གསུངས་འདུག ། མཐར་དོན་གུས་པས་ཀློག་པ་པོ་ཡོངས་ལ་དྲི་བ་ཞིག་བསྐུར་འདོད་པ་ནི། རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་བོད་པའི་སྐད་དང་ཡི་གེ་མི་ཉམས་པའི་སླད་དུ་ལོ་དང་དབང་ཐང་ཅན། གཞུང་སྒེར། དགེ་རྒན་དང་སློབ་ཕྲུག་ཚང་མ་ལ་་ལས་འགན་ཡོད་ན་གང་ཡོད་དམ། གལ་ཏེ་ལས་འགན་མེད་ཟེར་ན་རང་ཉིད་བོད་པ་ཞིག་ཡིན་པ་དོན་མེད་ཡིན་སྙམ། ། ཕྲན་གྱི་ལག་ཟུང་སྙིང་གར་བཟུང་ནས་བོད་མི་ཚོ་ལ་རེ་བ་ཆུང་ཆུང་ཞིག་ལ་སྔར་གྱི་མེས་པོ་ཚོས་སྐུ་ལས་གནང་བཞག་པ་དེ་ལ་མནོ་བསམ་གང་ལེགས་བཏང་ནས་ང་ཚོའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་བདག་གཉེར་ང་ཚོས་མ་བྱས་ན་སུས་བྱེད་ཀྱི་རེད་དམ། […]

༄༅། ། ང་བོད་པ་ཡིན་པའི་ཆ་ནས་

༄༅། ། ང་བོད་པ་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པའི་ངའི་ལས་འགན་ཡིན།

ཚེ་རིང་སྒྲོལ་དཀར། འཛིན་གྲྭ་བཅུ་གཉིས། སྦེལ་ཀོབ་སཾ་བྷོ་ཊ། སྤྱིར་ཕྲན་རང་གཅིག་པོ་མིན་པར་བོད་མི་སུ་འདྲ་ཞིག་ཡིན་རུང་རང་སོ་སོའི་སྐད་ཡིག་སྦྱང་རྒྱུ་ནི་ཤིན་ཏུ་ནས་གལ་འགངས་ཆེན་པོ་ཡིན། འཛམ་བུ་གླིང་འདིའི་སྟེང་དུ་རྒྱལ་ཁབ་མང་པོ་ཡོད་ལ། ཡུལ་ལུང་སོ་སོར་སྐད་ཡིག་དང་རིག་གཞུང་སྣ་མིན་སྣ་ཚོགས་ཡོད། སྐད་ཡིག་དང་རིག་གཞུང་དེ་དག་ལ་བདག་གཅེས་བྱེད་མིན་ནི་ཡུལ་ལུང་དེ་ཉིད་ཀྱི་མི་རིགས་ལ་རགས་ལས་ཡོད། གལ་ཏེ་མི་རེ་ངོ་རེས་རང་ཉིད་ཀྱི་སྐད་ཡིག་ལ་དོ་སྣང་དང་། བདག་གཅེས་བྱེད་ཚེ། ཡུལ་ལུང་དེ་ཉིད་ཀྱི་ཆེ་མཐོང་དང་། རིན་ཐང་དག་ཀྱང་རང་བཞིན་གྱིས་ཆེ་རུ་འགྲོ་རྒྱུ་ཡིན་པ་ལ་སོམ་ཉི་མེད། རྒྱུ་མཚན་དེ་ལ་བརྟེན་ནས་རང་ཉིད་བོད་མི་ཞིག་ཡིན་པའི་ཆ་ནས་བོད་ཀྱི་རིག་གནས་ཁག་ལ་མ་སྦྱང་བའི་སྔོན་ལ་བོད་ཀྱི་སྐད་ཡིག་སྦྱོང་དགོས་པས། ང་རང་ཚོ་ཚང་མས་བོད་ཀྱི་སྐད་ཡིག་ལ་དོ་སྣང་དང་སྤྲོ་བ་ཆེན་པོས་སྦྱོང་རྒྱུ་ནི་ལས་འགན་ཚང་མའི་ནང་ནས་གཙོ་བོ་ཞིག་ཆགས་ཡོད། འོན་ཀྱང་སྙིགས་མ་ལྔ་བདོ་བའི་དུས་འདིར་བོད་ཕྲུག་ཕལ་མོ་ཆེ་ནི་ཕྱིའི་རིག་གཞུང་དང་སྐད་ཡིག་ལ་དགའ་མོས་དང་དོ་སྣང་ཆེ་བ་མ་ཟད། རང་སོ་སོའི་བོད་ཀྱི་སྐད་ཡིག་ལ་དགའ་མོས་ཆུང་བ་དང་དོ་སྣང་ཀྱང་ཆེན་པོ་མེད་པ་ནི་དངོས་མཐོང་གི་ཡུལ་ཡིན། དཔེར་ན། སློབ་ཕྲུག་ཚོའི་ནང་དུ་བོད་པའི་སློབ་གྲྭ་ལས་རྒྱ་གར་དང་དབྱིན་ཇིའི་སློབ་གྲྭ་ལ་འགྲོ་མཁན་མང་བ་ཆགས་ཡོད། སྔོན་བྱོན་གྱི་བོད་ཀྱི་མཁས་པ་ཚོས་གསུངས་སྲོལ་ཡོད་པ་བཞིན། གཞན་ཀྱི་སྐད་ཡིག་ཤེས་ན་བཟང་མོད་ཀྱང། ། རང་གི་ཕ་སྐད་བརྗེད་ན་ངོ་རེ་ཚ། ། ཞེས་གསུངས་པ་ལྟར། བོད་ཀྱི་སྐད་ཡིག་ཤེས་དགོས་པ་ནི་བོད་པ་ཡོངས་ཀྱི་འོས་འགན་ཡིན་པས། དེ་ཕྱིར་ང་ཚོས་དུས་རྟག་ཏུ་བོད་ཀྱི་སྐད་ཡིག་ལ་དོ་སྣང་ཆེན་པོས་སྦྱོང་བའི་ཐོག་ནས་སྲུང་སྐྱོབ་དགོས་པ་ཡིན། དམིགས་བསལ་གྱིས་ང་ཚོ་ད་ལྟའི་ཆར་སྐྱབས་བཅོལ་བ་ཞིག་ལ་ཆ་མཚོན་ན་དུས་ད་ལྟའི་དུས་སྐབས་་སུ་རང་གི་ཡུལ་དགྲ་བོ་རྒྱ་དམར་གྱིས་བཙན་པོ་དབང་ཡོད་ཀྱིས་བཙན་བཟུང་བྱས་ནས། རང་གི་ཕ་ཡུལ་ཡིན་ཟེར་ནས་ས་སྦར་མོ་གང་ཡང་སྟོན་རྒྱུ་མེད་ཀྱང་། ཡུལ་ལུང་གཞན་ལ་མེད་པའི་ཆོས་དང་རིག་གཞུང་རྩ་ཆེན་པོ་ཞིག་ཡོད་པ་དེ་དག་གི་རིན་ཐང་ཤེས་པའི་ཐོག་ནས་བདག་ཉར་བྱ་དགོས་པའི་དུས་ཞིག་ཡིན། བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་དུ་གནས་ཐུབ་ན་རང་གི་མི་རིགས་དང་། ཆོས། ཆབ་སྲིད། དཔལ་འབྱོར་བཅས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་ཐུབ་པ་དང་། རིམ་གྱིས་སྟོབས་ཤུགས་ཆེ་ཞིང། བདེ་སྐྱིད་ལྡན་པའི་རྒྱལ་ཁབ་ཡང་དག་ཅིག་ཏུ་འགྱུར་ཐུབ། མདོར་ན་ང་ཚོ་བོད་ཕྲུག་ཚང་མས་བོད་ཡིག་སྦྱོང་དགོས་པ་ནི་ང་རང་ཚོའི་ལས་འགན་ཡིན། །