འཆི་མེད་གཡང་འཛོམས། འཛིན་རིམ་བཅུ་གཉིས། མོན་གྷོ་གཏན་ཉིན་སློབ་གྲྭ། ཐོག་མར་ས་བཅད་རྣམ་པ་གཉིས་ཀྱི་སྒོ་ནས་བཤད་པར་བྱ་སྟེ། བོད་ཡིག་ཤེས་པའི་དགེ་མཚན་དང་། བོད་ཡིག་མི་ཤེས་པའི་སྐྱོན། དང་པོ་བོད་ཡིག་ཤེས་པའི་དགེ་མཚན་གྱི་སྐོར་བཤད་པ། བོད་ཡིག་དང་བོད་ཡིག་གི་རིན་ཐང་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེ་བར་སྙམ། བོད་ཡིག་ཅེས་པ་ནི་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཐོན་མིས་གསར་སྐྲུན་མཛད་པའི་ཡི་གེ་ལ་བོད་ཡིག་ཅེས་གོ་དགོས་པར་སེམས། བོད་ཡིག་ནི་ཧ་ཅང་རིན་ཐང་ཆེ་བ་ཡིན། བོད་ཀྱི་ཡི་གེ་ཤེས་ན་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པའི་གསུང་རབ་ཡོངས་སུ་རྫོགས་པ་བོད་ཡིག་ནང་དུ་སློབ་གཉེར་བྱ་རྒྱུ་ཡོད་པས་བོད་ཡིག་ནི་འཛམ་གླིང་གོ་ལ་ཧྲིལ་པོའི་ནང་དུ་ཆེས་ཁྱད་པར་དུ་འཕགས་པའི་ཡི་གེ་ཞིག་ཡིན་པ་མ་ཟད། ལྷག་པར་དུ་བོད་པ་ཞིག་ཡིན་པའི་ཆ་ནས་རང་མི་རིགས་ཀྱི་རིག་གཞུང་དང་ལེགས་པའི་གོམས་སྲོལ། དེ་བཞིན་དུ་རང་མི་རིགས་ཀྱི་ཐུན་མོང་མིན་པའི་རྒྱལ་རབས་ལོ་རྒྱུས་ཐམས་ཅད་བོད་ཡིག་ནང་དུ་གསལ་ཡོད་པས་བོད་ཡིག་ནི་ཧ་ཅང་རིན་ཐང་ཆེ་བ་ཞིག་ཡིན་པ་སྨོས་ཀྱང་ཅི་ལ་དགོས། བོད་ཡིག་ནི་རང་མི་རིགས་ཀྱི་བླ་སྲོག་ཡིན། བོད་ཡིག་མི་ཤེས་པའི་སྐྱོན་བཤད་པ། འཛམ་གླིང་འདི་ན་སྐད་ཡིག་དུ་མ་ཡོད་ན་ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་དྲི་མ་མེད་པ་ཡོངས་སུ་རྫོགས་པ་སློབ་གཉེར་བྱ་རྒྱུ་ཡོད་པ་ནི་བོད་ཡིག་ཡིན་པས་བོད་ཡིག་མི་ཤེས་ན་ཁོང་གི་གསུང་རབ་མི་ཤེས་པའི་སྐྱོན་དང་། མ་ཟད་བོད་ཡིག་མི་ཤེས་ན་རང་གི་མེས་པོ་རྣམས་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་སོགས་གང་ཡིན་མིན་མི་ཤེས་པར་འགྱུར་བས་ཤིན་ཏུ་ངོ་ཚ་དགོས་པའི་གནས་སུ་འགྱུར་རོ། ལྷག་པར་དུ་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་ཤེས་དགོས་པ་ནི་ཤིན་ཏུ་གལ་ཆེ་སྟེ། བོད་པ་ནི་གྲངས་ཉུང་གི་མི་རིགས་ཤིག་ཡིན་པས་བོད་མི་རེ་རེས་རང་སོ་སོའི་འགན་ཁུར་ཏེ་བོད་ཡིག་སྦྱང་བརྩོན་མ་བྱས་ན་ནམ་ཞིག་བོད་ཡིག་ཤེས་མཁན་ཉུང་དུ་སོང་ནས་མཐར་བོད་མིས་བོད་ཡིག་མི་ཤེས་པར་འགྱུར་བའི་ཉེན་ཁ་ཆེ་བར་སྙམ། བོད་ཡིག་བརླགས་ན་བོད་མིའི་ངོ་བོ་བརླགས་ཟིན་པས་བོད་ཡིག་ནི་བོད་མིའི་བླ་སྲོག་ཅི་ནས་མིན། དེའི་ཕྱིར་ང་ཚོ་བོད་རིགས་སྤུན་ཟླ་ཐམས་ཅད་རང་གི་ལས་འགན་རང་གིས་ཁུར་ནས་བོད་ཡིག་སྦྱང་བརྩོན་ལེགས་པར་བྱ་དགོས་པ་ནི་འགན་འཁྲི་དང་པོ་ཡིན་པར་བློ་ལ་ངེས་པར་བྱ་དགོས་པ་ནི་ཆེས་ཤིན་ཏུ་གལ་ཆེ་བ་ཡིན། རང་མི་རིགས་ཀྱི་སྐད་ཡིག་མི་ཤེས་ན་མི་རིགས་གཞན་གྱི་སྐད་བྱང་ཆུབ་པ་ཤེས་ན་ཡང་རང་མི་རིགས་ལ་ཕན་མི་ཐོགས་པས་བོད་མི་ཡིན་པ་ཙམ་ལས་བོད་མིའི་མཚན་ཉིད་ཚང་བ་ཞིག་ག་ལ་ཡིན། བོད་མི་ཞིག་ཡིན་ན་རང་མི་རིགས་ལ་ཤ་ཚ་དང་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་སྐད་ཡིག་ལ་ཞེན་ཆགས་དགོས་པ་མ་ཟད་དེ་དག་ལེགས་པར་སྦྱང་བརྩོན་བྱ་དགོས་པ་ནི་བོད་མི་སོ་སོའི་འགན་འཁྲི་ཆེས་ཐོག་མ་ཡིན་པར་ཤེས་དགོས་པ་གལ་ཆེ། མདོར་ན་བོད་པ་ཞིག་ཡིན་ན་ཐོག་མར་རང་ཉིད་སོ་སོའི་སྐད་ཡིག་ཤེས་དགོས་པ་དང་དེའི་རྗེས་སུ་རང་ཉིད་ལ་འཇོན་ཐང་ཡོད་ན་གཞན་གྱི་སྐད་ཡིག་སྦྱང་ཞིང་དེ་ལ་ལེགས་ཆ་ཡོད་པ་རྣམས་རང་རིགས་ཀྱི་སྐད་ཡིག་ཏུ་བསྒྱུར་དགོས་པ་དང་། རང་སྐད་དུ་ཡོད་པའི་སྔོན་གྱི་རྒྱལ་རབས་ལོ་རྒྱུས་དང་ལེགས་པའི་ཆ་དང་། ལྷག་པར་དུ་རྒྱལ་བའི་གསུང་རབ་རྣམས་གང་ཐུབ་གཞན་གྱི་སྐད་རིགས་སྦྱངས་ནས་དེ་དག་གི་སྐད་ཡིག་ཏུ་བསྒྱུར་ཐུབ་པ་བྱུང་ན་མི་རིགས་གཞན་གྱིས་རང་ཅག་བོད་གངས་ཅན་ལྗོངས་ཀྱི་གནད་དོན་རྟོགས་ཐུབ་པ་དང་དེ་ཙམ་དུ་མ་ཟད། ཁོང་ཚོས་བདེན་དོན་ལ་རྒྱབ་སྐྱོར་གང་ཐུབ་བྱེད་ཐུབ་པའི་དགེ་མཚན་ཤིན་ཏུ་ཆེ་བར་སྣང་། གཞན་ཡང་ཁོང་ཚོ་སྟོན་པའི་གསུང་ཡང་དག་པ་རྣམས་ཀྱང་མཇལ་བའི་གོ་སྐབས་ཐོབ་པ་དང་། རང་ཉིད་སོ་སོ་མི་ཚེའི་སྙིང་པོ་གང་ཡིན་པ་ཤེས་ཤིང་དེ་ཐོབ་པའི་དོན་དུ་གཉེར་བར་བྱེད་ཤེས་པས། མདོར་ན་རང་གཞན་གཉིས་ཀ་ལ་དགེ་མཚན་ཤིན་ཏུ་ཆེན་པོ་ཡོད་པས་བོད་ཡིག་ལེགས་པར་སྦྱང་བརྩོན་བྱ་དགོས་པ་ཤིན་ཏུ་གལ་ཆེ་བ་ཡིན། འདི་ནི་སྒེར་ཁོ་ནའི་ཆེད་དུ་མིན་པར་རང་མི་རིགས་ཀྱི་ཕུགས་འདུན་དང་རེ་བ་ཡང་ཡིན་པར་རྟོགས་དགོས་སོ།
ང་བོད་པ་ཞིག་ཡིན་པའི་ཆ་ནས་བོ
ངག་དབང་ཚེ་མཆོག འཛིན་གྲྭ་བཅུ་གཉིས། མོན་གྷོ་གཏན་ཉིན་སློབ་གྲྭ། སྤྱིར་སྐད་ཡིག་ནི་མི་རིགས་སམ་རྒྱལ་ཁབ་ཞིག་སྲ་བརྟན་དང་གསོན་གནས་ཐུབ་པར་བླ་སྲོག་ལྟ་བུ་ཡིན། ང་ཚོ་བོད་མི་རིགས་ཀྱི་སྐད་ཡིག་འདི་ཡང་ལོ་ངོ་སྟོང་ཕྲག་དུ་མའི་གོང་གི་མེས་པོ་དམ་པ་རྣམས་ཀྱིས་དཀའ་སྡུག་དང་རྔུལ་ཆུའི་ཐིགས་པ་ལས་གྲུབ་པ་ཞིག་ཡིན་པས་གཅེས་སྐྱོང་གནང་འོས་པ་ཞིག་ཡིན། བར་སྐབས་ཤིག་ནས་དུས་འགྱུར་དང་བོད་མི་རང་ཉིད་ཀྱིས་ཀྱང་བཀོལ་སྤྱོད་གཉིས་ཀའི་ཐད་ནས་བོད་མི་རིགས་ཀྱི་སྐད་ཡིག་འདི་སྣུམ་ཟད་ཀྱི་མར་མེ་བཞིན་དུ་གྱུར་ཡོད། འོན་ཀྱང་། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གསུང་ཐུགས་གསུམ་གྱི་མཛད་པ་འཕྲིན་ལས་འཛམ་གླིང་འདིར་ཉི་འོད་བཞིན་དུ་ཁྱབ་པར་བརྟེན། དེང་གི་དུས་སུ་ཕྱིའི་མི་རིགས་མང་པོས་བོད་ཀྱི་སྐད་ཡིག་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་མཐོང་ནས་དོ་སྣང་དང་སྦྱང་བརྩོན་བྱེད་མཁན་ཆེས་མང་དུ་འགྲོ་བཞིན་ཡོད། དེ་བཞིན་བོད་པའི་ཤ་ཁྲག་རུས་གསུམ་ལས་གྲུབ་པའི་མདང་སྐྱེས་ཀྱི་བྱིས་པ་ཞིག་ཡིན་ནའང་སོ་སོའི་སྐད་ཡིག་དང་རིག་གཞུང་བདག་པོ་བརྒྱག་རྒྱུའི་འོས་འགན་ཕྲག་སྟེང་དུ་ཡོད་པ་ངེས་པར་ཤེས་དགོས་སྙམ། དེ་ཡང་སྐད་ཡིག་སྲུང་སྐྱོབ་བྱེད་ཕྱོགས་སྐོར་དོན་ཚན་གཉིས་ཀྱི་ཐོག་ནས་ཞུ་ན་འདོད། བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་སྟངས་ནི། གཞིས་བྱེས་གཉིས་སུ་བཞུགས་པའི་ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤུན་ཟླ་རྒན་རབས་པ་ཚོས་སྣེ་ཁྲིད་དེ་སོ་སོའི་ཁྱིམ་ཚང་ནས་འགོ་རྩོམ་དགོས་ཤིང་། གཞན་སྐད་བསྲེས་ལྷད་མེད་པར་བོད་སྐད་གཙང་མ་བཀོལ་སྤྱོད་བྱས་ཏེ་ཁོར་ཡུག་བཟང་པོ་ཞིག་སྐྲུན་དགོས་པར་སྣང་། དེ་མིན་བོད་མི་འདུ་སྡོད་ཀྱི་ས་ཁུལ་ཁག་གི་དགོན་པ་དང་། སློབ་གྲྭ་སོགས་ཚོགས་སྡེ་ཆེ་ཆུང་། གཞིས་ཆགས་ཁག་གི་ནང་བོད་མི་ནང་ཁུལ་བོད་སྐད་གཙང་མ་བེད་སྤྱོད་བྱ་དགོས་པར་གཞུང་ངོས་ནས་ཁྲིམས་དང་སྒྲིག་གཞི་ཞིག་བཟོས་ཏེ། ས་གནས་སོ་སའི་ནང་དུ་དངོས་སུ་ལག་བསྟར་དགོས་པའི་བཀའ་ཡིག་ཅིག་ཕེབས་ན་དགེ་མཚན་ཆེ་བར་མཐོང་། དེར་བརྟེན་བོད་སྐད་གཙང་མ་བེད་སྤྱོད་བྱ་སའི་ཁོར་ཡུག་བཟང་པོ་ཞིག་གི་ངོ་བོར་བསྒྱུར་ཐུབ་ན། མ་འོངས་མི་རིགས་ཀྱི་སོན་རྩ་བྱིས་པ་དེ་ཚོ་ཡང་རང་སྐད་དྭངས་མ་སྤྱོད་པའི་སྤྱི་ཚོགས་ནང་འཚར་ལོངས་བྱུང་ཐུབ་ཅིང་། སོ་སོའི་སྐད་ཡིག་ལ་བཅོས་མིན་གྱི་དུང་བ་ཞིག་དང་རྒྱུན་འཛིན་བྱ་རྒྱུའི་འདུན་པ་ཞིག་སླེབས་ངེས་སོ། ། གཞན་སྐད་བསྲེས་ལྷད་མི་ཡོང་བའི་ཐབས་ལམ་ཞིག་ནི་དེང་དུས་གསར་ཐོན་གྱི་འཕྲུལ་རིགས་དང་མཉེན་ཆས་ལ་སོགས་པའི་ཐ་སྙད་དང་། སྤྱིར་བཏང་སྤྱི་ཚོགས་ཀྱི་ནང་ས་གནས་སོ་སོའི་ཡུལ་སྐད་ཤན་གྱིས་ཐ་སྙད་རྒྱུན་འབྱམས་སུ་ཡོད་པ་དེ་ཚོ་ཕྱོགས་བྱས་ཏེ། དེ་ཚོའི་བོད་སྐད་ཀྱི་ཐ་སྙད་རྣམས་ས་གནས་སོ་སོའི་ནང་གང་སར་སྦྱར་འགྲེམས་གནང་ནས་བཀོལ་སྤྱོད་བྱ་རུ་འཇུག་ཐུབ་ན་ཧ་ཅང་གི་འབྲས་བཟང་ཞིག་སྨིན་པ་སྨོས་མི་དགོས་སོ། དོན་ཚན་གཉིས་པ་ཡིག་རྨོངས་སེལ་ཐབས། དེང་སང་གཞིས་ལ་གནས་པའི་ཡུལ་ལུང་ཁ་ཤས་ནང་ལོ་ན་རྒན་གཞོན་བར་གསུམ་གྱི་ཡིག་རྨོངས་ཅན་ཚོས་བོད་ཡིག་སྦྱོང་བཞིན་པའི་བརྙན་མང་པོ་མཐོང་རྒྱུ་འདུག་པ་ཧ་ཅང་བཟང་ཆ་ཞིག་ཏུ་སྣང་། རང་དབང་ལུང་པར་གནས་པའི་བཙན་བྱོལ་བོད་མི་རྒན་བྱིས་བར་གསུམ་སུ་འདྲ་ཞིག་ཡིན་རུང་རང་མི་རིགས་ཀྱི་ཡི་གེ་དེ་རྒྱུན་འཛིན་བྱ་རྒྱུ་སོ་སོའི་ཕྲག་སྟེང་དུ་ཡོད་པའི་འོས་འགན་ཞིག་ཡིན་བསམས་ཏེ་བོད་ཡིག་གི་རྨོངས་གཉིད་ལས་ངེས་པར་སད་དགོས་པར་མཐོང་། སི་ཏཱ་ལིན་གྱིས། མི་རིགས་རྩ་མེད་དུ་གཏོང་དགོས་ན་སྔོན་ལ་མི་རིགས་དེའི་སྐད་ཡིག་བེད་སྤྱོད་མེད་པར་བཟོས་ན་མི་རིགས་དེ་རང་བཞིན་གྱིས་མེད་པར་འགྱུར་ཞེས་བཤད་པ་བཞིན། རྒྱ་ནག་གཞུང་གི་སྲིད་བྱུས་ཀྱིས་བོད་ཀྱི་སྐད་ཡིག་སོགས་སྦྱང་སའི་ལྟེ་གནས་ཁག་ལ་བཀག་སྡོམ་བྱས་དང་བྱེད་བཞིན་མཆིས། དཔེར་ན། མི་རིགས་སློབ་གྲྭ་ཆེན་མོས་གཙོས་བོད་ཀྱི་སློབ་གླིང་མང་ཆེ་བའི་ནང་སློབ་མ་བསྡུ་ཚད་ཉུང་དུ་བཏང་བ། བོད་ལྗོངས་སློབ་གྲྭ་ཆེན་མོའི་ནང་བོད་ཡིག་ཆེད་སྦྱོང་འཛིན་གྲྭ་བསྡུ་མཚམས་བཞག་པ། སློབ་གྲྭ་ཁ་ཤས་ནང་བོད་རིགས་སློབ་མས་ནང་ཁུལ་བོད་སྐད་བཤད་མི་ཆོག་པ་དང་། གལ་ཏེ་བཤད་པ་མཐོང་ན་དངུལ་གྱི་ཆད་པ་གཅོད་པ་སོགས་ཀྱི་བཀག་རྒྱ་བྱས་ཏེ་ལག་བསྟར་བྱས་བྱེད་མུས་ཡིན་པས། འདི་ནས་བོད་པའི་ལས་ཁུངས་དང་ཚོགས་སྡེ་ཁག་ནང་ཁུལ་ཡིག་འབྲེལ་དང་གསལ་བསྒྲགས་ཚང་མ་བོད་ཡིག་ཐོག་ནས་གནང་རྒྱུ་ཧ་ཅང་གི་གལ་ཆེན་དུ་མཐོང་། རང་དབང་ལུང་པར་གནས་པའི་རྒན་རབས་ཚོ་དང་འབྲེལ་ཡོད་སྣེ་ཁྲིད་མི་སྣ་ཚང་མས་རང་མི་རིགས་ཀྱི་སོན་རྩ་གསར་སྐྱེས་བོད་ཕྲུག་རྣམས་སོ་སོའི་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་བྱེད་མཁན་གྱི་བོད་མི་ཁྱད་དུ་འཕགས་པ་ཞིག་ཏུ་གསོ་སྐྱོང་བྱ་རྒྱུ་ཤིན་ཏུ་ནས་གལ་ཆེ། དེ་ལྟར་མ་བྱུང་རུང་སོ་སོའི་མི་རིགས་རང་གི་སྐད་ཡིག་འབྲི་ཀློག་གཉིས་ཀྱི་ཐོག་ནས་རང་རྐྱ་འཕེར་བ་ཞིག་ཡོང་སའི་ཁོར་ཡུག་ཅིག་གི་ནང་འཚར་ལོངས་འབྱུང་དུ་འཇུག་དགོས། རང་མི་རིགས་ཀྱི་སོན་རྩ་ཚོས་ཡུལ་ལུང་གཞན་གྱི་སྐད་ཡིག་བསྲེས་ཏེ་རང་མི་རིགས་ཀྱི་སྐད་ཡིག་ལ་སྣང་ཆུང་དང་ཁྱད་གསོད་བྱེད་བཞིན་དགྲ་དགའ་གཉེན་སྡུག་གི་ལས་སུ་མི་འགྲོ་བར་བྱ་རྒྱུ་གལ་ཆེ། རང་ཉིད་གནས་སའི་ཡུལ་ལུང་དུ་བོད་ཡིག་སྦྱང་སའི་སློབ་གྲྭ་སོགས་ཀྱི་མཐུན་རྐྱེན་མེད་ན་ཕ་མ་ཚོས་དམིགས་བསལ་གྱི་ཐུགས་འགན་བཞེས་ནས་སོ་སོའི་བུ་ཕྲུག་ལ་བོད་ཡིག་འབྲི་ཀློག་སློབ་པ་དང་། ཁྱིམ་དུ་བོད་སྐད་གཙང་མ་བཀོལ་སྤྱོད་ཀྱིས་རང་ཉིད་ཀྱི་ཤ་རུས་ལས་ཆད་པའི་གཅེས་ཕྲུག་ཚོ་བོད་མི་ཚད་ལྡན་ཞིག་ཡོང་བར་འབད་བརྩོན་ངེས་པར་གནང་དགོས། ༸གོང་ས་མཆོག་གིས་། ཁྱེད་རང་ཚོ་ས་ཆ་གང་དུ་བསྡད་ནའང་བོད་མི་ཞིག་གི་ཚབ་མཚོན་གྱི་ཡོད། ཚབ་མཚོན་བྱེད་དེ་གཟུགས་ཀྱི་ཕུང་པོ་དེ་མིན། དེ་གང་ཡིན་ཞེ་ན། ཆོས་དང་རིག་གཞུང་དེ་མ་ཤེས་པ་དང་མེད་སོང་ན་གཟུགས་ཕུང་ཙམ་བོད་རེད་དེ། བོད་ཕྱེད་ཀ་་རེད། བླ་སྲོག་མེད་པའི་བོད་རེད། ཅེས་གསུངས་སོ། གཞན་ཡང་། པཎ་ཆེན་རིན་པོ་ཆེས། ངས་རྒྱ་སྐད་བཤད་ཤེས་པ་དེ་ང་རང་གི་འཇོན་ཐང་དང་ཡོན་ཏན་རེད། གལ་སྲིད་ངས་མ་ཤེས་ནའང་ངོ་ཚ་དགོས་དོན་མེད། འོན་ཀྱང་གལ་སྲིད་ངས་བོད་སྐད་དང་བོད་ཡིག་མ་ཤེས་ན་དེ་ནི་ང་རང་གི་ཞབས་འདྲེན་ཡིན་པས་ངོ་གནོང་དགོས་པ་ཞིག་རེད། […]
ང་བོད་པ་ཞིག་ཡིན་པའི་ཆ་ནས་བོ
བློ་བཟང་ཕུན་ཚོགས། འཛིན་གྲྭ་བདུན་པ། རྫོང་ཆོས་འབྲིང་རིམ་སློབ་གྲྭ། སློབ་མ་ང་རྟ་དབང་ནས་ཡིན་པས་ཕ་མ་རྣམས་ཀྱི་རིགས་བརྒྱུད་གདོང་དམར་གངས་ཅན་པའི་རིགས་རུས་ལས་གྲུབ་པས་ང་ཡང་འཁྲུས་ནས་མ་དག་པའི་བོད་རིགས་ཀྱི་བོད་ཕྲུག་ཅིག་ཡིན། ཆུང་ཆུང་བྱིས་པའི་དུས་སུ་རྟ་དབང་ལ་ཕ་མ་སྤུན་མཆེད་གཅེན་པོ་དང་གཅེན་མོ། སྤོ་ལགས་དང་རྨོ་ལགས་སོགས་མཉམ་དུ་ཞིང་ཁ་རྨོས་ནས་ཉིན་རེའི་འཚོ་བ་སྐྱེལ་མཁན་ཞིག་ཡིན། ད་དུང་སྒོ་ཕྱུགས་བ་ཕྱུགས་དང་ནོར་ལུག་སོགས་འཚོ་བཞིན། ཞོར་ལ་ལམ་ཟུར་དུ་ཤིང་སྐམ་པོ་སོགས་འཁྱེར་ནས་མཚན་མོ་ནང་དུ་ལོག དེ་དུས་ང་རང་གི་བསམ་པ་ལ་ངའི་གནས་སྟངས་དང་ཕ་མ་སྤུན་མཆེད་ཁྱིམ་ཚང་སོགས་ཀྱི་མཐུན་རྐྱེན་ཧ་ཅང་ཐབས་སྐྱོ་བའི་གནས་སྟངས་མཐོང་དུས། དཀའ་ངལ་དེ་དག་ཐམས་ཅད་སེལ་བའི་ཆེད་དུ་ངའི་སེམས་སུ་ཤེས་ཡོན་གྱི་ཆ་རྐྱེན་བཟང་པོ་དང་སློབ་སྦྱོང་སྤྲོད་ཐུབ་པའི་སློབ་གྲྭ་ཞིག་ལ་འགྲོ་དགོས་སྙམ་པའི་འདོད་པ་སྐོམ་པ་ཆུ་འདོད་ལྟར་བྱུང་ཡང་མཐུན་རྐྱེན་མེད་པའི་རྐྱེན་གྱིས་བསམ་པའི་དོན་རྣམས་མ་སྒྲུབ་པའི་དཀའ་ངལ་རབ་དང་རིམ་པ་མང་པོ་ཕྲད་མྱོང་། ཡིན་ནའང་ལོ་འགའ་ཤས་ཀྱི་རྗེས་སུ་ཕ་མ་གཉིས་ཀྱིས་སྡུག་བསྔལ་དུ་མ་འཛེམས་ནས་ཉིན་མཚན་དུས་དྲུག་ཏུ་བསགས་པའི་དངུལ་དེས་བུ་ངའི་མི་ཚེའི་ཤེས་ཡོན་སློབ་སྦྱོང་གི་ཐོག་འགྲོ་གྲོན་བཏང་བ་དང་། བུ་ངར་མཐུན་རྐྱེན་ཡག་པོ་ཞིག་བྱུང་ན་སྙམ་པའི་རེ་འདུན་ཆེན་པོས་དུ་ཐོག་མར་ཧུན་སུར་རབ་རྒྱས་གླིང་གི་དགོན་པ་རྫོང་དཀར་ཆོས་སྡེའམ། དགའ་ལྡན་འཕེལ་རྒྱས་གླིང་གྲྭ་ཚང་གི་ཆོས་སྒོར་བཅུག དེའི་རྗེས་སུ་བུ་ངའི་འདོད་པ་ལྟར་ཤེས་ཡོན་སློབ་སྦྱོང་གི་མཐུན་རྐྱེན་མངོན་གསལ་དོད་པོས་ཡག་པོ་འབྱུང་དུས་སེམས་ཤུགས་ནམ་ཡང་མ་ཆགས་པར་སྐད་དང་ཡི་གེ་རྩ་བར་བཞག་པའི་ཐོག་ནས་རྒྱ་ཆེ་བའི་ནང་པའི་གཞུང་ལུགས་ལ་བརྩོན་འགྲུས་ཆུ་བོའི་རྒྱུན་བཞིན་བསྟེན་ནས་སྦྱང་དང་སྦྱོང་མུས་སུ་ཡིན། བོད་ཕྲུག་ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་གི་མི་ཡིན་པ་སོང་ཙང་དུས་རབས་ཉེར་གཅིག་གི་ཤེས་ཡོན་ཆ་ཚང་བ་ཞིག་མ་ཤེས་ནའང་། ང་ཚོའི་བོད་ཀྱི་སྐད་དང་ཡི་གེ་གཉིས་དེ་མི་ཉམས་གོང་འཕེལ་བྱ་དགོས་པ་དེ་ང་ཚོ་ཚང་མའི་ལས་འགན་རེད། གལ་སྲིད་དེ་ལས་ལྡོག་ན། བོད་མི་རིགས་ཀྱི་ལ་རྒྱ། ཐུན་མོང་དང་ཐུན་མིན་གྱི་ཆོས་དང་རིག་གཞུང་། བོད་མི་རིགས་ཀྱི་སྲོག་རྩ་སྟེ་སྐད་དང་ཡི་གེ་སོགས་རིམ་བཞིན་མེད་པར་ཆགས་སྲིད། དེ་མི་ཡོང་བའི་ཆེད་དུ་ད་ལྟ་ནས་ཐབས་ལམ་འདྲ་མིན་སྣ་ཚོགས་ཀྱི་འཛིན་སྐྱོང་གནང་དགོས། དཔེར་ན་བོད་མི་ང་ཚོར་བོད་མི་གཞན་ཞིག་འཕྲད་དུས་ཞལ་ནས་བོད་སྐད་མི་ཉམས་གོང་འཕེལ་འགྲོ་བའི་ཆེད་དུ་རང་གི་ཕ་སྐད་ཁོ་ན་བསྐྱོན་དགོས། དེ་བཞིན་ཡི་གེ་ཡིན་ནའང་བོད་ཀྱི་སྐད་ཡིག་མི་ཉམས་པའི་ཆེད་དུ་བོད་ཀྱི་ཡི་གེ་འབྲི་ཀློག་སོགས་གང་ཐུབ་ཅི་ཐུབ་ཀྱིས་གནང་གལ་ཆེ། ཞོར་ལ་རང་གི་སྐད་ཡིག་མ་བརྗེད་པའི་ཐོག་ནས་སྐད་ཡིག་གཞན་ཞིག་ཀྱང་ཤེས་ཐུབ་ན་ཕུན་སུམ་ཚོགས་པའི་ཡན་ལག་ཅིག་ཀྱང་རེད། གསུང་རྒྱུན་དུ། རང་སྐད་སྲོག་ཡིན། གཞན་སྐད་རྒྱན་ཡིན་ཞེས་གསུངས་སྲོལ་ཡོད། ད་ལྟའི་དུས་སུ་བོད་མི་ཕལ་ཆེ་བ་ཞིག་ཕན་ཚུན་དབར་གཞན་སྐད་བསྐྱོན་པ་དང་གཞན་གྱི་ཡི་གེ་སྦྱངས་པ་དེ་ཡག་པོ་རེད། ཡིན་ནའང་སོ་སོའི་སྐད་ཡིག་མི་ཉམས་པར་རྒྱུན་འཛིན་བྱེད་དགོས་པ་དེ་ཧ་ཅང་གལ་འགངས་གལ་ཆེ། གཙོ་བོ་བོད་མི་ང་ཚོ་ཕན་ཚུན་དབར་ལ་ཁ་རྫིང་དང་གཅིག་གི་གཅིག་ལ་ཁོང་ཁྲོ་དང་ཕྲག་དོག་སོགས་མ་བྱས་པར་ཕན་ཚུན་གཅིག་གི་གཅིག་ལ་བྱམས་སེམས་དང་འཆམ་འཐུན་གནང་དགོས། གང་ལྟར་སུ་ལའང་མི་མཛེས་པའི་སྤྱོད་ངན་སོགས་ང་ཚོས་ནམ་ཡང་བྱ་མི་རུང་བས་དེ་དག་རྩ་བ་ནས་འདོར་དགོས། དེ་མིན་ང་ཚོ་བོད་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་གོང་འཕེལ་འགྲོ་ཡ་མེད་པར་ཉམས་རྒུད་འགྲོ་བའི་བྱ་སྤྱོད་སྤེལ་བ་དང་ཆ་རེད་སྙམ། གང་ལྟར་སུ་ལའང་མི་མཛེས་པའི་སྤྱོད་ངན་སོགས་ང་ཚོས་ནམ་ཡང་བྱ་མི་རུང་བས་དེ་དག་རྩ་བ་ནས་འདོར་དགོས། དེ་འདྲ་མི་ཡོང་བར་བྱ་དགོས་པ་དེ་ང་ཚོ་ཚང་མའི་ཕྲག་པ་གཅིག་གི་སྟེང་གི་ལས་འགན་རེད། བོད་མི་ང་ཚོ་ཚང་མས་གང་ཐུབ་ཐུབ་ཀྱིས་མཉམ་ཤུགས་བྱད་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་པ་མ་གཏོགས། དེ་མིན་བོད་མི་འགའ་ཤས་བདག་ཉིད་ལ་བརྙས་པའི་ལེ་ལོའི་གཞན་དབང་དུ་སོང་ནས་ངས་འཛིན་སྐྱོང་བྱེད་མི་ཐུབ་སྙམ་པའི་བསམ་བློ་གཏོང་རྒྱུ་མེད། དེ་ནས་བོད་མི་དབུལ་པོ་རྣམས་ལ་རོགས་ལམ་གང་ཐུབ་དང་མཚམས་རེར་བོད་པ་ང་རང་ཚོ་ཕན་ཚུན་དབར་ལ་མི་འཆམ་པ་དང་གཅིག་གི་གཅིག་ལ་ཁོང་ཁྲོ་བསྟན་དགོས་བྱུང་སྲིད་ཀྱི་རེད། དེ་འདྲ་ཡིན་དུས་ཁོང་ཁྲོ་ལངས་པའི་སྐབས་སུ་རང་གཞན་གཉིས་ལ་གནོད་པའི་འཁྲུག་འཛིང་གི་བྱ་བ་སོགས་མི་བྱེད་པར་རང་གཞན་གཉིས་ལ་ཕན་པའི་བྱ་བ་ཁོ་ན་བྱེད་དགོས། དེ་ལྟར་བོད་མི་གཅིག་གིས་བྱ་བ་བཟང་པོ་བྱས་པར་བརྟེན་ནས་བོད་རྒྱལ་ཁབ་ལ་ཕན་དོན་བསྒྲུབས་པ་རེད། གཞི་རྩ་གཙོ་བོ་ནི་ང་རང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་བསམ་བློ་གཏོང་ཐུབ་པའི་ནུས་པ་ཆེན་པོ་དེ་ལེགས་པའི་ཕྱོགས་སུ་བཏང་དགོས་པ་དེ་གལ་ཆེན་ཞིག་རེད། གཅིག་ནི་ང་ཚོ་ནང་པ་ཞིག་ཡིན་པའི་ཆ་ནས་ནང་གི་སེམས་ངན་ཇི་སྙེད་ཅིག་བྱུང་ཀྱང་རང་རང་སོ་སོས་རྐྱེན་ངན་གྲོགས་སུ་ཤར་ནས་བཅོས་ཐུབ། ང་ཚོ་མིའི་རྒྱུ་ལ་སེམས་ངན་དང་སེམས་བཟང་གཉིས་ཡོད་པའི་སེམས་ངན་དེ་བཅོམ་ནས་སེམས་བཟང་དེ་བེད་སྤྱོད་གཏོང་དགོས། མདོར་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་འབད་བརྩོན་ཉི་མ་ནས་ཟླ་བ་ཟླ་བ་ནས་ལོ་རེ་བཞིན་སངས་མ་རྒྱས་དབར་དུ་དགེ་བའི་བྱ་བ་ཁོ་ན་བྱེད་དགོས། རྒྱུ་དཀའ་ལས་ཆེན་པོ་ཞིག་རྒྱབ་པ་ལ་བརྟེན་ནས་འབྲས་བུ་ཡང་ཆེན་པོ་ཞིག་ཐོབ་ཀྱི་ཡོད་པ་ཆོས་ཉིད་རེད། ད་ལྟ་ནས་སྔ་མ་དྲག་ཕྱི་མ་དྲག་པར་དཀའ་ལས་རྒྱབ་དགོས་པ་དེ་ང་ཚོ་ཚང་མའི་ལས་འགན་ཞིག་རེད་དོ། ། ། ། གདོང་དམར་བོད་ཕྲུག་ང་ཚོའི། ། བོད་ཀྱི་ཆོས་དང་རིག་གཞུང་། ། སྐད་ཡིག་རྩ་བར་བཟུང་ནས། ། མེས་པའི་སྲོལ་བཟང་འཛིན་དགོས། […]
ང་བོད་པ་ཞིག་ཡིན་པའི་ཆ་ནས་བོ
བསྟན་འཛིན་དཔལ་འཛོམས། འཛིན་གྲྭ་བདུན་པ། དཔེ་སྟོན་སློབ་གྲྭ། ང་ནི་འཛིན་གྲྭ་བདུན་པའི་ནང་སློབ་སྦྱོང་བྱེད་བཞིན་པའི་ན་ཆུང་སློབ་མ་ཞིག་ཡིན། དེ་རིང་ངས་བོད་པའི་སློབ་ཕྲུག་ཚོས་རང་ཉིད་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་ངེས་པར་དུ་སྦྱོང་དགོས་པའི་བརྗོད་གཞིའི་སྐོར་ལ་རྩོམ་ཐུང་ཞིག་འབྲི་འདོད་བྱུང། ང་ནི་བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་ཧ་ཅང་གི་དོ་སྣང་དང་དགའ་ཞེན་ཡོད་མཁན་ཞིག་ཡིན། འོན་ཀྱང་དེང་སང་གི་བོད་ཕྲུག་ན་ཆུང་རྣམས་ནི་ཁ་པར་ལྟ་རྒྱུར་དགའ་ཞིང་བོད་ཡིག་གི་ཐོག་ལ་ཧ་ཅང་འཐུས་ཤོར་ཕྱིན་འདུག ང་ཚོ་བོད་པ་དང་བོད་ཕྲུག་ཅིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། བོད་ཡིག་སྦྱོང་དགོས་པའི་རྒྱུ་མཚན་གཙོ་བོ་ནི་ང་ཚོ་བོད་ཀྱི་སྐད་ཡིག་དེ་མ་འོངས་པའི་མི་རབས་རྗེས་མ་བར་གནས་དགོས་པ་དང། ད་ལྟ་གནས་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན། དེ་མ་ཟད། ང་ཚོས་བོད་ཀྱི་སྐད་ཡིག་དང་བོད་པའི་རིག་གཞུང་དེ་མི་ཉམས་པའི་ཆེད་དུ་བོད་ཡིག་ནང་བྲིས་པའི་སྒྲུང་དེབ་ཁག་དང་དཔེ་དེབ་གཞན་གང་མང་ཀློག་དགོས། རྒྱ་དམར་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ་བོད་ནང་སློབ་ཕྲུག་ཚོས་སློབ་གྲྭ་ཁག་ནང་བོད་ཡིག་སྦྱོང་མི་ཆོག་པ་དང་བོད་པའི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་བྱེད་མ་ཆོག་པའི་སྒྲིག་གཞི་བཟོས་ཡོད། དེར་བརྟེན་༸གོང་ས་མཆོག་གིས་བུ་ཕྲུག་ཡོངས་ལ་དུས་ནམ་ཡིན་ཡང་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་དགོས་ཞེས་ཡང་ཡང་གསུང་གནང་གི་ཡོད། ངའི་ཚོར་སྣང་ལ་ད་ལྟ་རྒྱ་གར་དུ་ཡོད་པའི་བོད་མི་རྣམས་ཀྱིས་བོད་པའི་སྐད་ཡིག་དང་རིག་གཞུང་ལ་སློབ་སྦྱོང་དང་རིག་གཞུང་ལ་སྲུང་སྐྱོབ་བྱེད་དགོས། མ་ཟད་ང་ཡང་བོད་པའི་རིག་གཞུང་དང་སྐད་ཡིག་ལ་དགའ་མོས་བྱེད་མཁན་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཅིག་ཡིན། འོན་ཀྱང་ང་ན་ཆུང་སྐབས་ཕ་མ་གཉིས་ཀྱིས་བོད་ཡིག་ལ་དམིགས་བསལ་དོ་སྣང་བྱེད་དགོས་པའི་བསླབ་བྱ་ཡང་ཡང་གནང་ཡང་ང་རང་ལོ་ན་ཆུང་ཆུང་ཡིན་སྟབས་སྣང་མེད་དུ་ཤོར་ཏེ་གང་སར་འཁྱམ་མྱུལ་བྱས་ཏེ། བོད་ཡིག་རྒན་ལགས་ཀྱིས་བསྐུར་གནང་བའི་ཁྱིམ་སྦྱོང་དུས་ཐོག་འབྲི་རྒྱུའི་གོམས་སྲོལ་བཟང་པོ་གཏན་ནས་མེད་པས། རིམ་གྱིས་འཐུས་ཤོར་སོང་སྟེ་བོད་ཡིག་ཡིག་རྒྱུགས་ཀྱང་མི་འཕྲོད་པའི་གནས་སུ་གྱར། དེར་བརྟེན་ང་རང་གི་ཕ་མས་ང་རང་གི་མ་འོངས་པའི་མདུན་ལམ་ཆེད་དུ་དཔེ་སྟོན་སློབ་གྲྭར་མངགས་བྱུང། དེ་ནས་ང་རང་ ༢༠༡༩ ལོར་དཔེ་སྟོན་སློབ་གྲྭར་འབྱོར་བ་དང། ང་རང་ངོ་གནོང་དགོས་པའི་གནས་སུ་གྱར། རྒྱུ་མཚན་ནི་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་རྣམས་བོད་ཡིག་ཤེས་ཚད་མཐོ་བ་དང། དགེ་རྒན་གྱིས་ཀྱང་སློབ་ཁྲིད་གནང་དུས་ཀུ་རེ་རྩེ་བ་དང་རྣམ་གཡེང་བྱེད་མཁན་གཏན་ནས་མི་འདུག དེ་ནས་བཟུང་ངས་ཀྱང་བོད་ཡིག་ལ་སྦྱངས་བརྩོན་དང་རང་ཉིད་ཀྱི་ཤེས་ཚད་ཡར་རྒྱས་གཏོང་ཐབས་བྱས་པ་ཡིན། ང་ཚོ་བོད་པ་ཚང་མས་བོད་ཡིག་ལ་སློབ་སྦྱོང་ངེས་པར་དུ་གནང་དགོས་ཀྱི་འདུག བོད་པའི་རྒན་གཞོན་དར་གསུམ་གྱི་ནང་ནས་དམིགས་བསལ་རྒན་རབས་རྣམས་ཀྱི་ཁྲོད་དུ་བོད་ཡིག་ལ་དམིགས་བསལ་དོ་སྣང་མེད་པ་དང་བོད་སྐད་ཀྱང་གཙང་མ་ཞིག་བཤད་ཀྱི་མི་འདུག རྒྱལ་ཁབ་གཞན་གྱི་མི་དམངས་ཀྱིས་རང་གི་སྐད་ཡིག་ནང་བྲིས་པའི་གསར་ཤོག་ཀློག་པ་དང་སྐད་གཙང་མ་བཤད་ཀྱི་ཡོད། དེ་འདྲ་སོང་ཙང། ང་ཚོས་ཀྱང་བོད་ཡིག་གི་གསར་ཤོག་ཀློག་དགོས་པ་དང་བོད་ཕྲུག་ཚོས་ཀྱང་བོད་ཡིག་གི་ནང་བྲིས་པའི་སྒྲུང་དེབ་ཁག་གང་མང་ཀློག་དགོས་ཀྱི་འདུག དེས་ང་ཚོའི་སྐད་ཡིག་ཉམས་ཆག་མི་འགྲོ་བ་དང་མ་འོངས་པའི་མི་རབས་རྗེས་མའི་ཆེད་དུ་ཡང་ང་ཚོས་བརྒྱུད་སྤྲོད་ཐུབ་ཀྱི་རེད། ངས་ཀྱང་བོད་ཡིག་སློབ་སྦྱོང་ཧུར་ཐག་བྱས་ཏེ་བོད་ཀྱི་རིག་གཞུང་ལ་ལེགས་སྐྱེས་ཕུལ་ཐུབ་པ་བྱེད་ཀྱི་ཡིན། ང་ད་ལྟ་དཔེ་སྟོན་སློབ་གྲྭར་སློབ་སྦྱོང་བྱེད་བཞིན་པའི་ན་ཆུང་སློབ་མ་ཞིག་ཡིན། ངས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཕ་མའི་བཀའ་དང་རེ་བ་སྒྲུབ་ཐུབ་པ་བྱེད་ཀྱི་ཡིན།
༄༅། ། ང་བོད་པ་ཞིག་ཡིན་པའི་ཆ
བསྟན་འཛིན་མཚུངས་མེད། འཛིན་གྲྭ་བདུན་པ། སྦེལ་ཀོབ་སཾ་བྷོ་ཊ། སྤྱིར་འཛམ་གླིང་འདིའི་སྟེང་མི་རིགས་འདྲ་མིན་མང་པོ་ཡོད། མི་རིགས་དེ་དག་ཚང་མར་སོ་སོའི་སྐད་དང་། ཡི་གེ རིག་གཞུང་བཅས་གཞན་ལ་ངོམས་སུ་ཆོག་པ་རེ་ཡོད་པ་མ་ཟད། དེ་དག་གིས་མི་རབས་ནས་མི་རབས་བརྒྱུད་དེ་དུས་ད་ལྟ་བར་མི་ཉམས་རྒྱུན་འཛིན་བྱས་པ་དང་ཆབས་ཅིག་གོང་ནས་གོང་དུ་འཕེལ་བའི་ཐབས་ལ་འབད་བཞིན་ཡོད། ང་ཚོ་བོད་ཀྱི་མི་རིགས་ལ་ཡང་རང་གི་སྐད་ཡིག་དང། ཆོས། རིག་གཞུང་བཅས་ཡོད་དམ་ཞེ་ན། གོང་དུ་བརྗོད་པ་ལྟར་་མི་རིགས་གཞན་དང། རྒྱལ་ཁབ་གཞན་ལ་སྨོན་མི་དགོས་པར་སོ་སོའི་སྐད་ཡིག་དང་རིག་གཞུང་ཕྱུག་ཐག་ཆོད་ཡོད་པ་གང་ཞིག དུས་ད་ལྟ་བར་དུ་བོད་མི་ཡོངས་ནས་རང་གི་སྐད་ཡིག་དང། ཆོས། རིག་གཞུང་བཅས་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོ་བྱས་དང་བྱེད་བཞིན་ཡོད་བ་རེད། ཡིན་ན་ཡང་ད་ཆ་ང་ཚོའི་རིག་གཞུང་ཕྱུག་པོ་ཞིག་དང། ཕུན་སུམ་ཚོགས་པོ་ཞིག་ཡོད་པ་དེ་ཉམས་ཆག་ཏུ་འགྲོ་དང་འགྲོ་བཞིན་ཡོད་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་པ་རེད། དེའི་རྒྱུ་མཚན་གང་ཡིན་ནམ་ཟེར་ན། གཅིག་ནི་རྒྱ་མི་གུན་བྲན་གྱིས་བསམ་བཞིན་དུ་ཐབས་སྣ་ཚོགས་ལ་བརྟེན་ནས་ང་ཚོ་བོད་ཀྱི་རིག་གཞུང་རྣམས་མེད་པར་གཏོང་གང་ཐུབ་བྱེད་ཀྱི་ཡོད་ལ། གཉིས་ནས་ང་རང་ཚོ་བོད་པའི་ནང་ལ་མི་མང་པོ་ཞིག་གིས་སོ་སོའི་སྐད་ཡིག་དང་རིག་གཞུང་གི་རིན་ཐང་མི་ཤེས་ནས། དེ་ལ་དོ་སྣང་མི་བྱེད་པ་དང་། མཐོང་ཆུང་བྱེད་པ། སྲུང་སྐྱོབ་བྱེད་པའི་ངར་ཤུགས་མེད་པ་སོགས་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ནས་གང་ལྟར་དེང་སང་ང་རང་ཚོའི་བོད་ཀྱི་སྐད་ཡིག་དང་། ཆོས་དང། རིག་གཞུང་བཟང་པོ་ཞིག་ཡོད་པ་དེ་ཉེན་ཁའི་ནང་ལྷུང་བཞིན་ཡོད། དེ་འདྲ་སོང་ཙང་མི་རིགས་ཤིག་དང་རིག་གཞུང་ཞིག་རྩ་མེད་དུ་མ་ཕྱིན་པར། མི་ཉམས་རྒྱུན་དུ་གནས་དགོས་ན། མི་རིགས་དེའི་སྐད་ཡིག་བེད་སྤྱོད་བྱེད་ནས་མི་ཉམས་པར་གནས་དགོས་པས། མི་རིགས་ཀྱི་ཆོས་དང་། རིག་གཞུང་གི་བླ་སྲོག་དེ་སྐད་དང་ཡི་གེ་གཉིས་པོ་དེ་ཡིན་པས། དེང་སང་སློབ་སྦྱོང་དང་ལྷག་བསམ་ཡོད་པའི་མཁས་པ་ཚང་མས་དེ་ལྟར་གསུངས་བཞིན་ཡོད། གཞན་གྱི་སྐད་ཡིག་ཤེས་ན་ལེགས་མོས་ཀྱང་། ། རང་གི་སྐད་ཡིག་བརྗེད་ན་ངོ་ཚ་ཡིན། ། ཞེས་གསུངས་པ་དང་། ཡང་བོད་གཞིས་བྱེས་གཉིས་ལ་ཤིན་ཏུ་ནས་བཀའ་དྲིན་ཆེན་པའི་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་ཆེན་པོ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་ཀྱང། ཁྱེད་ཚོས་རྒྱ་སྐད་བཤད་ཤེས་པ་ནི་ཁྱེད་ཚོའི་འཇོན་ཐང་དང་ཡོན་ཏན་རེད། གལ་སྲིད་ཁྱེད་ཚོས་བཤད་མ་ཤེས་ནའང་ངོ་ཚ་དགོས་དོན་མེད། འོན་ཀྱང་གལ་སྲིད་ཁྱེད་ཚོས་བོད་སྐད་དང་བོད་ཡིག་མ་ཤེས་པ་ཡིན་ན། དེ་ནི་ཁྱེད་ཚོའི་ཞབས་འདྲེན་ཡིན་པས་རང་ཉིད་ངོ་ཚ་དགོས་པ་ཞིག་རེད། ཅེས་གསུངས་ཡོད་པས། ང་ཚོ་འཛམ་གླིང་ཁྱོན་ཡོངས་ལ་ཡོད་པའི་བོད་པ་ཚང་མས་བོད་ཀྱི་སྐད་ཡིག་སྦྱོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་ནོ། ། དགེ་ལེགས་འཕེལ། བོད་རྒྱལ་ལོ། །
ང་བོད་པ་ཞིག་ཡིན་པའི་ཆ་ནས་བོ
བསྟན་འཛིན་གཡང་སྒྲོན། དཔེ་སྟོན་སློབ་གྲྭ། འཛིན་གྲྭ་བདུན་པ། དེ་རིང་ངས་བོད་པའི་ན་ཆུང་སློབ་ཕྲུག་ཚོས་བོད་ཡིག་སྦྱོང་དགོས་པའི་སྐོར་ལ་རྩོམ་ཐུང་ཞིག་འབྲི་རྒྱུའི་འདུན་པ་དྲག་པོ་ཞིག་སྐྱེས་བྱུང། དེང་སང་སློབ་གྲྭ་ཁག་གི་ནང་བོད་ཕྲུག་ཚོས་མི་རིགས་གཞན་གྱི་སྐད་བསྲེས་ལྷད་བྱས་ཏེ་སྐད་ཆ་ཤོད་པ་དང་ཡི་གེ་འབྲི་བ་ཙམ་ལས། བོད་སྐད་གཙང་མ་ཤོད་མཁན་དང་བོད་ཡིག་གཙང་མ་ཆ་ཚང་བ་ཞིག་འབྲི་ཐུབ་ཀྱི་མི་འདུག ང་ཚོ་བོད་ཕྲུག་ཚོས་བོད་ཀྱི་སྐད་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་དུ་བོད་ཡིག་སྒྲུང་དེབ་གང་མང་ཀློག་དགོས་པ་དང་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བརྩམས་གནང་བའི་གསུང་རྩོམ་ཡང་ཀློག་དགོས། ཕ་མ་རྣམས་ཀྱིས་ཀྱང་རང་ཁྱིམ་དུ་སོ་སོའི་ཕྲུ་གུ་རྣམས་ལ་བོད་སྐད་གཙང་མ་ཤོད་རྒྱུའི་འབད་བརྩོན་གནང་དགོས་པ་དང། རྒན་ལགས་རྣམས་ཀྱིས་ཀྱང་དུས་དང་རྣམ་པ་ཀུན་ཏུ་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ནི་གལ་ཆེ་ཆུང་ཇི་ཙམ་ཡིན་མིན་འགྲེལ་བཤད་དང་དྲན་སྐུལ་གནང་དགོས། དེ་ལྟར་གནང་ན་བོད་ཕྲུག་ཚོས་ཀྱང་བོད་ཀྱི་རིག་གཞུང་གི་རིན་ཐང་གསལ་པོ་ཤེས་ཐུབ་ཀྱི་རེད། ང་ཚོ་བོད་མི་རྣམས་ཀྱིས་རང་སྐད་གཙང་མ་ཤེས་བཞིན་དུ་མི་རིགས་གཞན་གྱི་སྐད་ཡིག་བསྲེས་ལྷད་བྱེད་པ་ནི་ངོ་ཚའི་གནས་ཤིག་ཡིན། ང་ཚོ་བོད་མི་རྣམས་ཀྱང་ད་བར་དུ་རྡོག་རྩ་གཅིག་སྒྲིལ་ངང་གནས་ཐུབ་པ་དེ་གཙོ་བོ་བོད་ཀྱི་སྐད་ཡིག་གི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་བོད་ཀྱི་ནང་ཆོས་དང་རིག་གཞུང་ལ་སློབ་སྦྱོང་བྱེད་དགོས་ན་བོད་ཀྱི་སྐད་ཡིག་ངེས་པར་དུ་ཤེས་དགོས་ཞེས་བཀའ་སློབ་ཡང་ཡང་གནང་གི་ཡོད། ༸གོང་ས་མཆོག་གིས་ང་ཚོ་བོད་ཕྲུག་ན་གཞོན་རྣམས་ལ་རང་གི་སྐད་ཡིག་དང་རིག་གཞུང་ལ་སློབ་སྦྱོང་དང་སྲུང་སྐྱོབ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པའི་བཀའ་སློབ་ཡང་ཡང་བསྩལ་གནང་གི་ཡོད། ང་ཚོས་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་ཞེས་ངག་ནས་བཤད་པ་ཙམ་མ་ཡིན་པར་དུས་རྒྱུན་དུ་བོད་སྐད་གཙང་མ་བཤད་པ་དང། བོད་ཡིག་འབྲི་རྩལ་དང་ཀློག་རྩལ། སོགས་ཡར་རྒྱས་གཏོང་ཐབས་བྱེད་དགོས། དཔེ་སྟོན་སློབ་ཕྲུག་རྣམས་སྐད་ཆ་བཤད་སྟངས་དང་རྩོམ་ཡིག་འབྲི་རྩལ་ཧ་ཅང་ལེགས་པོ་འདུག་ཅེས་བཤད་སྲོལ་ཡོད། དེ་ནི་གཙོ་བོ་སྔར་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་རྣམས་ལ་རྒན་ལགས་རྣམས་ཀྱིས་བོད་སྐད་གློག་བརྙན་ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར་དང། བླ་མ་སྨྱོན་པ། ཊིན་ཊིན་བོད་ལ་བསྐྱོད་པ་སོགས་ཧ་ཅང་མང་པོ་སྟོན་གནང་བ་དང་སློབ་ཕྲུག་རྣམས་ཀྱང་ལྟ་རྒྱུར་དགའ་པོ་ཡོད། རྒན་ལགས་རྣམས་ཀྱིས་ཀྱང་སློབ་ཁྲིད་གནང་དུས་སྨྲ་བརྗོད་དག་པོ་དང། རྣ་བར་སྙན་ཞིང་ཡིད་དུ་འོང་བའི་ཚིག་གསར་མང་པོ་སློབ་ཁྲིད་གནང་བའི་བཀའ་དྲིན་གྱིས་རྩོམ་ཡིག་ཐུང་ངུ་རེ་འབྲི་ཐུབ་པ་དང་ཚིག་གསར་ཡང་མང་པོ་ཤེས་བྱུང། དེང་སང་བོད་པའི་སྤྱི་ཚོགས་ཀྱི་ཁྲོད་དུ་དམིགས་བསལ་རྒན་རབས་པ་རྣམས་དུས་ཁོམ་བྱུང་དུས་བོད་ཡིག་གསར་ཤོག་ཀློག་མཁན་གསེར་ལས་དཀོན་པ་འདུག དེ་ལས་ལྡོག་སྟེ་ཕལ་ཆེ་བ་སྤྱི་ཚོགས་དྲ་རྒྱའི་ནང་གི་དོན་སྙིང་མེད་པའི་མཆལ་གཏམ་དང་དཀྲོག་གཏམ་རིགས་ཉན་རྒྱུར་མགོ་འཁོར་ཏེ་ཕན་ཚུན་རྙོག་གཏམ་བཤད་ནས་སྡོད་པ་ལས་བོད་ཡིག་གི་གསར་ཤོག་ཀློག་མཁན་དཀོན་པོ་རེད། རྒྱ་གར་གྱི་སྤྱི་ཚོགས་ཁྲོད་དུ་དཔེར་ན་ཁྲོམ་གཞུང་དུ་སྔོ་ཚལ་རིགས་འཚོང་མཁན་དང་ཚོང་ཁང་གི་སྦྱིན་བདག། ལས་ཁུངས་ཀྱི་ལས་བྱེད་སོགས་ཚང་མས་རིན་བྲལ་གྱི་དུས་ཚོད་ཆུད་ཟོས་སུ་མ་བཏང་བར་ཧིན་དྷིའི་གསར་ཤོག་ཀློག་སྟེ་རྒྱལ་ཁབ་ཀྱི་ཆབ་སྲིད་དང་འཛམ་གླིང་གི་གནས་ཚུལ་གསར་པ་ཁག་ཤེས་ཐབས་བྱས་ནས་རང་ཉིད་ཀྱི་སྐད་ཡིག་དང་ཤེས་བྱ་ཡར་རྒྱས་འགྲོ་ཡི་ཡོད། ང་ཚོ་བོད་པ་ཚོས་ཀྱང་སོ་སོའི་མི་རིགས་ཀྱི་སྐད་ཡིག་ཐོག་ཡོད་པའི་གསར་ཤོག་ཀློག་པ་དང་སློབ་སྦྱོང་བྱེད་དགོས། མ་འོངས་པར་ངས་བོད་ཀྱི་སྐད་ཡིག་ཐོག་ལ་སྔར་ལས་ལྷག་པའི་འབད་བརྩོན་བྱས་ཏེ་བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་ཡུན་ནས་ཡུན་དུ་གནས་ཐུབ་པའི་ཞབས་འདེགས་སྒྲུབ་ཐུབ་པ་བྱེད་ཀྱི་ཡིན། །
