གཞི་རིམ་བར་མའི་བོད་དགེ་བདེ་ཆེན་རྡོ་རྗེ། བདེ་སླར་སམ་བྷོ་ཊ་ཉིན་སློབ། འགྲོ་བ་མི་བྱུང་བ་ནས་བཟུང་ཕན་ཚུན་གོ་བརྡ་སྤྲོད་བྱེད་དུ་ཆེས་ཐོག་མར་ལག་བརྡ་ནས་རིམ་བཞིན་མིའི་རྣམ་དཔྱོད་དང་ཕྱི་ནང་གི་མཐུན་རྐྱེན་དུ་མའི་རྐྱེན་གྱིས་སྐད་བྱུང་བ་ཚང་མས་ཤེས་གསལ་རེད། སྐད་ནམ་བྱུང་བའི་ཐད་ལ་ད་བར་ཁ་ཚོན་བཅད་ནས་གསུངས་མཁན་སུ་ཞིག་ཀྱང་བྱུང་མེད་ན་ཡང་། སྐད་ཡིག་ནམ་བྱུང་བ་དང་རྒྱ་སྐྱེད་དང་འཕེལ་རྒྱས་དང་འགྱུར་བ་ཇི་ལྟར་ཕྱིན་པའི་སྐོར་གསུངས་མཁན་མང་པོ་ཡོད། དེ་བཞིན་སྤྱིར་སྐད་ཡིག་སྦྱོང་ཚུལ་ལ་ཐབས་ལམ་སྣ་ཚོགས་ཤིག་ཡོད་ཀྱང་། དེ་རིང་ཁོ་བོས་བོད་ཀྱི་སྐད་ཡིག་སྦྱོང་དགོས་པ་དང་ཇི་ལྟར་སྦྱངས་ན་གྲུབ་འབྲས་བཟང་པོ་སྨིན་ཐུབ་པའི་སྐོར་བསམ་ཚུལ་འགའ་བརྗོད་འདོད་བྱུང་། ཐོག་མར་བརྗོད་གཞི་དངོས་འགོ་འཛུགས་མ་བྱས་གོང་སྐད་ཡིག་སྦྱང་དགོས་པའི་རྒྱུ་མཚན་གང་ལགས་ཞེ་ན། དེ་ཡང་སྐད་ཡིག་སྦྱང་བ་ཙམ་མ་ཡིན་པར་མཐར་ཕྱིན་པ་སྦྱང་དགོས་དོན་ནི་སྨྲ་བ་པོས་གང་བརྗོད་པར་འདོད་པ་དེ་ཡིག་ཐོག་གམ་ངག་ཐོག་གང་རུང་གི་སྒོ་ནས་ཕ་རོལ་པོས་གོ་བདེ་ཞིང་ལས་སླ་པོའི་ངང་གོ་བརྡ་འཕྲོད་ཐུབ་པ་དང་། དེ་བཞིན་གཞན་གྱིས་བྲིས་པའམ་ངག་ཐོག་ནས་སྨྲས་པའི་ཚིག་དོན་རྣམས་མ་ནོར་བར་རང་ཉིད་ཀྱིས་ཤེས་ཐུབ་པའི་ཆེད་དུ་ཡིན། སྤྱིར་སྐད་ཡིག་སྦྱོང་བར་ཐབས་ལམ་འདྲ་མིན་སྣ་ཚོགས་ཤིག་ཡོད་ངེས་ཀྱང་། སྐད་ཡིག་སོ་སོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་འགྲོ་ལུགས་འགྲོ་སྟངས་ཀྱང་མི་འདྲ་བ་ཡོད། དེ་བཞིན་སྐད་ཡིག་སྦྱོང་མཁན་གྱི་སློབ་གཉེར་རྣམས་ཀྱང་རང་རང་སོ་སོའི་ཁམས་དང་མོས་པ་མི་འདྲ་བ་ཡོད་པ་ཡིན། དེས་ན་སྐད་ཡིག་སྦྱོང་སྐབས་ཐབས་ལམ་མི་འདྲ་བ་དུ་མ་ཡོད་པ་དང་ངེས་པར་ཡོད་དགོས་པ་ཞིག་ཀྱང་ཡིན། སྐད་ཡིག་མཐར་ཕྱིན་པ་ཞིག་ཤེས་དགོས་ན། ངེས་པར་དུ་སྐད་ཡིག་གི་རྩལ་བཞི་མཐར་ཕྱིན་པར་ཤེས་དགོས། དེ་ནི་ཕྱི་ནང་གི་མཁས་པ་ཚང་མས་བཞེད་པ་གཅིག་མཐུན་དུ་གསུང་གི་ཡོད། མ་ཟད་དེང་སང་གི་སྐད་ཡིག་སློབ་ཚན་ཕལ་མོ་ཆེ་ཡང་རྩལ་བཞི་སློབ་འཁྲིད་བྱ་ཐབས་གཞི་ལ་བཞག་ནས་བཟོས་ཡོད། སྐབས་དོན་བཤད་པར་བྱ་བ་ནི་། ཕྲན་ནས་ད་བར་སློབ་མ་རྣམས་ལ་སྐད་ཡིག་སློབ་ཁྲིད་བྱས་པའི་ཉམས་མྱོང་ཐོག་ནས་ཐབས་ལམ་བཞི་པོ་གང་དང་གང་ཡིན་པ་དང་དེ་དག་གོ་རིམ་ཇི་ལྟར་བྱས་ན་ལེགས་པ་དང་འོས་ཞིང་འཚམས་པའི་སྐོར་ཞུ་རྒྱུའི་འབད་བརྩོན་བྱ་རྒྱུ། ཐོག་མར་སྐད་ཡིག་གི་རྩལ་བཞི་གང་དག་ཞེ་ན། ཉན་རྩལ། ཀློག་རྩལ། ཤོད་རྩལ། འབྲི་རྩལ་བཅས་སོ། སྐད་ཡིག་སློབ་པར་ངེས་མཁོའི་ཐབས་ལམ་མམ་རྩལ་བཞི་པོ་དེ་དག་གི་གོ་རིམ་ཐད་དགོངས་ཚུལ་དང་འགྲེལ་བརྗོད་བྱེད་སྟངས་ལའང་མི་གཅིག་པ་མང་པོ་ཡོད། རྩལ་བཞི་པོ་དེ་དག་ལས་གང་རུང་ཞིག་མེད་ན། འབྱུང་བ་བཞི་ལས་གང་རུང་ཞིག་མེད་པ་བཞིན་དུ། གཏང་འགྲོ་བཞག་སྡོད་འཕེར་བའི་སྐད་ཡིག་ཕུན་སུམ་ཚིགས་པ་ཞིག་ཤེས་ཐུབ་པ་ཧ་ཅང་ཁག་པོ་ཡིན། འོ་ན་སྐད་ཡིག་གི་རྩལ་བཞི་པོ་འདི་དག་སློབ་པའི་གོ་རིམ་ཡོད་དམ་ཞེ་ན། ཆེད་ལས་མཁས་པ་ཀུན་གྱིས་སྐད་ཡིག་ཐོག་མར་ཉན་པའམ་ཐོས་པའི་སྒོ་ནས་སྦྱང་དགོས་པར་གསུངས། ཕལ་ཆེར་འགྲོ་བ་མིས་སྐད་ཡིག་སྦྱོང་སྟངས་ཐོག་མར་ཡང་ཉན་པའི་སྒོ་ནས་ཡིན་པར་ངེས། གཞན་གྱིས་གང་བཤད་པའི་ཚིག་དོན་རྣམས་ཐོས་མ་ཐག་གོ་དོན་མ་ནོར་བར་ཤེས་ཐུབ་ན་ཉན་པའི་རྩལ་རྫོགས་པ་ཡིན། དེ་ནས་རིམ་བཞིན་ཡི་གེ་ངོ་ཐག་ཆོད་ནས་ཀློག་ཤེས་པ་དགོས། ཨ་ལག་ཤ་བསྟན་དར་ལྷ་རམས་ཀྱིས་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་དུ། ཀློག་ཕྱེད་གོ་བས་ཤེས། ཞེས་གསུངས་པ་ལྟར་སྒྲ་དག་གསལ་གསུམ་ལྡན་པའི་ཀློག་རྩལ་ཡག་པོ་ཞིག་ཆགས་དགོས་ན། གང་བྲིས་པའི་ཚིག་དང་ཡིག་འབྲུ་བཀླག་པའི་སྐབས་དུ་དབུགས་ཀྱི་འཇིགས་མཚམས་དེ་ཚོ་ཤེས་དགོས་པའི་ཐོག གོ་དོན་ཡང་གང་ཙམ་རྟོགས་དགོས་པ་གནད་འགགས་ཆེན་པོ་ཡིན། དེ་ནས་འབྲི་རྩལ་ཏེ། འབྲི་རྩལ་ཕུན་སུམ་ཚོགས་པ་ཞིག་ཡོང་བར་བྱེད་པ་ལ། སྐད་ཡིག་ཤེས་པ་ཙམ་མ་ཡིན་པར། སྐད་ཡིག་དེའི་བདག་པོ་ལྟ་བུར་འགྱུར་པའི་སྐད་ཡིག་དེ་ཉིད་སྨྲ་མཁན་རྣམས་ཀྱི་བསམ་བློའི་འཁྱེར་སོ། ལོ་རྒྱུས། རིག་གཞུང་། ཡུལ་གོམས་གཤིས་ལུགས་སོགས་ཚང་མར་རྒྱུས་མངའ་ཡོད་ན་རོ་ཉམས་ཕུན་ཚོགས་པའི་རྩོམ་ཡིག་འབྲི་ཐུབ་པའི་རྩལ་འཐོབ་ནུས་པ་ཡིན། མ་ཟད་འབྲི་རྩལ་ནི་སྒྱུ་རྩལ་ཞིག་ཀྱང་ཡིན་པར་བརྟེན། མཐའ་གཅིག་ཏུ་དགེ་རྒན་གྱིས་སློབ་མར་ཨང་རྩིས་སློབ་པ་ནང་བཞིན་བསླབ་རྒྱུ་མེད་པར། རང་གི་མྱོང་ཚོར་དང་། ཁོར་ཡུག་སོགས་མང་པོ་ཞིག་ལ་རག་ལུས་ཡོད་པར་སྙམ། དེ་ནས་ཤོད་རྩལ་ནི། ཚོགས་པ་དང་། གྲོགས་སོགས་ཀྱི་དཀྱིལ་དུ་གཏམ་སྨྲ་བའི་སྐབས་སུ་བཞད་གད་སོགས་ཉམས་འགྱུར་སྣ་ཚོགས་འདྲེན་ཐུབ་པའི་སྐད་ཆ་ཤོད་པའི་ནུས་པ་ཞིག་ཟེར་བར་སྙམ། དེ་འདྲ་ཞིག་ཡོང་བ་ལ་ཕྱོགས་གང་ཅིའི་ཐད་ནས་ཐོས་པ་གསག་དགོས་རྒྱུ་དེ་ཧ་ཅང་གལ་ཆེར་མཐོང་། རང་ཉིད་ཀྱི་ཉམས་མྱོང་གི་ཐོག་ནས་ཞུས་ནའང་། […]
ཨ་ཕ་དྲན་སྟངས་ཤིག་ལས། རྫི་བོ
ལྟ་གྲུབ་དགེ་རྒན་བྱམས་པ་འཕྲིན་ལས། མ་སུ་རི་སཾ་བྷོ་ཊ་སློབ་གྲྭ། ང་རང་ལོ་ ༡༡ ལ་སོན་རེག་པར་ཕ་ཡུལ་ནས་ལུག་རྫི་བྱས་ཤིང་། དེ་དུས་ནས་ང་ནི་དཔེ་ཀློག་ལ་ཧ་ཅང་དགའ་བའི་ལུག་རྫི་ཞིག་ཡིན། ཕལ་ཆེར་ལོ་དྲུག་བདུན་ཞིག་ནས་བཟུང་ང་རང་བོད་ཡིག་ཀློག་པ་ལ་ཐོགས་པ་མེད། དེ་ནི་པ་ལགས་ཁོ་ནའི་སྐུ་དྲིན་རེད། ཕ་ཡུལ་གྱི་རི་ལུང་ཐང་གསུམ་ནི་རྫི་བོ་ཆུང་ཆུང་ངའི་དཔེ་ཀློག་གི་རང་བྱུང་སློབ་གྲྭ་དེ་ཡིན་ཟེར་ཆོག བདག་གི་ལུག་ཁྱུ་འཚོ་ཞོར་གྱི་འགྲོ་ས་དང་སྡོད་ས་དག་ཏུ་དཔེ་དེབ་རེ་བདག་གི་གྲོགས་སུ་ཡོད་ཡོད་ཡིན། འདི་ནི་ངའི་མི་ཚེ་ནང་སྙིང་དུ་སྡུག་ཤོས་ཀྱི་དུས་སྐབས་ཤིག་རེད། ལོ་རབས་བརྒྱད་ཅུ་བའི་ནང་དེ་འདྲར། ང་ལ་འབད་མེད་ལྷུན་གྲུབ་ལྟ་བུར་དཔེ་དེབ་དེ་དག་གང་ལས་རེག་ཚུལ་ནི། བདག་གིས་ཆེས་བརྗོད་འདོད་པ་དེ་ཡིན་ལ། འདི་ནས་ཁྱེད་ཚོས་བདག་གི་པ་ལགས་ནི་ཆེས་རླབས་ཆེ་བའི་ཨ་ཕ་ཞིག་ཡིན་པར་ཤེས་ཐུབ་པར་རེ་བ་བྱེད་ཀྱི་ཡིན། རང་ཉིད་ལ་མཚོན་ན། ཐེངས་དང་པོའི་མི་ཚེའི་ལམ་སྟོན་གྱི་སྒྲོན་མེ་ཉག་གཅིག་ནི་ངའི་པ་ལགས་ཡིན། ཁོང་ནི་འོད་ལམ་ལམ་ངང་ངའི་སེམས་སུ་ནམ་ཡང་གཟིམས་མི་སྲིད་པར་བཞུགས་ཡོད། ཨ་ཕའི་མཆོད་བཤམ་ཀྱི་སྒམ་གཉིས་ནང་ན། རྗེ་བཙུན་མི་ལ་དང་། རྗེ་ཞབས་དཀར་བ་སོགས་དམ་པ་གོང་མའི་རྣམ་ཐར་འདྲ་མིན་ཡོད་ལ། གཞན་ཡང་ཆོས་འབྱུང་། ལམ་རིམ། ལེགས་བཤད། གླིང་སྒྲུང་བཅས་ཀྱི་དཔེ་དེབ་རྩ་ཆེ་བ་ཤིན་ཏུ་མང་པོ་ཡོད། དེ་དག་རེ་རེ་ནི། ཨ་ཕས་ང་ལ་གནང་བའི་བྱིན་རླབས་ཀྱི་འོད་ཟེར་རེ་རེ་ཡིན། དེ་དག་ལས་བདག་གིས་མུན་སེལ་གྱི་སྣང་བ་ཅི་བས་མང་བ་འཐུང་མྱོང་། འདི་ནས་ངའི་པ་ལགས་ནི། འདི་ལྟར་འཇིག་རྟེན་གྱི་ཕ་མ་སུ་ལས་ཀྱང་ལྷག་པར་བཀའ་དྲིན་ཆེ་བ་ཞིག་ཡིན་པ་ད་ལྟ་སེམས་ལ་ཡང་ཡང་འཁོར་གྱིན་འདུག དེ་དུས་ཀྱི་སྤྱི་ཚོགས་ཀྱི་ངོས་ནས་བལྟས་ན་ཨ་ཕའི་དཔེ་སྒམ་དེ་ནི་མི་སྒེར་གྱི་ཉར་བའི་དཔེ་མཛོད་ཁང་ཆུང་ངུ་ཞིག་རེད་ཟེར་ན་མི་འགྲིག་པ་ཆེར་མེད། ཨ་ཕས་ནི་ལྷ་ཡི་ཕོ་ཉ་ཞིག་དང་འདྲ་པར་བདག་ལ་དཔེ་མཛོད་དེ་འདྲ་ཞིག་གི་དངོས་གྲུབ་གནང་བ་རེད། དཔེ་དེབ་དེ་དག་གིས། རྫི་བོ་ཆུང་ཆུང་ངའི་དབྱར་དགུན་གྱི་ཉི་མ་བསྐྱལ་རོགས་དང་། དཀའ་ངལ་གྱི་འདུ་ཤེས་མང་པོ་སེལ་རོགས་བྱས་པར་མ་ཟད། ཁོ་བོས་མི་ཚེ་དང་ཕྱི་མའི་ལམ་བུ་ལ་ཡང་ཤིན་ཏུ་འོད་སྣང་ལྡན་པར་བྱས་ཡོད། འདི་ལྟར་ཨ་ཕས་བདག་གི་ལམ་བུ་དེ་འོད་སྣང་དཀར་པོའི་ལམ་ཞིག་ཏུ་བཟོས་པ་རེད། ཆུང་དུས་དེར་ཡང་ངས་ནི་རང་རེ་བོད་ཀྱི་རྣམ་ཐར་ཆེན་མོ་བརྒྱད་དང་རྣམ་ཐར་གཞན་སོགས་བཀླགས་པ་ཡིན། དེ་དག་གི་རྗོད་བྱ་དག་ལ་དངོས་ཡོད་ཀྱི་ཡིད་ཆེས་བྱས་པ་མང་དྲག་པས་ཡིན་ནམ། ཧ་ཅང་ཟེར་བའི་བདུད་མོ་དང་། ཨ་མཆོད་ཧ་རི། ཨ་ནེ་སྙིད་མོ་དང་། རིགས་ངན་བུ་མོ། རུ་ནང་དཔོན་པོ་གྲགས་པ་བསམ་འགྲུབ། རྗེ་བཙུན་མི་ལའི་ཨ་ཞང་དང་ཨ་ནེ་སོགས་བྱ་སྤྱོད་མི་ལེགས་པའི་མི་དེ་ཚོར་ང་རང་ཞེན་པ་གཏིང་ནས་ལོག་ཏེ། ཡང་ཡང་འཚིག་པ་ཟ་བ་སོགས་ཀྱང་བྱས་མྱོང་། གསོན་ཉམས་འབར་བའི་གཏམ་རྒྱུད་དེ་དག་གི་ཁྲོད་དུ། ངས་ནི་དབྱར་ཆར་ཆུས་སྦངས་པ་དང་། དགུན་ཙག་རླུང་གིས་འཁྱགས་པ་སོགས་ལུག་རྫི་ཞིག་གི་དངོས་སུ་མྱོང་ཞིང་བརྒྱུད་དགོས་པའི་དུས་བཞིའི་ངོ་གདོང་དང་། གནམ་གཤིས་སོགས་ཕྱི་ཡི་འགྱུར་བ་དག་ལའང་། དེ་ཙམ་དོ་སྣང་བྱེད་རྒྱུ་བྱུང་མེད། ལྷ་གླིང་གི་རྟོགས་བརྗོད་རིང་མོ་སྟེ«གླིང་རྗེ་གེ་སར་རྒྱལ་བོའི་སྒྲུང་། »གི་བརྗོད་བྱ་རྣམས་ནི། བདག་གི་སེམས་ནང་གི་ངོ་མཚར་བཀྲ་བའི་འཇིག་རྟེན་ཆེ་ཤོས་དེ་ཡིན། འཇིག་རྟེན་དེའི་ནང་། […]
སློབ་ཕྲུག་ཚོའི་བོད་ཀྱི་སྐད་
གཞི་རིམ་བར་མའི་བོད་དགེ་ལྷག་པ་ཚེ་རིང་། ཅོན་ཏ་ར་བོད་ཁྱིམ། རྗེ་སྲོང་བཙན་སྒམ་པོའི་ཐུགས་དགོངས་བཞེས་པ་བཞིན། བློན་ཐོན་མིས་རྒྱ་གར་བྱོན་ཏེ་མཁས་དབང་བསྟེན། ། ཕྱིས་བོད་དུ་ཕེབས་ཏེ་སྐད་འཚམ་བོད་ཡིག་བརྩམས། ། ཆེས་ངོ་མཚར་ཅན་གྱི་ལོ་རྩ་་ཁྱེད་ལ་བཏུད། ཞེས་མཆོད་བརྗོད་སྔོན་དུ་བསུས་ཏེ་ད་རིང་གི་རྩོམ་ཡིག་གི་བརྗོད་གཞིའི་དེའི་ཐོག་ལ་བདག་ལ་ལོ་མང་མྱོང་ཚོར་གང་བྱུང་བ་རྣམས་མདོར་བསྡུས་ནས་རིམ་བཞིན་བཀྲོལ་བར་བྱ། སློབ་ན་སོན་པའི་སློབ་ཕྲུག་སྔོན་འགྲོའི་འཛིན་གྲྭའི་སྐབས་ནས་ཀྱང་བོད་ཀྱི་སྐད་ཡིག་སྦྱངས་དུས་རྩལ་བཞིའི་ནང་ནས་ངེས་པར་དུ་ལག་བསྟར་མཁོ་བ་ནི་ཀློག་རྩལ་དང་འབྲི་རྩལ་གཉིས་ཀྱི་ཐོག་ནས། དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་ཡི་གེ་རེ་རེ་བཞིན་སྒྲ་གདངས་མ་ནོར་བར་ཀློག་ཤེས་ཐབས་དང། ཆབས་ཅིག་ཏུ་ཀ་མེད་སུམ་ཅུའི་ཡི་གེ་རེ་རེ་བཞིན་ངོ་ཐག་ཆོད་པའི་ཐོག་འབྲི་ཤེས་པར་དགོས་རྒྱུ་ནི་མེད་དུ་མི་རུང་བ་ཞིག་ཡིན་ཞིང། ལྷག་པར་དུ་བྱིས་པ་ལོ་ན་ཆུང་དུས་ནས་བོད་ཀྱི་ཡི་གེ་ཀློག་ཁྲིད་པའི་སྐབས་སུ་སློབ་ཁྲིད་བྱེད་མཁན་གྱི་དགེ་ལགས་ཀྱིས་ཐབས་ལ་མཁས་པའི་སྒོ་ནས་སྦྱོར་ཀློག་གང་མང་སྦྱོང་བརྡར་སྤྲོད་དགོས་ངེས་དང། བསྡུས་ཀློག་བརྒྱབ་སྟངས་ཀྱང་ཁྲིད་ཐུབ་ན་དགེ་ཚན་ཆེ་བར་སྣང། གང་ལྟར་ཀློག་རྩལ་རྨང་གཞི་ཚུགས་ཐབས་སུ་ཡི་གེ་སྦྱོར་ཀློག་བརྒྱབ་སྟངས་དང། བསྡུས་ཀློག་བརྒྱབ་སྟངས་གཉིས་ལ་ཐུག་ཡོད་ཅིང། སྦྱོར་ཀློག་ཐོགས་པ་མེད་པར་བརྒྱབ་ཤེས་སོང་ན། བསྡུས་ཀློག་བརྒྱབ་རྒྱུར་དཀའ་འཛེགས་གང་ཡང་མེད་ཅིང་གོ་བ་ཡང་གང་ལ་གང་འཚམས་ཤིག་རྟོགས་ཐུབ་ངེས་ཡོང་རྒྱུར་གོར་མ་ཆག དེ་བཞིན་དུ་འབྲི་རྩལ་ལའང་སྔོན་འགྲོའི་འཛིན་གྲྭའི་སྐབས་ནས་ཀྱང་ཚུགས་རིང་གི་ཡི་གེ་ཆེན་པོ་འབྲི་སྲོལ་ནས་འགོ་འཛུགས་ཞུ་གི་ཡོད་ཅིང། རིམ་བཞིན་འཛིན་གྲྭ་འཕར་རིམ་བཞིན་དུ་བོད་ཡིག་ཡིག་གཟུགས་ལའང་ཆེ་ཆུང་འགྱུར་བ་གཏོང་དགོས་ཀྱི་ཡོད། དམའ་རིམ་ནས་བོད་ཡིག་ཡིག་གཟུགས་ཚུགས་རིང་ཚུགས་ཐུང་། ཡིག་ཆུང་བཅས་འབྲི་སྟངས་སློབ་དགོས་ཀྱི་ཡོད། འཛིན་གྲྭ་གཞི་རིམ་བར་མ་དང་གོང་མའི་སློབ་ཕྲུག་རྣམས་ཀྱིས་བོད་ཡིག་ཡིག་གཟུགས་ཚུགས་མ་འཁྱུག་དེ་ཉིད་ཐོག་ལ་ལག་བསྟར་བྱེད་བཞིན་ཡོད། འཛིན་གྲྭ་སོ་སོར་མཐུན་པའི་བོད་ཡིག་ཏག་ཏག་བྲིས་ཐུབ་སོང་ན་འབྲི་རྩལ་རང་བཞིན་གྱིས་ཡག་པོ་ཆགས་ངེས་ཡིན། གལ་ཏེ་འཛིན་གྲྭ་སོ་སོར་མཐུན་པའི་བོད་ཡིག་ཡིག་གཟུགས་ཏག་ཏག་བྲིས་མ་ཐུབ་ན་འབྲི་རྩལ་ཡོང་རྒྱུ་ག་ལ་ཡིན། འབྲི་རྩལ་ཡག་པོ་ཡོང་བར་སློབ་ཕྲུག་ཚོས་གང་བསམ་པ་དང་དྲན་པ། དཔེ་དེབ་ཀློག་ནས་སློབ་མ་སོ་སོས་གང་རྟོགས་པ་རྣམས་བྲིས་ཐུབ་པ་ཞིག་ལ་རང་སྐྱ་འཕེར་བ་ཟེར་ཆོག འབྲི་རྩལ་དང་ཀློག་རྩལ་གྱི་རྨང་གཞི་བརྟན་པོ་ཞིག་དམའ་རིམ་འཛིན་གྲྭ་ཁག་ནས་གོམས་འདྲིས་བཟང་པོ་ཞིག་བཟོས་ཐུབ་སོང་ན། བཤད་རྩལ་དང་མཉན་རྩལ་གཉིས་རང་བཞིན་གྱིས་སླེབས་འོང། སློབ་ཕྲུག་གང་ཞིག་གིས་དཔེ་དེབ་བཀླག་རྒྱུར་དོ་དབྱིངས་གོམས་འདྲིས་ཡོད་མཁན་འདི་བཤད་རྩལ་ཀྱང་གཞན་དང་མི་འདྲ་བ་ཡོད་ཅིང། སོ་སོས་གང་རྟོགས་པ་རྣམས་གཞན་ལ་བཤད་ཐུབ་པར་ཡོང་རྒྱུ་ནི་གདོན་མི་ཟ། ཕྲུ་གུ་ཚར་ལོངས་ཀྱི་སྐབས་ནས་ཕ་མ་དང། དགེ་རྒན་ཚོས་བཀའ་མོལ་གནང་དུས་བཟང་སྤྱོད་ཐོག་ན་ས་བཤད་པ་ཡིན་ན་མ་འོངས་པར་སློབ་ཕྲུག་དེ་ཚོ་ཆེན་པོ་ཆགས་ཏེ་རང་གི་རྐང་པའི་སྒང་ལ་ལངས་དུས་མང་ཚོགས་ལ་གང་ཡིན་ན་ཡང་ཐོགས་པ་མེད་པར་བཤད་ཐུབ་པར་ཡོང་། ལྷག་པར་དུ་ཀློག་སྦྱོང་བརྡར་ཡག་པོ་ཞིག་བྱུང་བར་སློབ་ཁྲིད་སྐབས་སུ་ཐོག་མ་དེ་ལ་དགེ་རྒན་རང་ཉིད་ཀྱིས་ཤོག་གྲངས་གཅིག་ཙམ་ཀློག་སྟངས་ཀྱི་དཔེ་མཚོན་ཞིག་གི་བསྟན་ཏེ་གཞིས་ནས་ཡི་གེ་བཅད་མཚམས་འཇོག་སྟངས་མ་ནོར་བའི་ཐོག་ནས་བསྡུས་ཀློག་སྒྲ་དག་གསལ་གསུམ་བརྒྱབ་བཀླག་བཅུག་རྒྱུ་དེ་ནི་ཀློག་རྩལ་ལ་གལ་འགངས་ཆེན་པོ་ཞིག་འདུག བོད་ཡིག་སྐད་ཡིག་ཁྱོན་ནས་ཀློག་མི་ཐུབ་མཁན་གྱི་སློབ་མ་ཞིག་ཡོད་ན། ཁོ་པས་ཀློག་རྩལ་ཐོག་ལ་ག་ལ་བཞུགས་ཐུབ། མགོ་སེར་ཕྱི་གླིང་བའི་མི་ཞིག་ལ་ཆ་བཞག་ན་བོད་ཀྱི་ཡི་གེ་སྔོན་ཆད་མཐོང་མ་མྱོང་བར་མ་ཟད། ད་ལྟ་རང་ཡི་གེ་འདི་ཀློག་ཟེར་ན་མགོ་འཐོམ་རྒྱུ་ཉག་ཅིག་རེད། དེ་བཞིན་དུ་བོད་ཡིག་སྐད་ཡིག་གི་འབྲི་རྩལ་ཡར་རྒྱས་འགྲོ་བར་གཙོ་བོ་གཅིག་ནི་འཛིན་རིམ་སོ་སོའི་བོད་ཡིག་མ་མཐའི་ཤེས་ཚད་དང་མཐུན་པར་བོད་ཡིག་སྐད་ཡིག་གང་ལ་གང་འཚམས་ཤིག་སློབ་མ་སོ་སོའི་ངོས་ནས་རང་སྐྱ་འཕེར་བ་ཞིག་བྲིས་ཐུབ་སོང་ན་འབྲི་རྩལ་གྱི་ཐོག་ནས་དྲི་བ་གང་འདྲ་ཞིག་བསྐུར་རུང་བདེ་བླག་ཏུ་བྲིས་ཐུབ་པར་ཡོང་ངེས་མཆིས། དཔེ་དེབ་མང་པོ་བཀླགས་ནས་བྲོ་བ་ཞིག་རྙེད་སོང་ན། སློབ་མ་རང་ངོས་ནས་ཀྱང་གང་ཐུབ་ཐུབ་ཀྱིས་སྒོ་ནས་རྩོམ་བརྗོད་གཞི་སྣ་མིན་དང། བཟང་སྤྱོད་ཀྱི་ཕྱུག་པའི་སྒྲུང་རིགས་ལ་སོགས་པ་བརྩམས་་ཐུབ་སོང་ན་འབྲི་རྩལ་གོང་མཐོར་འགྲོ་རྒྱུར་འདོན་མི་ཟ། བོད་ཡིག་སྐད་ཡིག་འདི་ཡར་རྒྱས་འགྲོ་བར་རྩལ་གཙོ་བོ་དེ་གཉིས་ལ་ཐུག་ཡོད་ལ། དེ་གཉིས་ནང་དངོས་སུ་བཞུགས་ཏེ་སྦྱོང་བརྩོན་བྱས་ནས་ལག་བསྟར་བྱས་ན་མ་གཏོགས་ཁ་ཙམ་བཤད་པས་འགྲིགས་ཐབས་ནམ་ཡང་མེད་ཅིང། རྒྱུན་དུ་འབྲི་ཀློག་ལ་སྦྱོང་བརྡར་བྱས་ཏེ། ། གང་ཐུབ་ཤུགས་སྣོན་ལ་འབད་འབུངས་ཐུབ་ན། ། བོད་ཡིག་སྐད་ཡིག་འདི་ཡར་རྒྱས་ཕྱོགས་སུ། ། རང་སྐྱ་འཕེར་བ་ཞིག་ཡོང་ངེས་ཆོས་ཉིད། སློབ་མ་གང་ཞིག་ལ་བོད་ཡིག་སྐད་ཡིག་གི་འབྲི་རྩལ་དང་ཀློག་རྩལ་གཉིས་དོ་མཉམ་པར་ལྡན་འགྱུར་ན། བོད་ཡིག་སྐད་ཡིག་ཡར་རྒྱས་འགྲོ་རྒྱུ་ཉག་ཅིག་ཅིག་ཡིན་ཞིང། རྩལ་གཞན་གཉིས་བཤད་རྩལ་དང་ཉན་རྩལ་ཡང་གཙོ་བོ་འབྲི་ཀློག་གཉིས་ཀྱི་རྩལ་དང་འབྲེལ་བ་ཡོད་པ་ཞིག་ཆགས་ཡོད། བོད་ཡིག་སྐད་ཡིག་ཀློག་ཐུབ་པ་་བརྟེན་ནས་རྩོམ་ཡིག་གི་ནང་དོན་གང་ལ་གང་འཚམས་ཤིག་མགོ་ཚོས་པ་ཡོང་རྒྱུ་དང། […]
སློབ་ཕྲུག་ཚོས་བོད་ཀྱི་སྐད་ཡ
གཞི་རིམ་འོག་མའི་བོད་དགེ། རྡོ་སྦིས་ཟླ་བ་ཚེ་རིང་། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། སྔོན་དུ་གླེང་བའི་གཏམ། ཡོངས་གྲགས་ཀྱིས་སྐད་ཡིག་ནི་མི་རིགས་དེའི་དབུགས་རྔུབ་འབྱིན་བྱེད་ཀྱི་ཚེ་སྲོག་ངོ་མ་དེ་ཡིན་ཟེར་ནས་ཆུང་བྱིས་པ་སྣབས་ལུག་ཡན་ཆད་དང་རྒན་བགྲེས་པོ་མགོ་དཀར་མན་ཆད་ནས་ཁ་རུ་ཡིག་དྲུག་བཞིན་བགྲེང་གི་ཡོད་ནའང། དོན་དངོས་ཀྱིས་དེ་ལྟར་གལ་ཆེན་འགེངས་ཆེན་དུ་སེམས་མེད་པའི་གཟོད་ལྟ་ཞིག་ཡོད་དེ། སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་གི་ཁྲིད་ཆས་དང་བོད་སྐད་ཡིག་འཛིན་གྲྭ་(language class)་སོགས་ཀྱི་ཆ་རྐྱེན་ནི་སྐད་ཡིག་གཞན་པ་ལས་ཧ་ཅང་ཞན་ཅིང་། སློབ་གྲྭ་ཁ་ཤས་ལ་ཁྱོན་ནས་མེད་ཟེར་ཀྱང་ཆོག མ་ཟད་གོང་རིམ་ནས་ཀྱང་སློབ་ཚན་གཞན་པ་ལ་འགྲོ་གྲོན་བཏང་སྟངས་ཤིག་བོད་ཀྱི་སྐད་ཡིག་དང་དེའི་ཁྲིད་ཆས་སམ་ཡོ་བྱད། དེབ་སོགས་ཀྱི་ཐོག་ལ་དེ་བཞིན་གྱི་འགྲོ་གྲོན་བཏང་མ་ཐུབ་པའི་ཚོར་བ་ཞིག་གིས་གཅུན་ནས་ཡོང་གི་འདུག གང་ཡིན་ཟེར་ན། ཁ་སང་དེ་རིང་གི་བོད་སྐད་ཡིག་གི་གནས་སྟངས་ལ་བསམ་བློ་རེ་བཏང་ཚེ་འགོ་སྐད་ཆ་འཆད་སྟངས་ནས་སློབ་གྲྭ་རུ་བསླབ་དགོས་ཙང་བོད་སྐད་ཡིག་ཁྲིད་ཐབས་ཀྱི་ཡོ་བྱད་སོགས་སྐད་ཡིག་གཞན་ལས་མཐུན་རྐྱེན་ཡག་ཏུ་བསྐྲུན་མ་ཐུབ་རུང་། དེ་དག་དང་དོ་མཉམ་པའི་མཐུན་རྐྱེན་ཞིག་གནང་དགོས་པ་ནི་ཐེངས་འདིའི་བསམ་བློ་སྔོན་དུ་སོང་བའོ། ། དང་པོ། བོད་སྐད་ཡིག་གི་ཉན་རྩལ་ཡར་རྒྱས་གཏོང་སྟངས། སྤྱིར་སྐད་ཡིག་གང་རུང་ཞིག་ཡུན་རུང་དེའི་ཉན་རྩལ་ཡར་རྒྱས་གཏོང་བར་སློབ་གྲྭའི་ཁོར་ཡུག་དང་ཁྱིམ་གྱི་ཁོར་ཡུག་གཉིས་ལ་བརྟེན་དགོས་པ་ཆོས་ཉིད་ཅིག་ཡིན་ནའང་། འུ་ཚང་གི་ཚོགས་སྤྱི་འདིས་སློབ་གྲྭའི་ཁོར་ཡུག་གཅིག་པོར་བརྟེན་པ་ལས་ཁྱིམ་གྱི་ཁོར་ཡུག་དེ་སྣང་མེད་དང་དོན་མེད་དུ་སོམས་པའི་སྲོལ་ཞིག་འདུག་སྟེ། ཕ་མ་དང་སྤུན་གཉེར་ནས་བཟུང་སྟེ་འགོ་སྐད་ཆ་(ར་མ་ལུག་གི་སྐད་)འཆད་སྟངས། ལྟད་མོ་(ཧིན་དྷི། དབྱིན་ཇི། རྒྱ་སྐད། )གཟིགས་སྟངས་སོགས་ནི་ཕྲུ་གུས་བོད་སྐད་ཡིག་གི་ཉན་རྩལ་ཡར་རྒྱས་གཏོང་བར་བཟློག་ཕྱོགས་རྐྱང་རྐྱང་དུ་ལངས་ཡོད་པ་འདི་རེད། འདི་འདྲའི་ཁོར་ཡུག་ཅིག་གི་ནང་དུ་བོད་སྐད་ཡིག་གི་ཉན་རྩལ་ཡར་རྒྱས་གཏང་རྒྱུ་ཟེར་ན་ཅུང་ཙམ་འུར་ཚ་བོ་མི་འདུག་གམ། གཅིག་བྱས་ན། ཁོང་ཚོས་རེ་བ་ཡོད་ཚད་སློབ་གྲྭའི་ཁོར་ཡུག་ལ་བཅོལ་ཡོད་སྲིད་མོད། འོན་ཏེ་བོད་ཀྱི་སྐད་ཡིག་ལ་བསམ་བློ་བཏང་ནས་བཤད་ཚེ་སློབ་གྲྭའི་ཁོར་ཡུག་ཀྱང་དེ་ག་རང་ལས་མ་འདས། ཅིའི་ཕྱིར་ཟེར་ན། འཚོ་བའི་དགོས་མཁོའི་དབང་གིས་སློབ་གྲྭ་མང་ཆེ་བ་རུ་བོད་ཀྱི་སྐད་ཡིག་གཅིག་པོ་མ་གཏོགས་སློབ་ཚན་(འཛིན་རིམ་དགུ་བ་ཡར་འདབ་ཀྱི་ཨང་རྩིས་དང་ཚན་རིག་སོགས། )གཞན་དག་དབྱིན་ཇིའི་བརྒྱུད་ལམ་ཡིན་པས་སོ། ཡང་གཅིག་བཤད་ན། ལག་པའི་ལྡོག་སྒྲ་གྲག་པར་ལག་ཟུང་གཉིས་ཀ་དགོས་པ་ལྟར་ཉན་རྩལ་ཡར་རྒྱས་གཏོང་བར་སློབ་གྲྭ་དང་ཁྱིམ་གྱི་ཁོར་ཡུག་གཉིས་ཟུང་འབྲེལ་བྱས་ཏེ་ཕྲུ་གུའི་ཉན་རྩལ་ཡར་རྒྱས་གཏང་དགོས་པ་རེད་མ་གཏོགས། སློབ་གྲྭ་ཁོ་ནར་རེ་བ་བཅིང་བ་ནི་རེ་བ་ཆིག་རྐྱང་ཅན་དང་ཆ་མ་ཚང་བའི་སློབ་གསོ་དེ་རེད། མ་གཞི་ནས་སློབ་གྲྭ་ནི་ཕྲུ་གུའི་ཤེས་ཡོན་བསླབ་ས་དེ་དང་ནང་ཁྱིམ་ནི་ཕྲུ་གུས་སློབ་གྲྭ་ནས་གང་བསླབ་པ་དེ་སྦྱོང་བརྡར་བྱེད་སའི་གང་སྟེགས་ཀྱི་ཁོར་ཡུག་གཙོ་བོ་དེ་ཡིན་པའི་ན། ཁྱིམ་གྱི་ཁོར་ཡུག་དང་སློབ་གྲྭའི་ཁོར་ཡུག་གཉིས་ཕྱར་གྲུ་མཉམ་འདེགས་ཀྱི་ཚུལ་དུ་དགོས་པ་ནི་ཁ་ཚ་དགོས་གཏུག་གི་ལས་ཁུར་ཞིག་ཡིན་པས། གཤམ་དུ་བདག་གིས་དེ་ཕྱོགས་ཀྱིས་ཕྲུ་གུའི་ཉན་རྩལ་ཡར་རྒྱས་གཏོང་ཐབས་སུ་བསམ་ཚུལ་ཙམ་འབྲི་བར་བྱའོ། ། ༡ ཁྱིམ་གྱི་ཕ་མས་རང་གི་ཕྲུ་གུའི་བོད་སྐད་ཡིག་གི་ཉལ་རྩལ་ཡར་རྒྱས་ཡོང་ཆེད་བོད་སྐད་གཙང་མ་དང་ངག་འཇམ་ཤ་ཚའི་ཐོག་ནས་བཀའ་མོལ་གནང་སྟེ་ཕྲུ་གུའི་རྣ་དབང་ལ་ཉན་རྩལ་གྱི་ས་བོན་གཙང་མ་ཐོག་མར་འདེབས་དགོས། གང་ཡིན་ཟེར་ན། ཕ་མ་ནི་ཕྲུ་གུའི་དགེ་རྒན་དང་པོའམ་ཕྲུ་གུ་དང་མཉམ་གཤིབ་ཀྱི་དུས་ཚོད་རང་ཤོས་དེ་ཡིན་པའི་ན། ཕ་མའི་བཀའ་མོལ་གནང་སྟངས་དང་འགྲོ་འདུག་སྥྱོད་གསུམ་གང་ཡིན་པ་དེ་ཕྲུ་གུའི་སེམས་ལ་འཇགས་སླ་བར་མ་ཟད། དེ་བཞིན་གྱིས་ལད་ཟློས་གནང་རྒྱུ་ནི་ཆོས་ཉིད་ཅིག་ཡིན་པས། ཕ་མས་རང་གི་ཕྲུ་གུའི་བོད་སྐད་ཡིག་གི་ཉལ་རྩལ་ཡར་རྒྱས་ཡོང་ཆེད་རང་ཉིད་ཀྱི་སྣང་བ་གང་ཤར་དང་དགའ་ཕྱོགས་མོས་ཕྱོགས་བློས་བཏང་གིས་ཕ་མ་བཟང་བོ་ཞིག་གི་མིག་དཔེ་སྟོན་རྒྱུ་ནི་ཁྱེད་རང་ཕ་མ་ཞིག་ཡིན་པའི་ལས་འགན་ཡིན་ནོ། ། ཡང་གཅིག་བཤད་ན། འུ་ཚང་གི་ཕ་མ་ཚོས་རེ་བ་ཆེན་པོ་ཞིག་བཅིང་ཡོད་ནའང་། དེ་ཚོད་ཀྱིས་བློས་བཏང་(དུས་ཚོད། སྤྲོ་སྐྱིད་ཀྱི་དུས་ཚོད། འགྲོ་གྲོན། )ཅི་ཡང་མི་བྱ་བར་རེ་བའི་འབྲས་བུ་སྨིན་པར་ངང་སྒུག་བྱེད་པ་ནི་ཡང་དག་པའི་ཕ་མ་ཞིག་གི་བསམ་བློ་མ་སྨིན་པའི་ཏན་རྟགས་རེད་དོ། ། ༢ ཕ་མས་རང་གི་ཕྲུ་གུའི་ཉལ་རྩལ་ཡར་རྒྱས་ཡོང་བར་གནའ་སྒྲུང་འཆད་པ་དང་དོན་སྙིང་ལྡན་པའི་ཁ་བའི་མི་སྣའི་ལོ་རྒྱུས་འཆད་པ། […]
༄༅། ། འབྲི་རྩལ་ཡར་རྒྱས་གཏོང
གཞི་རིམ་འོག་མའི་དགེ་རྒན་འཇིག་མེད། ཀོ་ལེ་གྷལ་སཾ་བྷོ་ཊ་ཉིན་སློབ། ལྷག་པའི་ལྷ་དང་ངག་གི་ལྷ་ཡི་མཆོག། ། བདག་དང་འབྲེལ་བའི་སྨྱུག་འཛིན་སུ་མཆིས་ལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་རབ་བསྩལ་ནས། ། ངག་གི་དཔལ་ལ་རྫོགས་ལྡན་ཐོབ་པར་ཤོག། ། འཆད་བརྩོན་རྩོམ་ལ་མི་ལོ་ཉེར་གཉིས་རིང་། ། ངལ་བཞིན་འབད་པའི་མྱོང་བའི་ཕོར་པའི་ནང་། ། ཚད་ལྡན་མཁས་པའི་གསུང་གི་བདུད་རྩིའི་བཅུད། ། འབུལ་ལོ་གསོལ་ཅིག་སྐལ་ལྡན་དོན་གཉེར་ཅན། ། རང་གཞུང་དཔལ་ལྡན་ཤེས་རིག་ལས་ཁུངས་ཀྱི། ། མགོ་ལས་ཡོངས་དང་ཁྱད་པར་འདི་འབྲེལ་བའི། ། ཀུན་ལ་ཕན་པའི་ལས་གཞི་འདི་དག་ལ། ། ཡི་རིང་བསྔགས་བཞིན་ངལ་བས་འབད་པར་བྱ། ། དགེ་རྒན་རང་ཉིད་འབྲི་རྩལ་ལ་བྱང་བ་ཞིག་དགོས། དགེ་རྒན་རང་ཉིད་འབྲི་རྩལ་ལ་བྱང་བ་ཞིག་མིན་ན་སློབ་ཕྲུག་རྣམས་གྱི་འབྲི་རྩལ་ཡར་རྒྱས་སུ་ཇི་ལྟར་གཏོང་ཐུབ་བམ་མི་ཐུབ་པའི་ཕྱིར་རོ། ། དཔེར་ན། ལོང་བས་ལོང་བ་ལ་ལམ་སྟོན་མི་ནུས་པ་བཞིན་དགེ་རྒན་རྩོམ་ཡིག་མི་ཤེས་མཁན་ཞིག་གིས་སློབ་ཕྲུག་གི་རྩོམ་ཡིག་ཡར་རྒྱས་སུ་གཏོང་མི་ཐུབ་པ་ནི་མིག་མཐོང་ལག་ཟིན་ཡིན་ཡང་། དེ་སྐབས་ཨིན་བོད་སོགས་སྐད་ཡིག་གི་དགེ་རྒན་འགའ་རེས་སློབ་ཕྲུག་སོགས་ལ་རྩོམ་ཡིག་ཅིག་ཕྲིས་ཞེས་གང་ཡིན་འདི་ཡིན་མེད་པར་བཀའ་བཙན་པོ་རེ་བཏང་པས། སློབ་ཕྲུག་ཚོས་ཀྱང་གང་དྲན་དྲན་ཞིག་བྲིས་པ་ལ་དགེ་རྒན་གྱིས་ཀྱང་ཧམ་པས་ཀུན་ནས་བླངས་ནས་དག་བཅོས་བྱེད་ཁུལ་བྱས་པ་ཙམ་ལས། རྩོམ་ཡིག་དེའི་བརྗོད་བྱ་འགྲིག་མིན་དང་བརྗོད་སྙིང་ཡོད་མེད་ལ་སོགས་པ་ལ་སོགས་པ་ནི་དགེ་སློབ་གཉིས་ཀ་རི་བོང་གི་རྭ་ཡི་དཔེ་ལས་མ་འདས་པས་ན། ད་དུང་དགེ་རྒན་ཧམ་པ་ཅན་འགའ་རེས་སློབ་ཕྲུག་གི་རྩོམ་ཡིག་གི་ཡག་སྡུག་གླེང་བ་ནི་ཧ་ཅང་ཐད་དྲག་པ་ཡིན་མོད་དེ་ལྟ་བུ་ང་ཚོའི་སྤྱི་ཚོགས་ཁྲོད་མཐོང་རྒྱུ་དང་ཐོས་རྒྱུ་ཡོད་པའི་གནས་སྟངས་ཏེ་ལ་འགྱུར་བ་ཞིག་མ་ཕྱིན་པར་སློབ་ཕྲུག་གི་འབྲི་རྩལ་ཡར་རྒྱས་འགྲོ་བ་དེ་ཡང་མོ་གཤམ་ལ་བུ་སྐྱེ་དགོས་ཞེས་བཀའ་བཏང་བ་དང་གཅིག་མཚུངས་སུ་སྣང་པས། མ་སྐུལ་དང་དུ་བླངས་ནས་དགེ་རྒན་རང་ཉིད་ཀྱི་རྩོམ་ཡིག་གི་ཤེས་ཚད་ཅུང་ཡར་རྒྱས་ཀྱི་ཕྱོགས་སུ་གོ་སྟབས་བསྒྱུར་བར་འབད་པ་བྱེད་དགོས་སོ། ། དེང་སང་དགེ་རྒན་ཕལ་ཆེ་བའི་སློབ་ཕྲུག་རྣམས་ལ་རྩོམ་ཡིག་འབྲི་འཇུག་གི་ཡོད་པ་ནི་ཤིན་ཏུ་དགའ་འོས་པ་ཞིག་ཡིན་མོད་ཀྱང་། དོན་དངོས་ཐོག་དགེ་རྒན་རང་ཉིད་ཀྱིས་ཀྱང་མཛུབ་མོ་རང་ལ་བཙུགས་ནས་བསམ་བློ་ཞིག་བཏང་ན། རང་ཉིད་ལ་རྩོམ་ཡིག་གི་ཤེས་ཚད་དང་མཉམ་མྱོང་རང་གི་བྲིས་པའི་རྩོམ་ཡིག་དྲ་ལམ་དང་ཚགས་དཔར་ཡང་ན་སྤྱི་ཚོགས་སོགས་སུ་འགྲེམ་སྤེལ་བྱེད་མྱོང་ཡོད་མེད་དང་། དེ་ལྟར་མེད་ཀྱང་རང་ཉིད་ཀྱིས་སློབ་ཕྲུག་ལ་རྩོམ་ཡིག་སོགས་འབྲི་རུ་འཇུག་པ་དང་དེ་ལ་དག་བཅོས་བྱེད་པའི་ཁྱོད་ལ་རྒྱབ་ལྗོངས་ཀྱི་རྩོམ་ཡིག་གི་ཤེས་ཚད་དང་གདེང་ཚོད་ཇི་འདྲ་ཡོད་མེད་ལ་བསམ་བློ་འཁོར་མྱོང་ངམ། སློབ་ཕྲུག་གི་རྩོམ་ཡིག་ལ་དག་བཅོས་ཡང་དག་པ་ཞིག་དང་རོགས་རམ་ངེས་ཅན་ཞིག་བྱེད་ཐུབ་པར། སྲོལ་རྒྱུན་རྐྱང་པའི་འབྲི་སྟངས་དང་། དེང་དུས་རྐྱང་པའི་འབྲི་སྟངས་དང་། དེང་སྲོལ་གཉིས་ཀྱི་ལམ་ནས་འབྲི་སྟངས་སོགས་ཐབས་ལམ་གང་ཞིག་སློབ་ཕྲུག་གི་འབྲི་རྩལ་ལ་ནུས་པ་ལྡན་པ་དང་རན་པ་ཡིན་མིན་ཁྱེད་ཀྱི་ཐུགས་བསམ་གཏོང་མྱོང་ངམ། མྱོང་ན་གང་ཞིག་ལེགས་པ་དང་རྒྱུ་མཚན་ཅི་ཞིག་ལ་བསྟེན་དེ་ལྟར་བྱུང་བ་སོགས་ཀྱི་དྲི་བ་འདི་དག་སློབ་ཕྲུག་ཅིག་གི་འབྲི་རྩལ་ཡར་རྒྱུས་སུ་གཏོང་མཁན་གྱི་དགེ་རྒན་རྣམས་ཀྱི་ཐུགས་ལ་ངེས་པར་དུ་ཤར་དགོས་པ་ཡིན། རྩོམ་ཡིག་ཅེས་པ་དེ་ག་འདྲ་ཞིག་ཡིན་མིན་དང་དེ་ཇི་ལྟར་འབྲི་དགོས་མིན་རྩོམ་ཡིག་ཅིག་མ་བྲིས་པའི་སྔོན་ལ་བསམ་བློ་ག་འདྲ་ཞིག་གཏོང་དགོས་པ་དང་། སློབ་ཕྲུག་ལ་ཡང་རྩོ་ཡིག་ནང་ལས་སོགས་འབྲི་རུ་འཇུག་སྐབས་ལམ་སྟོན་བཀོད་མངགས་ཇི་ལྟར་བྱེད་དགོས་སྐོར་དང་། དེ་ལྟར་བྱེད་པ་ལ་ཐབས་ཤེས་དང་ཐབས་ལམ་གང་ཡོད་སོགས་སྐབས་སྟུན་གྱི་ལམ་སྟོན་དཔྱིས་ཕྱིན་པ་ཞིག་བྱེད་དགོས་མོད། དགེ་རྒན་རང་ཉིད་ལ་ཡང་དེ་ཙམ་གྱི་ཆ་རྒྱུས་དང་མཉམ་མྱོང་ཅི་ཙམ་ཡོད་མེད་དྲི་པ་ཞིག་ཡིན་པ་མ་ཟད། རྩོམ་ཡིག་ཅེས་པའི་གོ་དོན་དང་སྒྲ་བཤད་ཙམ་འཇོག་ཤེས་མཁན་དང་མ་ཤེས་མཁན་གྱི་དགེ་རྒན་སློབ་ཚན་གཞན་གྱི་དགེ་རྒན་ཕར་ཞོག་སྐད་ཡིག་འཁྲིད་མཁན་གྱི་ཨིན་བོད་དགེ་རྒན་དག་གི་ནང་ན་ཡང་གྲངས་ཁ་བརྒྱག་དགོས་བྱུང་ན་ཤིན་ཏུ་ཉུང་བ་མ་ཟད་རྩོམ་ཡིག་ཐར་ཐོར་རེ་དྲ་ལམ་དང་ཚགས་པར་སོགས་ཀྱི་ཐོག་བཀོད་མྱོང་ཡོད་པའི་དགེ་རྒན་ཚོ་ལ་ཡང་རྩོམ་ཡིག་སྐོར་ལ་ཤེས་ཚད་ཅུང་ཞན་སྟབས་ངེས་པར་དུ་དགེ་རྒན་རང་ཉིད་རྩོམ་ཡིག་ལ་མཁས་པར་མ་གྱུར་ཀྱང་དེ་ལ་མྱོང་བ་ཟབ་མོ་ཞིག་དགོས་ངེས་ཡིན་པ་སྨོས་མ་དགོས། འབྲི་ཐབས་ལམ་སྟོན་བྱེད་སྟངས། དེང་སང་དགེ་རྒན་འགའ་རེས་རྩོམ་ཡིག་ཇི་ལྟར་འབྲི་སྟངས་སོགས་མི་བསླབ་པར་ཁ་བྱང་ཡང་སློབ་ཕྲུག་གི་གོ་བ་ལེན་ཐུབ་ལ་མི་ཐུབ་ལ་ཞིག་སྤྲད་ནས་འདིའི་སྐོར་རྩོམ་ཡིག་ཅིག་བྲིས་ཞེས་ནང་ལས་སོགས་བཀོད་པ་ནི་ཤིན་ཏུ་ནས་མི་འོས་ཏེ། རྩོམ་ཡིག་ཅིག་འབྲི་རུ་འཇུག་པ་ལ་དང་པོ་ལམ་བསྟོན་སོགས་ཁ་གང་གསལ་གསལ་དང་ཁ་བྱང་དེ་ཡང་སློབ་ཕྲུག་གིས་གོ་བ་ལེན་ཐུབ་པ་ཞིག་ཡིན་དགོས། དཔེར་ན་དྭངས་གསལ་ཆུ་ཡི་ནང་གི་རྡེའུ་མཐོང་སླ་བ་ལྟ་བུ་ཞིག་དགོས། རྩོམ་ལུས་ཀྱང་བཅད་ལྷུག་སྤེལ་མ་གང་ཡིན་དགོས་མིན་དང་། […]
སྔོན་བསྟོད།
གློག་ཀླད་དགེ་རྒན་ངག་དབང་ཚུལ་ཁྲིམས། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། སྒྲུང་ཉན་སློབ་མའི་འབྲི་རྩལ་གྱི་མན་ངག་ཡིན། སྒྲུང་བཤད་སློབ་མའི་ཀློག་རྩལ་གྱི་མན་ངག་ཡིན། སྒྲུང་ཀློག་སློབ་མའི་རྩལ་འབྱུང་གི་མན་ངག་ཡིན། སྒྲུང་བྲིས་སློབ་མའི་རྩལ་གྱི་འབྱུང་ཁུངས་ཡིན། སྤྱིར་བཤད་པ། སྤྱི་བཏང་ཉན་རྩལ་དང་འབྲི་རྩལ་གཉིས་དཔེ་ཀློག་བྱེད་དུ་འཇུག་པ་དང་སྒྲུང་ཉན་དུ་འཇུག་པ་དང་སྒྲུང་འབྲི་རུ་འཇུག་པའི་་རྒྱུད་ནས་ཡར་རྒྱས་གཏོང་ཐབས་ཡོད་ཀྱང་། དང་པོ་སློབ་མ་རྣམས་ཉན་རྒྱུ་དང་འབྲི་རྒྱུའི་ཐད་དགའ་མོས་དང་སྤྲོ་བ་ཡང་ན་བློ་འདོད་ཡོད་པའི་གཞི་བརྟེན་གྱི་ས་བོན་ཞིག་བཟོས་པའི་འབད་བརྩོན་གནང་རྒྱུ་དེ་གོམ་པ་དང་པོ་ཡང་ན་ཐབས་ལམ་དང་པོ་དེ་ཡིན། ཟིན་བྲིས་ཐོ་བཀོད་རྒྱག་རྒྱུ་ནི་སྐད་དང་སྒྲ་རྣམས་ཡིག་དབྱིབས་སུ་ཡང་ན་ཡིག་ཐོག་བཀོད་པ་ཟེར་པའི་དཔེ་ལྟར། ཉིན་ལྟར་བྱེད་ཐུབ་པའི་གོམས་གཤིས་ངེས་པར་དུ་ཡོད་པ་ཞིག་བཟོ་དགོས། དེ་ལྟར་བྱེད་མ་ཐུབ་ན་འབྲི་རྩལ་ཡར་རྒྱས་གཏོང་ཐུབ་པ་ཁག་པོ་རེད། དེར་བརྟེན་སྒྲུང་བཤད་དང་སྒྲུང་ཉན་གཉིས་ནི་ཉན་རྩལ་དང་འབྲི་རྩལ་གྱི་དགོས་ངེས་ཆེ་པའི་ལག་ཆ་ཧ་ཅང་གལ་གནད་ཆེ་ཤོས་ཤིག་ཆགས་ཡོད། ཉན་དང་འབྲི་གཉིས་ཀྱི་འབྲེལ་བ་ནི་གཅིག་ལ་བརྟེན་ནས་སྒྲུབ་དགོས་པ་ལས་གཅིག་རྐྱང་གི་དོན་དག་སྒྲུབ་མི་ངེས། དེ་གཉིས་ནི་ཕ་མ་བུ་ཕྲུག་གི་འབྲེལ་བ་ལྟར་ཡིན། བརྡ་སྤྲོད་དང་ལེགས་བཤད་ལྗོན་དབང་གཉིས་ནི་འབྲི་རྩོམ་གྱི་ཡིད་བཅོལ་ས་གདན་གྱི་དངོས་དགོས་ལག་ཆ་གལ་ཆེ་པ་ཞིག་ཡིན་པས་དེ་དག་རྣམས་སློབ་མ་རྣམས་ངེས་པར་དུ་ཤེས་རྒྱུད་ལ་འཇགས་ཐུབ་པ་ཞིག་དགོས། འབྲི་རྩོམ་གྱི་སྒྲོམ་གཞི་འགྲོ་སྟངས་དང་བྲིས་སྟངས་ལ་སོགས་སྔོན་ཚོད་ནས་སློབ་ཕྲུག་རྣམས་དམངས་གཞི་ས་བརྟེན་སློབ་ཁྲིད་གནང་ནས་སློབ་མའི་ངེས་པར་དུ་ཤེས་ཏུ་འཇུག་དགོས། སྒྲུང་ཉན་པ་དང་བྲིས་པ་ཙམ་མ་ཟད་འདིར་མཉམ་དུ་དཔེ་ཀློག་བྱེད་དུ་བཅུག་པ་བྱ་རྒྱུ་ནི་ཉལ་རྩལ་དང་འབྲི་རྩལ་གྱི་རྒྱབ་བརྟེན་གྱི་གལ་ཆེ་ལག་ཆ་གཅིག་ཡིན་པས་དཔེ་ཀློག་ཡང་བྱེད་དུ་འཇུག་པ་བྱེད་རྒྱུ་གལ་གནད་ཆེ། རྒྱ་བཤད་དང་སྟོང་བྲིས་ན་འདྲ་ཡང་ན་ཕྱོགས་བཞི་མཚམས་བརྒྱད་བློ་སྟོབས་སྒྲིམ་ནས་སློབ་ཁྲིད་བྱེད་པ་ལས་བློ་དཀར་ལྷག་བསམ་ལྡན་པའི་ངང་སློབ་ཁྲིད་བྱེད་ཐུབ་པ་ཞིག་ངེས་པར་དགོས། དགེ་རྒན་ཀྱི་སློབ་མ་ཡོངས་ལ་མིག་བལྟ་དང་རྒྱབ་བསྐྱོར་དང་སློབ་ཁྲིད་གཅིག་མཚུངས་གནང་རྒྱུ་དེ་ནི་ཤིན་ཏུ་གལ་ཆེ། མྱོང་ཚོར་སྙིང་བསྡུས་དང་བཅས་བཤད་ན། ཉམས་མྱོང་ནི་ཆེད་གཞི་བརྟེན་གྱི་བློ་དད་འཁེལ་བའི་དགེ་རྒན་ཞིག་ཡིན་ཟེར་པའི་དཔེ་ལྟར། ཉམས་མྱོང་གི་གཏམ་བཤད་ཐུང་ཙམ་ཞིག་ཞུ་ན། ལ་དག་བོད་ཁྱིམ་སློབ་མ་ནང་ཁུལ་བོད་སྐད་ཡག་སྡུག་གི་ཁྱད་པར་ལ་ཆ་མཚོན་ན། འབྲོག་ཕྲུག་རྣམས་བོད་སྐད་གཙང་བཞིན་དྭངས་པ་དང་ལེགས་པར་འབྲི་ཐུབ། དེ་སྔོན་རང་ཉིད་སློབ་གྲྭ་ཐོན་རྗེས་འབྲོག་སྡེ་སློབ་གྲྭ་གཅིག་ནང་ལོ་གཉིས་ཙམ་རིང་དྭང་བླངས་ཐོག་སློབ་ཁྲིད་བྱེད་སྐབས་བོད་ཡིག་སློབ་སྐབས་བཀའ་ངལ་གཅིག་ཀྱང་མེད་པ་མ་ཟད་སློབ་མ་རྣམས་ཡང་ལས་སླ་པོའི་ནང་ཤེས་ཐུབ་ཀྱི་འདུག རྒྱུ་མཚན་ནི། གནས་སྡོད་ཡུལ་མི་རྣམས་བོད་སྐད་ལྷད་མེད་བཤད་མཁན་ཤ་སྟག་ཡིན་པ། བུ་ཕྲུག་རྣམས་གཉིད་ལ་མ་ཉལ་གོང་ཕ་མའམ་སྤོ་སྤོ་རྨོ་རྨོ་རྣམས་ཀྱིས་ཉིན་ལྟར་སྒྲུང་རེ་བཤད་ཀྱི་རེད། སྒྲུང་བཤད་པའི་སྐབས་བོད་སྐད་གཙང་མ་གཅིག་པོ་མིན་པ་བརྡ་སྙིང་གི་མིང་ཚིག་བེད་སྤྱོད་གནང་གི་ཡོད། དེར་བརྟེན་སློབ་ཁྲིད་སྐབས་འབྲོག་ཕྲུག་རྣམས་ལ་བོད་ཡིག་ལས་སླ་བའི་ངང་སློབ་གནང་། རང་ཉིད་ཀྱི་མྱོང་ཚོར་ཐད་སློབ་གྲྭའི་དུས་དཔེ་ཀློག་བྱ་རྒྱུ་དགའ་མོས་འདི་ཙམ་མེད་ཡང་༸གོང་ས་མཆོག་གི་མཛད་པའི་དཔེ་དེབ་ངའི་ཡུལ་དང་ངའི་མི་དམངས་ཐེངས་གཅིག་བཀླགས་ནས་ངའི་ཡིད་དབང་འཕྲོག་ནས་དཔེ་དེབ་འདི་རང་ཚར་ལྔ་བཀླགས་པ་ཡིན། ཚར་རེ་ལ་ནང་དོན་ལོག་ཁ་རེ་ཤར་གྱི་འདུག དེ་ནས་ཨིན་ཇི་ནང་ཕབས་འགྱུར་གནང་པའི་དེབ་འདི་ཀློག་སྐབས་ནང་དོན་ལས་སླ་བའི་ངང་དགོས་དོན་ཤེས་ཐུབ་ཀྱི་འདུག དེ་ནས་བཟུང་ང་དཔེ་ཀློག་ལ་དགའ་བཞིན་སྤྲོ་པའི་ངང་ཉིན་ལྟར་དཔེ་ཀློག་བྱེས་ཀྱི་ཡོད། གྲུབ་ཆའི་ཆ་རྐྱེན་ཚང་དགོས་པ། སློབ་ཕྲུག་ནི་མཛངས་པའི་ཡོན་ཏན་དཔག་ཏུ་མེད་པའི་ཉི་འོད་ཀྱི་འཛུམ་མདངས་ལྟར་ལེགས་ཚོགས་དང་འཐུས་མི་སྐུ་ཚབ་ཅིག་ཡིན་ཡང་ནག་ནོག་འགོ་བ་རྣམས་ནས་ཐར་རྒྱུའི་འགྲུབ་སྲིད་པ་ཉིད་ཆགས་ཡོད། དགེ་རྒན་གྱིས་དེ་ལྟར་ངོས་འཛིན་ཐོག་སློབ་མ་རྣམས་ལ་སློབ་ཁྲིད་གནང་གལ་ཆེ། སློབ་ཕྲུག་གི་སློབ་སྦྱོང་བྱེད་སྐབས་ཀྱི་རྣམ་འགྱུར་དང་སློབ་ཕྲུག་སྒེར་གྱི་དགའ་ཕྱོགས་ལ་རྒྱུས་ལོན་གྱིས་ཤེས་པར་བྱས་ནས་ལྟ་ཞིབ་བྱེད་པའི་བརྒྱུད་ནས་སློབ་ཁྲིད་བྱེད་དགོས། སློབ་ཕྲུག་སློབ་སྦྱོང་བྱེད་པའི་དུས་སུ་སློབ་ཕྲུག་རེ་རེའི་ནུས་པར་རྒྱུས་ལོན་བྱས་ཏེ་ཐབས་ཤེས་གང་མང་གིས་བསམ་བློའི་འགྲོ་སྟངས་ཡང་ན་ཆགས་སྟངས་ཐོག་སློབ་ཁྲིད་བྱས་ནས་སློབ་ཕྲུག་གི་གོམས་སྲོལ་ལམ་གོམས་གཤིས་བཟང་པོ་འཛུགས་པ་ཞིག་བཟོ་དགོས། སློབ་ཕྲུག་གི་བསམ་ཚུལ་དང་སློབ་ཕྲུག་སྒེར་རེ་རེའི་སྙིང་སྟོབས་དང་ལུས་ཕུང་བདེ་ཐང་ཐོག་རྒྱུས་ལོན་དང་ཤེས་པར་བྱས་ཏེ་རོགས་རམ་ཇི་ཐུབ་གནང་དགོས། ་དང་ཐོག་སློབ་མའི་གནང་སྡོད་ཁོར་ཡུག་གི་ཤུགས་རྐྱེན་རག་ལས་ཡོད་པས་བོད་སྐད་གཙང་བཤད་དང་བོད་སྐད་རང་ཐད་བློ་འདོད་ཡོད་པའི་ཁོར་ཡུག་སྤྲུན་དགོས། སློབ་ཁྲིད་གནས་མཁན་གྱི་དགེ་རྒན་རྣམས་ཐ་སྙད་དང་མིང་ཚིག་(དོན་གཅིག་མིང་གི་རྣམ་གྲངས་)ཕྱུག་པ་ཞིག་དགོས། དགེ་རྒན་གྱི་ཁ་སྐད་དང་ཡི་སྐད་གཉིས་ཀྱི་ཁྱད་པར་འདི་ངེས་པར་ཏུ་སློབ་སྟོན་གནང་དགོས་པ་ནི་གཞི་རྩའི་སྒྲུང་འབྲི་པའི་སྐབས་ཀྱི་འགྲོ་ལུགས་ཡང་ན་་འགྲོ་སྟངས་ཆགས་ཡོད། སློབ་མ་རེ་ལ་དཔེ་དེབ་རེ་འདང་ངེས་དགོས། བོད་སྐད་གཙང་མ་བཤད་པའི་བརྙན་ཐུང་ཇི་མང་དགོས། སློབ་ཁྲིད་འཆར་འགོད། འཛིན་གྲྭ་གཅིག་ལ་དཔེ་གཞི་བཞག་པ་ཡིན་ན། དང་པོ། སློབ་མ་རྣམས་དང་པོ་ཉན་རྒྱུ་ལ་དགའ་མོས་དང་འབྲི་རྒྱུ་ལ་བློ་སྤྲོ་ཡོང་པའི་ཆེད་དུ། ཐོག་མ་སློབ་མའི་གནས་རིམ་ལ་གཞིར་བཟུང་ནས་སྒྲུང་ཐུང་ཐུང་གོ་བདེ་པོ་དང་སྙན་པོ་ཅིག་སློབ་མ་རྣམས་ལ་སྐར་མ་༥ ནས་༡༠ བར་ཉིན་ལྟར་བཤད་དགོས། སྒྲུང་བཤད་པའི་སྐབས་དག་ཆ་དང་བརྗོད་བྱའི་ནོར་འཁྲུལ་ལ་མ་བལྟོས་བར་སློབ་མ་རྣམས་ངེས་པར་དུ་སྒྲུང་དེ་ཡིག་ཐོག་དུ་བྲིས་ཏུ་བཅུག་དགོས། སློབ་མས་བྲིས་པའི་སྒྲུང་རྣམས་ཐབས་མཁས་པའི་ངང་སྐྱོན་ཆ་འབྱུང་སླ་བའི་ཐད་ལ་དག་བཅོས་བཟང་པོ་བྱེད་དགོས། […]
