བསྟན་འཛིན་ཐེགས་མཆོག འཛིན་གྲྭ་ལྔ་པ། སམ་བྷོ་ཊ་ཀེ་ལཱཤ་པུ་ར་ཉིན་སློབ། མི་ཚང་མ་ལ་སོ་སོ་ཆེན་པོ་ཆགས་དུས་ག་རེ་ཡིན་ན་གཅིག་བྱེད་འདོད་ཡོད། དེ་ལ་དམིགས་ཡུལ་ཟེར་གྱི་རེད་པ། དེ་བསྒྲུབ་པར་ལོ་མང་པོ་རིང་དུས་ཚོད་གཏང་ནས་དཀའ་ལས་རྒྱག་གི་ཡོད། ང་རང་ཡིན་ན་ཡང་ཆེན་པོ་ཆགས་དུས་ཚན་རིག་པ་ཞིག་ཆགས་ཐུབ་ན་བསམ་གྱི་ཡོད། གང་ཡིན་ཟེར་ན།ང་རང་ཚན་རིག་སྦྱོང་རྒྱུ་དགའ་པོ་དང་ཚན་རིག་སློབ་ཚན་དེ་ཤེས་སླ་པོ་ཞིག་འདུག་པས། ང་རང་ནུས་པ་ལ་བལྟས་ནས་ང་རང་ཚན་རིག་པ་ཞིག་བྱེད་ཐུབ་ཀྱི་རེད་བསམ་པའི་ཡིད་ཆེད་ཆེན་པོ་ཡོད། ང་རང་ཚན་རིག་སྦྱོང་སྐབས་སློབ་ཚན་དེ་དངོས་གནས་ལས་སླ་པོ་དང་སྐྱིད་པོ་ཞིག་ཡིན་པའི་ཚོར་བ་ཆེན་པོ་ཞིག་འདུག།ཡིན་ནའང་ཚན་རིག་ཡག་པོ་ཤེས་པར། ང་ཚོ་སྐད་ཡིག་ལ་གང་ཙམ་ཡག་པོ་དགོས་རྒྱུ་དེ་གལ་ཆེན་པོ་རེད་འདུག་དང་། གལ་སྲིད་ང་ཚོ་ཚན་རིག་ནང་དོན་ཤེས་པར།སྐད་ཡིག་ཡག་པོ་མེད་ན། ང་ཚོས་ཚན་རིག་གི་ནང་དོན་ཤེས་ཀྱི་མ་རེད། དེ་སོང་ཙང་ང་རང་སྐད་ཡིག་ལའང་དགའ་པོ་ཡོད། ང་རང་ཡིན་ན། ཆུང་དུས་རྒྱ་གར་སློབ་གྲྭར་སློབ་སྦྱོང་བྱེད་ཙང་། བོད་ཡིག་སྦྱོང་རྒྱུའི་གོ་སྐབས་དེ་འཐོབ་མེད་ཙང་། བོད་ཡིག་ནི་ང་ལ་སྐད་ཡིག་གསར་པ་ཞིག་ཡིན་པས།ཐོག་མར་ཚན་རིག་སོགས་སློབ་ཚན་ལ་དཀའ་ངལ་ཆེན་པོ་འཕྲད་སོང་། ཡིན་ནའང་།ང་རང་ནམ་ཡང་ལེ་ལོ་བྱེད་ནས་སྡོད་མཁན་གྱི་སློབ་མ་ཞིག་མིན་ཙང་། ངས་ལོ་གཅིག་གི་ནང་དུ་བོད་ཡིག་ལ་དོ་སྣང་དང་དཔེ་ཀློག་མང་པོ་བྱེད་ཙང་།ད་ལྟ་ང་རང་བོད་ཡིག་ གང་ཙམ་ཡག་བ་འི་སློབ་མ་ཞིག་ཆགས་ཐུབ་སོང་། ངའི་ཕ་མ་ཚོས་ང་ལ་ནམ་ཡང་བོད་ཡིག་ལས་སླ་བོ་ཡོད་པ་གསུངས་ཀྱི་ཡོད། ང་རང་ཡང་ང་བོད་པ་ཞིག་ཡིན་ཙང་།བོད་ཡིག་ནི་ལམ་སང་ཤེས་ཀྱི་རེད་བསམ་པའི་གདེང་ཚོད་གཞག་པའི་ཐོག་ནས་བོད་ཡིག་ལ་དོ་སྣང་བྱེད་ཀྱི་ཡོད།ང་རང་བོད་ཡིག་ལ་དེ་ཙམ་དཀའ་ལས་མེད་ཙང་། ཚན་རིག་ལ་དགའ་པོ་ཡོད་པ་བཞིན། ཚན་རིག་ནང་དོན་ལས་སླ་པོ་ཐོག་ནས་ཤེས་ཀྱི་འདུག མ་འོངས་པར་ང་རང་ཚན་རིག་ཞིག་ཆགས་ནས།བོད་པའི་སྤྱི་ཚོགས་ནང་གང་ཞིག་ཡར་རྒྱས་གཏང་རྒྱུའི་བསམ་བློ་འཁྱེར་ནས། ཚན་རིག་ལ་ཡག་པོ་སྦྱོང་བཞིན་ཡོད། ངའི་སློབ་གྲོགས་ཚོ་ལ་ཞུ་ཡ་ལ། ང་རང་གི་ཉམས་མྱོང་ཐོག་ནས་ཞུས་ན། ཚན་རིག་ནི་སྦྱོང་སླ་བའི་སློབ་ཚན་ཞིག་ཡིན་པས། ཚན་རིག་སློབ་ཚན་ནི་ནམ་ཡང་ཁག་པོ་ཡོད་རེད་མ་བསམ་རོགས། ངའི་གཅེན་པོ་ཚོ་ཞལ་ནས་ཐོས་པ་སྐད་ཆ་འགའ་བཤད་ན། ཚན་རིག་ནི་དཀའ་ཚེགས་ཅན་གྱི་སློབ་ཚན་ཞིག་ལ་ངོས་འཛིན་བྱས་པ། ཚན་རིག་སྦྱོང་ན། མི་སྨྱོན་པ་ཆགས་པ་སོགས་སྐད་ཆ་དངོས་གནས་མེད་པ་མང་པོ་ཐོས་མྱོང་། དེ་ནི་དངོས་ཡོད་གནས་ཚུལ་མ་རེད། གལ་ཏེ་ང་ཚོས་རང་གི་བསམ་བློ་རྩེ་གཅིག་ཐོག་ཚན་རིག་ལ་སྤྲོ་བ་དེ་མུ་མཐུད་གནས་ན་ཚན་རིག་ལས་ལས་སླ་བ་འི་སློབ་ཚན་ཡོད་མ་རེད། ཚན་རིག་ལ་དབྱིངས་ཡོད་མཁན་ཚོས་མུ་མཐུད་དབྱིངས་དེ་མ་བརླག་པར། བརྩོན་འགྲུས་བྱེད་དགོས།བོད་པའི་སྤྱི་ཚོགས་ནང་ཚན་རིག་སློབ་མཁན་གྱི་དགེ་རྒན་དང་སྨན་པ་ལ་སོགས་མང་པོ་ཡོང་བའི་རེ་བ་བྱེད་ཀྱི་ཡིན།
ལག་ཐོགས་ཁ་པར།
བསྟན་འཛིན་བདེ་གསལ། འཛིན་གྲྭ་ལྔ་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། ལག་ཐོགས་ཁ་པར་བཟོས་མཁན་ནི་ Mr. Martin Cooper ཟེར་བའི་མི་མཁས་པ་ཅན་དེ་རེད།ལག་ཐོགས་ཁ་པར་༡༩༨༤ལོར་ཐོན་འགོ་བཙུགས་པ་རེད། དེ་རྗེས་རིམ་པས་བེད་སྤྱོད་བྱེད་མཁན་ཇེ་མང་དུ་གྱུར་བས་མཐར་ཕྱི་ལོ་༢༠༠༠ཡས་མས་ནས་ལག་ཐོགས་ཁ་པར་ཡོངས་གྲགས་གྱུར་ཏེ་མི་ཧ་ཅང་མང་པོས་བེད་སྤྱོད་བྱེད་མཁན་གྱི་དངོས་པོ་ཞིག་ཆགས་ཡོད། དེང་སང་མི་ཕྱུག་པོ་དང་དབུལ་པོ་སུ་ཞིག་ཡིན་རུང་ཚང་མའི་སར་ལག་ཐོགས་ཁ་པར་ཡོད།དེའི་རྐྱེན་པས་ཕན་ཚུན་ཡི་གེ་བྲིས་ཏེ་སྦྲག་ཁང་བརྒྱུད་གཏོང་ཡས་ལམ་སྲོལ་ཉམས་ཆག་ཏུ་ཕྱིན་ཡོད། ཕོ་མོ་རྒན་གཞོན་བར་གསུམ་ཕལ་མོ་ཆེ་དེ་ལ་དོ་དབྱིངས་ཆེན་པོ་བྱེད་ཀྱི་ཡོད། ལག་ཐོགས་ཁ་པར་ཁྱིམ་དུ་ལུས་ན་རང་བཞིན་གྱི་གཅིག་མ་ཚང་བ་དང་མི་བདེ་བའི་ཚོར་སྣང་ཡོང་གི་ཡོད།འཕྲུལ་ཆས་འདི་ནི་མིའི་རིགས་ཆེད་དུ་མེད་དུ་མི་རུང་བ་འདྲ་པོ་ཆགས་འདུག མངོན་གསལ་དོད་པོ་ནི་ཏོག་དབྱིབས་ནད་ཡམས་རྐྱེན་རང་ཁྱིམ་དུ་ལོ་གཉིས་རིང་བསྡོད་དགོས་བྱུང་དུས་ང་ཚོས་དངོས་པོ་འདི་བེད་སྤྱོད་ཤིན་ཏུ་མང་པོ་བཏང་ཡོད།དཔེར་ན། སློག་ཕྲུག་རྣམས་སློབ་གྲྭར་འགྲོ་མི་ཐུབ་དུས་དྲ་ཐོག་བརྒྱུད་སློབ་འཁྲིད་ཆ་ཚང་བྱས་ནས་སློབ་སྦྱོང་ལ་གྱོང་གུད་དེ་ཙམ་བྱུང་མེད། དེ་བཞིན་ས་ཐག་རིང་དུ་གནས་པའི་སྙིང་ཉེ་སྤུན་མཆེད་རྣམས་ལ་ལམ་གསེང་ཁ་པར་བརྒྱུད་འབྲེལ་བ་བྱས་ཐུབ་པ་མ་ཟད་དུས་ཐོག་ལ་དངུལ་གྱི་དཀའ་ངལ་སེལ་ཐུབ་པ་དང་ལམ་སྟོན་སློབ་གསོ་ཡང་བརྒྱགས་ཐུབ་པ་བྱུང་ཡོད། ཏོག་དབྱིབས་ནད་ཡམས་ཀྱི་དུས་ཡུན་ནང་ས་ཕྱོགས་གང་སར་མི་རྣམས་གུ་དོགས་པོའི་ངང་གནས་པའི་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་དང་སྨན་པའི་ལམ་སྟོན་རྣམས་ལག་ཐོགས་ཁ་པར་བརྒྱུད་རྣ་ལམ་ནང་ཐོས་དུས་ཉི་འོད་ཀྱིས་མུན་པ་སེལ་བ་ལྟར་མིའི་གུ་དོགས་པའི་སེམས་དེ་མེད་པར་གྱུར་ཏེ་སླར་ཡང་བདེ་སྐྱིད་དང་རེ་བ་གསར་པ་བསྐྲུན་ཐུབ་པ་བྱུང་ཡོད། ཡིན་ཡང་དངོས་པོ་གང་འདྲ་ཞིག་ཡིན་རུང་བེད་སྤྱོད་བཏང་ཤེས་པ་དགོས་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད། ལག་ཐོགས་ཁ་པར་ཡང་ཚད་ལས་རྒྱས་པ་དང་བེད་སྤྱོད་ལོག་པ་བཏང་ཚེ་རང་ཉིད་ཀྱི་ལུས་སེམས་ཀྱི་འཕྲོད་བསྟེན་ལ་སྐྱོན་ཕོག་གིས་ཡོད། སྔ་དུས་ལག་ཐོགས་ཁ་པར་གྱི་དགོས་མཁོ་ནི་ཁ་པར་གཏོང་ཆེད་གཙོ་བོ་ཡིན། རིམ་བཞིན་དེའི་རྣམ་པ་འགྱུར་བ་དང་ཆ་རྐྱེན་ཡང་མང་པོ་ཆགས་ཡོད། དེང་དུས་ཁ་པར་ནས་སྐད་ཆ་བཤད་པ་ཙམ་མེད་པར་ཚོང་ལས་དང་། བརྙན་ཐུང་འདྲ་མིན་བཟོས་སྟེ་སྙན་གྲགས་ཆེན་པོ་ཆགས་པ་དེ་བཞིན་ཆོས་དང་འཕྲོད་བསྟེན་སོགས་ཀྱི་ཤེས་བྱ་སྣ་ཚོགས་སློབ་ནས་དངུལ་སྒོར་མང་པོ་བསགས་མཁན་ཡོད། དེང་སང་ལག་ཐོགས་ཁ་པར་ནང་སྤྱི་ཚོགས་དྲ་རྒྱ་འདྲ་མིན་ཕབ་ལེན་བྱས་ཏེ་འཛམ་གླིང་ནང་ས་ཕྱོགས་གང་སར་བཞུགས་པའི་མི་དང་འབྲེལ་བྱེད་སླ་པོ་ཆགས་ཡོད། དམིགས་བསལ་དེང་དུས་གྱི་ཕབ་ལེན་མང་ཤོས་ནི་Tik Tok, Watsapp, Instagram, Tweeter, Youtube དང་Facebook བཅས་ཡིན། བརྙན་ཐུང་དང་གླུ་གར་སོགས་ལ་དགའ་མོས་བྱེད་མཁན་རྣམས་སྤྱི་ཚོགས་དྲ་རྒྱ་ལོངས་སུ་སྤྱོད་དེ་སྤྲོ་བ་བྱེད་པ་དང་། ཡང་ཆོས་དང་རིག་གནས་ལ་དོ་སྣང་ཡོད་པའི་གང་ཟག་རྣམས་སྤྱི་ཚོགས་དྲ་རྒྱ་བེད་སྤྱད་དེ་རང་ཉིད་ཀྱི་ཤེས་ཡོན་གོང་འཕེལ་གཏོང་གྱི་ཡོད། རེ་འགའི་དུས་ནས་དུས་སྤྱི་ཚོགས་དྲ་རྒྱ་བརྒྱུད་ནང་མི་དང་སྤུན་ཉེ་ལ་འབྲེལ་བ་བྱེད་ནས་རང་ཉིད་ཁེར་རྐྱང་ཚོར་གྱི་མེད། འོན་ཀྱང་ཡག་སྡུག་མ་ཤེས་པའི་གང་ཟག་རྣམས་ཀྱིས་དེའི་ནང་ཡོད་པ་ཆ་ཚང་དྲང་པོ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད། དེ་ལ་བརྟེན་ནས་སྤྱི་ཚོགས་ནང་དཀའ་ངལ་མི་ཉུང་བ་འཕྲད་དང་འཕྲད་བཞིན་ཡོད། སྤྱི་ཚོགས་དྲ་རྒྱས་ཕྲུ་གུ་ཚོས་སློབ་སྦྱོང་ལ་འཐུས་ཤོར་འགྲོ་བ་མ་ཟད་ཕྲུ་གུའི་གཤིས་སྤྱོད་ལའང་འགྱུར་བ་བཟོས་ཀྱིས་འདུག།དེ་ལ་བལྟས་ནས་མི་རྣམ་པས་སྐྲ་དང་གྱོན་ཆས་འདྲ་མིན་སྣ་ཚོགས་དེང་དུས་ལྟར་མིག་དཔེ་བལྟ་ཡི་ཡོད། དེ་མིན་སྤྱང་གྲུང་དང་མ་རབས་རྣམས་ཀྱིས་དངུལ་དང་ཅ་དངོས་རིགས་ལ་སེམས་ཆགས་ནས་གཞན་ལ་བསླུ་བྲིད་བྱེད་པ་དང་ཁྲིམས་ཐོག་ནས་ནག་ཉེས་ཀྱི་བྱ་སྤྱོད་ཡང་སྤེལ་གྱི་ཡོད། དེ་བཞིན་སྤྱི་ཚོགས་ནང་དཀྲོག་གཏམ་གྱི་བཀའ་མོལ་མང་པོ་བཤད་ནས་མིའི་རིགས་བར་མི་མཐུན་པ་བཟོས་ཀྱི་ཡོད། མཐར་དོན་ངས་བྱེད་ན་དངོས་པོ་གང་འདྲ་ཞིག་ཡིན་རུང་དེ་རང་ངོས་ནས་ཡག་པོ་དང་ངན་པ་ཞིག་ཡིན་གྱི་མ་རེད། དེ་ནི་དངོས་པོ་ལོངས་སུ་སྤྱོད་མཁན་གྱི་གང་ཟག་དེའི་ཀུན་སློང་དང་གཤིས་སྤྱོད་ལ་རྟེན་ནས་ཡོང་གི་ཡོད། སོང་ཙང་ང་ཚོ་ལག་ཐོགས་ཁ་པར་བེད་སྤྱད་སྐབས་གཟབ་གཟབ་དང་རྒན་གཞོན་ཚང་མས་སྤྱི་ཚོགས་ལ་འགན་ཁྱེར་ཏེ་བེད་སྤྱོད་བྱེད་དགོས། ནམ་ཡང་རང་གི་རང་དབང་དེ་བེད་སྤྱོད་ལོག་པ་བཏང་ནས་སྤྱི་ཚོགས་ལ་བརྡབ་ཟིང་དང་མི་མཐུན་པ་བཟོས་རྒྱུའི་སྐད་ཆ་དང་བྱ་བ་རིགས་སྤེལ་རྒྱུ་མེད།།
རྩི་ཤིང་།
བསྟན་འཛིན་ཆོས་སྐྱིད། འཛིན་གྲྭ་ལྔ་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། ༄༅། །དེ་རིང་རེས་གཟའ་ཉི་མའི་ཉིན་རྩོམ་ཐུང་ཞིག་འབྲི་རྒྱུའི་བསམ་བློ་འཁོར་བྱུང་། ངས་རྩི་ཤིང་སྐོར་ལ་རྩོམ་ཞིག་འབྲི་རྒྱུ་ཡིན། རྩོམ་དེ་འབྲི་ཆེད་ངས་འབྲི་དེབ་ཅིག་དང་སྨྱུ་གུ་ཞིག་འཁྱེར་ཏེ་ཅོག་ཙེའི་སྟེང་བསྡད་ནས་བསམ་བློ་ཞིག་བཏང་པ་ཡིན། དེ་ནས་གློ་བུར་དུ་ང་ཚོས་འཛིན་གྲྭ་བཞི་པའི་སྐབས་རྩི་ཤིང་སྐོར་སྦྱངས་པ་དྲན་གསོས་སོང་། དེ་ནས་ཏོག་ཙམ་བསམ་བློ་བཏང་རྗེས་འབྲི་རྒྱུ་འགོ་བཙུགས་པ་ཡིན། ཐོག་མར་མིིའི་མི་ཚེ་ནང་རྩི་ཤིང་ནི་ཇི་ཙམ་གལ་ཆེན་པོ་ཡིན་པའི་སྐོར་ཞིག་འབྲི་འདོད་བྱུང་། རྩི་ཤིང་ནས་ང་ཚོར་ཟས་དང་འཚོ་རླུང་དང་དངོས་པོ་རིགས་འདྲ་མིན་བྱུང་གི་ཡོད། རྩི་ཤིང་ནི་རང་འཚོ་ཅན་ཞིག་ཡིན། ང་ཚོ་འཚོ་བར་ཟས་དང་ཆུ་དང་དྲོད་དགོས་ཀྱི་ཡོད་པ་ནང་བཞིན་རྩི་ཤིང་ལ་ཡང་ཆུ་དང་རྫས་བཅུད་དང་དྲོད་བཅས་དགོས་ཀྱི་ཡོད། ང་ཚོས་ནམ་རྒྱུན་དུ་བེད་སྤྱོད་གཏོང་བའི་དངོས་པོ་རྐུབ་བརྐྱག ཅོག་ཙེ། ཉལ་ཁྲི་དང་། ཤོག་བུ་དང་ཞ་སྨྱུག་ཀྱང་རྩི་ཤིང་ནས་བྱུང་གི་ཡོད། རྩི་ཤིང་ནི་སྲོག་ཆགས་མང་པོའི་སྡོད་གནས་ཀྱང་ཡིན། རྩི་ཤིང་འཚར་ལོངས་ཡག་པོ་བྱུང་བར་གཙོ་བོ་ཉི་འོད་ལ་བརྟེན་དགོས་ཀྱི་ཡོད། རྩི་ཤིང་ལ་ཉི་འོད་མ་ཕོག་པ་ཡིན་ན་རྩི་ཤིང་འཚར་ལོངས་བྱེད་ཐུབ་ཀྱི་མེད། རྩི་ཤིང་དང་ཤིང་ཏོག་ནི་མིང་གི་ཁྱད་པར་ཙམ་མ་གཏོགས་གཟུགས་པོར་ཕན་པ་གཅིག་པ་ཡིན། ཤིང་ཏོག་ནི་སོན་ཡོད་པའི་རྩི་ཤིང་གི་ཡན་ལག་ལ་གོ་ཡི་ཡོད། སྔོན་དུས་སུ་ཕྱི་དངོས་པོ་ཡར་རྒྱས་དེ་ཙམ་མེད་པའི་སྐབས་འཛམ་གླིང་དེ་ཆུ་དང་རྩི་ཤིང་གིས་ཁེངས་ཡོད། དེ་རྗེས་མཐུན་རྐྱེན་ཡག་ཏུ་ཕྱིན་པ་དང་ཁང་ཐོག་དང་མོ་ཊ། ཁ་པར་དང་འཕྲུལ་ཆས་རིགས་མང་པོ་གསར་གཏོད་བྱས་ཡོད། དེར་བརྟེན་མོ་ཊའི་རིགས་ལས་རླུང་འབགས་བཙོག་ཆགས་པ་དང་རྩི་ཤིང་དེ་ཚོ་གནས་མི་ཐུབ་པར་མི་ནད་པ་ཆགས་པ་སོགས་ཀྱི་དཀའ་ངལ་བྱུང་གི་ཡོད། ཁང་ཐོག་དང་མོ་ཊ་འགྲོ་སའི་ལམ་ཆེན་སོགས་བཟོས་པའི་ཆེད་རྩི་ཤིང་བཏུབ་དགོས་བྱུང་བས་སེམས་ཅན་མང་པོའི་སྡོད་གནས་ཀྱང་འཕྲོག་གི་ཡོད། ང་ཚོས་རྩི་ཤིང་སྲུང་སྐྱོབ་བྱེད་པ་དང་རྩི་ཤིང་མང་པོ་འདེབས་རྒྱུའི་ཐབས་ཤེས་བྱེད་དགོས། རྩི་ཤིང་ནི་ང་ཚོའི་སྤུན་མཆེད་ཡིན་བསམ་ཏེ་ལྟ་སྐྱོང་བྱེད་དགོས། ངའི་ནང་དུ་རྩི་ཤིང་མང་པོ་བཏབ་ཡོད། ཁ་ཤས་ཚལ་དང་ཁ་ཤས་མེ་ཏོག་གི་རིགས་ཡིན། ངའི་ནང་དུ་ཡོད་པའི་རྩི་ཤིང་ནང་ནས་དགའ་མོས་མང་ཤོས་བྱེད་ས་དེ་ནི་མེ་ཏོག་མུ་མེན་དེ་ཡིན། དེ་ནི་ངའི་ཚོན་དགའ་ཤོས་ཡིན་པ་དང་དབྱིབས་ཀྱང་སྙིང་རྗེ་མོ་ཡོད། ངའི་གྲོགས་མོ་ཚང་མས་སློབ་གྲྭའི་ནང་མེ་ཏོག་རེད་མ་རེད་ཅེས་པའི་དྲི་བ་གཏང་རྒྱུའི་རྩེད་མོ་ཡང་རྩེ་ཡི་ཡོད། ང་ཚོས་ནམ་རྒྱུན་མི་ཚེའི་ནང་བེད་སྤྱོད་བྱེད་རྒྱུའི་དངོས་པོ་མང་ཆེ་བ་ཚང་མ་རྩི་ཤིང་ལས་བྱུང་བ་ཞིག་ཡིན་པ་དང་། ང་ཚོས་རི་མོ་བྲིས་ཚར་རྗེས་ཚོན་མཐོང་རྒྱུའི་ཚོན་དེ་དག་ཀྱང་རྩི་ཤིང་ནས་བྱུང་བ་རེད། སྔོན་མ་ང་ཆུང་དུས་སྐབས་སུ་ཚོན་བདེ་སྤྱོད་མ་བཏང་བར་ནང་གི་ཕྱི་ནས་མེ་ཏོག་བཏོགས་ཏེ་ཤོག་བུའི་སྒང་ལ་བཞག་པ་དང་དེའི་སྟེང་དུ་རས་ཤིག་བཀབ་ཀྱི་ཡོད། དེ་རྗེས་དེ་སྒང་ལ་ཤུགས་ཀྱིས་མནན་པ་དང་རས་དེ་ཡར་བཀྱག་དུས་ཚོན་སླེབས་པ་དང་རི་མོ་ཡང་སྙིང་རྗེ་མོ་ཞིག་ཀྱང་ཡོང་གི་ཡོད། དེ་འདྲ་སོང་ཙང་ང་རྩི་ཤིང་ལ་དགའ་པོ་ཡོད་པ་མ་ཟད་དེའི་ཁྱད་ཆོས་ལ་ཡང་དགའ་པོ་ཡོད།
ངའི་པཱ་ལགས།
བསྟན་འཛིན་སྒྲོན་གསལ། འཛིན་གྲྭ་བཞི་པ། གུ་རུ་པུ་ར་སམ་བྷོ་ཊ་ཉིན་སློབ། ཚང་མ་ལ་བཀྲ་ཤིས་བདེ་ལེགས། དེ་རིང་ངས་ང་རང་གི་པཱ་ལགས་ཀྱི་སྐོར་ལ་རྩོམ་ཐུང་ངུ་ཞིག་རྒྱག་རྒྱུ་ཡིན། ངའི་པཱ་ལགས་ཀྱི་མཚན་ལ་བསྟན་འཛིན་ཤེས་རབ་ཟེར་གྱི་ཡོད། ངའི་རྨོ་མོ་ལ་ཕྲུ་གུ་བརྒྱད་ཡོད་པའི་ནང་ནས་ཆེ་ཤོས་བཞི་པ་དེ་རེད། ངའི་པཱ་ལགས་ཀྱིས་མི་སྐྱོ་པོ་མཐོང་ཚད་ལ་རྔན་པ་དང་དངུལ་ཅ་ལག་སོགས་གནང་གི་ཡོད་པ་དེ་ད་ལྟའང་ངའི་སེམས་ནང་གསལ་པོར་དྲན་ཡོང་གི་འདུག། ང་དང་འདྲ་བ་ངའི་པ་ལགས་ཀྱང་སོ་སོའི་སྐད་ཡིག་བོད་ཡིག་ལ་ཧ་ཅང་དགའ་པོ་མ་ཟད་ཡིག་གཟུགས་ཀྱང་ཧ་ལས་པའི་ཡག་པོ་ཡོད། ངའི་རྨོ་མོ་ལགས་ཀྱིས་གསུངས་ན་ངའི་པཱ་ལགས་ངའི་སྤོ་བོ་ལགས་དང་རྨོ་མོ་ལགས་ལ་ཧ་ཅང་གི་བརྩེ་བ་ཆེན་པོ་དང་གུས་ཞབས་ལྡན་པ་དེ་བཞིན་པཱ་ལགས་རང་ཉིད་ཀྱི་གཅེན་གཅུང་རྣམས་ལའང་སེམས་གཏིང་ནས་བརྩེ་བ་ཚ་པོ་ཡོད་པའི་སྐོར་ཡང་ནས་ཡང་དུ་གསུངས་བསྡད་ཀྱི་འདུག། ད་དུང་ངའི་གོ་ཐོས་ལ་ངའི་པཱ་ལགས་ཁོ་རང་རང་ལོ་བཅུ་དྲུག་ཡིན་པའི་སྐབས་སུ་དམག་མི་བྱེད་དུ་ཕྱིན་འདུག། དུས་ད་ལྟའང་ངའི་པཱ་ལགས་དམག་སྒར་ལ་ཡོད་རེད་ཟེར་བ་མ་གཏོགས་རྒྱུན་རིང་པོ་ནས་ངས་ང་རང་གི་པཱ་ལགས་མཐོང་ཐུབ་མ་བྱུང་། བྱས་ཙང་པཱ་ལགས་ཐུག་ཐུབ་ན་བསམས་ཏེ་མ་འོངས་པར་ང་རང་ཡང་ཆེན་པོ་ཆགས་ན་དམག་མི་བྱེད་དགོས་བསམ་གྱི་འདུག། ངའི་པཱ་ལགས་ཆང་ས་མ་རྒྱབས་སྔོན་ནས་དམག་མི་ལ་ཕྱིན་འདུག།། ཆུང་དུས་ང་རང་པཱ་ལགས་དང་མཉམ་དུ་སྡོད་པའི་སྐབས་ཀྱི་སྐད་ཆ་དེ་ཚོ་ཚང་མ་ངའི་སེམས་ནང་གསལ་ཐིང་ངེར་དྲན་པ་སོས་ཀྱི་འདུག པཱ་ལགས་ཀྱིས་ང་ཁོ་རང་གི་དཔུང་པའི་སྟེང་དུ་བཞག་སྟེ་འཆམ་འཆམ་ལ་འཁྲིད་པའང་ཡང་སེ་དྲན་གྱི་འདུག སྔོན་མ་ང་རང་བུ་བཅོལ་ཁང་ཡིན་པའི་སྐབས་སུ་དམག་སྒར་དུ་པཱ་ལགས་འགྲམ་ལ་གུང་གསེང་ལ་ཕྱིན་པ་ཡིན། དམག་སྒར་དེར་ལི་ཅིའི་ཤིང་ཏོག་དཔེ་མང་པོ་སྐྱེ་ཡི་འདུག པཱ་ལགས་ཀྱིས་ཁོ་རང་གི་དཔུང་པའི་སྟེང་དུ་ང་བཞག་སྟེ་ཤིང་ཏོག་ལི་ཅི་བཀོག་བཅུག་པ་དེ་ཡི་དགའ་སྣང་དང་སེམས་སྤྲོ་སྣང་དེ་དུས་ནམ་ཡང་བརྗེད་མི་ཐུབ་པའི་ཚོར་བ་ཞིག་རེད་འདུག དེ་བཞིན་ང་དང་པཱ་ལགས་དགོང་དྲོ་དམག་སྒར་ལ་སྐོར་བ་སྐོར་གྱི་ཡོད། གུང་གསེང་རྫོགས་ནས་ང་དམག་སྒར་ནས་གཞིས་ཆགས་སུ་མ་ལོག་སྔོན་དུ་པ་ལགས་ཀྱིས་ང་ལོ་དྲུག་ལ་སླེབས་སྐབས་ཐུག་ཏུ་སླེབས་ཡོང་གསུངས་བྱུང་། འོན་ཀྱང་ད་ལྟ་བར་བར་དུ་ང་ཐུག་པར་ཕེབས་མ་བྱུང་། དེ་ཙམ་དུ་མ་ཟད་ཁ་པར་ཙམ་ཡང་གཏོང་མཁན་མི་འདུག་ལ་ང་ཚོ་ལ་ཁ་པར་ཨང་གྲངས་ཀྱང་སྤྲད་མ་བྱུང་། ང་རང་པཱ་ལགས་དཔེ་དྲན་གྱི་འདུག།། སྔོན་མ་པཱ་ལགས་ཀྱི་ཅ་ལག་སྤྲད་པ་དེ་ཚོ་དཔེ་ཡག་པོ་བྱས་ནས་བདག་པོ་བརྒྱབས་ནས་ཉར་ཡོད། དམིགས་བསལ་དེང་སང་གི་དུས་ཚོད་ལ་ང་རང་གི་བྱིས་པའི་གནས་སྐབས་ཀྱི་དུས་ཚོད་བཟང་པོ་དེ་ཚོ་སེམས་ནང་དཔེ་དྲན་ནས་སེམས་ནང་སྐྱོ་སྣང་ཁྱད་ཚར་དེ་འདྲ་སླེབས་བཞིན་འདུག གང་ལྟར་ང་རང་གི་བསམ་པར་ང་རང་གི་པཱ་ལགས་ནི་འཛམ་གླིང་ནས་པཱ་ལགས་ཡག་ཤོས་དེ་རེད་ཟེར་ནའང་མི་འགྲིག་པ་མིན་འདུག།། ངའི་པཱ་ལགས་ཀྱི་མིང་ཤེས་རབ་ཀྱི་གོ་དོན་ལ་འགྲེལ་བརྗོད་ཐུང་ཙམ་ཞུས་ན་པཱ་ལགས་ཁོ་རང་རིག་པ་རྣོ་པོ་ཡོད་པའི་རྒྱུ་མཚན་གྱི་མིང་དེ་འདྲ་བཏགས་ཡིན་ས་རེད་བསམ་གྱི་འདུག། ངས་ད་ལྟ་པཱ་ལགས་དྲན་པ་ནང་བཞིན་པཱ་ལགས་ཀྱིས་ཀྱང་ང་དཔེ་དྲན་གྱི་ཡོད་པ་ལ་ཐེ་ཚོམ་མེད། འཚམ་འཚམ་ངས་ང་རང་གི་པཱ་ལགས་སྨག་སྒར་ལ་ཨེ་ཡོད་དང་ཡང་ན་དམག་སྒར་ག་བ་ལ་ཡོད་ན་བསམ་གྱི་འདུག གལ་སྲིད་དེ་ཚོ་ཧ་གོ་ཐུབ་ན་ང་ད་ལྟ་རང་དམག་སྒར་ལ་འགྲོ་དགོས་པའི་ཚོར་སྣང་ཡང་སེ་སེམས་ནང་འཁོར་བཞིན་འདུག ང་དང་ངའི་ནང་མིས་གལ་སྲིད་ངའི་པཱ་ལགས་ཐེངས་གཅིག་ཐུག་ཐུབ་ན་དེ་ལས་དགའ་བའི་ཉིན་མོ་ཅིག་ང་ལ་ནམ་ཡང་ཡོད་པ་མིན་འདུག མཐའ་དོན་ངའི་སྨོན་འདུན་ཆེ་ཤོས་དེ་ནི་ང་རང་གང་མགྱོགས་མགྱོགས་པཱ་ལགས་ཐུག་པ་དང་མཉམ་དུ་སྐྱིིད་པོར་སྡོད་རྒྱུའི་སྨོན་ལམ་ཉིན་ལྟར་རྒྱག་བཞིན་ཡོད།
རྫུ་འཕྲུལ་ཅན་གྱི་མིག་ཤེལ།
བསྟན་འཛིན་འཛོམས་སྐྱིད། འཛིན་གྲྭ་ལྔ་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། གནའ་སྔ་མོ་ལུང་པ་ཆུང་ཆུང་ཞིག་གི་ནང་ལ་ཁྱིམ་ཚང་སྐྱོ་བོ་ཞིག་ཡོད། ཁྱིམ་ཚང་དེའི་ནང་བུ་མོ་ཆུང་ཆུང་ཞིག་ཡོད། མོས་མིག་གིས་མཐོང་མི་ཐུབ་པར་ལོང་བ་ཡིན། མོའི་ཕ་མ་གཉིས་ནི་མོ་རང་ལོ་ན་ཆུང་དུས་སྐབས་ནས་ནད་གཞི་ལྕི་མོ་ཞིག་ཕོག་སྟེ་འདས་གྲོངས་སུ་གྱུར་པ་རེད། དེར་བརྟེན་མོ་རང་གཅིག་པོ་ནང་ལ་སྡོད་ཀྱི་ཡོད། ཉིན་ཞིག་མོས་དཀོན་མཆོག་གསུམ་ལ་“ང་ལ་མིག་གཉིས་གནང་རོགས་གནང་། ངས་ཕྱི་ཡི་ཡུལ་ལྗོངས་ལ་ལྟ་འདོད་འདུག” ཅེས་སྨོན་ལམ་བཏབ་པ་རེད། མོ་རང་སེམས་པ་སྐྱོ་ནས་ངུ་དུས་གྲོད་ཁོག་ཀྱང་ལྟོགས་ནས་གཉིད་ཤོར་བ་རེད། བུ་མོ་དེ་གཉིད་དུ་ཡུར་བའི་སྐབས་ནམ་མཁའི་ལྷ་མོ་ཞིག་གིས་རྫུ་འཕྲུལ་ཅན་གྱི་མིག་ཤེལ་ཞིག་འཁྱེར་ནས་མོའི་སྔས་མགོའི་སྟེང་དུ་བཞག་པ་རེད། ཕྱི་ཉིན་བུ་མོ་དེ་གཉིད་ལས་ཡར་ལངས་ནས་ལག་པ་རྐྱང་ཤེད་བྱེད་དུས་ལག་ཏུ་མིག་ཤེལ་དེ་ཐུག མོས་གང་ཡིན་ན་བསམས་ཏེ་ཡ་མཚན་ཆེན་པོས་མིག་ཤེལ་དེ་ལ་ལག་པས་ཉམས་ཞིབ་མང་པོ་བྱས། མིག་ཤེལ་དེ་མོའི་ངོ་གདོང་གི་ཉེ་སར་བཞག་དུས་མོ་ལ་རྒྱུན་གཏན་དང་མི་འདྲ་བར་མིག་ལ་འོད་ཅིག་ཕོག མོས་གང་ཡིན་ན་བསམས་ཏེ་དོགས་པ་ཞིག་གིས་མིག་ཤེལ་དེ་མིག་ལ་གྱོན་མ་ཐག་མོའི་མི་ཚེ་མུན་ནག་ལས་གྲོལ་ཏེ་མིག་གིས་མཐོང་ཐུབ་པར་གྱུར། མོ་རང་དགའ་སྟེ་ཧང་སངས་སངས་ཀྱིས་གཡས་གཡོན་གྱི་ལས་ཀ་ཚང་མ་མགྱོགས་པོ་མགྱོགས་པོ་བྱས། ཐེངས་ཤིག་མོ་ཉེ་འཁྲིས་ཀྱི་ཚོང་ཁང་ཞིག་ལ་ཉོ་ཆ་རྒྱག་ཏུ་ཕྱིན། ཚོང་བདག་གིས་མོས་མིག་གིས་མཐོང་ཐུབ་པ་ཤེས་དུས་ཧང་སངས་ཏེ་དེ་དག་ཇི་ལྟར་བྱུང་བའི་རྒྱུ་མཚན་དྲིས་པ་ན། མོས་གོང་གི་གནས་ཚུལ་ཚང་མ་དྲང་པོར་བཤད། ཚོང་བདག་དེ་ལ་ཡང་མིག་གིས་མཐོང་མི་ཐུབ་པའི་གཅུང་མོ་ཞིག་ཡོད་པས། ཁོའི་སེམས་ནང་མིག་ཤེལ་རྫུ་འཕྲུལ་ཅན་དེ་ང་ལ་ཡང་བྱུང་ན་བསམས་ནས་དེ་དག་བརྐུ་རྒྱུའི་སེམས་ངན་བཅངས་ཏེ། དེའི་མཚན་མོར་བུ་མོ་དེ་གཉིད་ཁུག་པའི་སྐབས། ཁོས་རྐུ་མ་བཞིན་མོའི་ནང་དུ་སྒེའུ་ཁུང་ནས་ཁུ་སིམ་འཛུལ་ཏེ་མིག་ཤེལ་དེ་བརྐུས། ཁོས་ནང་དུ་འབྱོར་བ་དང་དུས་ཚོད་ཐུང་ངུ་ཙམ་ཡང་མི་འགོར་བར་གཅུང་མོ་གཉིད་ལས་བསླངས་ཏེ་མོ་ལ་མིག་ཤེལ་དེ་གྱོན་དུ་བཅུག ཁོས་མོའི་ཁ་ནས་“གཅེན་པོ། ངས་ཁྱེད་རང་མཐོང་ཐུབ་ཀྱི་འདུག” ཅེས་པའི་སྐད་ཆ་ཚིག་ཁ་ཤས་དེ་ཉན་འདོད་སྐྱེས། འོན་ཀྱང་མོས་མིག་ཤེལ་དེ་གྱོན་པ་དང་མིག་ལ་སྔར་མེད་ཀྱི་ན་ཟུག་ཅིག་ལངས་ཏེ་མིག་གིས་མཐོང་རྒྱུ་ཕར་ཞོག་ད་དུང་མིག་རིལ་གཉིས་ཕྱིར་འདོན་གྲབས་བྱས། མོས་ལམ་སང་མིག་ཤེལ་དེ་ས་ལ་གཡུགས་ཏེ། “གཅེན་པོ་ལགས་འདི་ག་རེ་རེད། ཁྱེད་རང་གིས་ང་གསོད་མཁན་འདོད་ཀྱི་འདུག་གམ།” ཞེས་ངུས་ནས་བཤད། གཅེན་པོས་དེ་དག་ཚང་མ་མཐོང་དུས་དངངས་སྐྲག་དང་འགྱོད་གདུང་གིས་གཅུང་མོ་ལ་“དགོངས་དག” ཅེས་བཤད་དེ་ལམ་སང་བུ་མོ་དེ་ལ་མིག་ཤེལ་ཕྱིར་སློག་བྱས། དུས་དེ་ནས་བཟུང་། བུ་མོ་དེས་ཐག་རིང་ནས་ཐག་རིང་དུ་ཡོད་པའི་དངོས་པོ་ཚང་མ་མཐོང་ཐུབ་པའི་ནུས་པ་རྒྱས་སོ།
༸གོང་ས་མཆོག
བསྟན་འཛིན་དཔལ་མོ། འཛིན་རིམ་ལྔ་པ། སཾ་བྷོ་ཊ་གུ་རུ་པུ་ཉིན་སློབ། ༄༅། ། ༸གོང་ས་མཆོག་ནི་ཕྱི་ལོ་ ༡༩༣༥ ལོའི་ཟླ་བ་ ༧ ཚེས་ ༦ ཉིན་བོད་མདོ་སྨད་སྟག་འཚེར་ཞེས་པའི་ས་ཆ་ཞིག་ལ་སྐུ་འཁྲུངས་པ་དང་། ཁོང་གི་ཡབ་ཀྱི་མཚན་ལ་ཆོས་སྐྱོང་ཚེ་རིང་དང་། ཡུམ་གྱི་མཚན་ལ་བདེ་སྐྱིད་ཚེ་རིང་ཞུ་བ་རེད། ཁོང་ནི་འཛམ་གླིང་ཞི་བདེའི་དེད་དཔོན་ཡིན་པ་དང་། སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ཡང་རེད། སྔར་ཁོང་གིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་སྐུ་དབང་བཞེས་པ་རེད། ཕྱི་ལོ་ ༡༠༥༩ ལོར་ཁོང་གིས་ཉིན་མཚན་མང་པོར་སྐུ་ལས་བསྐྱོན་ཏེ་བོད་ནས་རྒྱ་གར་དུ་ཕེབས་གནང་བ་རེད། ཕྱི་ལོ་༡༩༨༩ ལོའི་ཟླ་༡༢ ཚེས ༡༠ ཉིན་ཁོང་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བ་དང་རྒྱལ་ཁབ་མང་པོས་ཁོང་ལ་དགའ་བསུ་སྨོན་འདུན་དང་རྒྱབ་སྐྱོར་གནང་ཡོད་པ་རེད། ད་ཆ་ང་ཚོ་སྐྱིད་པོ་དང་རང་དབང་ངང་སྡོད་རྒྱུ་ཡོད་པ་ནི་ཁོང་གི་བཀའ་དྲིན་ཁོ་ན་ཡིན། ཁོང་གིས་ང་ཚོར་འགྲོ་བ་མི་ཚང་མ་ལ་བྱམས་པ་དང་སྙིང་རྗེ་བྱེད་དགོས་པའི་བཀའ་སློབ་ཡང་ཡང་གནང་གི་ཡོད། ཁོང་གི་བཀའ་སློབ་ནང་དུས་རྟག་ཏུ་མི་དང་སེམས་ཅན་གཞན་སུ་ལ་ཡང་ཕན་མ་ཐོགས་ན་ཡང་གནོད་མ་བྱེད་ཞེས་ཡང་ཡང་གསུང་གནང་གི་ཡོད། ཕྱི་ལོ་ ༢༠༡༡ ལོར་ཁོང་གིས་ཆོས་སྲིད་གཉིས་ཀྱི་འགན་དབང་བཞག་གནང་སྟེ། འགན་དབང་དེ་ཆ་ཚང་མི་མང་ལ་ཕུལ་གནང་བ་རེད། ཁོང་སྐུ་ན་ཆུང་དུས་སྐབས་སུ་དགུན་ཁར་ལྷ་སར་བཞུག་པ་དང་། དབྱར་ཁར་ནོར་བུ་གླིང་ག་ལ་བཞུག་གནང་གི་ཡོད། ད་ཆ་ཁོང་བཞུག་སྒར་དྷ་རམ་ས་ལར་བཞུག་གནང་གི་ཡོད། ཁོང་གིས་ད་བར་འཛམ་གླིང་ནང་བྱམས་བརྩེའི་ནུས་སྟོབས་སྤེལ་ཐབས་ཆེད་སྐུ་ལས་མང་པོ་བསྐྱོན་ཡོད་པ་ནི་འགྲོ་བ་ཡོངས་ལ་ཕན་ཐོགས་པའི་ཆེད་དུ་གནང་བ་ཞིག་རེད། ༸གོང་ས་མཆོག་ཁོང་གིས་གསུངས་པ་བཞིན་ད་ཆ་རྒྱ་ནག་ནང་དུ་ནང་པའི་ཆོས་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་ནི་ཁོང་གིས་ད་བར་ཐུན་མོང་མ་ཡིན་པའི་ཆོས་དེ་གོང་སྤེལ་གནང་བའི་བཀའ་དྲིན་གྱིས་ཡིན། ཁོང་གིས་བོད་པའི་ཕྲུ་གུ་ཚོས་དུས་རྒྱུན་ནས་ནང་པའི་ཆོོས་དང་རིག་གཞུང་རྣམས་གོང་སྤེལ་དང་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས་གནང་གི་ཡོད། ཡང་ཁོང་གིས་མ་འོངས་པར་འཛམ་གླིང་འདི་ཧ་ཅང་གི་ཚ་དྲོད་ཆེན་པོ་ཆག་ཉེན་ཡོད་ཞེས་གསུང་གི་ཡོད་པས། རྒྱུ་མཚན་དེར་བརྟེན་ང་ཚོས་ཁོང་གི་འཁྲུངས་སྐར་ཉིན་མོ་ལ་ཤིང་སྡོང་མང་པོ་བཙུག་གི་ཡོད། ཁོང་གིས་དུས་རྒྱུན་དུ་ང་ཚོས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་ཞེས་ཡང་ཡང་གསུང་གནང་གི་ཡོད། ཁོང་ནི་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཡིན་པ་དང་། ཁོང་ནི་བྱམས་བརྩེའི་རང་གཟུགས་ཞིག་ཡིན་ལ་ང་ཚོ་བོད་མི་ཡོངས་ལ་བཀའ་དྲིན་བླ་ན་མེད་པ་ཞིག་ཡིན།
