བསྟན་འཛིན་བརྩོན་འགྲུས། འཛིན་གྲྭ་དྲུག་པ། དཔེ་སྟོན་སློབ་གྲྭ། མི་རིགས་ཚང་མར་སྐད་ཡིག་མི་འདྲ་བ་རེ་ཡོད། མི་རིགས་ཚང་མར་རང་རང་གི་སྐད་ཡིག་ཅིག་ངེས་པར་དུ་ཡོད་དགོས། རྒྱུ་མཚན་ནི། སྐད་ཡིག་ནི་མི་རིགས་ཤིག་གི་ངོ་བོ་མཚོན་རྟགས་གཙོ་བོ་ཞིག་དང། མི་རིགས་ཀྱི་བླ་སྲོག་ལྟ་བུ་ཡིན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་པ་ནི། ཐོག་མར་བོད་སྐད་གཙང་མ་བཤད་དགོས་པ་དང་བོད་ཆས་གྱོན་པ། ནང་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་བྱེད་དགོས་པ། བོད་ཡིག་ལ་སློབ་ཚན་གཞན་ལས་ལྷག་པ་སྦྱོང་དགོས་པ་བཅས་ཡིན། ང་ཚོ་བོད་ཆོལ་ཁ་གསུམ་གྱི་རྒྱལ་ཁབ་ཆེན་པོ་དེ་རྒྱ་དམར་གྱིས་བཙན་བཟུང་བྱས་པའི་རྐྱེན་གྱིས་བོད་ཀྱི་རིག་གནས་སྤྱི་ལ་གནོད་སྐྱོན་ཆེན་པོ་བྱུང་བ་རེད། དེ་ཡང་རྒྱ་དམར་གཞུང་གི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་སྐད་ཡིག་དེ་ཉམས་རྒུད་དང་རྩ་གཏོར་གཏོང་རྒྱུ་དེ་ཡིན། གལ་སྲིད་ང་ཚོ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་པ་ཡིན་ན། མ་འོངས་བོད་ཀྱི་གནས་སྟངས་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་སྲིད་པ་དང། ཕ་སྐད་ཉམས་པ་མ་ཟད་མི་རབས་ནས་བརྒྱུད་ཡོང་བའི་རིག་གཞུང་དེ་མེད་པར་གྱུར་བ་མ་ཟད། མི་རིགས་རྩ་མེད་དུ་འགྲོ་རྒྱུ་གཏན་འཁེལ་རེད། ང་ཚོ་བོད་ཀྱི་སྐད་ཡིག་གཞན་དང་མི་འདྲ་བར་ཚིག་ཕྱུག་པ་དང། ཡིག་གཟུགས་ཀྱང་འབྲི་སྟངས་རྣམ་པ་མི་འདྲ་བ་མང་པོ་ཡོད་པས་རྒྱལ་ཁབ་གཞན་གྱི་མི་རྣམས་ཀྱིས་ཀྱང་བོད་ཀྱི་སྐད་ཡིག་ལ་ཧུར་བརྩོན་ཆེན་པོས་སློབ་སྦྱོང་བྱེད་བཞིན་པ་མཐོང་དུས་ང་རང་སྤོབས་སེམས་སྐྱེ་ཡི་འདུག བོད་ཀྱི་སྐད་ཡིག་ནི་ཐོག་མར་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་སློབ་དཔོན་ཐོན་མི་སམ་བྷོ་ཊ་ཁོང་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ཏེ་སྐུ་ལས་ཚད་མེད་བསྐྱོན་ཏེ་བོད་མི་ཚང་མས་བཤད་ཐུབ་པའི་ཕ་སྐད་གཙང་མ་ཞིག་གསར་གཏོད་གནང་བ་རེད། སྐད་ཡིག་དེ་བོད་མི་རྣམས་ཀྱིས་སྲུང་སྐྱོབ་བྱས་པའི་རྐྱེན་གྱིས་དེང་སང་ང་ཚོས་བཀོལ་སྤྱོད་བྱེད་པའི་སྐད་ཡིག་དེ་ད་བར་གནས་ཐུབ་པ་བྱུང་བ་རེད། ང་ཚོ་བོད་མི་ཚང་མའི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནམ་ཞིག་ཡིན་ནའང་ང་ཚོའི་བོད་ཕྲུག་ན་གཞོན་རྣམས་ལ་རང་གི་སྐད་ཡིག་དང་ཆོས་རིག་གཞུང་དེ་དག་ལ་དོ་སྣང་དང་བདག་ཉར་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་པའི་བཀའ་སློབ་ཡང་ཡང་བསྩལ་གནང་གི་ཡོད། གལ་སྲིད་མ་འོངས་པར་བོད་ཕྲུག་རྣམས་བོད་ཡིག་འབྲི་ཀློག་ཡག་པོ་ཤེས་དགོས་ན་ཆུང་དུས་ནས་བོད་སྐད་གཙང་མ་རྒྱག་རྒྱུ་དང་བོད་ཡིག་གི་སྒྲུང་དེབ་མང་ཙམ་བཀླག་རྒྱུའི་གོམས་གཤིས་བཟང་པོ་འཇགས་དགོས། དང་པོ་རང་མི་རིགས་ཀྱི་སྐད་ཡིག་དེ་མཐར་ཕྱིན་པ་ཞིག་ཤེས་ན་གཞན་གྱི་སྐད་ཡིག་ནི་རང་བཞིན་གྱིས་ཤེས་པར་སླའོ། བོད་ཡུལ་ནི་སྙན་གྲགས་ཆེན་པོ་ཡིན་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཡང་དེ་ལས་ལྷག་པ་ཡིན། ང་ཚོས་བོད་ཀྱི་སྐད་ཡིག་ངེས་པར་དུ་ང་ཚོའི་འཚོ་བའི་ནང་བཀོལ་སྤྱོད་གང་མང་གནང་དགོས། གུས་པ་ནི་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས། བོད་ཀྱི་སྐད་ཡིག་གི་རྨང་གཞི་གཞན་ལས་ལྷག་པ་ཞིག་དགོས། གང་ཡིན་ཟེར་ན་བོད་ཡིག་རྒན་ལགས་རྣམས་ཀྱིས་ཉིན་མཚན་ལྟོས་མེད་སྦྱོང་ཚན་བཟོས་ཏེ་ང་ཚོ་སློབ་ཕྲུག་ཚོར་གནང་བ་དང། སྦྱོང་ཚན་འབྲི་སྦྱོང་ཙམ་མ་ཡིན་པར་འགྲེལ་བཤད་གསལ་པོ་གནང་བ། ཚིག་གསར་དག་གི་ཀློག་སྟངས་སློབ་པ་སོགས་གནང་གི་ཡོད་ཙང་བོད་ཡིག་ཡག་པོ་ཤེས་ཀྱི་ཡོད། ད་དུང་ང་ཚོས་རྒན་ལགས་ཀྱིས་གང་གསུངས་པ་དེ་བློ་ལ་ངེས་ནས་རང་འགུལ་ངང་བསྐྱར་སྦྱོང་བྱས་པས། ད་ཆ་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱི་བོད་ཡིག་རྨང་གཞི་དང་སྐད་ཆ་ཤོད་སྟངས་སོགས་གཞན་ལས་ལྷག་པ་ཞིག་ཡོད་པར་ངོས་འཛིན་གནང་གི་ཡོད། དེ་འདྲ་སོང་ཙང་ང་ཚོས་མུ་མཐུད་འབད་བརྩོན་དང་ཡར་རྒྱས་གཏོང་དགོས། ད་དུང་ངས་བོད་ཕྲུག་རྣམས་ལ་མ་འོངས་པར་མི་བཟང་ཞིག་དང་སྤྱི་ཚོགས་ལ་ཕན་ཐོགས་ཐུབ་པའི་ཕུལ་བྱུང་གི་མི་སྣ་ཞིག་བྱེད་དགོས་པའི་རེ་བ་དང་འབོད་སྐུལ་ཞུ་ཡི་ཡོད། ང་ཚོ་བོད་ཕྲུག་ཅིག་ཡིན་པའི་ཆ་ནས་བོད་ཀྱི་སྐད་ཡིག་དོ་སྣང་དང་སློབ་སྦྱོང་མ་བྱས་ན་རིམ་བཞིན་ཉམས་རྒུད་དང་རྩ་མེད་དུ་འགྲོ་རྒྱུ་ཉག་ཅིག་རེད། གལ་སྲིད་འདི་འདྲའི་གནས་ཚུལ་ཞིག་ཏུ་གྱུར་ན་ང་ཚོས་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་མ་གྲུབས་པ་དང་ཁོང་ལ་གུས་བརྩི་མེད་པ་མཚོན་གྱི་ཡོད། གུས་པས་རེ་སྐུལ་ཞིག་ཞུ་རྒྱུ་ཡོད། ང་ཚོས་སྙིང་ནས་བརྩེ་བའི་བོད་ཀྱི་སྐད་ཡིག་སློབ་ཁྲིད་གནང་མཁན་རྒན་ལགས་རྣམ་པ་ཚོས་སློབ་ཕྲུག་རྣམས་ལ་གཞན་ལས་ལྷག་པའི་སློབ་ཁྲིད་གནང་གི་ཡོད་པ་ང་ཚོས་གསལ་པོ་ཤེས་ཀྱི་ཡོད། ཡིན་ནའང་སློབ་ཕྲུག་སྦྱངས་འབྲས་ཞན་པ་དང་ཤེས་ཚད་སྐྱོ་བ་རྣམས་ལ་དམིགས་བསལ་སློབ་ཁྲིད་དང་ཟུར་ཁྲིད་གནང་དགོས་པའི་མྱོང་ཚོར་ཞིག་བྱུང། གང་ཡིན་ཟེར་ན། སློབ་ཕྲུག་ཁ་ཤས་བོད་ཡིག་ཤེས་ཚད་ཞན་པོ་ཡོད་ཙང་གཞན་གྱི་རྗེས་མ་ཟིན་པ་དང། སློབ་ཕྲུག་གཞན་སྤྱི་ཡོངས་ཀྱི་དུས་ཚོད་ཀྱང་ཆུད་ཟོས་སུ་འགྲོ་ཡི་ཡོད་པས། རྒན་ལགས་རྣམས་ཀྱིས་ཁོ་ཚོའི་བོད་ཡིག་ཤེས་ཚད་ཡར་རྒྱས་གཏོང་རྒྱུའི་ཆེད་རང་ནུས་ཅི་ལྕོགས་ཀྱིས་ཟུར་ཁྲིད་གནང་རྒྱུའི་རེ་བ་ཡོད། །
ང་བོད་པ་ཞིག་ཡིན་པའི་ཆ་ནས་བོ
བསྟན་འཛིན་ཀུན་ཁྱབ། དཔེ་སྟོན་སློབ་གྲྭ། འཛིན་གྲྭ་དྲུག་པ། བདག་གི་མིང་ལ་བསྟན་འཛིན་ཀུན་ཁྱབ་ཟེར། ངས་བསམ་ན་བོད་པ་ཚོས་བོད་ཡིག་སྦྱོང་དགོས་དོན་ནི་བོད་ཡིག་མི་ཉམས་རྒྱུན་འཛིན་དང་གོང་འཕེལ་གཏོང་རྒྱུའི་ཆེད་དུ་རེད་བསམ་གྱི་འདུག དེར་བརྟེན་ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་ངེས་པར་དུ་སྦྱོང་དགོས། ང་ཚོའི་སྐད་ཡིག་མི་ཉམས་གོང་འཕེལ་ཡོང་རྒྱུའི་ཆེད་དུ་འབྲི་ཀློག་བཤད་གསུམ་ལ་འབད་བརྩོན་དང་ཡར་རྒྱས་གཏོང་ཐབས་བྱེད་རྒྱུ་དང་བོད་ཡིག་ལ་མོས་པའི་བསམ་བློ་མཐོར་འདེགས་གཏོང་དགོས། ང་ཚོས་སློབ་གྲྭའི་ནང་བོད་ཡིག་སློབ་ཚན་སྦྱོང་ཐབས་ནི་སློབ་ཚན་ཐེངས་གཅིག་ལྗགས་ཀློག་གནང་རྗེས་གོ་དཀའ་བའི་ཚིག་གསར་བརྗོད་པ་ཁག་ཤེས་པར་བྱས་ཏེ་ཡང་ཡང་ཀློག་འདོན་བྱ་རྒྱུ་དེ་ཡིན། ང་ཚོའི་གནས་སྐབས་ཀྱི་དམིགས་ཡུལ་ནི་སློབ་ཚན་མཐིལ་ཕྱིན་པ་ཤེས་པའི་རྨང་གཞིའི་ཐོག་ལ་རྩོམ་ཡིག་འབྲི་རྒྱུར་དགའ་མོས་སྐྱེ་བའི་བསམ་བློ་སྐྱེེད་སྲིངས་བྱ་རྒྱུ་དེ་ཡིན། ང་ཚོའི་ཕུགས་ཀྱི་དམིགས་ཡུལ་ནི་སློབ་ཚན་གྱི་བསམ་བློའི་རྨང་གཞི་བརྒྱུད་དེ་བོད་པའི་རྩོམ་རིག་གི་བསམ་བློའི་སྣེ་ཁྲིད་པའི་རྩོམ་པ་པོ་ཞིག་བྱ་དགོས། སྤྱིར་བཏང་ང་རང་ལ་ཆ་མཚོན་ན་བོད་པའི་དམངས་ཁྲོད་སྒྲུང་གཏམ་དང་བོད་ཡིག་ཡིག་གཟུགས་འབྲི་རྒྱུར་ཧ་ཅང་དགའ་པོ་ཡོད། ང་བོད་ཡིག་དཔེ་དེབ་ཀློག་རྒྱུ་དང་ཡིག་གཟུགས་འབྲི་རྒྱུར་དགའ་བའི་རྒྱུ་མཚན་ནི་ཆུང་དུས་ནས་སྤྲོ་སྣང་དང་གོམས་འདྲིས་བཟང་པོ་ཐེབས་པ་དང། བོད་པའི་རིག་གཞུང་ལ་དགའ་ཞེན་ཡོད་པས་ཡིན། འཁྲུག་ཆ་དོད་པའི་འཇིག་རྟེན་འདིའི་ཐོག་སྐད་ཡིག་རིགས་སྣ་ཚོགས་ཡོད་ནའང་ང་ཚོ་བོད་པའི་སྐད་ཡིག་དེ་དམིགས་བསལ་ཞིག་རེད། གལ་ཡིན་ཞེ་ན། བོད་ཡིག་ནི་ནང་པའི་ཆོས་དང་རིག་གཞུང་དང་འབྲེལ་བ་ཧ་ཅང་ཆེན་པོ་ཡོད་པས་ཡིན། ང་ཚོས་ངེས་པར་དུ་བོད་པའི་སྐད་ཡིག་དང་རིག་གཞུང་ལ་ཞིབ་འཇུག་བྱ་དགོས། སློབ་ཕྲུག་ཚོས་ཀྱང་སློབ་གྲྭའི་ནང་བོད་ཡིག་སྦྱོང་བ་དང་རྩོམ་ཡིག་གང་མང་འབྲི་དགོས། ང་ཚོའི་ན་ཆུང་བོད་ཕྲུག་རྣམས་སྤྱི་ཚོགས་དྲ་རྒྱའི་ནང་གི་གློག་རྡུལ་རྩེད་རིགས་དང་ཁྲ་ཁྲ་ཟིང་ཟིང་ལ་ཧ་ཅང་དགའ་པོ་བྱེད་ཀྱི་འདུག དེ་ལས་བོད་ཡིག་གི་དཔེ་དེབ་གང་མང་ལྟ་བ་དང་རྩོམ་ཡིག་གང་ཐུབ་འབྲི་བར་འབད་དགོས་སོ། །
ང་བོད་པ་ཞིག་ཡིན་པའི་ཆ་ནས་བོ
བསྟན་འཛིན་ལྷ་རྒྱལ། དཔེ་སྟོན་སློབ་གྲྭ། འཛིན་གྲྭ་བདུན་པ། ཕྱི་དྲོ་སློབ་ཕྲུག་རྣམས་ཁྱིམ་ཚང་དུ་ལོག་རྩིས་བྱེད་སྐབས་ངས་ཀྱང་དཔེ་ཁུག་ཁྱེར་ཏེ་འགྲོ་རྩིས་བྱས་པ་ན། ང་ཚོའི་བོད་ཡིག་རྒན་ལགས་ཀྱིས་བོད་པས་བོད་ཡིག་སྦྱོང་དགོས་པའི་བརྗོད་གཞིའི་ཐོག་ལ་རྩོམ་ཡིག་ཅིག་ཉིན་ཤས་ནང་བྲིས་ཚར་བ་དགོས་ཞེས་གསུངས་སོང། ངས་ལམ་སེང་དཔེ་ཁུག་ནས་འབྲི་དེབ་དང་སྨྱུ་གུ་བཏོན་ཏེ་འཛིན་གྲྭར་བསྡད་ནས་རྩོམ་ཡིག་འབྲི་འགོ་བརྩམས་པ་ཡིན། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཇི་ལྟར་བྱ་དགོས་པ་ནི་ང་ཚོའི་འོས་འགན་ཡིན། ང་ཚོ་བོད་ཆོལ་ཁ་གསུམ་གྱི་རྒྱལ་ཁབ་དེ་རྒྱ་དམར་གྱིས་བཙན་བཟུང་བྱས་པའི་རྐྱེན་གྱིས་བོད་ཀྱི་རིག་གནས་སྤྱི་ལ་གནོད་སྐྱོན་ཆེན་པོ་བྱུང་ཡོད། དེ་ཡང་རྒྱ་དམར་གཞུང་གི་དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་སྐད་ཡིག་དང་ཆོས། རིག་གཞུང་ཉམས་ཉེས་རྩ་མེད་གཏོང་རྒྱུ་དེ་ཡིན། དེ་ནས་བཟུང་ང་ཚོ་བོད་ཀྱི་གནས་སྟངས་ལ་འགྱུར་བ་ཆེན་པོ་ཞིག་ཐེབས་པ་དང་རང་མི་རིགས་ཀྱི་ཕ་སྐད་དང་མི་རིགས་ཀྱི་རིག་གཞུང་ཡང་རིམ་གྱིས་ཉམས་པ་མ་ཟད་རྩ་བརླག་ཏུ་འགྲོ་བའི་ཉེན་ཁར་གྱར་ཡོད། སྐད་ཡིག་ནི་མི་རིགས་སུ་ཡིན་ཡང་དེའི་བླ་སྲོག་ལྟ་བུ་ཡིན་པ་དང་སྐད་ཡིག་དེ་མེད་པར་འགྱུར་ན་མི་རིགས་དེ་ཡང་མིང་ཙམ་ཏུ་འགྱུར་རྒྱུ་གཏན་འཁེལ་རེད། ང་ཚོའི་མེས་པ་རྣམས་སོ་སོའི་ལུང་པ་ལ་མུ་གེ་བྱུང་བ་དང། ཡང་ན་ཁྲིམས་འགལ་ལས་བྱས་ཏེ་གཞན་ཡུལ་དུ་བྲོས་བྱོལ་དུ་ཡོང་བ་ཞིག་མ་རེད། རྒྱ་དམར་གྱི་བཙན་འོག་ནས་ང་ཚོ་བོད་མི་རིགས་ཀྱི་ཐོབ་ཐང་དང་མི་རིགས་ཀྱི་ཆོས་དང་རིག་གཞུང་བཅས་ལ་སྲུང་སྐྱོབ་བྱེད་རྒྱུའི་དོན་དུ་ཁོང་རྣམས་བཙན་བྱོལ་དུ་ཡོང་དགོས་བྱུང་བ་རེད། དེར་བརྟེན་ང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་རིགས་གཞོན་སྐྱེས་ཕོ་མོ་རྣམས་ནས་སོ་སོའི་འཕྲལ་སེལ་ལྟ་གོས་གཏམ་གསུམ་གཅིག་པོའི་ཆེད་དུ་མ་ཡིན་པར་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་སྐད་ཡིག ཁོར་ཡུག་བཅས་སྲུང་སྐྱོབ་བྱེད་དགོས་པ་དེ་ང་ཚོའི་འོས་འགན་གཙོ་བོ་ཞིག་ཡིན་པ་སེམས་ནང་དྲན་ཞིང་ལག་བསྟར་གནང་དགོས། དེ་ཙམ་མ་ཟད། དེང་སང་འཛམ་གླིང་མི་རིགས་ཚང་མས་ནང་པའི་རིག་གཞུང་དེ་གལ་ཆེན་པོ་ཡིན་པར་ཚོར་ནས། རྒྱལ་ཁབ་དང་མི་རིགས་གང་འདྲ་ཞིག་ཡིན་ནའང་ནང་པའི་བསྟན་པ་སྤྱི་དང་ལྷག་པར་དུ་ཐེག་པ་ཆེན་པོའི་ཆོས་དང། ཡང་སྒོས་སྔགས་ཀྱི་སྐོར་ལ་དོ་སྣང་ཆེན་པོ་གནང་གི་ཡོད་པ་རེད། དེས་ན། དེ་འདྲའི་དོ་སྣང་དང་སློབ་སྦྱོང་བྱེད་པའི་རིག་གཞུང་དེ་འཇིག་རྟེན་ནང་གནས་དགོས་པ་ཞིག་དང། འགྲོ་བ་མིའི་སྤྱི་ཚོགས་ལ་དགོས་མཁོ་ཆེན་པོ་ཡོད་པ་ན། ངེས་པར་དུ་བོད་པའི་སྐད་ཡིག་དང་རིག་གཞུང་དེ་ཉར་ཚགས་བྱེད་དགོས་པའི་གནས་སྟངས་ཤིག་ཡིན། ད་ལྟའི་གནས་སྐབས་འདི་ལ་ཐེག་པ་ཆེན་པོའི་ཆོས་དང་བཀའ་སྡེ་སྣོད་ཡོངས་སུ་རྫོགས་པ་སྐད་ཡིག་གང་འདྲ་ཞིག་ལ་བརྟེན་དགོས་ཞེ་ན། བོད་པའི་སྐད་ཡིག་ལ་བརྟེན་པ་ལས་ཐབས་ལམ་གཞན་ཞིག་ཡོད་མ་རེད། འདི་ལ་རྒྱུ་མཚན་གཉིས་ཡོད། དང་པོ་དེ་ལ། བོད་ཀྱི་སྐད་ཡིག་གིས་ནང་པའི་ཆོས་ཀྱི་གོ་དོན་མཐིལ་ཕྱིན་པ་ཞིག་སྟོན་ཐུབ། དེ་སྐད་ཡིག་གཞན་ཞིག་གིས་སྟོན་ཐུབ་ཀྱི་མ་རེད། གཉིས་པ་དེ་ལ། ལེགས་སྦྱར་སྐད་ཀྱི་ཐོག་ཏུ་ཡོད་པའི་ནང་པའི་གཞུང་ཆ་ཚང་སྐད་ཡིག་གཞན་གྱི་ནང་ཆ་ཚང་བ་ཞིག་བསྒྱུར་ཐུབ་ཀྱི་མེད། གལ་སྲིད་བསྒྱུར་པའི་དབང་དུ་བཏང་ནའང་ལོ་བརྒྱ་ཕྲག་མང་པོ་འགོར་གྱི་རེད། དེར་བརྟེན་ང་ཚོས་བོད་པའི་སྐད་ཡིག་དང་རིག་གཞུང་ལ་དགའ་ཞེན་དང་བདག་པོ་རྒྱག་དགོས། ང་ཚོས་ངེས་པར་དུ་རྒྱུན་འཛིན་མ་བྱས་ན་ང་ཚོའི་མི་རབས་འདིས་གང་ཡང་མ་འཇོན་པ་དང་གཅིག་མཚུངས་རེད། མ་ཟད་བོད་ཀྱི་སྐད་ཡིག་ལ་དོ་སྣང་བྱེད་མཁན་ཡང་མང་པོ་ཡོད་པ་དང། འཛམ་གླིང་སྤྱིའི་ཁེ་ཕན་ལའང་ལྟོས་ཏེ་བདག་པོ་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་རེད། འདི་དག་ནི་ང་རང་ན་ཆུང་བོད་ཕྲུག་ཅིག་གི་བསམ་ཚུལ་ཙམ་ཡིན། དེར་བརྟེན་ང་ཚོས་རང་མི་རིགས་ཀྱི་སྐད་ཡིག་དང་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དེ་རང་ཉིད་ཀྱི་སྲོག་ལས་ཀྱང་གལ་ཆེ་བར་བརྩིས་ཏེ་བོད་མི་ཚང་མས་ལས་འགན་འདི་ངེས་པར་དུ་སྒྲུབ་ཐུབ་པ་གནང་དགོས། །
ང་བོད་པ་ཞིག་ཡིན་པའི་ཆ་ནས་བོ
བསྟན་འཛིན་ཟླ་དཀར། དཔེ་སྟོན་སློབ་གྲྭ། འཛིན་གྲྭ་བརྒྱད་པ། དེང་དུས་བོད་ཕྲུག་རྣམས་ཆུང་བྱིས་པའི་དུས་ནས་སོ་སོའི་རིག་གཞུང་དང་དང་བོད་སྐད་གློག་བརྙན་ལ་ལྟ་རྒྱུར་དགའ་བ་ལས་ལྷག་པ་མི་རིགས་གཞན་གྱི་གློག་བརྙན་དང་གཞས་ཞབས་བྲོར་དགའ་བས། བོད་ཀྱི་སྐད་ཡིག་རིམ་གྱིས་ཉམས་རྒུད་དུ་འགྲོ་བཞིན་ཡོད། སྔར་དཔེ་སྟོན་སློབ་གྲྭའི་སློབ་ཕྲུག་ཚོས་བོད་པའི་གློག་བརྙན་ལྟ་བ་དང་རྒན་ལགས་ཚོས་ཀྱང་བོད་པའི་གློག་བརྙན་གང་མང་སྟོན་པའི་བཀའ་དྲིན་ལ་བརྟེན་ནས་ཁོ་ནས་བོད་སྐད་དྭངས་ཤིང་གཙང་བ་བཤད་ཐུབ་པ་དང། བོད་ཡིག་གི་རྩོམ་ཡིག་དང་ཚིག་དུམ་རེ་འབྲི་རྒྱུར་དཀའ་ངལ་འཕྲད་ཀྱི་མེད། དཔེ་སྟོན་སློབ་གྲྭའི་བོད་རིགས་རྒན་ལགས་ཚོས་བོད་ཡིག་སློབ་ཚན་ཧ་ཅང་ཞིབ་ཚགས་འཁྲིད་པ་དང། སློབ་ཕྲུག་ཚོས་ཀྱང་རྒན་ལགས་ཀྱིས་གནང་བའི་བོད་ཡིག་སློབ་ཚན་ཁག་གི་ནང་ནས་རྣ་བར་སྙན་ཞིང་ཡིད་དུ་འོང་བའི་ཚིག་གསར་ཧ་ཅང་མང་པོ་སློབ་ཁྲིད་གནང་སྟེ་ང་ཚོས་ཤེས་ཐུབ་ཀྱི་ཡོད། དཔེར་ན། བོད་ཡིག་གི་སློབ་ཚན་ནང། བརྩོན་འགྲུས་གནང་དང་ལེགས་གྲུབ་ཐུབ། འོས་འདེམས། རེ་བའི་སྐར་འོད། ཊེ་ཧོར་གྱིས་རི་བོའི་རྩེ་ནས་སྙན་ངག་བརྩམས། མངོན་མེད་ཀྱི་མཛད་རྗེས་སོགས་བོད་ཡིག་སློབ་ཚན་ཧ་ཅང་མང་པོ་ཁྲིད་གནང་གི་ཡོད། སྤྱིར་བཏང་དེང་དུས་སློབ་གྲྭ་ཁག་གི་ནང་བོད་ཕྲུག་ཚོས་སོ་སོའི་མི་རིགས་ཀྱི་སྐད་ཡིག་གཙང་མ་ཞིག་མ་བཤད་པར་སྐད་ར་མ་ལུག་ཤོད་ཀྱི་ཡོད་པ་ངས་མཐོང་ཐོས་བྱུང། དེང་དུས་ཀྱི་ཕ་མ་ཚོས་སོ་སོའི་ཕྲུ་གུ་རྣམས་བོད་པའི་སློབ་གྲྭར་གཏོང་རྒྱུའི་ཚབ་ལ་ཨིན་ཇིའི་སློབ་གྲྭར་མངགས་ནས་བོད་ཕྲུག་དེའི་རིགས་སོ་སོའི་སྐད་ཡིག་གི་རྨང་གཞི་ཡང་མེད་པའི་གནས་སུ་གྱར་ཡོད། ཕྱི་རྒྱལ་དུ་འཚར་ལོངས་བྱུང་བའི་བོད་ཕྲུག་རྣམས་ཀྱིས་བོད་སྐད་རྩ་བ་ནས་རྒྱག་ཤེས་ཀྱི་མེད། ང་ཚོ་བོད་ཕྲུག་ཚོས་གཞན་གྱིས་བཙན་དབང་བཏང་བའི་འདུ་ཤེས་དོར་ཏེ་༸གོང་ས་མཆོག་གི་བཀའ་དགོངས་བཞིན་བོད་པའི་སྐད་ཡིག་དང་ཆོས་དང་རིག་གཞུང་ལ་སེམས་གཏིང་ནས་དགའ་ཞེན་ཡོད་པའི་ཐོག་ནས་སྦྱོང་དགོས་ཀྱི་ཡོད། ང་ཚོ་བོད་ཆོལ་ཁ་གསུམ་གྱི་བོད་རིགས་སྤུན་ཟླ་རྣམས་ཀྱང་རྒྱ་དམར་གྱིས་བོད་ལ་བཙན་བཟུང་བྱས་པའི་དབང་གིས་བོད་མི་རྣམས་གཞིས་བྱེས་གཉིས་སུ་ཁ་གྱེས་པ་དང་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལའང་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད། དེ་ཡང་རྒྱ་དམར་གྱིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་དུ་གཏོང་རྒྱུའི་ངན་བྱུས་བཤམས་པ་ནས་བཟུང་བོད་པའི་སྐད་ཡིག་དང་རིག་གཞུང་ཉམས་པ་དང་བོད་མི་རིགས་ལའང་འགྱུར་བ་ཤུགས་ཆེན་ཐེབས་ཡོད། བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་རྒུད་དུ་སོང་ན་མི་རབས་ནས་མི་རབས་བར་གྱི་མཐུན་སྒྲིལ་གྱི་འབྲེལ་བ་དང་དེ་ཡང་ཉམས་པ་མ་ཟད་བོད་མི་རིགས་རྩ་མེད་དུ་འགྲོ་རྒྱུ་ཡིན་པ་ཏན་ཏན་རེད། བོད་མི་རིགས་ཀྱི་སྐད་ཡིག་དེ་མེད་ན་མི་རིགས་དེ་ཡང་མིང་ཙམ་ལས་ལྷག་མེད། ང་ཚོ་བོད་པ་རྣམས་ནི་སོ་སོའི་ལུང་པའི་ནང་མུ་གེ་བྱུང་བ་དང་ཁྲིམས་དང་འགལ་བའི་ལས་ཀ་བྱས་ཏེ་བཙན་བྱོལ་དུ་ཡོང་དགོས་བྱུང་བ་ཞིག་མ་རེད། རྒྱ་དམར་གྱི་བཙན་དབང་འོག་ནས་ང་ཚོའི་མི་རིགས་ཀྱི་ཐོབ་ཐང་དང་སོ་སོའི་མི་རིགས་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐུབ་རྒྱུའི་ཆེད་དུ་རང་དབང་ལུང་པར་བཙན་བྱོལ་དུ་ཡོང་དགོས་བྱུང་བ་རེད། དེར་བརྟེན་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་རིགས་གཞོན་སྐྱེས་ཕོ་མོ་རྣམས་ཀྱིས་སོ་སོའི་འཕྲལ་སེལ་ལྟོ་གོས་གཏམ་གསུམ་དང་རང་དོན་གཅིག་པོར་མ་བསམ་པར་བོད་པའི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་ལས་འགན་གཙོ་བོ་ཞིག་ཡིན་པ་དུས་རྟག་ཏུ་སེམས་ནང་དྲན་ཞིང་ལག་བསྟར་གནང་དགོས། ང་ཚོ་བོད་མི་རྒན་གཞོན་དར་གསུམ་གྱིས་རང་གི་བོད་སྐད་གཙང་མ་བཤད་པར་མི་རིགས་གཞན་གྱི་སྐད་ཡིག་ལ་སྐྱབས་བཅོལ་དགོས་པ་ནི་ངོ་ཚའི་གནས་ཤིག་ཡིན་པ་ཤེས་པར་བྱས་ཏེ་བོད་ཡིག་ལ་ལྷག་པར་དུ་དོ་སྣང་དང་སྦྱང་བརྩོན་བྱེད་རྒྱུ་དེ་ཧ་ཅང་གལ་འགངས་ཆེན་པོ་ཡིན། སྔར་དུས་རབས་བདུན་པའི་ནང་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་སློབ་དཔོན་ཐོན་མི་སམ་བྷོ་ཊ་ཁོང་གིས་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ནས་སྐུ་ལས་ཚད་མེད་བསྐྱོན་ཏེ་བོད་པའི་སྐད་གདངས་ལ་ཞིབ་འཇུག་གནང་ནས་བོད་མི་རིགས་ཚང་མས་ཀློག་ཐུབ་པ་དང་གོ་ཐུབ་པའི་བོད་ཡིག་དང་ཡིག་གཟུགས་མཛད་པ་ཚང་མས་མཁྱེན་གསལ་རེད། སྐབས་དེ་དུས་ནས་བཟུང་ང་ཚོ་ནི་སྐད་ཡིག་གཉིས་ལྡན་གྱི་རྒྱལ་ཁབ་ཅིག་ཡིན། ང་ཚོ་བོད་མི་ཚོའི་ལྟ་བའི་མིག་དང། ཁོག་པའི་སྙིང་ལྟ་བུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་དུས་ནམ་ཡིན་ཡང་ང་ཚོ་བོད་ཕྲུག་ན་གཞོན་རྣམས་ལ་རང་མི་རིགས་ཀྱི་སྐད་ཡིག་དང་ཆོས་དང་རིག་གཞུང་བཅས་ལ་དོ་སྣང་དང་སློབ་སྦྱོང་བྱེད་དགོས་ཤིང་སྲུང་སྐྱོབ་བྱེད་དགོས་པའི་བཀའ་སློབ་ཡང་ཡང་བསྩལ་གནང་གི་ཡོད། དེར་བརྟེན་ང་ཚོ་རྒྱ་གར་དང་ཡུལ་གྲུ་གཞན་ནང་བཙན་བྱོལ་དུ་གྱར་བའི་བོད་ཕྲུག་ཚང་མས་བོད་པའི་སྐད་ཡིག་དང་རིག་གཞུང་ལ་སྔར་ལས་ལྷག་པའི་འབད་བརྩོན་བྱེད་དགོས་སོ། ༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྱང་བོད་རིགས་རྣམས་ལ་མི་རིགས་གཞན་གྱི་སྐད་ཡིག་ཤེས་ན་དེ་ནི་སོ་སོའི་འཇོན་ཐང་དང་རྒྱན་ཆ་རེད། འོན་ཀྱང་རང་མི་རིགས་ཀྱི་སྐད་ཡིག་མ་ཤེས་ན་ངོ་ཚ་དགོས་པ་ཞིག་རེད། ཅེས་བཀའ་སློབ་གནང་བ་དེ་ང་ཚོས་དུས་རྟག་ཏུ་ཡིད་ལ་དྲན་དགོས། ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང། ། མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན། ། སྐད་ཡིག་སྣ་ཚོགས་ཤེས་ན་བཟང་མོད་ཀྱང། ། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། ། ཞེས་རྗེ་ཞང་སྟོན་ནས། །
ང་བོད་པ་ཞིག་ཡིན་པའི་ཆ་ནས་བོ
རིག་འཛིན་རྣམ་རྒྱལ་རྨ་བྱ། དཔེ་སྟོན་སློབ་གྲྭ། འཛིན་གྲྭ་བརྒྱད་པ། ཐེམ་སྤང་བཀའ་རྒྱའི་དུས་ནས་བཟུང་ཕྱི་ལོ་ ༢༠༢༢ བར་སློབ་གྲྭར་ཤེས་ཡོན་གནས་ལ་རོལ་རྒྱུ་ཕར་ཞོག ཐ་ན་ཁྱིམ་ནས་སྒོ་ཐེམ་བརྒལ་ཏེ་ཕྱིར་ཐོན་རྒྱུའི་གོ་སྐབས་ཀྱང་མེད་པར་གྱུར། ཡིན་ནའང་ད་ཆ་ནད་ཡམས་ཞི་འཇགས་སུ་སོང་བ་དང་ཆབས་ཅིག སློབ་གྲྭ་བསྐྱར་དུ་འགོ་ཚུགས་པ་མ་ཟད། ཁོ་བོའི་བརྩེ་བའི་དགེ་བའི་བཤེས་གཉེན་དང་ན་ཚོད་མཉམ་པའི་སློབ་ཕྲུག་ཚང་མ་མཉམ་དུ་སློབ་སྦྱོང་ལ་བརྩོན་འགྲུས་བྱས་ནས་རང་གི་ཕུགས་བསམ་མངོན་འགྱུར་ཡོང་བའི་གོ་སྐབས་བཟང་པོ་ཐོབ་བྱུང། ཉིན་ཤས་སྔོན་ང་ཚོ་བོད་དགེ་ཡིས་བོད་ཀྱི་སྐད་ཡིག་ངེས་པར་དུ་སྦྱོང་དགོས་པའི་བརྗོད་གཞིའི་སྐོར་རྩོམ་ཡིག་འགྲན་སྡུར་ཞིག་གི་ནང་ཞུགས་རྒྱུའི་གོ་སྐབས་གསེར་ལས་དཀོན་པ་ཞིག་གནང་བས། ཁོ་བོས་ཀྱང་བློ་རྩེ་གཅིག་སྒྲིམ་གྱིས་རྒན་རབས་པ་དང་རྒན་ལགས་རྣམས་ཀྱི་རེ་བ་ཆུད་ཟོས་སུ་མ་བཏང་བར་རྩོམ་ཡིག་དེ། རང་ནུས་ཅི་ལྕོགས་ཀྱིས་འབྲི་འགོ་བརྩམས་པ་ཡིན། ཐོག་མ་དེ་ལ་སློབ་ཕྲུག་སུ་འདྲ་ཞིག་ཡིན་རུང་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་རྒྱུ་དེ་ང་ཚོའི་གཞོལ་དུ་མེད་པའི་འོས་འགན་ཞིག་ཡིན། གང་ལགས་ཞེ་ན། སྐད་ཡིག་ནི་མི་དང་མིའི་དབར་གྱི་འབྲེལ་མཐུད་ཀྱི་ཟམ་པ་ལྟ་བུ་ཡིན་པ་མ་ཟད་སློབ་ཚན་ཅི་འདྲ་ཞིག་ཡིན་རུང་སྐད་ཡིག་གི་ཤེས་ཚད་ཡག་པོ་མེད་ན་སྦྱོང་ཐབས་བྲལ་བ་ཞིག་རེད། དེ་བས་བོད་ཀྱི་སྐད་ཡིག་ནི་བོད་པའི་ཆོས་དང་རིག་གཞུང་སློབ་སྦྱོང་བྱེད་པའི་ལག་ཆ་ལྟ་བུ་དང་རྒྱུན་གཏན་གྱི་འཚོ་བའི་ནང་ཚོང་ལས་སོགས་ཀྱི་ནང་ལའང་འབྲེལ་ཤུགས་དམ་ཟབ་ཡོད། ང་ཚོ་བོད་པའི་གཞོན་སྐྱེས་ཚོ་ལ་ཆ་མཚོན་ན་བོད་པའི་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་གི་སྲོག་ཤིང་ཞིག་དང་གཉིས་སུ་མ་མཆིས། མ་ཟད་ང་ཚོས་བོད་པའི་སྐད་ཡིག་ཁོ་ནའི་ཐོག་ནས་མ་གཏོགས་བོད་པའི་ཆོས་དང་རིག་གཞུང་ལ་སློབ་སྦྱོང་མཐིལ་ཕྱིན་པ་ཞིག་སྦྱངས་ཐུབ་ཀྱི་མེད་ཅིང་ང་ཚོ་བཙན་བྱོལ་དུ་འབྱོར་བ་ནས་བཟུང་བོད་ཕྱི་ནང་གཉིས་ཀར་བོད་ཀྱི་སྐད་ཡིག་ཐོག་ལ་ཉམས་རྒུད་ཧ་ཅང་ཆེན་པོ་ཕྱིན་ཡོད། ལྷག་པར་དུ་ཉེ་ཆར་བོད་པའི་སློབ་གྲྭ་ཁག་གི་བོད་ཕྲུག་རྣམས་བོད་ཡིག་གནས་ཚད་ཞན་པོར་གྱུར་བ་སོགས་ངོ་གནོང་དགོས་པའི་གནས་སུ་གྱར་ཡོད་པ་དེ་དངོས་གནས་བསམ་ཡུལ་ལས་འདས་པའི་དོན་དངོས་གནས་ཚུལ་ཞིག་རེད། དེ་འདྲ་སོང་ཙང། ང་ཚོ་བོད་པ་ཚོས་རྒྱ་དམར་གྱིས་བོད་ཀྱི་ནང་བོད་མི་རིགས་ཀྱི་ཆོས་དང་སྐད་ཡིག་རིག་གཞུང་རྩ་མེད་དུ་གཏོང་རྒྱུའི་ངན་བྱུས་བཤམས་པ་དེ་ལ་ཁ་གཏད་གཅོག་ཆེད་ང་ཚོས་བོད་པའི་རིག་གཞུང་དང་སྐད་ཡིག་སྦྱངས་ནས་བོད་ཕྲུག་ཚོའི་ལུས་སྟེང་ནས་རྩམ་དྲི་འཐུལ་བ་ཞིག་བཟོ་ཐུབ་པ་གནང་དགོས། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་སྐད་ཡིག་དང་བོད་སྐད་ནི་བོད་རིགས་ཀྱི་ངོ་བོ་མཚོན་ཆེད་མེད་དུ་མི་རུང་བ་ཞིག་ཡིན་པར་བརྟེན་བོད་ཀྱི་སྐད་ཡིག་མ་ཤེས་ན་བོད་པ་གཙང་མ་ཞིག་ཡིན་མིན་སྟབས་ང་ཚོ་ན་ཆུང་བོད་ཀྱི་སོན་རྩ་ཚོས་རང་ནུས་ཅི་ལྕོགས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་ལ་གཞན་ལས་ལྷག་པའི་དགའ་ཞེན་དང་སྦྱངས་བརྩོན་བྱེད་དགོས་པའི་རེ་སྐུལ་ཞུ་རྒྱུ་ཡིན། །
ང་བོད་པ་ཞིག་ཡིན་པའི་ཆ་ནས་བོ
བཀྲ་ཤིས་ལྡིང་བཟང། དཔེ་སྟོན་སློབ་གྲྭ། འཛིན་གྲྭ་བརྒྱད་པ། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་པས་ང་ཚོ་དེ་དང་ནམ་ཡང་བྲལ་མི་ཉན། གུས་པ་ཕྱི་ལོ་ ༢༠༠༨ ཟླ་༨ ཚེས་ ༡༤ ཉིན་རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཆེན་པོ་བེངྒ་ལོར་དུ་སྐྱེས་པ་དང་གྲོང་ཁྱེར་དེའི་ཉེ་འགྲམ་དུ་བོད་པའི་སློབ་གྲྭ་སོགས་མེད་སྟབས་ཕ་མས་བུ་བཅོལ་ཁང་དང་སྔོན་འགྲོ་དང་པོ་གཉིས་རྒྱ་གར་སློབ་གྲྭརགཏོང་དགོས་བྱུང་། འོན་ཀྱང་བདག་གི་ཕ་མས་བོད་པ་ཞིག་ཡིན་པའི་ཆ་ནས་ངའི་བུ་ཡིས་བོད་སྐད་བཤད་མ་ཤེས་ན་ངོ་ཚ་བའི་རྒྱུར་ངོས་འཛིན་བྱས་ཏེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་གནས་སྤོས་ཞུས། ལྡི་ལི་དང་རྡ་རམ་ས་ལ་ཉེ་པོ་ཡོད་པའི་ཁར་རྡ་རམ་ས་ལ་རུ་བོད་པའི་སློབ་གྲྭ་ཧ་ཅང་མང་བས་ངའི་སློབ་སྦྱོང་ཆེད་ཕ་མ་གཉིས་ཁ་བྲལ་ཏེ་སྡོད་དགོས་བྱུང་། ཨ་མ་ལགས་དང་བུ་ཆུང་ང་རྡ་རམ་ས་ལར་བསྐྱོད་དེ་དཔེ་སྟོན་སློབ་གྲྭར་སློབ་འཇུག་བྱས། བོད་ཡིག་ནི་སྐད་ཡིག་གཞན་ལས་ཧ་ཅང་གཏིང་ཟབ་པོ་ཡོད་པ་མ་ཟད། གུས་པར་མཚོན་ན་བོད་ཡིག་གི་རྨང་གཞི་ཧ་ཅང་ཞན་པས་ཐོག་མར་བོད་ཡིག་འབྲི་ཀློག་སོགས་སྦྱོང་དུས་ཁག་པོ་ཞེ་དྲག་བྱུང་། དེའི་ཁར་ང་ཚོ་ཡིས་ཁ་སྐད་མང་པོ་བེད་སྤྱོད་བྱེད་དུས་དེ་དག་ཡིག་ཐོག་ཏུ་འབྲི་རྒྱུར་དཀའ་ངལ་ཆེན་པོ་བྱུང་། ༸གོང་ས་མཆོག་གིས་བོད་ཀྱི་སྐད་ཡིག་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་ཡང་ཡང་གནང་པས་བོད་པ་རྒན་གཞོན་ཚང་མས་བོད་ཡིག་ལ་དམིགས་བསལ་དོ་སྣང་ཆེན་པོ་གནང་གི་ཡོད། དེང་སང་ཕྱི་རྒྱལ་ལ་སྡོད་མཁན་གྱི་བོད་པ་ཕ་མ་ཚོས་ཀྱང་རང་གི་ཕྲུ་གུ་སློབ་གྲྭའི་གུང་གསེང་དང་བསྟུན་ཟླ་བ་གཅིག་གཉིས་རིང་རྒྱ་གར་དུ་བོད་པའི་སློབ་གྲྭའི་ནང་བོད་ཡིག་སྦྱོང་དུ་གཏོང་གི་ཡོད། དེ་བཞིན་བོད་གཞུང་གི་ལས་བྱེད་ཅིག་བྱེད་པར་འདོད་ན། བོད་སྐད་འབྲི་ཀློག་ཤེས་རྒྱུ་ནི་ཆ་རྐྱེན་གལ་ཆེན་པོ་ཞིག་ཡིན། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་བོད་སྐད་ཤེས་པར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེང་དུས་ཀྱི་གཞོན་སྐྱེས་ཚོས་རང་ནུས་ཅི་ལྕོག་གིས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་ལ་སོགས་མི་ཉམས་པའི་ཆེད་དུ་རུས་སྦལ་གྱིས་ཁང་པ་རྒྱབ་ཏུ་འཁྱེར་ནས་སྡོད་པ་བཞིན་ཉིན་ལྟར་དཔེ་ཁུག་ཆེན་པོ་རེ་རྒྱབ་ཏུ་འཁུར་ཏེ་སློབ་གྲྭར་འགྲོ་ཡི་ཡོད། ང་ཚོའི་དཔེ་སྟོན་སློབ་གྲྭ་རུ་བོད་ཡིག་ཙམ་མིན་པར་ཨིན་ཇི་དང་། རྒྱ་ཡིག། ཧིན་དྷི་སོགས་སྐད་ཡིག་གཞན་སློབ་ཁྲིད་བྱས་ཀྱང་བོད་ཀྱི་སྐད་ཡིག་གལ་ཆེ་ཤོས་སུ་བརྩིས་ཏེ་ནམ་ཡང་མ་བརྗེད་པ་དང་སྐད་བསྲེས་ལྷད་མ་ཡོང་བའི་འབད་བརྩོན་བྱེད་ཀྱི་ཡོད། བོད་ཡིག་ནི་བལ་ཡུལ་དང་འབྲུག་ཡུལ། འབྲས་ལྗོངས། ལ་དྭགས་སོགས་ལ་ཡང་བེད་སྤྱོད་བྱེད་ཀྱི་ཡོད། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བོད་ལུང་པ་རྒྱ་མིས་བཙན་བཟུང་བྱ་རྒྱུ་གཙོ་བོ་ནི་ང་རང་ཚོའི་རྩ་ཆེ་བའི་བོད་ཀྱི་སྐད་དང་རིག་གཞུང་། ཆོས་སོགས་རྩ་མེད་གཏང་རྒྱུའི་འཆར་གཞི་ཡིན་པས་དེར་བརྟེན་ང་ཚོ་བོད་པ་ཚོས་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ལྟར་བརྩིས་ཏེ་སྦྱངས་བརྩོན་བྱ་དགོས་པ་ལས་གལ་སྲིད་བླ་སྲོག་དེ་དང་ཁ་བྲལ་སོང་ན་མི་རིགས་དེ་ཤི་ཚར་བ་རེད་ཅེས་བཀའ་སློབ་ལམ་སྟོན་ཡང་ཡང་གནང་གི་ཡོད། བོད་ནང་རྒྱ་མིའི་བཙན་གནོན་འོག་བོད་པ་རྒན་གཞོན་ཚོ་ལ་རང་དབང་མེད་ཀྱང་ད་དུང་ཁོ་ཚོས་རང་སྲོག་བློས་བཏང་སྟེ་རང་མི་རིགས་ཀྱི་སྐད་ཡིག་ལ་སྦྱངས་བརྩོན་བྱེད་ཀྱི་ཡོད་ན། ང་ཚོ་རྒྱ་གར་དང་ཕྱི་རྒྱལ་རང་དབང་ལུང་པར་སྡོད་མཁན་གྱི་བོད་པ་ན་གཞོན་ཚོ་ལ་རང་གི་སྐད་ཡིག་སྦྱང་རྒྱུ་དང་བེད་སྤྱོད་བྱ་རྒྱུའི་རང་དབང་ཆ་ཚང་ཡོད་པས་ང་ཚོས་རང་ལ་འཁྲི་པའི་ལས་འགན་མ་བརྗེད་པའི་ཐོག་བོད་ཀྱི་སྐད་ཡིག་ལ་སྦྱངས་བརྩོན་གྱིས་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་ལ་བརྩོན་པ་ཧུར་ལེན་བྱ་དགོས། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་པ་སེམས་ལ་ངེས་དགོས་གལ་ཆེའོ།
