Skip to main content
ཤེས་རིག་ལས་ཁུངས།

ང་བོད་པ་ཞིག་ཡིན་པའི་ཆ་ནས་བོ

ང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པ་ངའི་ལས་འགན་ཡིན།

བསྟན་འཛིན་ཉི་མ། དཔེ་སྟོན་སློབ་གྲྭ། འཛིན་གྲྭ་བདུན་པ། དེ་རིང་གུས་མོ་ངས་བོད་ཕྲུག་ཚོས་ངེས་པར་དུ་བོད་ཀྱི་སྐད་ཡིག་ལ་སློབ་སྦྱོང་བྱེད་དགོས་ཞེས་པའི་བརྗོད་གཞིའི་ཐོག སློབ་སྦྱོང་བྱེད་དགོས་པའི་རྒྱུ་མཚན་ཁག་ཅིག་ཞུས་ན་བསམ་བྱུང། རེད་ཡ། བོད་ཕྲུག་ཚོས་བོད་ཡིག་སྦྱོང་དགོས་པ་དང་རྒྱུན་གཏན་བོད་སྐད་བཤད་པ་དང་བོད་ཡིག་བེད་སྤྱོད་གཏོང་དགོས་ཀྱི་རེད། དམིགས་བསལ་ང་ཚོ་བཙན་བྱོལ་ནང་ཡོད་དུས་རང་ཉིད་ཀྱི་ཕ་སྐད་སྦྱོང་རྒྱུ་དང་ཤོད་སྟངས་ཉམས་རྒུད་འགྲོ་བཞིན་ཡོད་དུས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུའི་ཆེད་བོད་ཀྱི་སྐད་ཡིག་སྦྱངས་ཏེ་ཉམས་པ་སླར་གསོ་བྱེད་དགོས། གལ་ཏེ་ང་ཚོ་བོད་ཀྱི་མ་འོངས་སོན་རྩ་ཚོས་བོད་སྐད་མ་བཤད་པ་དང་བོད་ཡིག་མ་སྦྱངས་ན་ནམ་ཞིག་བོད་ཀྱི་སྐད་ཡིག་དང་བོད་ཅེས་པ་སྟོང་ལ་ཉེ་བའི་སྲོག་ཆགས་བཞིན་རྩ་མེད་ཤུལ་མེད་དུ་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད། དེ་ཡང་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་གིས་ཀྱང་བོད་མི་རིགས་རྩ་གཏོར་གཏོང་དགོས་ན་སྔོན་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་དུ་གཏོང་དགོས་ཞེས་བཤད་ཡོད། མ་ཟད་པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྱང་སྐད་རིགས་སྣ་ཚོགས་ཤེས་པ་དེ་ངའི་འཇོན་ཐང་དང་ཡོན་ཏན་རེད། འོན་ཀྱང་ངས་རང་ཉིད་ཀྱི་ཕ་སྐད་མ་ཤེས་ན་དེ་ནི་ངའི་ངོ་ཚ་རེད། ཅེས་གསུངས་མྱོང་ཡོད་རེད། དེས་མ་ཟད་མི་ཞིག་ལ་སྙིང་མེད་ན་གནས་མི་ཐུབ་པ་དང་མི་རིགས་ཤིག་ལ་སྐད་ཡིག་མེད་ན་མི་རིགས་དེ་མེད་པ་དང་གཅིག་མཚུངས་རེད། མ་ཟད་བོད་ཀྱི་སྐད་ཡིག་དེས་ང་ཚོའི་རྒྱལ་ཁབ་རང་བཙན་གཙང་མ་ཡིན་པའི་རྒྱལ་ཁབ་ཅིག་ཡིན་པ་མཚོན་ཐུབ་ཀྱི་ཡོད། ཆབས་ཅིག་རྒྱ་ནག་དང་ཐ་དད་ཡིན་པའི་རྒྱལ་ཁབ་ཅིག་ཡིན་པའི་དཔང་རྟགས་ཁུངས་འཁྱོལ་བ་ཞིག་ཡིན། དེར་བརྟེན་བོད་ཕྲུག་ཚོས་བོད་སྐད་ཤོད་པ་དང་བོད་ཡིག་སྦྱོང་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། རྒྱུ་མཚན་གཞན་ཞིག་ནི་གལ་སྲིད་རང་ཉིད་ཀྱི་ཕ་སྐད་ཡག་པོ་ཤེས་ན་སྐད་རིགས་གཞན་གང་ཞིག་སྦྱངས་ནའང་ལས་སླ་པོའི་ངང་ཤེས་ཐུབ་ཀྱི་རེད། ཅེས་༸གོང་ས་མཆོག་གིས་གསུངས་མྱོང་ཡོད་རེད། རང་གི་སྐད་ཡིག་མ་ཤེས་པར་སྐད་ཡིག་གཞན་ཁོ་ན་བེེད་སྤྱོད་བྱས་ན་དེ་ནི་གླེན་པའི་རྟགས་རེད། དེ་འདྲ་སོང་ཙང་ང་ཚོས་ཁོང་གི་བཀའ་སློབ་ཉན་པོ་ཙམ་མ་ཟད་རྣ་རྒྱབ་རླུང་བུར་མ་བསྐུར་བར་རྒྱུན་གཏན་འཚོ་བའི་ནང་ལག་བསྟར་ཉམས་ལེན་བྱེད་དགོས། ང་ཚོས་དེ་ལྟར་བོད་ཡིག་དང་བོད་སྐད་བེད་སྤྱོད་བྱས་ན་བོད་ཡིག་མ་ཉམས་སླར་གསོ་ཐུབ་ཀྱི་རེད། དེར་བརྟེན་ང་ཚོ་ན་ཆུང་བོད་ཕྲུག་ཚོས་བོད་ཡིག་སྦྱངས་པ་དང་བོད་སྐད་གཙང་མ་བཤད་དགོས། གལ་སྲིད་ང་ཚོ་བོད་ཕྲུག་ཚོས་བོད་ཡིག་མ་ཤེས་ན་བོད་ཀྱི་ཆོས་དང་རིག་གཞུང་སློབ་སྦྱོང་བྱེད་ཐུབ་ཀྱི་མ་རེད། རྒྱུ་མཚན་ནི་བོད་པའི་ཆོས་དང་རིག་གཞུང་ཚང་མ་བོད་ཡིག་གི་ནང་འཐིམས་ཡོད། བོད་ཀྱི་སྐད་ཡིག་ནི་ང་ཚོ་བོད་པ་ཐུན་མོང་གི་སྐད་ཡིག་ཅིག་ཡིན་སྟབས་གལ་སྲིད་བོད་ཡིག་མེད་ན་ང་ཚོ་ཆོལ་གསུམ་བོད་མི་ཚང་མ་མཐུན་སྒྲིལ་ངང་གནས་ཐུབ་ཀྱི་མ་རེད། བོད་ཡིག་ལ་སློབ་སྦྱོང་མ་བྱས་ན་ང་ཚོས་ཤེས་བཞིན་དུ་རྒྱ་དམར་གཞུང་གི་སྲིད་ཇུས་དང་མཐུན་པ་ཞིག་བྱས་པ་དང་ཁྱད་པར་གང་འདུག པཎ་ཆེན་རིན་པོ་ཆེས། ཁྱེད་ཀྱིས་བོད་ཆས་གྱོན་མི་འདོད་ན་མ་གྱོན་ནའང་འགྲིག བོད་སྐད་བཤད་མི་འདོད་ན་མ་བཤད་ནའང་འགྲིག ང་ཚོའི་ཤ་དང་རུས་པ་དེ་ནམ་ཡང་བརྗེས་ཐུབ་ཀྱི་མ་རེད། ཅེས་གསུངས་གནང་ཡོད། ང་ཚོས་ད་ལྟ་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་སློབ་སྦྱོང་མ་བྱས་ན། ལོ་མང་པོའི་རྗེས་སུ་འགྲེམས་སྟོན་ཁང་གི་གནའ་རྫས་ལྟ་བུར་གྱུར་དུས་འགྱོད་པ་སྐྱེས་ཀྱང་འཕྱིས་དྲགས་པ་རེད། དེར་བརྟེན་གུས་པ་ངའི་མཐའ་མཇུག་གི་རེ་བ་ནི། ང་ཚོ་བོད་ཕྲུག་ཚོས་བོད་སྐད་དྭངས་མ་ཞིག་བཤད་པ་དང། ར་མ་ལུག་གི་སྐད་ཆ་ཉུང་ཙམ་བཤད་རོགས་གནང། ང་ཚོས་བོད་མི་རིགས་ཀྱི་སྐད་ཡིག་རིན་ཐང་བྲལ་བ་དེ་རྩ་སྟོང་མ་འགྲོ་བའི་ཆེད་དུ་བོད་ཡིག་སྦྱོང་རྒྱུར་དགའ་པོ་དང། བོད་སྐད་སྦྱོང་རྒྱུར་དགའ་པོ་གནང་བའི་རེ་བ་ཞུ་རྒྱུ་ཡིན། མ་འོངས་པའི་བོད་མི་རིགས་གནས་དང་མ་གནས་གཙོ་བོ་བོད་པའི་སྐད་ཡིག་དང་རིག་གཞུང་གནས་དང་མ་གནས་ལ་ཐུག་ཡོད། དེར་བརྟེན་ན་ཆུང་བོད་ཕྲུག་ང་ཚོས་ཤེས་པར་བྱས་ཏེ་བོད་ཡིག་ངེས་པར་དུ་སྦྱོང་དགོས། །  

ང་བོད་པ་ཞིག་ཡིན་པའི་ཆ་ནས་བོ

ང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པ་ངའི་ལས་འགན་ཡིན།

བསོད་ནམས་སྒྲོལ་མ། དཔེ་སྟོན་སློབ་གྲྭ། འཛིན་གྲྭ་དྲུག་པ། བོད་རྒྱལ་གདུང་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བློན་པོ་ཐོན་མི་སམ་བྷོ་ཊས་རྒྱལ་པོའི་བཀའ་བཞིན་རྒྱ་གར་འཕགས་པའི་ཡུལ་དུ་བྱོན་ནས་སྒྲ་རིག་པ་དང་རྒྱ་གར་གྱི་ལེགས་སྦྱར་སྐད་ལ་སློབ་སྦྱོང་གནང། བོད་དུ་ཕྱིར་ལོག་ཕེབས་རྗེས་ལེགས་སྦྱར་ཡི་གེ་དང་བོད་ཀྱི་སྐད་དང་སྒྲ་གདངས་ལ་ཞིབ་འཇུག་གནང་སྟེ་བོད་ཡིག་གསར་གཏོད་དང་བརྡ་སྤྲོད་ཀྱི་གཞུང་བརྩམས་གནང་བ་རེད། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལེགས་སྦྱར་ཐོག་གསུངས་པའི་ནང་ཆོས་རྣམས་བོད་ཡིག་ཏུ་བསྒྱུར། བཀའ་ཡིག་ཆེན་མོ་རྣམ་དྲུག་མཛད་པ་སོགས་མཛད་འཕྲིན་རྒྱ་ཆེར་བསྐྱངས། དེ་ནས་རིམ་པས་བོད་རྒྱལ་གདུང་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་གྱིས་མཁན་ཆེན་བྷོ་དྷི་ས་ཏྭ་དང་སློབ་དཔོན་པད་མ་འབྱུང་གནས་གཉིས་བོད་དུ་སྤྱན་དྲངས་པ་མ་ཟད། རྒྱ་བལ་ཡུལ་གྲུ་ཁག་ནས་ཀྱང་པཎྚི་ཏ་མང་པོ་སྤྱན་དྲངས་པ་དང། སྒྲ་སྒྱུར་གྱི་ལོ་ཙཱ་བ་མང་པོ་གསོ་སྐྱོང་མཛད། བཀའ་མདོ་རྒྱུད་མང་པོ་བོད་སྐད་དུ་བསྒྱུར། བོད་ཀྱི་རྒྱལ་པོ་གདུང་རབས་ཞེ་གཅིག་པ་ཁྲི་རལ་པ་ཅན་གྱིས་རྒྱ་བལ་གྱི་པཎྚི་ཏ་མང་པོ་དང་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་སོགས་གདན་འཛོམས་པར་གྲོས་བྱས་ཏེ། སྔར་བསྒྱུར་ཟིན་པའི་མདོ་རྒྱུད་བསྟན་བཅོས་ཀྱི་རིགས་རྣམས་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་པ་སོགས་བསྟན་པ་དང་འགྲོ་བའི་དོན་སྒྲུབ་ཕྱིར་དཀའ་སྡུག་ཆེན་པོ་དང་དུ་བཞེས་ནས་མཛད་པ་འཕྲིན་ལས་བསྐྱངས་པ་རྣམས་གཅེས་སྲུང་གིས་ཉར་ཚགས་བྱས་ཏེ་མི་ཉམས་རྒྱུན་འཛིན་བྱ་རྒྱུ་བོད་རིགས་ཚང་མའི་གཞོལ་དུ་མེད་པའི་འགན་འཁྲི་ཆེན་པོ་ཞིག་ཡིན། དེ་འདྲ་བའི་རླབས་ཆེན་ལས་འགན་སྒྲུབ་ཆེད་ང་ཚོ་བོད་ཕྲུག་མི་རབས་གསར་པ་ཚོས་བོད་ཀྱི་སྐད་ཡིག་སྦྱོང་རྒྱུ་དང་བོད་ཡིག་ཤེས་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། ང་ཚོ་བོད་ཕྲུག་རྣམས་ནི་མ་འོངས་བོད་ཀྱི་སོན་རྩ་ཡིན་པའི་ཆ་ནས་བོད་ཡིག་སྦྱངས་ཏེ་བོད་ཀྱི་སྐད་ཡིག་དང་ཆོས་རིག་གཞུང་ཁོར་ཡུག་བཅས་གཅེས་སྤྲས་སྲུང་སྐྱོབ་བྱེད་དགོས་པ་མ་ཟད་འབྱུར་འགྱུར་ཤུལ་འཛིན་བྱེད་མཁན་བོད་ཀྱི་མི་རབས་གསར་པ་ཚོ་ལའང་བོད་ཡིག་བཅོས་ལྷད་མེད་པ་སྤུས་དག་ཅིག་རྩིས་སྤྲོད་ཐུབ་པ་ཞིག་དགོས། དེས་མ་ཟད། ང་ཚོ་ཆོས་ལུགས་ནང་པ་ཡིན་པའི་ཆ་ནས་དེ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་དགོས་ན་བོད་ཡིག་ངེས་པར་དུ་སྦྱོང་དགོས། བོད་ཀྱི་སྐད་ཡིག་དེ་ཤེས་ན་ང་ཚོའི་སྔོན་གྱི་རྒྱལ་རབས་འབྱུང་ཚུལ་དང་ཕ་མེས་རྣམས་ཀྱི་ལོ་རྒྱུས་དེ་ཇི་ལྟར་ཡིན་མིན། བོད་འདི་སྐབས་ཤིག་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པ་སོགས་ཁུངས་སྐྱེལ་ར་སྤྲོད་བྱེད་ཐུབ། སྐད་ཡིག་མེད་ན་མི་རིགས་ཤིག་གི་ངོ་བོ་གལ་ཆེ་ཤོས་དེ་ཚང་མེད་པ་རེད། སྤྱིར་རྒྱལ་ཁབ་གང་འདྲ་ཞིག་ཡིན་ནའང་སོ་སོའི་སྐད་དང་ཡི་གེ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ལྷག་པར་དུ་ཉག་ཕྲ་བའི་བོད་མི་རིགས་ཀྱི་ད་ལྟའི་གནས་སྟངས་སྐབས་ང་ཚོའི་སྐད་ཡིག་དང་རིག་གཞུང་ནི་ང་ཚོའི་ཚེ་སྲོག་ལྟ་བུ་ཡིན་པས་བོད་ཡིག་དང་བོད་ཀྱི་རིག་གཞུང་ཤེས་པ་བྱེད་རྒྱུ་ཧ་ཅང་གི་གལ་ཆེན་པོ་ཡིན། རིན་ཐང་བྲལ་བའི་བོད་པའི་ཆོས་དང་རིག་གཞུང་ནི་ང་ཚོ་བོད་པར་ཡི་གེ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་གནས་ཐུབ་པ་དང་དར་ཁྱབ་འགྲོ་བཞིན་ཡོད། སྐབས་འགར་ང་ཚོས་ཁ་ནས་བཤད་པའི་སྐད་ཆ་གོ་བ་མཐིལ་ཕྱིན་པ་ཞིག་ལེན་མ་ཐུབ་པའི་ཁར་གོ་ནོར་ཐེབས་ཏེ་ནོར་འཁྲུལ་མི་རབས་ནས་མི་རབས་བརྒྱུད་དེ་ཁྱབ་སྤེལ་འགྲོ་བའི་ཉེན་ཁ་ཡོད། གལ་ཏེ་ང་ཚོ་བོད་པ་དང་དམིགས་བསལ་བོད་ཕྲུག་ཚོས་བོད་ཡིག་ལ་སློབ་སྦྱོང་དང་བོད་སྐད་དྭངས་མ་རྒྱུན་འཛིན་བྱས་ན་འདི་འདྲ་བའི་དཀའ་ངལ་འཕྲད་ཀྱི་མ་རེད། བཤད་སྲོལ་ཞིག་ལ། ཁྱིམ་ནི་སློབ་གྲྭ་དང་པོ་དང་། ཕ་མ་ནི་ཕྲུ་གུའི་དགེ་རྒན་ཐོག་མ་དེ་ཡིན་ཟེར་གྱི་ཡོད། ཁྱིམ་དུ་ཕ་མ་ཚོས་ཕྲུ་གུའི་མདུན་དུ་བོད་ཀྱི་སྐད་དང་ཡི་གེ་ཆད་ལུས་དང་བསྲེས་ལྷད་མེད་པར་གཙང་མ་ཞིག་བེད་སྤྱོད་བྱེད་ཐུབ་ན། རང་གི་ཕྲུ་གུ་རྣམས་ལ་མིག་དཔེ་བཟང་པོ་ཞིག་སྟོན་ཐུབ་པ་དང་ཕྲུ་གུ་རྣམས་ལ་ཡང་རང་བཞིན་གྱིས་བོད་ཀྱི་སྐད་ཡིག་རྒྱུན་གཏན་འཚོ་བའི་ནང་བེད་སྤྱོད་བྱེད་རྒྱུའི་གོམས་གཤིས་བཟང་པོ་ཞིག་འཇགས་ཐུབ་ཀྱི་རེད། བོད་ཕྲུག་ཅིག་ཀྱང་མ་ལུས་པ་ཚང་མས་བོད་ཡིག་འབྲི་ཀློག་ཡག་པོ་ཞིག་ཤེས་ཐུབ་པ་བྱ་རྒྱུ་དེ་ང་ཚོ་རྒན་གཞོན་དར་གསུམ་ཚང་མས་མཉམ་རུབ་ཀྱི་ཐོག་ནས་འབད་བརྩོན་ཧུར་ཐག་བྱ་དགོས་སོ། །

ང་བོད་པ་ཞིག་ཡིན་པའི་ཆ་ནས་བོ

ང་བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་སྦྱོང་དགོས་པ་ངའི་ལས་འགན་རེད།

བསྟན་འཛིན་རང་གྲོལ། གོ་པལ་པུར་བོད་ཁྱིམ། འཛིན་གྲྭ་བརྒྱད་པ། ངའི་ཕ་ཡུལ་ནི་བོད་གངས་ཅན་ལྗོངས་ཡིན་ཡང་། ང་རྒྱ་གར་འཕགས་པའི་ཡུལ་དུ་སྐྱེས་པའི་བོད་པའི་བུ་ཕྲུག་ཅིག་ཡིན། འོན་ཀྱང། ང་རྒྱ་གར་འཕགས་པའི་ཡུལ་དུ་སྐྱེས་ཀྱང་ངས་སོ་སོའི་ཕ་སྐད་དེ་མ་གཏོགས་རྒྱ་གར་གྱི་སྐད་དང་། ཡུལ་གཞན་གྱི་སྐད་ཡིག་རྒྱག་མི་དགོས་པ་གཙོ་བོར་འཛིན་གྱི་ཡོད། དེ་ནི་ང་བོད་པ་ཞིག་ཡིན་པས་རེད། ད་དུང་ངས་བོད་པ་རང་གི་ཆས་གོས་ཕྱུ་པ་དང་། བོད་བཟོའི་སྟོད་ཐུང་གྱོན་རྒྱུར་དགའ་བ་མ་གཏོགས་མི་གཞན་ལ་རྫིག་ཉམས་སྟོན་ཆེད་གོས་ཁྲ་ཁྲ་ཟིང་ཟིང་དང་། དེང་དུས་དར་སྲོལ་ཅན་གྱི་གོས་(fashion) དེ་འདྲ་རྩ་བ་ནས་གྱོན་མི་དགོས་པའི་ཁས་ལེན་བྱས་ཡོད། དེ་ནི་ང་བོད་པ་ཞིག་ཡིན་པ་དང་། ད་དུང་ངས་བོད་གངས་ཅན་ལྗོངས་ཀྱི་བཅུད་དང་ལྡན་པའི་དཀར་ཟས་རྩམ་པ་དང་། དམར་ཟས་ཏོག་ཙམ་ཏོག་ཙམ་མ་གཏོགས་རྒྱལ་ཁབ་གཞན་གྱི་ཁ་ལག་འབུ་སྲིན་དེ་འདྲ་རྩ་བ་ནས་བཟའ་ཡི་མེད། བྱས་ཙང་། གང་ཅིའི་ཐད་ལ་མིག་དཔེ་འོས་པའི་བོད་ཕྲུག་སེམས་བཟང་ཞིག་བྱ་དགོས་བསམ་པའི་ཁས་ལེན་དང་། དམ་བཅའ་སེམས་ནང་རྟག་ཏུ་འཆང་བཞིན་ཡོད། འོན་ཀྱང། ངས་བོད་ཡུལ་ཀྱི་གནས་སྟངས་ཇི་མ་ཇི་བཞིན་མ་ཤེས་ཀྱང་དཔེ་དེབ་དང་། བརྙན་འཕྲིན་ནང་གང་གསལ་བ་དང་མཐོང་བ་ནི། ངའི་ཕ་ཡུལ་བོད་ཀྱི་མཐའ་བཞི་ནི་གངས་རི་ཇོ་མོ་གླང་མ་དང་། གངས་ཏེ་སེ། རྨ་ཆེན་སྦོམ་ར། གཉན་ཆེན་ཐང་ལྷ་སོགས་ཀྱིས་གནམ་གྱི་ཀ་བ་ལྟར་བརྗིད་ཉམས་ལྡན་ལ་དུས་བཞིར་འགྱུར་བ་མེད་པའི་གནས་རི་དང་གངས་རིས་བསྐོར་འདུག གཞན་ཡང་གཡུ་མདོག་གི་མཚོ་དང་མཚེའུ་མང་པོ་ཡོད་དེ། མ་ཕམ་གཡུ་མཚོ་དང། ཡར་འབྲོག་གཡུ་མཚོ། མཚོ་སྔོན་པོ་སོགས་ཡོད་པ་མ་ཟད། གཙང་པོ་དང་རྒྱུག་ཆུ་ལྟ་བུ། དཔེར་ན། རྨ་ཆུ་དང། རྫ་ཆུ། འབྲི་ཆུ། ཡར་ཀླུང་གཙང་པོ། རྨ་བྱ་ཁ་བབས། གླང་ཆེན་ཁ་བབས། སེང་གེ་ཁ་བབས་སོགས་དྭངས་ཤིང་གཙང་ལ་བཏུང་ན་བྲོ་བ་དང་ལྡན་པའི་གཙང་པོ་དང་རྒྱུག་ཆུ་མང་པོ་ཡོད། གཙང་པོ་དང་རྒྱུག་ཆུ་དེ་དག་གི་འགྲམ་ལ་འཚོ་བ་སྐྱེལ་མཁན་བོད་ནང་འབྲོག་པ་དང་། ཞིང་པ་སོགས་ལས་རིགས་མང་པོ་ཡོད་ལ་དེ་དག་ལ་སོ་སོའི་བདག་ཡོད་སེམས་ཅན་དཔེར་ན་གཡག་དང། འབྲི། ར་ལུག། རྟ། བ་ཕྱུགས། བོང་བུ། དྲེལ་སོགས་དང་། བདག་མེད་སེམས་ཅན་དཔེར་ན་སྟག་དང། གངས་སེང། འབྲོང། དོམ། རྐྱང་། ཤྭ་བ་དང་གླ་བ་སོགས་བདག་ཡོད་དང་བདག་མེད་སེམས་ཅན་མང་པོ་ས་བབས་མཐོ་ས་དང་། དམའ་ས་གཉིས་ཀར་ཞི་བདེ་བག་ཕེབས་ངང་གནས་ཡོད། དེ་འདྲའི་རི་ཆུ་མཚོ་གསུམ་དང་རི་དྭགས་སེམས་ཅན་གྱི་ཁེངས་པའི་མཛེས་སྡུག་ལྡན་པའི་ཕ་ཡུལ་བོད་ལྗོངས་ནི། […]

སློབ་ཕྲུག་ཚོའི་བོད་ཀྱི་སྐད་

སློབ་ཕྲུག་ཚོའི་བོད་ཀྱི་སྐད་ཡིག་གི་རྩལ་བཞི་ལས་ཀློག་རྩལ་དང་། འབྲི་རྩལ་གཉིས་ཡར་རྒྱས་གཏོང་ཐབས་སྐོར།

གཞི་རིམ་བར་མའི་བོད་དགེ་བསྟན་འཛིན་མཐོ་རི། ཅོན་ཏཱ་ར་བོད་ཁྱིམ། བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་བ་ལ་གཙོ་བོ་ཆ་རྐྱེན་བཞི་ཚང་དགོས་པ་ལས། དང་པོ། ཀློག་རྩལ། གཉིས་པ། འབྲི་རྩལ། གསུམ་པ། ཉན་རྩལ། བཞི་པ། བཤད་རྩལ། བཅས་བཞི་ཡོད་པ་ལས་ཕྲན་གྱི་གལ་ཆེ་ཤོས་གཉིས་ཙམ་འདུག་སྙམས། རྩལ་ཡར་རྒྱས་གཏོང་བ་ལ་སྣུམ་འཁོར་གྱི་ཁ་ལོ་བ་ལྟ་བུ་དེ་ཀློག་རྩལ་དང་ཉན་རྩལ་གཉིེས་རེད་བསམ། འདས་པའི་མྱོང་བ་ལ་མཚོན་ན་སློབ་གྲྭ་གཅིག་གི་ནང་ལ་སློབ་ཕྲུག་སུམ་ཅུ་ཡོད་པ་ལས་སློབ་ཕྲུག་མང་བ་རྩལ་བཞི་ཀར་ཚང་ཡོད་ནའང་། སློབ་ཕྲུག་རེ་ཞིག་ལ་ཀློག་རྩལ་དང་འབྲི་རྩལ་ཞེན་པོ་ཡོད་ན། སློབ་ཕྲུག་དེ་ཉིད་རང་བཞིན་གྱི་ཕམ་ཁ་ཞིག་རེད། དེང་སང་བོད་ཁྱིམ་སྤྱི་ཚོགས་ཀྱི་སློབ་གྲྭའི་ནང་གཞི་བཞག་ན། སློབ་ཕྲུག་ཕལ་ཆེ་བར་ཧི་མ་ལ་ཡའི་རི་རྒྱུད་ནས་ཡིན་པས། ཧི་མ་ལ་ཡའི་རི་རྒྱུད་ནས་ཡོང་བའི་སློབ་ཕྲུག་ཚོ་སྡུག་ཅག་དང་ཕན་ཐོག་མི་འདུག་ཞེས་ཞུས་ཀྱི་མེད་ཀྱང་ཁོང་རྣམས་རང་བཞིན་གྱི་དཀའ་ངལ་ཕྲད་པ་དེ་བོད་ཀྱི་སྐད་ཡིག་དེ་ཡིན། ཁོང་ཚོ་ལ་བཤད་རྩལ་དང་ཉན་རྩལ་གྱི་མི་འདང་བ་མེད། ཁོང་རྣམས་ལ་དགོས་མཁོ་ནི་བོད་ཡིག་གི་ཀློག་རྩལ་དང་ཉན་རྩལ་ཡར་རྒྱས་གཏོང་དགོས་པ་ནི་ཁོ་རྣམས་ཀྱི་འབྲེལ་ཡོད་ཕ་མ་ཚོའི་དམིགས་ཡུལ་དེ་ཡིན། དེ་སྔ་ཉིད་རང་སློབ་ཁྲིད་བྱེད་སའི་སློབ་མ་ཕལ་ཆེ་བ་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་སློབ་མ་ཤ་སྟག་ཆགས་ཡོད། ཁོང་ཚོ་ལ་བོད་སྐད་བཤད་མི་ཐུབ་པའི་དཀའ་ངལ་དེ་ཙམ་མིན་འདུག་ལ། ཉན་རྩལ་ལའང་དཀའ་ངལ་ཡོད་པ་མིན་འདུག་ཟེར་ཀྱང་ཆོག ཁོ་ཚོ་ལ་དངོས་ཡོད་དཀའ་ངལ་ནི། བོད་ཡིག་དབྱངས་གསལ་ཀློག་མི་ཤེས་པ་དང། འབྲི་མི་ཤེས་པའི་དཀའ་ངལ་ཡོད་ཐག་གཅོད་རེད། ཧི་མ་ལ་ཡའི་སློབ་ཕྲུག་ཙམ་མིན་པར་ཕྱི་རྒྱལ་ཁག་ཏུ་བཞུགས་པའི་བོད་ཕྲུག་ཚོའང་རང་བཞིན་དཀའ་ངལ་ཕྲད་ས་དེ་ཀློག་རྩལ་དང་འབྲི་རྩལ་གཉིེས་ལ། རྒན་རབས་ཚོ་ནང་ལའང་དེ་བཞིན་དཀའ་ངལ་མང་པོ་མཐོང་རྒྱུ་འདུགགཤམ་ལ་རང་ཉིད་ཀྱི་མྱོང་བ་དང་སྦྱར་སྟེ། ཀློག་རྩལ་ཡར་རྒྱས་གཏོང་ཐབས་སྐོར་རོབ་ཙམ་ཞིག་དང་། འབྲི་རྩལ་ཡར་རྒྱས་གཏོང་ཐབས་སྐོར་ལ་རོབ་ཙམ་འབྲི་ན་ཀློག་པོ་ཡོངས་ལ་ཐུགས་ལ་ཅུང་ཙམ་ཕན་པའི་རེ་བ་ཡིན། ཀློག་རྩལ་ཡར་རྒྱས་གཏོང་ཐབས་སྐོར་ལ་ཅུང་ཙམ་ཞུས་ན། སྤྱིར་ཀློག་རྩལ་མ་ཤེས་གོང་ནས་བོད་ཡིག་དབྱངས་གསལ་ངོས་འཛིན་ཐབས་ཤེས་པ་བཟོ་རྒྱུ་ཤིན་ཏུ་གལ་ཆེན་པོ་ཞིག་བརྩི་ཡི་ཡོད། གང་ལ་ཞུས་ན། བོད་ཡིག་དང་པོ་བཀླག་པ་ལ་བོད་ཡིག་དབྱངས་གསལ་གཉིས་པོ་ངོ་མ་ཤེས་ན། ལུང་པ་གསར་པ་ཞིག་ལ་མི་གསར་པ་ཞིག་སླེབས་པ་དང་གཅིག་པ་རེད། མི་དེ་ལུང་པ་གསར་པའི་ནང་འགྲོ་སྟངས་ཤེས་པ་ལ་ལུང་པ་དེ་ནང་རྒྱུན་ལྡན་གནས་མཁན་གྱི་གང་ཟག་ཅིག་ནས་ལམ་སྟོན་ཞུས་དགོས་པ་དང་མཚུངས། བོད་ཡིག་ཀློག་སྟངས་ཤེས་པ་ལ་བོད་དགེ་ཞིག་གི་དྲུང་ནས་དབྱངས་གསལ་ལམ་སྟོན་མ་ཞུས་ན་ཡོང་ཐབས་མེད། བྱས་ཙང་དང་ཐོག་ལམ་སྟོན་གནང་མཁན་གྱི་བོད་དགེ་ཚད་ལྡན་ཞིག་དང་མཇལ་དགོས་དེ་ནས་རིམ་བཞིན་དབྱངས་གསལ་གཉིས་པ་ཁ་ཕྱོགས་བསྒྱུར་སྟེ། རིམ་བཞིན་མགོ་འདོགས་གཉིས། རྒྱན་ཚིག ཁྱད་ཚིག ལས་ཚིག ལས་ཚིག་རྗེས་མཐུན་པ། མཚམས་སྦྱོར། ཚིག་ཕྲད། མིང་ཚིག བྱ་ཚིག་བརྗོད་པ་བཅས་གོམ་པ་རིམ་སྤོས་ཀྱི་ཡར་རྒྱས་གཏོང་དགོས་པ་ལས། ལམ་སེང་རྩི་རྩི་ལ་ཞི་མི་མཆོང་པ་ལྟར་མ་ཡིན་པར་གཟན་གཟན་སྟག་གི་བ་ལ་མཆོང་བ་ལྟར་ཐབས་རྒྱ་བྱུས་གཏོང་ངང་ནས་མཆོང་བཞིན་དགོས། ཐབས་ལམ་དེ་དག་གཞི་བཟུང་ནས་ཀློག་རྩལ་ཡར་རྒྱས་གཏོང་བ་ཡིན་ན། ལམ་སེང་ཡར་རྒྱས་གཏོང་ཐུབ་པ་དཀའ་ལ་རྟོག་ཙམ་འགོར་བ་ལས་མ་འོངས་ཟླ་ཤེས་ནང་ཀློག་རྩལ་བྱང་ཆུབ་བ་ཞིག་ཡོང་ངེས་ཡིན་པ་ང་རང་མྱོང་བའི་ཐོག་ནས་ཐག་གཅོད་གཏན་པོ་ཞུས་ཐུབ། ཀློག་རྩལ་ཡར་རྒྱས་གཏོང་བའི་སྐབས་སུ་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་གནང་དགོས་པ་ཡིན། དང་ཐོག་དབྱངས་བཞི་དང་། གསལ་བྱེད་སུམ་ཅུ་ངོ་སྤྲོད་གནང་བའི་སྐབས་ནག་པང་སྟེང་བྲིས་སྐབས་ཡིག་གཟུགས་ཕལ་ཆེ་བ་དབུ་མེད་བྲིས་སྲོལ་ཡོད། ཉུང་ཤས་ཤིག་དབུ་ཅན་འབྲི་སྲོལ་འདུགཡིན་ནའང་ཀློག་པའི་སྐབས་སུ་དབུ་མེད་གཞིར་བཞག་ཀློག་ན་འགྲིག་ཀྱང་མ་འོངས་པ་གནས་ཚད་མཐོ་རུ་འགྲོ་སྐབས་རང་བཞིན་དབུ་ཅན་ཀློག་དགོས་པ་ཆགས་དུས་རང་བཞིན་སློབ་མ་དེ་ལ་དཀའ་ངལ་ཕར་མ་ཞིག་རེད། […]

སློབ་ཕྲུག་ཚོའི་བོད་ཀྱི་སྐད་

སློབ་ཕྲུག་ཚོའི་བོད་ཀྱི་སྐད་ཡིག་གི་རྩལ་བཞི་ཡར་རྒྱས་གཏོང་ཐབས་ལས་ཉན་རྩལ་ལ་བཤད་པ།

གཞི་རིམ་བར་མའི་བོད་དགེ་བསོད་ནམ་མཚོ། ཅོན་ཏཱ་ར་བོད་ཁྱིམ། སྤྱིར་བཏང་བོད་ཀྱི་སྐད་ཡིག་གི་རྩལ་བཞི་པོ་གལ་ཆེན་པོ་ཡིན་པ་དང་ཕན་ཚུན་འབྲེལ་ཐབས་རྩལ་མེད་པ་བཞི་ཡིན་ལ། གཅིག་ལས་གཅིག་གཏན་གྱི་ཚུལ་དུ་གནས་པ་ཤ་སྟག་ཡིན། རང་ཉིད་དགེ་རྒན་ཞིག་ཡིན་པའི་ཆ་ནས་ག་དུས་ཡིན་ཡང་སློབ་མ་ཀུན་ལ་དང་པོ་ཉན་རྩལ་གལ་ཆེན་པོ་རེད་ཟེར་ནས་བསླབ་བྱ་ཡང་སྲིད་རྒྱག་གི་ཡོད་པས། དེ་རིང་གི་བརྗོད་གཞི་འདི་ཐོག་བདག་གིས་ཉན་རྩལ་སྐོར་ལ་རགས་བསྡུས་ཙམ་ཞིག་བརྗོད་འདོད་བྱུང་། དེ་ཡང་བརྗོད་གླེང་གཞི་བདུན་གྱི་ཐོག་ནས་འབྲི་རྒྱུ་ཡིན། ༡༽ ཉན་རྩལ་སློབ་པའི་དམིགས་ཡུལ་གཙོ་བོ། ༢༽ ཉན་རྩལ་དེ་གལ་ཆེ་བའི་སྐོར། ༣༽ སློབ་གཉེར་བའི་ཉན་རྩལ་གོང་མཐོར་ཐད་དཔྱད་པ། ༤༽ ཉན་རྩལ་གོང་འཕེར་གཏོང་ཐབས། ༥༽ དགེ་རྒན་གྱི་ཉན་རྩལ་ཐོག་ལམ་སྟོན་དགོས་པ། ༦༽ སློབ་མའི་ངེས་པར་སྒྲུབ་དགོས་པ། ༧༽ ཉན་རྩལ་ཆེད་སྦྱོང་བརྡར་གང་མང་བསྐྲུན་དགོས། ༡༽ ཉན་རྩལ་སློབ་པའི་དམིགས་ཡུལ་གཙོ་བོ། སློབ་མར་སློབ་ཁྲིད་བྱེད་སྐབས་ངེས་པར་དགོས་མཁོ་ཆེ་བ་དང་མེད་ཐབས་མེད་པའི་ཐབས་ལམ་བཟང་པོ་ཞིག་ཡིན་པ་མངོན། དེ་ཡང་སྲོལ་རྒྱུན་རིག་པའི་གཞུང་ལུགས་ཐོག་ནས་བཤད་ན་ཡང་ཐོས་བསམ་སྒོམ་གསུམ་ཞེས་པའི་གོ་རིམ་གསུམ་ལས་དང་པོ་ཐོས་དགོས་པ་དེ་གལ་ཆེ་ཞིག་རྩིས་ཡོད། ང་རང་གི་ག་དུས་ཡིན་ཡང་ཐོས་པ་དང་ཉན་པའི་གོ་དོན་གཅིག་མཚུངས་ཡིན་པར་གོ་བ་ལེན་གྱི་ཡོད། བྱས་ཙང་སློབ་གཉེར་བ་རྣམས་ཀྱིས་ཡིན་ཅིག་གཞན་གྱི་གཏམ་སོགས་ཉན་ཐུབ་ཐབས་དང་ལྷག་པར་དུ་གང་བཤད་པ་དེའི་ནང་དོན་ཤེས་པའི་ཐོག་ནས་སྦྱོང་བརྡར་བྱ་རྒྱུ་དེ་ལས་ཀྱང་གལ་ཆེན་པོ་ཡིན། གང་ལྟར་ང་རང་གིས་སློབ་མ་ཚོར་ཉན་རྩལ་སློབ་པའི་དགོས་དམིགས་གཅིག་གི་གནས་ཚུལ་བཟང་ངན་དང་ཡག་སྡུག་ཇི་འདྲ་ཞིག་འཕྲད་ཀྱང་ཐོག་མར་རིག་པ་བསྒྲིགས་ནས་ཉན་ཤེས་དགོས་པ་དང་། དེ་རྗེས་རང་ཉིད་ཀྱིས་ངོས་ནས་བསམ་བློ་ལེགས་པར་བཏང་བས་ཉན་རྩལ་གྱི་བྱ་བ་དེ་མེད་དུ་མི་རུང་བ་ཞིག་ཡིན་པར་ཤེས་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། ༢༽ ཉན་རྩལ་དེ་གལ་ཆེ་བའི་སྐོར། སྤྱིར་བཏང་གི་ང་རང་ཚོ་སྤྱི་ཚོགས་ཁྲིད་དུ་བསམ་བློ་བཏང་བ་ཡིན་ཡང་ཉན་པའི་བྱ་བ་དེ་སྔོན་དུ་མ་སོང་བར་ལས་ཀ་དེ་ཡག་པོའམ་ལེགས་པོ་ཞིག་སྒྲུབ་མི་ཐུབ་པ་ནི་ཡོངས་གྲགས་ཡིན། དཔེ་མཚོན་ཆུང་ཆུང་ཞིག་གི་ལམ་ནས་བརྗོད་ན། དགེ་རྒན་རྣམ་པའི་སློབ་མ་ཚོར་སྔ་དྲོའི་འདུ་འཛོམས་སྐབས་གཏམ་བརྗོད། དེ་བཞིན་དུ་བསྐྱོར་སྦྱོང་གང་འདྲ་ཞིག་བྱེད་ཀྱང་ཡག་པོ་ཆགས་མིན་སློབ་མའི་ཉན་རྩལ་ལ་རག་ལས་ཡོད། དགེ་རྒན་ཡག་པོ་ཇི་ཙམ་ཡོད་ཀྱང་སློབ་མའི་མ་ཉན་ཚེ་འབྲས་སུ་བཟང་པོ་ཐོབ་མི་སྲིད། གཞན་ཡང་། དཔེ་མཚོན་ཞིག་བརྗོད་ན། ཚན་རིག་དགེ་རྒན་གྱིས་ཚན་རིག་བརྟག་དཔྱད་ཁང་དུ་རྒན་ལགས་ཀྱིས་རྫས་སྦྱོར་གྱི་སློབ་ཁྲིད་བྱེད་སྒོ་ལས་སླ་པོ་ཞིག་སྤེལ་སྐབས། སློབ་ཕྲུག་གི་འཛིན་གྲྭའི་ནང་དགེ་རྒན་གྱིས་ལམ་སྟོན་དང་བྱེད་སྟངས་གང་འདྲ་ཡིན་མིན་ལེགས་པར་ཉན་མཁན་རྣམས་ཀྱིས་ཚན་རིག་བརྟག་དཔྱད་ཁང་དུ་སླེབས་མ་ཐག་ཏུ་བྱེད་སྒོ་གང་སྤེལ་བ་དེ་དུས་ཐོག་ལ་བྱེད་ཐུབ་པ་དང་། ནུས་པ་ལྡན་པ་ཞིག་སྟོན་ཐུབ་ཀྱང་། འཛིན་གྲྭའི་ནང་རྒན་ལགས་ཀྱིས་སློབ་སྟོན་གནང་སྐབས་མ་ཉན་པའི་སློབ་མ་ཚོའི་ཚན་རིག་བརྟག་དཔྱད་ཁང་དུ་སླེབས་ཀྱང་མ་ཤེས་པར་མགོ་བོ་རྨོངས་ནས་ལུས་སྲིད། དེར་བརྟེན་ཉན་པའི་བྱ་བ་དེ་ཧ་ཅང་གལ་འགེངས་ཆེ་བས། བདག་གིས་ག་དུས་ཡུན་ཡང་སློབ་མ་རྣམས་ལ་དུས་དང་རྣམ་པ་ཀུན་ཏུ་ཉན་པའི་བྱ་བ་དེ་སྔོན་དུ་འགྲོ་དགོས་པའི་བསླབ་བྱ་རྒྱག་གི་ཡོད། ༣༽ སློབ་གཉེར་བའི་ཉན་རྩལ་གོང་འཐོར་ཐད་དཔྱད་པ། སློབ་གཉེར་བར་ཉན་རྩལ་ལེགས་པོ་ཡོད་མེད་བརྟག་དཔྱད་བྱེད་སྐབས་ཉན་མཁན་རྣམས་ཀྱིས་ནང་ལས་དང་ལས་འཆར་སོགས་འབྲི་སྐབས་ནུས་པ་དང་ལྡན་པ་ཡོང་གི་འདུག བྱས་ཙང་ཉན་རྩལ་གོང་འཐོར་འགྲོ་བའི་བརྒྱུད་རིམ་གཙོ་བོ་ནི་སློབ་གཉེར་བ་རྣམས་ཀྱི་རྩོམ་ཡིག་འབྲི་རྩལ་ནུས་པ་དམིགས་བསལ་མངོན་ཐུབ་པ་དང་གྲུབ་འབྲས་བཟང་པོ་ཞིག་ཡོང་གི་འདུག དེར་བརྟེན་བདག་གི་སློབ་གཉེར་བ་རྣམས་ལ་ཉན་རྩལ་སྦྱོང་བརྡར་ཡོང་ཐབས་སུ་བྱེད་སྒོ་འདྲ་མིན་སྣ་ཚོགས་སྤེལ་ནས་སྐབས་རེ་སློབ་མ་ལ་ཤོད་དུ་བཅུག་ཀྱང་མང་ཆེ་བ་འབྲི་རུ་བཅུག་ནས་ཉན་རྩལ་གོང་མཐོར་གཏོང་ཐབས་བྱེད་ཀྱི་ཡོད། ༤༽ ཉན་རྩལ་གོང་འཕེར་གཏོང་ཐབས། དེ་ཡང་གཏམ་རྒྱུད་དང་སྒྲུང་བརྒྱུད་ནས་ཉན་རྩལ་གོང་འཕེར་གཏོང་སྐབས་སློབ་གཉེར་བའི་མདུན་དུ་ཁ་གསལ་པོ་དང་ཞིབ་ཕྲའི་ངང་ནས་་བཀླགས་ནས་མཇུག་ཏུ་དྲི་བ་ཁ་ཤས་ལ་ལན་འདེབས་སུ་བཅུག་སྐབས་ཉན་རྩལ་ལེགས་པོའི་སློབ་མ་དེ་དག་གི་དྲི་བ་ལ་དཔག་པའི་ལན་འདེབས་པ་དང་། མ་ཉན་མཁན་གྱིས་ལན་འདེབས་མི་ཐུབ་མ་ཟད། དོན་བདག་རྩ་ནས་མེད་ཞིག་ལན་འདེབས་ཀྱི་རེད། དེ་བཞིན་དུ་༸གོང་ས་མཆོག་གི་བཀའ་སློབ་ལས་ཆ་ཤས་ཐུང་ངུ་ཞིག་ཟུར་བཏོན་བྱས་ཏེ་སློབ་གཉེར་བ་རྣམས་ལ་ཉན་བཅུག་པ་དང་བཀའ་སློབ་ཀྱི་ནང་དོན་དེ་འབྲི་རུ་བཅུག་པ་དང་། […]

ཐོས་པ་ནི་ཤེས་བྱ་ཡོངས་ཀྱི་ཕོ

ཐོས་པ་ནི་ཤེས་བྱ་ཡོངས་ཀྱི་ཕོ་ཉ་ཞིག

གཞི་རིམ་བར་མའི་བོད་དགེ་ངག་དབང་ཆོས་འཕེལ། གོ་པལ་པུར་བོད་ཁྱིམ། ཐོས་པའི་རྩལ་གྱི་ཤེས་རབ་མ་ཟིན་ན། ། བཤེས་ཀྱི་མན་ངག་རྒྱུད་ལ་མི་འཁོར་པས། ། དེ་ཕྱིར་འཇམ་དཔལ་དབྱངས་ཀྱི་ཤེས་རབ་ཀྱིས། ། ཉལ་རྩལ་རིག་པའི་སྒོ་གླེགས་རྡུངས་ཤིག་ཀྱེ། ། སྤྱིར་བཤད། དེང་སང་སྐད་ཡིག་ལེགས་པོ་ཞིག་དང་ཡང་དག་ཅིག་ཤེས་དགོས་ཚེ་ངེས་པར་དུ་རྩལ་བཞི་ཚང་དགོས་པ་ཡིན་ཞེས་ཉན་རྩལ་དང་། ཀློག་རྩལ། འབྲི་རྩལ། བཤད་རྩལ་བཅས་ལ་གལ་གནད་ཆེན་པོ་བརྩིས་ཏེ། དེ་དག་གི་ཐོག་ལ་གོ་རྟོགས་དང་དར་སྤེལ་གཏོང་ཅི་ཐུབ་བྱེད་ཀྱང་། རང་ཅག་ཁ་བ་གངས་ཅན་གྱི་ཡུལ་དུ་དེ་ནི་ཐབས་ལམ་གསར་པ་ཞིག་དང་རིག་པ་གསར་པ་ཞིག་མིན་སྟེ། རིག་གནས་དར་བ་ནས་བཟུང་ནས་རྩལ་དེ་དག་གནད་དུ་བརྩིས་ནས། སློབ་མ་གསོ་སྐྱོང་དང་ཤེས་རིག་གོང་མཐོར་གཏོང་ཆེད་ཀྱི་ཐབས་ལམ་འདི་ནི་མི་ལོ་སྟོང་ཕྲག་གོང་ནས་བེད་སྤྱོད་བྱས་དང་བྱེད་བཞིན་པ་ཞིག་ཡིན། དེ་ཡང་ཐོས་བསམ་སྒོམ་གསུམ་དང་ཡ་མ་བྲལ་བ་ཞིག་དང་། འཆད་རྩོད་རྩོམ་གསུམ་མཁས་པའི་རྟགས་ཞེས་ཡོངས་སུ་གྲགས་པས་སོ། ། གང་འདྲ་ཞིག་ལ་ཉན་རྩལ་ཟེར། དེ་ཡང་སྐྱེས་རབས་ལས། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། ། རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག། ། ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། ། ཐབས་ཚུལ་མན་ངག་སྟོན་པས་གྲོགས་ཀྱི་མཆོག། ། ཞེས་དང་། ཐོས་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། ། ཐོས་པས་སྡིག་ལས་གྲོལ་བར་འགྱུར། ། ཐོས་པས་དོན་མ་ཡིན་པ་སྤང་། ། ཐོས་པས་མྱ་ངན་འདས་པའང་ཐོབ། ། ཞེས་གསུངས་པ་ལྟར། བསླབ་པའི་སྒོ་དང་པོར་ཞུགས་པའི་སློབ་མ་ཞིག་ཡིན་ཚེ། ཆེས་ཐོག་མར་ཐོས་པའམ་ཉན་རྩལ་ནི་གནད་དམ་པ་ཞིག་དང་ཤེས་བྱ་ཀུན་ཀྱི་མགོ་ཁུངས་ཡིན་པས། དགེ་རྒན་དང་ཕ་མ་སོགས་ཀྱིས་བཤད་པའི་གནས་ཚུལ་རྣམས་རང་ཉིད་ཀྱི་ཡིད་ལ་འཆར་བའམ་ངེས་པ་གཏིང་ཚུགས་པའི་རིག་རྩལ་གྱི་རྩལ་རྫོགས་པའི་རྣམ་དཔྱོད་ཅིག་ངེས་པར་དུ་དགོས་པ་ཡིན། Stephen R.Covey མཆོག་གིས། མི་མང་ཆེ་བས་ཤེས་བྱའི་གནས་ལུགས་མགོ་ཚོས་པ་ཡི་ཆེད་དུ་མི་ཉན་པར། ལན་སློག་རྒྱུའི་ཆེད་དུ་ཉན་པ་ནི་ནོར་འཁྲུལ་ཞིག་ཡིན། ཞེས་གསུངས། དེས་ན་ང་ཚོས་ངེས་པར་དུ་ཤེས་བྱའི་གནས་ལུགས་ཡོངས་སུ་ཁོང་དུ་ཆུད་པ་ཞིག་དགོས་ན། ངེས་པར་དུ་སེམས་གནད་དུ་ཕབ་སྟེ་རི་དྭགས་སྒྲ་ལ་ཆགས་པ་བཞིན་ཤེས་བྱའི་གནས་ལུགས་ལ་ཉན་ཐུབ་པ་ཞིག་དགོས་པ་ལས། གོ་ལོ་ཐོས་ལོ་ཙམ་གྱིས་མི་འགྲིག་པ་ཡིན། […]