Skip to main content
ཤེས་རིག་ལས་ཁུངས།

ང་བོད་པ་ཞིག་ཡིན་པའི་ཆ་ནས་བོ

ང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པ་ངའི་ལས་འགན་ཡིན།

བསྟན་འཛིན་ཆོས་དབྱངས། འཛིན་གྲྭ་དགུ་པ། སྦེལ་ཀོབ་སམ་བྷོ་ཊ་བོད་སློབ། འཛམ་གླིང་འདི་ཡི་ནང་ལ་ས་ཆ་འདྲ་མིན་ཡོད་པ་མ་ཟད་ས་ཆ་འདྲ་མིན་ལ་སྐད་ཡིག་ཀྱང་འདྲ་མིན་ཡོད། སྐད་ཡིག་ནི་མི་ཕན་ཚུན་བར་ལ་འབྲེལ་བ་དང་འབྲེལ་ལམ་བྱེད་པར་བེད་སྤྱོད་བྱེད་ཀྱི་ཡོད། ས་ཆ་ཁ་ཤས་ལ་སྐད་ཡིག་གཅིག་ཡོད། ཡིན་ནའང་ས་ཆ་ཁ་ཤས་ལུང་པ་གཅིག་ཡིན་ཡང་སྐད་ཡིག་མི་འདྲ་བ་བེད་སྤྱོད་བྱེད་ཀྱི་ཡོད། ང་ཚོ་བོད་པ་ཚོས་བོད་སྐད་ཐོག་ནས་སྐད་ཆ་ཤོད་ཀྱི་ཡོད། ཡིན་ནའང། བོད་ཀྱི་ས་ཆ་མི་འདྲ་བ་ལ་བོད་སྐད་ཤོད་སྟངས་མི་འདྲ་བ་ཡོད། ཡིན་ཡང་བོད་པ་མང་པོ་ཞིག་རྒྱ་གར་ནང་དུ་སྡོད་ཀྱི་ཡོད་ཙང་མི་མང་པོས་བོད་སྐད་དེ་རྒྱ་སྐད་དང་ཨིན་སྐད་གཉིས་མཉམ་སྡེབ་བྱས་ནས་ཤོད་ཀྱི་ཡོད། དེ་འདྲ་བྱས་ནས་དེང་སང་ང་ཚོ་བོད་པའི་ཕྲུ་གུའི་བོད་ཡིག་གི་གནས་ཚད་ཧ་ཅང་སྐྱོ་བོ་ཡོད། དེང་སང་གི་བོད་པའི་ཕ་མ་རྣམས་ཀྱིས་སོ་སོའི་ཕྲུ་གུ་རྒྱ་གར་གྱི་སློབ་གྲྭ་ཡག་པོའི་ནང་གཏོང་གི་ཡོད། ཕྲུ་གུ་དེ་ཚོ་སློབ་སྦྱོང་ཡག་པོ་ཆགས་ཀྱང་སོ་སོའི་ལུང་པའི་སྐད་ཡིག་ཤེས་ཀྱི་མེད། སོ་སོའི་སྐད་ཡིག་ཤེས་པ་དང་། གཞན་གྱི་སྐད་ཡིག་ཀྱང་ཤེས་ན་དེ་ནི་ཕུན་སུམ་ཚོགས་པ་ཡིན་པ་དང། གཞན་གྱི་སྐད་ཡིག་ཤེས་པ་དང་སོ་སོའི་སྐད་ཡིག་མ་ཤེས་ན། དེ་ནི་ངོ་ཚ་དགོས་པ་དང་ཞབས་འདྲེན་ཡིན། ང་ཚོ་ག་དུས་ཡིན་ཡང་སོ་སོའི་ཕ་ཡུལ་གྱི་སྐད་ཡིག་དེ་ནམ་ཡང་བརྗེད་རྒྱུ་མེད། བོད་མི་མང་པོ་ཞིག་ཕྱི་རྒྱལ་ལ་ཕྱིན་ནས་སོ་སོའི་ཕྲུ་གུ་ལ་བོད་སྐད་མ་བསླབ་པར་རྒྱལ་ཁབ་གཞན་གྱི་སྐད་ཡིག་སློབ་ཀྱི་ཡོད། ངས་ཕྱི་རྒྱལ་ནས་སླེབས་པའི་ཕྲུ་གུ་མང་པོ་མཐོང་བྱུང་། ཕྲུ་གུ་མང་པོས་བོད་ཡིག་ཡག་པོ་ཤེས་ཀྱི་མེད། ཡིན་ནའང་ཁ་ཤས་ཀྱིས་ཡག་པོ་བཤད་ཐུབ་ཀྱི་ཡོད། དེ་གང་ཡིན་ཟེར་ན་ཕ་མ་ཁ་ཤས་ཀྱིས་རང་ཉིད་ཀྱི་ཕྲུ་གུ་ཁོང་ཚོ་དང་མཉམ་དུ་བོད་སྐད་ཐོག་ནས་སྐད་ཆ་ཤོད་པ་དང་ཕྱི་རྒྱལ་ལ་ཡོད་པའི་བོད་ཡིག་འཛིན་གྲྭ་ལ་གཏོང་གི་ཡོད། ཕ་མས་དེ་འདྲ་བྱས་ནས་སོ་སོའི་ཕྲུ་གུ་དང་སོ་སོའི་སྐད་ཡིག་ལ་དོ་སྣང་བྱས་ན་ཡག་པོ་ཡོད། ང་ཚོ་བོད་པ་ལ་སྐད་ཡིག་གཅིག་ལས་མེད་པ་དེ་ཡང་ང་ཚོས་སྣང་མེད་དུ་བཏང་ན་ཡག་པོ་མེད། ང་ཚོའི་སྐད་ཡིག་ཡིན་ཡང་བེད་སྤྱོད་བྱེད་དགོས་པ་དང་། སོ་སོའི་སྐད་ཡིག་དེ་སྲུང་སྐྱོབ་བྱེད་དགོས་པ་དེ་ང་ཚོའི་ལས་འགན་ཡིན། ང་ཚོའི་སློབ་གྲྭའི་ནང་ལ་ཡང་སློབ་ཕྲུག་ཁ་ཤས་བོད་ཡིག་སྦྱོང་རྒྱུར་ཧ་ཅང་གི་དགའ་པོ་བྱེད་ཀྱི་ཡོད་པ་དང་། བོད་ཡིག་ཡང་ཧ་ཅང་ཡག་པོ་ཡོད། ཕྱོགས་གཞན་ཞིག་ནས་སློབ་ཕྲུག་ཁ་ཤས་སློབ་ཚན་གཞན་ལ་ཡག་པོ་ཡོད་ཀྱང་བོད་ཡིག་ལ་དོ་སྣང་མ་བྱས་པ་དང་བོད་ཡིག་སྦྱོང་འདོད་ཀྱང་བྱེད་ཀྱི་མེད། ཡིན་ཡང་ང་ཚོའི་སློབ་གྲྭ་ལ་བྱེད་སྒོ་འདྲ་མིན་གོ་སྒྲིག་བྱེད་ཀྱི་ཡོད། དེའི་ནང་ལ་བོད་ཡིག་དང་འབྲེལ་བའི་བྱེད་སྒོ་ཡང་གོ་སྒྲིག་ཞུས་ཀྱི་ཡོད། དཔེར་ན། བོད་ཡིག་གི་དག་ཆ། སྙན་ཚིག་ངག་འདོན། གཏམ་བཤད་སོགས་བྱེད་སྒོ་སྣ་མང་ཡོད། ཡིན་ཡང་བྱེད་སྒོ་ཚང་མའི་ནང་ནས་ང་རང་དག་ཆ་འགྲན་བསྡུར་བྱ་རྒྱུར་དགའ་པོ་ཞེ་དྲགས་ཡོད། གང་ཡིན་ཟེར་ན་དེའི་སྐབས་སུ་ང་རང་གིས་ཚིག་མང་པོ་ཤེས་ཀྱི་འདུག དེ་འདྲ་སོང་ཙང་ང་རང་འདྲ་བའི་སློབ་ཕྲུག་མང་པོ་དག་ཆ་འགྲན་བསྡུར་བྱ་རྒྱུར་དགའ་པོ་བྱེད་ཀྱི་ཡོད། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པ་ང་ཚོའི་ལས་འགན་ཡིན། ང་ཚོའི་ཕ་ཡུལ་གྱི་ཡི་གེ་དེ་ང་ཚོས་མ་སྦྱངས་ན་ཉིན་གཅིག་ང་ཚོའི་སྐད་ཡིག་དེ་མེད་པ་ཆགས་ཀྱི་རེད། ང་ཚོའི་སྐད་ཡིག་དེ་མེད་པ་ཆགས་ན་ང་ཚོ་བོད་མི་ཡང་མེད་པ་ཆགས་ཀྱི་རེད། བོད་མི་མེད་པ་ཆགས་ན་ང་ཚོའི་བོད་ཀྱི་རིག་གཞུང་ཀྱང་མེད་པ་ཆགས། རིམ་བཞིན་ང་ཚོའི་ལྷ་ཡུལ་ལྟ་བུའི་བོད་ཀྱང་མེད་པ་ཆགས་སྲིད། དེ་འདྲ་སོང་ཙང་ང་ཚོ་བོད་མི་རྣམས་ས་ཆ་གང་དུ་གནས་ཀྱང་སོ་སོའི་ཕ་ཡུལ་གྱི་སྐད་ཡིག་དེ་ནམ་ཡང་བརྗེད་རྒྱུ་མེད། ང་ཚོའི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་ནི་ང་ཚོ་་བོད་པ་ཚང་མའི་ལས་འགན་རེད། ང་ཚོའི་དགེ་རྒན་མང་པོ་ཞིག་གིས་སློབ་ཕྲུག་རྣམས་ལ་སྒྲུང་དེབ་མང་པོ་ཀློག་དགོས་བཅས་གསུང་གི་ཡོད། དམིགས་བསལ་བོད་ཡིག་སྒྲུང་དེབ་ཀློག་ན་ཚིག་གསར་རྣམས་བེད་སྤྱོད་བྱས་ནས་རྩོམ་དང་སྙན་ངག་སོགས་འབྲི་ཐུབ་པ་དང་། ང་ཚོས་དེ་འདྲ་བྱས་ནས་སོ་སོའི་སྐད་ཡིག་ཡར་རྒྱས་གཏོང་ཐུབ། མི་མང་པོས་སོ་སོའི་རྩོམ་གྱི་ལམ་ནས་དག་ཆ་དང་བོད་སྐད་ཐོག་སྐད་ཆ་ཤོད་སྟངས་ཡང་ཡར་རྒྱས་འགྲོ་ཡི་ཡོད། ད་ལྟ་ང་ཚོ་བོད་མི་རྣམས་ལ་རང་བཙན་དང་སོ་སོའི་རྒྱལ་ཁབ་མེད་ན་ཡང་སོ་སོའི་སྐད་ཡིག་དེ་ཡག་པོ་སྦྱོང་དགོས། ས་ཆ་ཁ་ཤས་ལ་སྐད་ཡོད་ཀྱང་སྐད་ཡིག་མེད། ང་ཚོ་ལ་སོ་སོའི་ལུང་པར་ཡི་གེ་ཡོད་པ་དེ་ནམ་ཡང་བརྗེད་རྒྱུ་མེད། ཐོན་མི་སམ་བྷོ་ཊས་དཀའ་ལས་བརྒྱབས་ནས་ང་ཚོ་ལ་རྒྱ་གར་གྱི་སྐད་ཡིག་ནས་དཔེ་བླངས་ཏེ་བོད་ཀྱི་ཡི་གེ་བཟོས་པ་བཞིན། […]

ང་བོད་པ་ཞིག་ཡིན་པའི་ཆ་ནས་བོ

ང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པ་ངའི་ལས་འགནཡིན།

བསྟན་འཛིན་ཆོས་འཛོམས་། འཛིན་གྲྭ་བཅུ་པ། དཔེ་སྟོན་སློབ་གྲྭ། གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་སུ། ། ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། ། སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། ། ཞབས་པད་སྲིད་མཐའི་བར་དུ་བརྟན་འགྱུར་ཅིག ། ཅེས་བཀྲ་ཤིས་མཆོད་པའི་གུས་ཕྱག་སྔོན་དུ་བཏང་ནས་བཙན་བྱོལ་དུ་བཞུགས་པའི་ཀློག་པ་པོ་རྣམས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག དེ་རིང་དབྱར་ཁའི་གུང་གསེང་ཚར་སོང་བས་བདག་གི་འཛིན་ཁང་ནང་གི་ཉིན་དང་པོ་དེ་ཆགས་ཀྱི་ཡོད་པ་དང་། ཚོར་བ་ཉོབ་སྣང་གིས་བཟི་བའི་སྐབས་སུ་སྐད་ཡིག་རྒན་ལགས་ཀྱིས་བརྗོད་གཞི་འདིའི་སྒང་ལ་རྩོམ་ཡིག་ཅིག་འབྲི་རུ་བཅུག་སོང་། འོན་ཀྱང་གུས་མོ་ང་རང་སམ་བྷོ་ཊའི་སློབ་གྲྭའི་ནང་སྦྱངས་བརྩོན་བྱེད་མཁན་ཞིག་ཡིན་པའི་ཆ་ནས། རང་ཉིད་ཀྱི་དཔུང་པའི་སྟེང་ན་ལས་འགན་དང་དམིགས་གསལ་གྱིས་བོད་རིགས་སྤུན་ཟླ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པའི་ལས་འགན་ནམ་རྒྱུ་མཚན་ནི་ལྷ་ལམ་ལས་རྒྱ་ཆེ་བ་ཞིག་བཤད་རྒྱུ་ཡོད། གུས་མོ་ངས་བརྗོད་བྱ་གཉིས་ཀྱི་སྟེང་རང་ཉིད་ཀྱི་མངར་སྐྱུར་ལྡན་པའི་མྱོང་ཚོར་དང་དེང་དུས་ཀྱི་དངོས་ཡོད་གནས་ཚུལ་གྱི་མྱོང་བ་གཞི་རུ་བཞག་ནས་རྩོམ་ཐུང་འདི་འབྲི་རྒྱུ་དབུ་འཛུགས་བྱེད་ཀྱི་ཡིན། དང་པོ་རང་ཉིད་ཀྱི་ངོ་མི་ཤེས་པ་དེང་གི་དུས་ལ་བལྟས་ན་ལྷག་པས་ལུང་པ་ཁྱེར་བ་ལྟར་ག་དུས་སླེབས་ཡོང་ག་དུས་འགྲོ་ཡོང་གི་གནས་སྟངས་དང་། འཇིག་རྟེན་འདི་འགྱུར་བ་ཤུགས་ཆེན་པོ་འགྲོ་བཞིན་པ་དེའི་ཐོག་གོ་རྟོགས་ཤུགས་ཆེན་པོ་ཡོད། དེས་རྐྱེན་པས་དམིགས་བསལ་གྱི་ང་ཚོ་བོད་མི་ཚོས་རང་གྱི་ཕྲུ་གུ་ཕྱིའི་རྒྱལ་ཁབ་ཁག་ཏུ་སློབ་སྦྱོང་བྱེད་པར་གཏོང་བའི་གནས་ཚུལ་མང་པོ་མཐོང་རྒྱུ་ཡོད། མ་ཟད་ངའི་སེམས་པའི་གཏིང་ནས་རྗེས་སུ་ཡི་རང་ཡོད། ཡིན་ནའང་ཕྱོགས་གཅིག་ནས་ཡག་པོ་བལྟས་ན་ཕྲུ་གུ་དེ་རྣམས་ཀྱིས་རྗེས་སུ་རང་ཉིད་ཀྱི་ཕ་སྐད་གཙང་མ་མ་ཤོད་པ་དང་། བོད་སྐད་ཤོད་པའི་སྐབས་སྐད་རིགས་བཞན་མང་པོ་བསྲེས་ནས་ར་མ་ལུག་གི་སྐད་ཡིག་བེད་སྤྱོད་བྱེད་པ་དང་། ཁོ་ཚོར་སོ་སོའི་ཆོས་དང་རིག་གཞུང་ཐོག་ལ་གོ་རྟོགས་ཧ་ཅང་ཞན་པོ་ཡོད་པ་གུས་མོ་ངས་མཐོང་ཐོས་བྱུང་སོང་། མདོར་བསྡུས་ནས་བཤད་ན་ང་རང་ཚོ་རང་ཉིད་བོད་པ་ཚད་ལྡན་ཞིག་ཡིན་པ་ཤེས་ཐུབ་ཀྱི་མེད། གནས་ཚུལ་དེ་ངས་ཤེས་དུས་བློ་ཕམ་གཏིང་ཟབ་ཅིག་བྱུང་། ངས་རྣམས་པ་ཚོར་རེ་བ་ཞུ་རྒྱུ་ནི་ང་རང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་དེ་སྤོབས་པའི་ངང་ནས་སྲུང་སྐྱོབ་བྱ་ཐུབ་པ་ཞིག་བྱེད་དགོས། གཉིས་པ་༸གོང་ས་མཆོག་ཁོང་གིས་སློབ་ཕྲུག་རྣམས་ནི་མ་འོངས་བོད་ཀྱི་སོན་རྩ་ཡིན་པ་བརྗོད་དོན་ཙམ་མིན་པར་དེ་དག་གལ་ཆེན་གཟིགས་རྗེས་སློབ་ཕྲུག་རྣམས་ཀྱི་དོན་དུ་སྐུ་ངལ་ཚད་མེད་བསྐྱོན་གནང་གི་ཡོད། གོང་དུ་གསལ་བ་ལྟར་བོད་མི་རྣམས་བཙན་བྱོལ་དུ་སླེབས་པའི་རྗེས། ཕྲུ་གུ་མང་དག་ཅིག་ལ་ལས་ཀ་མེད་པ་དང་ཕ་མ་མེད་པ་སོགས་ཀྱི་དཀའ་ངལ་དེ་དག་གཟིགས་རྗེས་༸གོང་ས་མཆོག་ནས་དམིགས་ཡུལ་ཞིག་བཟུང་སྟེ་ཕྲུ་གུ་རྣམས་ལ་རོགས་རམ་བྱེད་ཆེད་བོད་ཁྱིམ་དང་སློབ་ཁག་མང་པོ་གསར་འཛུགས་གནང་བ་དང་༸གོང་ས་༸སྐྱབས་མགོན་མཆོག་ཁོང་གིས་བོད་མི་རིགས་ཀྱི་འཆི་གསོན་ནི་སྐད་ཡིག་དང་རིག་གཞུང་ལ་སོགས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་དུ་སློབ་མ་རྣམས་གཤོག་རྩལ་གཉིས་ལྡན་གྱི་སློབ་མ་ཞིག་ཏུ་འགྱུར་བ་དང་། མི་རིགས་ཀྱི་སོན་རྩ་གཙང་མ་ཞིག་ཡོང་བར་རེ་བ་གནང་གི་ཡོད། ལྷག་པར་དུ་འུ་ཚོས་ཁོང་གིས་སྐུ་ལས་བསྐྱོན་གནང་བ་དེ་དག་ལ་གཅིག་བལྟས་ན་ང་རང་ཚོའི་ལས་འགན་དེ་འགྲན་ཟླ་བྲལ་བ་ཞིག་རེད། ང་རང་ཚོ་བོད་རིགས་གཅིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་སྐད་ཡིག་དང་རིག་གཞུང་བདག་པོ་མ་རྒྱབ་ན་འུ་ཚོའི་ངོ་བོ་དེ་རྩ་མེད་དུ་འགྲོ་བའི་ཉེན་ཁ་ལ་སླེབས་ཡོད་པ་མ་ཟད་ང་ཚོའི་ལྟ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་ནི་༸གོང་ས་མཆོག་ལས་གཞན་མེད་ཅིང་། ང་ཚོས་ལས་རིགས་ཇི་འདྲ་ཞིག་བྱས་ཀྱང་མིག་དང་སྙིང་ནི་དགོས་ངེས་ཡིན་པ་་བཞིན་ང་ཚོར་༸སྐྱབས་གནས་མགོན་པོ་ཁོང་ལས་མེད་ཅིང་ཁོང་གི་བཀའ་དེ་ལྷག་བསམ་རྣམ་དག་ངང་སྒྲུབ་ཐུབ་པ་བྱ་དགོས། སློབ་མ་ང་རང་ཡང་བོད་པའི་སྐད་ཡིག་དང་རིག་གཞུང་ཐོག་ལ་སྤོབས་པ་ཆེན་པོ་ཡོད་ཅིང་། རྟག་ཏུ་འདི་ལ་སྲུང་སྐྱོབ་དང་ཉམས་སུ་བླངས་མཁན་ཞིག་ཡིན་པས་སློབ་ཕྲུག་གང་མང་ནས་ཀྱང་དེ་ལྟར་འཕེལ་བའི་སྨོན་ལམ་ཡང་ཡང་ཞུ། །

བོད་པ་ཞིག་ཡིན་པའི་ཆ་ནས་བོད་

བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པ་ངའི་ལས་འགན་ཡིན།

ཟླ་བ་བློ་བཟང་། འཛིན་གྲྭ་དགུ་པ་གདུགས། ཅོན་ཏ་ར་བོད་ཁྱིམ། སྤྱིར་གོ་ལ་ཟླུམ་པོ་འདིའི་ནང་མི་རིགས་ཕུན་སུམ་ཚོགས་པ་འདྲ་མིན་གནས་བཞིན་ཡོད། བདག་གི་ཁ་བ་ཅན་གྱི་ཡུལ་ལྗོངས་སུ་ཡུལ་གྲུ་གཞན་ལས་ལྷག་པའི་བརྗིད་ཉམས་དང་ལྡན་པའི་སྐད་ཡིག་ཡོད། ཡིན་ནའང་སྟབས་མ་ལེགས་པ་ཞིག་ལ་ངོས་ཀྱི་ལྟ་ན་སྡུག་པའི་ཕ་ཡུལ་བོད་ལྗོངས་དེ་དགྲ་བོ་རྒྱ་དམར་གྱི་ལག་ཏུ་ཤོར་བས་རྒྱ་དམར་དག་གིས་གཙོ་བོ་བོད་མི་རིགས་ཤུལ་མེད་གཏོང་ཐབས་སུ་དང་ཐོག་བོད་ཀྱི་སྐད་ཡིག་གཙང་དག་བཟོ་རྒྱུའི་ཆེད་སྒོ་གསུམ་གྱི་བྱ་སྤྱོད་ཀྱི་ཐོག་ནས་གྲལ་བསྒྲིགས་ཡོད། རང་དབང་ལུང་པའི་ནང་གནས་བཞིན་པའི་བྱེས་འབྱོར་མི་རིགས་སྤུན་ཟླ་རྣམས་ཀྱིས་དེའི་ཐོག་ལ་དགོངས་པ་རྒྱ་ཆེར་བཞེས་ཏེ། མི་རིགས་ཀྱི་སྲོག་རྩ་བོད་ཀྱི་སྐད་ཡིག་འདི་མི་ཉམས་རྒྱུན་འཛིན་བྱ་རྒྱུའི་ལས་འགན་ལྗིད་པོ་ཞིག་ཡོད། བོད་མིའི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་རིན་པོ་ཆེ་མཆོག་གིས་སྐུ་ཚེ་ཧྲིལ་པོ་བོད་ཀྱི་ཆོས་དང་རིག་གཞུང། དེ་བཞིན་སྐད་ཡིག་དང་གོམས་གཤིས་ལ་སོགས་པ་མ་བརླག་པའི་ཆེད་དུ་སྐུ་ངལ་ཚད་མེད་བསྐྱོན་ཏེ་རྒྱ་གར་གཞུང་དང་འབྲེལ་བ་གནང་སྟེ། རྒྱ་གར་ནང་དུ་བོད་མིའི་གཞིའི་ཆགས་སློབ་གྲྭ་ཁག། དགོན་སྡེ་ཁག བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་བཅས་འཛུགས་ཐུབ་པ་བྱུང་ཡོད། རང་དབང་ལུང་པ་ཁག་གི་ནང་གནས་བཞིན་པའི་བོད་མི་རྩམ་གཟན་ཡོད་དོ་ཅོག་ལ། ང་རང་ཚོས་རང་དབང་ལུང་པའི་ནང་རང་ཉིད་ཀྱི་ཆོས་དང། རིག་གཞུང། སྐད་ཡིག་སོགས་མི་ཉམས་གོང་འཕེལ་དང་། དེ་དག་བདག་གཅེས་ཐུབ་ཆེད་ང་རང་ཚོར་གོ་སྐབས་བཟང་པོ་ཞིག་ཐོབ་པར་ཆུད་ཟོས་སུ་མི་བཏང་བར་དེ་དག་ལ་སློབ་སྦྱོང་བྱས་ཏེ། སྲུང་སྐྱོབ་བྱ་རྒྱུ་འདི་བོད་པ་ཞིག་ཡིན་པའི་ཆ་ནས་ལས་འགན་གལ་ཆེན་པོ་ཞིག་ཆགས་ཡོད། བོད་པའི་མི་ཡིས་རང་གི་ཆོས་དང་རིག་གཞུང། སྐད་ཡིག་སོགས་མ་སྦྱངས་ན་རྒྱལ་ཁབ་གཞན་གྱི་མི་ཡིས་ག་ལ་སྦྱངས། ནམ་ཞིག་བོད་པའི་མི་ཡིས་ཕྱི་རྒྱལ་མགོ་སེར་ལས་རང་གི་ཆོས་དང། རིག་གཞུང། སྐད་ཡིག་སོགས་སློབ་དགོས་ཤར་ཚེ། ང་ཚོ་ངོ་ཚའི་གནས་སུ་ལྷུང་ངེས་རེད། གཞིས་ལུས་སྤུན་ཟླ་རྣམས་ཀྱིས་དགྲ་བོ་རྒྱ་དམར་གྱིས་གདུག་རྩུབ་དང་དྲག་གནོན་ཇི་ལྟར་བྱས་ཀྱང་། གདུག་རྩུབ་དང་དྲག་གནོན་དེ་དག་ལ་མ་བལྟོས་པར་ཉིན་མཚན་སྦྲེལ་ཏེ་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་བདག་གཅེས་སྲུང་སྐྱོབ་བྱེད་བཞིན་ཡོད། རྒྱ་དམར་ཀླ་ཀླ་དག་གིས་བོད་འདི་འཆར་གཞི་ལྡན་པའི་ཐོག་ནས་རྒྱ་ཡུལ་དུ་སྒྱུར་ཐབས་སུ། བོད་ནང་སྔོན་འགྲོ་ནས་བོད་ཀྱི་སྐད་ཡིག་བསླབས་མི་ཆོག་པར་རྒྱ་ཡིག་རྐྱང་རྐྱང་བསླབ་རྒྱུ་བཟོས་ཏེ། བོད་ཀྱི་སྐད་ཡིག་ཉམས་བརླག་གཏོང་རྒྱུའི་ངན་བྱུས་བརྩམས་ཡོད། བོད་ནང་དུ་བོད་པའི་རྩོམ་སྒྲིག་པ་དང། སྒྱུ་རྩལ་པ། བོད་པའི་སྐད་ཡིག་ལ་ཤ་ཞེན་ཡོད་མཁན་མང་པོ་ཞིག་ལ་ནག་ཉེས་ཁ་གཡོགས་བྱས་ཏེ་འཛིན་བཟུང་གིས་བཙོན་དུ་བཅུག་སྟེ། ཉེས་རྡུང་ཚད་མེད་མྱང་མུས་ཡིན། མདོར་ན་རྒྱལ་ཁབ་གཅིག་ཡུན་རིང་གནས་དགོས་ན་རྒྱལ་ཁབ་དེ་ཡི་སྐད་ཡིག་ཀྱང་གནས་དགོས་པ་ཡིན་ཞིང། རྒྱ་མིས་བོད་ནང་བོད་ཀྱི་རྩ་ཆེན་ཆོས་དང་རིག་གཞུང་། སྐད་ཡིག་ལ་སོགས་པ་རྩ་མེད་གཏོང་བཞིན་ཡོད་ན། ང་རང་ཚོ་རང་དབང་ལུང་པའི་ནང་ཡོད་པའི་བྱེས་འབྱོར་སྤུན་ཟླ་རྒན་བྱིས་ཡོངས་ནས་རང་གི་ཆོས་དང། རིག་གཞུང། སྐད་ཡིག་སོགས་ལ་དོ་སྣང་བྱས་ཏེ་སྦྱོང་དགོས་རྒྱུ་ནི་ང་ཅག་བོད་རིགས་སློབ་མ་རྣམས་ཀྱིས་འགན་ཞིག་རེད་ཨང།

ང་བོད་པ་ཞིག་ཡིན་པའི་ཆ་ནས་བོ

ང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱང་དགོས་པ་ངའི་ལས་འགན་ཡིན།

བསྟན་འཛིན་དགྲ་ལྷ། འཛིན་གྲྭ་དགུ་པ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། ཚ་ཞིང་ཆེ་བའི་འཛིན་ཁང་གྲུ་བཞི་དེའི་ནང་དུ་སློབ་ཕྲུག་ཚང་མས་དཔྲལ་བའི་སྟེང་ནས་རྔུལ་ནག་མུ་ཏིག་གི་ཕྲེང་ཐག་ཆད་པ་ལྟར་ས་ལ་ལྷུང་ན་ཡང་འཕྱིས་ཁོམ་མེད། ཨང་རྩིས་ཚོགས་ཐེངས་དེ་ཉོབ་སྣང་ངང་མཇུག་སྒྲིལ་སོང་། རྒྱ་གར་གྱི་གློག་བརྙན་འཁྲབ་མཁན་འདྲ་བའི་རྒན་ཟླ་བ་ཚེ་རིང་ལགས་སྔར་རྒྱུན་བཞིན་དུས་ཐོག་དུ་འཛིན་གྲྭ་ལ་ཕེབས་བྱུང་། དེ་རྗེས་རྒན་ལགས་ཀྱིས་ང་ཚོ་ལ། ང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པའི་ལས་འགན་སྐོར་ལ་རྩོམ་ཡིག་ཅིག་འབྲི་དགོས་ཞེས་གསུངས་བྱུང་། བོད་མི་རིགས་ཀྱི་སྐད་དང་ཡི་གེའི་སྲོག་གི་རྩ་བ་ལ་གནས་པའི་སྐད་ཆ་བཤད་རྒྱུའི་འགན་དབང་ནི་བོད་མི་ཡིན་ནོ་ཅོག་ཐམས་ཅད་ལ་འཁྲི་བར་ངེས་པའི་བྱ་བ་ཞིག་ཡིན་ན། བུ་ཆུང་ང་ཡང་བོད་པ་ཞིག་ཡིན་པའི་ཆ་ནས་ནམ་རྒྱུན་རང་གི་ཉིན་རེའི་འཚོ་བའི་ནང་དུ་བོད་ཡིག་སྤྱངས་ཏེ་བོད་སྐད་འཆད་བཞིན་པའི་བོད་མི་སྐོར་ཞིག་གི་ཁྲོད་ན་འཚོ་ཞིང་གནས་བར་བསྡད་ཡོད་པའི་བོད་ཕྲུག་ཅིག་ཡིན་པའི་ཆ་ནས་བོད་སྐད་ལ་དུངས་ཞིང་བོད་ཡིག་ལ་ཞེན་པའི་རང་གི་ཕ་དང་མ་ལ་དགའ་བའི་བརྩེ་སེམས་དང་འདྲ་འདྲའི་ཚོར་བ་ཡོད་མཁན་ཞིག་ཡིན། འདི་ལྟ་བུའི་བརྩེ་ཞེན་གྱི་དགའ་བ་ལ་གནོད་པའི་དུས་ནི་ངའི་སྙིང་གི་སྡིངས་ལ་གྲིས་བཙུགས་པ་ལྟ་བུ་དང་ངའི་སེམས་ཀྱི་དབུས་ནས་མེ་འབར་བ་དང་འདྲ་བ་ལགས་ན། ཁ་སང་དེ་རིང་གི་བོད་ཀྱི་སྐད་དང་ཡི་གེའི་གནས་བབ་འདིས་ང་ལ་ན་ཟུག་ཅིག་དང་། མ་ཟད་བོད་ཡིག་ལ་ཞེན་ཁོག་ཆེན་པོ་ཡོད་མཁན་གྱི་སྤུན་གྲོགས་དག་ལ་ཡང་དེ་ལྟའི་ཚོར་བ་ཞིག་སྟེར་སྲིད། སྐད་ཡིག་ཅེས་པ་ནི་ཆེས་རླབས་ཆེན་ཞིག་སྟེ། རྒྱལ་ཁབ་ཅིག་ལ་མཚོན་ན་སྐད་ཡིག་ནི་རྒྱལ་ཁབ་དེའི་མི་རིགས་མངའ་ཁོངས་དང་། མི་རིགས་དེའི་རྒྱལ་ཁབ་ཀྱི་ངོ་བོ་མཚོན་བྱེད་ཅིག་ཡིན། དེར་བརྟེན་བོད་པ་ཞིག་ལ་མཚོན་ན་རང་གི་མི་རིགས་ཀྱི་སྐད་ཡིག་ནི་ཆེས་རླབས་ཆེན་ཞིག་ཡིན་པས་རང་རྒྱལ་གཞན་མི་རིགས་ཀྱི་མངའ་འོག་ཏུ་ཤོར་ཟིན་ན་ཡང་། རང་མི་རིགས་ཀྱི་སྐད་ཡིག་དེ་ད་དུང་རང་མི་རིགས་ཀྱི་ལག་ཏུ་འཚོ་བཞིན་ཡོད་པ་ནི་ང་ཚོའི་གཟི་བརྗིད་རེད། བོད་ལ་ཡོད་པའི་བོད་ཕྲུག་རྣམས་ལ་བོད་ཡིག་སྦྱོང་རྒྱུའི་གོ་སྐབས་ཀྱང་ཐོབ་ཀྱི་མེད། བུ་ཆུང་ངས་བོད་པ་ཚོས་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་དགོས་པའི་ཐོག་ལ་སེམས་གཏིང་གི་སྐད་ཆ་ཏོག་ཙམ་ཞིག་བཤད་ན་འདོད་སོང། སྤྱིར་ང་ཚོའི་བོད་ཀྱི་སྐད་ཡིག་འདི་ང་རང་ཚོའི་མེས་པོ་དམ་པ་རྣམས་ཀྱི་ཁྲག་དང་། རྔུལ་ནག གསེར་དང་དངུལ་གྱི་རྒྱུ་ནོར་འགྲོ་སོང་བཏང་ནས་ད་གཟོད་སྐད་ཡིག་འདི་བྱུང་བ་ཞིག་རེད། དེ་འདྲའི་རྩ་ཆེ་བའི་སྐད་ཡིག་འདི་ང་ཚོ་གཞོན་སྐྱེས་ཚོས་ངེས་པར་དུ་ཤེས་དགོས་ཀྱི་འདུག་ལ། སེམས་གཏིང་ནས་ཚོར་ཐུབ་པ་བྱེད་དགོས་རེད། བོད་མི་རིགས་ཀྱི་སྐད་ཡིག་འདི་བོད་མི་རིགས་ཀྱི་ཚི་སྲོག་རེད། ཅེས་བུ་ཆུང་ངས་བློ་ཐག་ཆོད་པོས་ཤོད་ཐུབ་པ་ཞིག་ཡིན། རྒྱུ་མཚན་ནི། འདས་པའི་ལོ་རྒྱུས་ནང་ལ་མི་རིགས་ཤིག་རྩ་མེད་བཟོ་བའི་ཆེད་ཐོག་མར་མི་རིགས་དིའི་སྐད་ཡིག་རྩ་མེད་བཟོས་ཡོད། ༸གོང་ས་མཆོག་ནས། བོད་མི་རིགས་གནས་དགོས་ན་བོད་སྐད་ཡིག་ལ་སློབ་སྦྱོང་བྱེད་དགོས། ཞེས་གསུངས་ཡོད། མ་ཟད། ༸པཎ་ཆེན་རིན་པོ་ཆེ་མཚོག་ནས། བོད་པས་བོད་སྐད་མ་ཤེས་ན་ངོ་ཚ་རེད། ཅེས་གསུངས་ཡོད། བོད་ནང་ལ་ཆ་མཚོན་ན་ཡང་རྒྱ་མིས་བོད་སྐད་ཡིག་རྩ་མེད་བཟོས་དང་བཟོ་བཞིན་ཡོད། དེེའི་དམིགས་ཡུལ་ནི་བོད་མི་རིགས་འདི་རྩ་མེད་བཟོ་བའི་འཆར་གཞི་དེ་ཡིན། དེ་འདྲ་སོང་ཙང་བོད་མི་རིགས་འདི་འཛམ་གླིང་འདིའི་ཐོག་གསོན་པོ་གནས་ཐུབ་པ་དང་། ལྷག་པར་དུ་བོད་ཀྱི་ཆོས་དང་། རིག་གཞུང་། ངོ་བོ་བཅས་མི་ཉམས་རྒྱུད་འཛིན། དེ་བཞིན་འཛམ་གླིང་སྤྱི་ལ་ཕན་པའི་ཡ་རབས་བཟང་སྤྱོད་དང་། འཚེ་བ་མེད་པ། འཆམ་མཐུན་བཅས་ཀྱི་ཐོག་ལ་ཞབས་ཕྱི་སྒྲུབ་པའི་ཆེད། བོད་ཀྱི་སྐད་ཡིག་འདི་གསོན་པོར་གནས་དགོས་ཀྱི་ཡོད། དེ་འདྲའི་སྐད་ཡིག་འདི་གསོན་པོར་གནས་པའི་ཆེད་བོད་པ་ང་ཚོས་བོད་སྐད་ཡིག་འདི་བེད་སྤྱོད་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ཞིག་འདི་འདྲ་ཡིན། བྱས་ཙང། ཚང་མས་ནུས་པ་མཉམ་སྤུངས་ཀྱིས་བོད་ཀྱི་སྐད་ཡིག་བེད་སྤྱོད་གནང་རོགས་གནང་ཞུ་རྒྱུ་ཡིན།

ང་བོད་པ་ཞིག་ཡིན་པའི་ཆ་ནས་བོ

ང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པ་ངའི་ལས་འགན་ཡིན།

ཆོས་སྐྱིད། འཛིན་གྲྭ་བཅུ་གཉིས། གོ་པལ་པུར་བོད་ཁྱིམ། གོ་ལ་ཟླུམ་པོ་འདིར་གནས་ཆགས་པའི་མི་རིགས་གང་འདྲ་ཞིག་ཡིན་རུང་གནའ་སྔ་མོ་ནས་བཟུང་རྒྱུན་འཛིན་དང་དར་སྤེལ་གཏོང་འདོད་ཡོད་པ་ནི་མི་རིགས་རང་གི་སྐད་ཡིག་དང། ཡུལ་སྲོལ་གོམས་གཤིས་སོགས་ཡིན་ཏེ། རྒྱུ་མཚན་ནི་མི་རིགས་ཤིག་ལ་རང་གི་སྐད་དང་ཡི་གེ་སོགས་ནི་ཆེས་རིན་ཐང་བྲལ་བའི་ནོར་བུ་ཞིག་ཡིན། རང་མི་རིགས་ཀྱི་སྐད་ཡིག་མེད་ཚེ་མི་རིགས་གཞན་གྱིས་གཉའ་གནོན་བྱེད་ས་དང་བྲན་དུ་འགྲོ་ངེས། དེ་བཞིན་མི་རིགས་ཀྱི་འཕེལ་རྒྱས་དང་ཉམས་རྒུད་ཀྱི་རྩ་བ་ཡང་མི་རིགས་རང་གི་སྐད་དང་ཡི་གེ་ཡིན་ཏེ། ང་སློབ་འབྲིང་ལ་འགྲོ་བའི་དུས་ཡུན་ནང་དཔེ་དེབ་ལྟ་ཀློག་བྱེད་རྒྱུར་དགའ་མོས་དང་དམིགས་བསལ་བོད་ནང་ནས་དཔེ་བསྐྲུན་གནང་བའི་དེབ་ལ་དེ་བས་ཤེས་རྟོགས་དང་། རྩོམ་པ་པོའི་དགོངས་བཞེས་ལ་རྒྱུས་སོན་བྱེད་རྒྱུར་དགའ་མོས་ཡོད་མཁན་ཞིག་ཡིན། དཔེ་དེབ་གཅིག་གི་ནང་སི་ཏ་ལེན་གྱིས་མི་རིགས་ཤིག་ལོ་རྒྱུས་ཐོག་ཡུན་རིང་གནས་དགོས་ན། དེའི་སྐད་ཡིག་བཀོལ་སྤྱོད་དང་འཕེལ་རྒྱས་གཏོང་དགོས། གལ་ཏེ་དེ་ལས་ལྡོག་སྟེ་མི་རིགས་ཤིག་རྩ་མེད་དུ་གཏོང་དགོས་ན། སྔོན་ལ་མི་རིགས་དེའི་སྐད་ཡིག་མེད་པར་བཟོས་ན་མི་རིགས་དེ་རང་བཞིན་དུ་མེད་པར་འགྲོ་སྲིད་ཅེས་བཤད་ཡོད། དེ་བཞིན་མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གིས་ཀྱང། བོད་ཀྱི་སྐད་ཤེས་པ་གཞིར་བཞག་གིས་སྐད་རིགས་གཞན་ཤེས་ན་ཡོན་ཏན་དང། རང་གི་སྐད་རིགས་མི་ཤེས་པར་སྐད་རིགས་གཞན་ཞིག་སྨྲ་ཁུལ་བྱས་ན་ཁྲེལ་དགོད་བྱེད་མཁན་མ་གཏོགས། བསྔགས་བརྗོད་བྱེད་མཁན་འཛམ་གླིང་ཁྱོན་ལ་ཡོད་ཚོད་མི་འདུག་གསུངས། མ་ཟད་དཔེ་དེབ་ཧི་མ་ལ་ཡའི་ཆབ་རྒྱུན་གྱི་ཚན་པ་གཅིག་གི་ནང་མན་ཇུའི་མི་རིགས་ཀྱི་ལོ་རྒྱུས་གླེང་ཡོད། མན་ཇུའི་མི་རིགས་ལྟ་བུ་ལ་ཆ་མཚོན་ན་ཐོག་མར་རྒྱ་ནག་ལ་ལོ་མང་པོ་དབང་བསྒྱུར་བྱས་ཤིང་། རྒྱ་ནག་ལ་དབང་བསྒྱུར་བྱེད་པར་སྟབས་བདེ་བའི་ཆེད་དུ་རང་གི་སྐད་ཡིག་དོར་ཏེ་རྒྱ་ནག་གི་སྐད་ཡིག་བེད་སྤྱོད་བྱས་ཡོད། རྗེས་སུ་རྒྱ་ནག་གིས་ཡར་ལངས་བྱས་ཏེ་སླར་ཁོ་ཚོར་དབང་བསྒྱུར་བྱས་པའི་ལོ་རྒྱུས་མཆིས། དེ་ལས་ཐབས་སྐྱོ་བ་ཞིག་ལ་དེང་སྐབས་མན་ཇུའི་མི་རིགས་ཀྱི་སྐད་ཡིག་ཤེས་མཁན་གཅིག་ཀྱང་མེད་པ་མ་ཟད་ད་ལྟའི་སའི་གོ་ལའི་སྟེང་དུ་མན་ཇུའི་མི་རིགས་ཞེས་པའི་མིང་ཙམ་ལས་ཕལ་ཆེར་མེད་པར་གྱུར་འདུག གོང་གི་རྒྱུ་རྐྱེན་དེ་དག་ལ་བརྟེན་ནས་ང་སློབ་འབྲིང་ལོ་རིམ་གཉིས་པ་ནས་བཟུང་རང་ཉིད་ཀྱི་ཁྲག་རྩ་ན་རྒྱུགས་བཞིན་པའི་ཁྲག་འདི་ནི་བོད་མི་རིགས་ཀྱི་ཁྲག་རྒྱུན་དང་འདྲེས་ཏེ་ལྡོག་ཐབས་མེད་པའི་ངེས་ཤེས་ཤིག་རྙེད་འགོ་ཚུགས་བྱུང་ལ། མ་ཟད་དུས་རབས་ཉེར་གཅིག་པའི་ནང་བོད་མི་རིགས་འདི་རྗེས་ལུས་ཀྱི་རྣམ་པ་བསྒྱུར་ཏེ་སྔོན་ཐོན་གྱི་གྲལ་དུ་ཚུད་དགོས་ན་ཐོག་མར་རང་གི་སྐད་ཡིག་དང་རིག་གཞུང་གི་སྒྲོམ་གཞི་བརྟན་པོ་འཛུགས་དགོས་པའི་འགན་འཁྲི་དེ་ང་ཚོ་དེང་རབས་ཀྱི་ན་གཞོན་ཚོར་ཡོད་པ་དེ་ཡང་ཤེས་བྱུང། དེ་བཞིན་སྐད་ཡིག་གི་འཇིག་ཉེན་འདི་ཡང་ཤེས་བྱུང། རང་མི་རིགས་ཀྱི་སྐད་ཡིག་འཇིག་ཉེན་གྱི་གོམ་པའམ་ཐེམ་སྐས་དང་པོ་ནི་སློབ་གྲྭ་ཁག་ནང་རྒན་ལགས་ཚོས་སློབ་ཕྲུག་ཚོར་ཚིག་སྦྱོར་དང་ཡིག་ནོར་མང་པོ་ཞིག་ལ་སྣང་མེད་ཀྱིས་སྐར་གྲངས་སྟེར་རྒྱུ་དེ་ནས་འགོ་བཙུགས་ཡོང་བའི་ཚོར་སྣང་འདུག། སློབ་གྲྭ་ནི་ཤེས་རིག་གི་རྨང་གཞི་སྒྲིག་སའི་ཆུ་མགོ་ལྟ་བུ་ཡིན་པས་རང་མི་རིགས་འདི་ཤི་དང་གསོན་གྱི་བར་མཚམས་འབྱེད་ཐུབ་མཁན་ཡང་ད་ལྟ་ཡོད་བཞིན་པའི་སློབ་གྲྭ་ཁོ་ན་རེད། སྤྱིར་བཏང་སློབ་ཕྲུག་ཚོར་སློབ་གྲྭའི་འཚོ་བའི་ནང་ཤེས་ཡོན་གྱི་གསོན་ཤུགས་སྤེལ་ཐབས་ལ་བསྔགས་བརྗོད་ཚུལ་དུ་སྐར་གྲངས་མཐོན་པོ་སྟེར་རྒྱུ་གལ་ཆེན་པོ་རེད། ཡིན་ནའང་བོད་ཁྱིམ་སློབ་གྲྭ་ཁག་ལ་ཆ་མཚོན་ན་རང་མི་རིགས་འདིའི་ཤི་གསོན་ལ་ཐུག་པའི་སློབ་གྲྭ་ཤ་སྟག་རེད། དེར་བརྟེན་རྒན་ལགས་ཚོས་སེམས་ནུས་ཡོད་ཚད་སྐར་གྲངས་ཐོག་མ་བཞག་པར་འབྲི་ཀློག་གཉིས་ལ་དུས་ཚོད་མང་ཙམ་དང། ཡིག་རྒྱུགས་སྐབས་སུའང་སྐར་གྲངས་དམ་ཙམ་གནང་ཐུབ་ཚེ། སློབ་ཕྲུག་ཚོས་རང་བཞིན་གྱི་འབྲི་ཀློག་ཐོག་དོ་སྣང་གནང་གི་རེད། དེ་མིན་རྒན་ལགས་ཚོས་སློབ་ཕྲུག་ཚོའི་ཡིག་རྒྱུགས་ལ་དམིགས་ནས་ངག་ཐོག་ཁོ་ནའི་ཐོག་སྐར་གྲངས་སྟེར་བ་ཡིན་ན། ལོ་འགའ་ཤས་ལས་མ་འགོར་བར་རང་མི་རིགས་ཀྱི་བླ་སྲོག་ལ་ཐུག་པའི་སྐད་ཡིག་འདི་འབྲི་ཀློག་ཚད་ལྡན་ཤེས་མཁན་ནི་ཉིན་མོའི་སྐར་མ་ལྟར་ཆགས་སྲིད་ལ། དེ་བཞིན་སློབ་ཕྲུག་སོ་སོ་སྤྱི་ཚོགས་ནང་འགྲོ་བའི་སྐབས་རང་མི་རིགས་ཀྱི་སྐད་ཡིག་ཐོག་རང་རྐྱ་འཕེར་བའི་བོད་མི་ཚད་ལྡན་ཞིག་ཆགས་མཁན་ཇི་ཙམ་ཡོད་དམ་ཟེར་ན། དེ་ནི་ང་ཚོར་དྲི་བ་ཆེན་པོ་ཞིག་དང་འཇིག་ལ་ཉེ་བའི་རྒྱལ་ཁབ་ཅིག་ཏུ་གྱུར་མི་སྲིད་པ་མ་རེད། ངས་འདི་ལྟར་གླེང་དགོས་དོན་ནི་རང་ཉིད་སློབ་ཕྲུག་གཅིག་གི་མྱོང་ཚོར་ཐོག་ནས་གླེང་གི་ཡོད། མདོར་ན་ཀློག་པ་པོ་ལགས། སྐད་ཡིག་ཉམས་ན་མི་རིགས་ཀྱང་རྒུད་འགྲོ་ཡི་ཡོད་པའི་བློ་འཚབ་དེ་ཡང་བདག་ལ་མཆིས་པར་བརྟེན། ངས་གོང་གི་ཡིག་ཕྲེང་དུམ་བུ་དེ་དག་ཤོག་བུ་དཀར་པོར་ཡིག་འབྲུ་ནག་པོ་ཙམ་མ་ཡིན་པར་རང་ཉིད་བོད་པ་ཞིག་ཡིན་པའི་འགན་འཁྲི་དང། མ་ཟད་སློབ་ཕྲུག་ཅིག་གི་མྱོང་ཚོར་ཇི་བཞིན་ཡིག་ཐོག་ཏུ་ཕབ་པ་ཞིག་ཡིན། དེར་བརྟེན་ངའི་མ་འོངས་ཕུགས་བསམ་ཁྲོད་ཐོབ་གོ་ས་དང། རྒྱུ་འབྱོར་པ་ཅུང་ཙམ་གྱི་དོན་དུ། རང་མི་རིགས་ཀྱི་སྐད་དང་ཡི་གེ་གཉིས་གད་སྙིགས་ནང་དུ་མ་འཕེན་པར། འདབ་གཤོག་གཉིས་ལྡན་གྱི་གཤོག་རྩལ་རྒྱས་ཏེ་ནམ་མཁའི་དབྱིངས་སུ་འཕུར་བའི་འདུན་པ་དེ་བདག་ལ་མཆིས། །

ང་བོད་པ་ཡིན་པའི་ཆ་ནས་བོད་ཡི

ང་བོད་པ་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པ་ངའི་ལས་འགན་ཡིན།

བློ་བཟང་ལྷུན་གྲུབ། འཛིན་རིམ་བཅུ་པ། རྫོང་ཆོས་སློབ་གྲྭ། ང་བོད་པ་ཞིག་ཡིན་པའི་ངོས་ནས་གངས་ལྗོངས་ཀྱི་སྐད་ཡིག་སྦྱོང་རྒྱུ་བདག་གི་འོས་འགན་གཙོ་བོ་ཡིན་པ། ངས་དུས་རྟག་ཏུ་ཡིད་ལ་ལྷང་ལྷང་དྲན་བཞིན་ཡོད། དེ་ཉིན་ལྟར་སེམས་ནང་བསམ་དགོས་དོན་གང་ལགས་ཤེ་ན། སྤྱིར་གཞན་ལའང་བསམ་ཚུལ་ལམ་རྒྱུ་མཚན་ཇི་སྙེད་ཅིག་མཆིས་པ་ཐེ་ཚོམ་ཡེ་ནས་མེད། ཡིན་ཡང་གུས་པར་རྒྱུ་མཚན་རེ་འགའ་ཡོད་པར་རྣམས་ནི། དང་པོ། བོད་པའི་སྐད་ཡིག་ལ་གཞན་དང་མི་འདྲ་བའི་ཁྱད་ཆོས་དུ་མ་ཡོད་ཚུལ། གཉིས་པ། སྐད་ཡིག་དེ་འཛམ་གླིང་འདིའི་ནང་དགོས་མཁོ་ཆེ་བའི་སྨན་ལྟ་བུ་ཆགས་ཚུལ། གསུམ་པ། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་དང་རྒྱལ་ཁབ་རྒྱུན་གནས་ཆེད་རྟེན་གཞི་གཙོ་བོ་ཡིན་ཚུལ་བཅས་ཡིན། དང་པོ། གཞན་དང་མི་འདྲ་བའི་ཁྱད་ཆོས་དུ་མ་དང་ལྡན་ཚུལ་ནི། རང་ཅག་གི་བོད་པའི་སྐད་ཡིག་ནི། ལོ་རྒྱུས་ཐོག་ནས་བཤད་ན་གངས་ཅན་པའི་སྐད་ཡིག་དེ་ལོ་ངོ་ཆིག་སྟོང་ལྷག་བརྒལ་བའི་ལོ་རྒྱུས་མངའ་བ་དང་། དེ་འདྲ་སོང་བའི་སྐད་ཡིག་ནི་འཇིག་རྟེན་འདིའི་ནང་ན་ཧ་ཅང་ཉུང་ཞིང་། འཛམ་གླིང་འདིའི་སྒང་ལ་སྐད་རིགས་མི་འདྲ་བ་བདུན་སྟོང་ཙམ་ཡོད། དེ་ཡི་ནང་ནས་སྐད་དང་ཡི་གེ་གཉིས་ཀ་ཡོད་པ་ལྔ་བཅུ་ཙམ་ལས་མེད། བོད་པའི་སྐད་ཡིག་འདི་དེའི་ཁུངས་གཏོགས་སུ་ཡོད། སྐད་ཡིག་འདི་ལ་ཡིག་གཟུགས་ཀྱི་ཁྱད་ཆོས་ཀྱང་བཅས་ཏེ། བོད་གངས་ཅན་ལྗོངས་ཀྱི་ཡིག་གཟུགས་དེ་ལ་མེས་བོ་རྒན་པ་རྣམས་ཀྱིས་སྐུ་ངལ་ཚད་མེད་གནང་བར་བརྟེན། ད་ལམ་གྱི་མི་རབས་ང་ཚོའི་ལག་ཏུ་སྒྱུ་རྩལ་གྱི་རང་བཞིན་དང་ལྡན་པའི་ཡིག་གཟུགས་སྣ་ཚོགས་པ་བརྒྱ་ལྷག་ཙམ་ཞིག་ཡོད་དེ། སྦལ་ནག་བགྲད་འདྲའི་ཡིག་གཟུགས་དང་། བྱ་ཕོ་གཤིབ་འདྲའི་ཡིག་གཟུགས། ཉ་མོ་ཆུ་ནང་ནས་ཕྱུང་འདྲའི་ཡིག་གཟུགས། སེང་གེ་གནམ་ལ་འཕྱོངས་འདྲའི་ཡིག་གཟུགས། དབུ་ཅན་གྱི་ཡིག་གཟུགས། དཔེ་ཚུགས་ཀྱི་ཡིག་གཟུགས། འབྲུ་ཚའི་ཡིག་གཟུགས་སོགས་ཡོད། ཡིན་ཡང་བཙན་བྱོལ་ནང་དུ་བོད་ཀྱི་ཡིག་གཟུགས་ཉིན་མོ་སྲུང་བརྩི་བྱེད་པ་ལ་སོགས། ཡིག་གཟུགས་ལ་དོ་སྣང་གནང་མཁན་ཧ་ཅང་ཉུང་ན་ཡང་རང་དབང་མེད་པའི་བོད་ནང་དུ་ཡིག་གཟུགས་དུས་ཆེན་སྲུང་རྩི་ཞུ་མཁན་དང་། འབྲི་མཁན། དགའ་མོས་གནང་མཁན་སོགས་ཤིན་ཏུ་ནས་མང་། གཞན་ཡང་ཡུལ་ལུང་སུ་ལའང་མེད་པར་ང་ཚོ་བོད་པའི་སྐད་ཡིག་ལ་ཡོད་པ་ནི་མིང་གི་ཚོགས་དེ་ཡིན། ཡིན་པའི་རྒྱུ་མཚན་ཡང་དག་ཡོད་དེ། དཔེར་མཚོན་ཙམ་ཉི་མ་དང་ཟླ་བ་ལ་སྦྱར་ནས་ཞུས་པ་ཡིན་ན། དང་པོ་ཉི་མ་ལྟ་བུ་ལ་མཚོན་ན་དབྱིན་སྐད་ལ་(sun) ཟེར། བོད་སྐད་ལ་རྟ་ལྗང་ཅན་དང་། རྟ་བདུན་དབང་པོ། ཚར་ཟེར་ཅན། སྣང་བྱེད་བདག་པོ། ཉིན་མོའི་མགོན་སོགས་མིང་གི་རྣམ་གྲང་བཅུ་ལྷག་ཡོད། གཉིས་པ་ཟླ་བར་དབྱིན་སྐད་ལ་(moon) ཟེར། བོད་སྐད་ནང་ལ་འོད་དཀར་ཅན་དང། བསིལ་བསིལ་ཅན། རི་བོང་ཅན། ཀུནྡའི་གཉེན། མཚན་མོའི་མགོན་ལ་སོགས་པ་མིང་ཚིག་བཅུ་ལྷག་ཡོད། དབྱིན་ཇིའི་སྐད་ཡིག་དང་རྒྱའི་སྐད་ཡིག་སོགས་ལ་མིང་ཚིག་དེ་འདྲ་ཕྱུག་པོ་མེད་པ་དེང་དུས་ཀྱི་མཁས་དབང་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔལ་ལྡན་རྫོང་ཆོས་གྲྭ་ཚང་དུ་ཕྱི་ལོ་༢༠༡༣ ཕྱི་ཟླ་༧ […]