Skip to main content
ཤེས་རིག་ལས་ཁུངས།

༸གོང་ས་མཆོག་གིས་བོད་ཕྲུག་ལ་

བསྟན་འཛིན་ནམ་མཁའ། བཅུ་གཉིས།མ་སུ་རི་སཾ་བྷོ་ཊ་གཏན་སློབ།    ཁ་སང་ངའི་སེམས་པ་ཉམ་དམའ་བོ་ཚོར་དུས་ངས་ཉི་ནུབ་ལ་བལྟས་ནས་སེམས་ཁམས་ཀྱི་ཚོར་བ་ཡར་རྒྱས་གཏོང་བར་འབད་བརྩོན་བྱས་པ་ཡིན། ཉི་ནུབ་ཀྱི་མཛེས་སྡུག་གིས་ངའི་སེམས་ཁམས་སྐྱིད་པོ་བཟོ་ཐུབ་པས་ང་ཉལ་ཁང་ནང་དུ་ཕྱིན་ནས་ཆུ་ཕོར་པ་གང་བཏུངས་ནས་ཉལ་རྒྱུའི་ཐབས་ཤེས་བྱས་པ་ཡིན། ང་གཉིད་ཤོར་ནས་སྐར་མ་ཁ་ཤས་རྗེས་ལ་ངའི་རྨི་ལམ་ནང་ངའི་རྩ་བའི་བླ་མ་ཏཱ་ལའི་བླ་མ་མཆོག་མཇལ་བའི་སྐལ་བཟང་གོ་སྐབས་ཐོབ་བྱུང། ཁོང་གིས་བོད་ཕྲུག་ཚོར་ཐུགས་རེ་མང་པོ་ཡོད་པའི་ནང་ནས་གལ་ཆེ་ཤོས་དྲུག་ཙམ་སྐོར་ང་ལ་བཀའ་མངགས་གནང་བྱུང་བ་དག་རིམ་པས་འོག་ཏུ་བཤད་ན། དང་པོ་ནི། བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་སྐོར།    བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱེད་པ་དེས་བོད་མི་རིགས་ཀྱི་ངོ་བོ་དང་ལོ་རྒྱུས། ཆོས་ལུགས་ཕྱུག་པོ་དག་རྒྱུན་སྐྱོང་བྱེད་པར་ཧ་ཅང་གི་གལ་ཆེན་པོ་རེད། དུས་རབས་ཁ་ཤས་རིང་བོད་ཀྱི་ནང་ཆོས་ནང་སྙིང་རྗེ་དང། འཚེ་མེད་ཞི་བ། རང་བྱུང་ཁམས་ཀྱི་འབྲེལ་བ་དམ་ཟབ་ཡོད་པའི་ཐུན་མོང་མ་ཡིན་པ་དང་གཏིང་ཟབ་པའི་ཆོས་ལུགས་ཤིག་གསོ་སྐྱོང་བྱས་ཡོད། ཡིན་ན་ཡང་ཆབ་སྲིད་ཀྱི་འགྱུར་བ་དང། གོ་ལ་ཧྲིལ་པོར་དེང་རབས་ཀྱི་ཤུགས་རྐྱེན་གྱིས་སྔོན་གྱི་ཤུལ་གཞག་དེར་ཉེན་ཁ་ཆེན་པོ་བཟོས་ཡོད། རིག་གནས་ཀྱི་ངོ་བོ། སྐད་ཡིག་ནི་རིག་གནས་གང་རུང་གི་སྙིང་པོ་ཡིན། བོད་ཀྱི་སྐད་ཡིག་དེ་དུས་རབས་ཁ་ཤས་རིང་གི་ཤེས་རབ་དང། དེ་མེད་ན་བོད་ཀྱི་རིག་གཞུང་མང་ཆེ་བ་ཉམས་རྒུད་གོ་ནོར་ཐེབས་པའི་ཉེན་ཁ་ཡོད། ༸གོང་ས་མཆོག་གིས་ཐུགས་འགན་ཆེ་བཞེས་ཀྱིས་བོད་ཀྱི་རིག་གནས་དང་སྐད་ཡིག་སྲུང་སྐྱོབ་བྱེད་པར་སྐུལ་འདེད་གཏོང་བར་གལ་ཆེའི་ནུས་པ་འདོན་གནང་ཡོད། སྡོམ་ཚིག བོད་པའི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་དེ་བོད་པ་ཙམ་མ་ཡིན་པར་འཛམ་བུ་གླིང་གི་ཁྱོན་ཡོངས་ལ་གལ་ཆེན་ཆགས་ཡོད། དེས་འཛམ་གླིང་གི་རིག་གནས་རྣམས་ལ་ཕན་ཐོགས་ཡོད་ལ་ཆོས་ལུགས་ཀྱི་ཤེས་ཡོན་སྤྲོད་པ་དང། འགྲོ་བ་མིའི་རིགས་ལ་སྙིང་རྗེ་དང། འཆམ་མཐུན། རྒྱལ་སྤྱིའི་རྒྱབ་སྐྱོར་བཅས་བརྒྱུད་ནས་རིན་ཐང་ཆེ་བའི་ཤུལ་བཞག་འདི་སྲུང་སྐྱོབ་བྱེད་ཐུབ་པ་དང་མ་འོངས་པའི་མི་རབས་ལ་རྩིས་སྤྲོད་ཐུབ་པ་དགོས། གཉིས་པ། སློབ་གསོ་དོན་དུ་གཉེར་བའམ་འཚོལ་སྙེག་བྱེད་པ།    ཤེས་ཡོན་གྱི་འཚོལ་ཞིབ་ནི་མི་སྒེར་གྱི་འཕེལ་རྒྱས་དང་སྤྱི་ཚོགས་ཡར་རྒྱས་གྱི་ལག་ཆ་ཤུགས་ཆེན་པོ་ཞིག་རེད། དེས་ཤེས་བྱ་དང་ལག་རྩལ། གོ་སྐབས་བཅས་སྒོ་ཕྱེ་ནས་མི་ཚེར་འགྱུར་བ་གཏོང་བ་དང་སྤྱི་ཚོགས་ཧྲིལ་པོ་ཡར་རྒྱས་གཏོང་ཐུབ། ཤེས་ཡོན་གྱིས་མི་སྒེར་ལ་སྐྱོན་བརྗོད་ཀྱི་བསམ་བློ་གཏོང་བའི་ནུས་པ་དང་ཤེས་རྟོགས་ལྡན་པའི་ཐག་གཅོད་བྱེད་པ་དང། དེས་མི་རྣམས་དབུལ་ཕོངས་ཀྱི་ཁོར་ཡུག་ནས་ཐར་ཏེ་རང་ཁ་རང་གསོ་བྱེད་པར་ཕན་ཐོགས། དེང་སང་སྤྱི་ཚོགས་ནང་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ནས་ཁྱིམ་ཚང་ཁ་ཤས་ཀྱིས་ཕྲུ་གུ་སློབ་གྲྭར་གཏོང་མི་ཐུབ་པ་དང། ཁོ་ཚོ་ལས་ཀ་བྱེད་དགོས་པའམ་ཡང་ན་ཁྱིམ་དུ་བསྡད་ནས་རོགས་སྐྱོར་བྱེད་དགོས་པ་རེད། བོད་ཀྱི་དབུ་ཁྲིད། ༸གོང་ས་མཆོག་གིས་དུས་རྟག་ཏུ་དེང་རབས་དང་སྲོལ་རྒྱུན་གྱི་ཤེས་ཡོན་གཉིས་བར་གལ་འགངས་ཆེ་བའི་གནད་ལ་ནན་བཤད་གནང་གི་ཡོད། ཁོང་གིས་བོད་རིགས་ན་གཞོན་ཚོར་ཚན་རིག་དང་ལག་རྩལ། རྒྱལ་སྤྱིའི་སློབ་ཚན་ཁག་ལ་སློབ་སྦྱོང་བྱེད་རྒྱུའི་སྐུལ་མ་གནང་གི་ཡོད། ཁོང་གིས་ཤེས་ཡོན་ཡག་པོ་ཞིག་གི་ཤེས་རྟོགས་ལྡན་པའི་མི་སྒེར་ཙམ་མ་ཡིན་པར་བྱམས་བརྩེ་དང་འགན་འཁྲི་ཡོད་པའི་འགྲོ་བ་མིའི་རིགས་ཀྱང་བསྐྲུན་པར་ཡིད་ཆེས་བྱེད་ཀྱི་ཡོད། སྡོམ་ཚིག ཤེས་ཡོན་གྱི་སྙེག་འདོད་ནི་མི་ཚེ་གཅིག་གི་འགྲུལ་བཞུད་ཅིག་ཡིན་ཞིང། མི་སྒེར་དང་སྤྱི་ལ་དམིགས་བསལ་གྱི་དཀའ་སྡུག་དང་བཙན་བྱོལ་བ་ཚོར་ཤེས་ཡོན་གྱི་རེ་བའང་ཆེའོ། གསུམ་པ། སྙིང་རྗེ་དང་བཟང་སྤྱོད་ཀྱི་ཉམས་ལེན།    སྙིང་རྗེ་དང་ཀུན་སྤྱོད་ཀྱི་ལག་ལེན་དེ་ཞི་བདེ་དང་འཆམ་མཐུན། དོན་སྙིང་ལྡན་པའི་འཚོ་བ་ཞིག་གི་སྙིང་པོ་ཡིན། རིན་ཐང་དེ་དག་ནི་བོད་བརྒྱུད་ནང་བསྟན་ཁོ་ན་མ་ཡིན་པར་ཡོངས་ཁྱབ་འགྲོ་བ་མིའི་བདེ་སྐྱིད་ལ་མཚོན་ན་ཡང་ལྟེ་བ་དེ་ཡིན། དེང་སང་གི་འཛམ་གླིང་ནང་འཁྲུག་འཛིང་དང་རང་བཙན། དངོས་པོའི་རིང་ལུགས་བཅས་མང་ཆེ་བས་དབང་བསྒྱུར་བྱེད་པ་སོང་ཙང་སྙིང་རྗེ་དང་ཀུན་སྤྱོད་ཀྱི་བྱ་སྤྱོད་དེ་སྔར་ལས་གལ་ཆེ་བ་ཡིན། སློབ་གྲྭ་ཁག་གི་སློབ་ཚན་ནང་འཁོད་པའི་འབྲི་ཀློག་གི་ཤེས་ཡོན་ཁོ་ན་མ་ཡིན་པར་བྱམས་བརྩེ་དང། དྲང་བདེན། བརྩི་བཀུར་ལྟ་བུའི་རིན་ཐང་ཡང་སློབ་ཁྲིད་བྱེད་དགོས། དཔེར་ན། ཕ་མ་དང་སློབ་དཔོན། […]

༸གོང་ས་མཆོག་གིས་བོད་ཕྲུག་ལ་

ཚེས་བཅུ་དབང་མོ། བཅུ་གཉིས།མ་སུ་རི་སཾ་བྷོ་ཊ་གཏན་སློབ།    རླུང་བུ་འུར་འུར་སྡང་བཞིན་པའི་དུས་ཤིག་ལ་བོད་དགེ་མཆོག་བྲེལ་འཚུབ་ངང་འཛིན་ཁང་ནང་ཤོག་དཀར་གཅིག་ཁྱེར་ཏེ་ཕེབས་མ་ཐག་ལྗང་པང་ཐོག་ས་སྨྱུག་དཀར་པོས་རྩོམ་གྱི་བརྗོད་གཞི། “༸གོང་ས་མཆོག་གིས་བོད་ཕྲུག་ལ་བཅངས་པའི་ཐུགས་རེ།” ཞེས་པ་དེ་བྲིས་གནང་སྟེ་རྩོམ་འབྲི་དགོས་པའི་ལམ་སྟོན་གནང་སོང། དེ་ནས་གུས་མོས་བསམ་བློ་ཞིབ་ཚགས་པོ་ཞིག་བཏང་ནས་རྩོམ་ཡིག་འབྲི་འགོ་བརྩམས་པ་ཡིན། སྤྱིར་རྒྱལ་ཁབ་ཚང་མས་རང་གི་མ་འོངས་པའི་སོན་རྩ་རྣམས་ལ་རེ་བ་བྱེད་པ་ལྟར་རྒྱལ་ཁབ་ཀྱི་སོན་རྩ་ཕྲུ་གུ་རྣམས་ལ་ཡང་ལས་འགན་རེ་རེ་ཡོད་ངེས་རེད། བོད་ཕྲུག་ཞིག་ལ་ཆ་བཞག་ན་དམིགས་བསལ་གྱི་ལས་འགན་མི་འདྲ་བ་ཞིག་ཡོད། ཁྱེད་རང་ཚོས་མཁྱེན་གསལ་ལྟར་ང་རང་ཚོར་རང་དབང་རང་བཙན་མེད་པ་མ་ཟད་གཞན་གྱི་རྒྱལ་ཁབ་ཏུ་འཚོ་གནས་བྱས་དང་བྱེད་མུས་ཡིན། དེ་འདྲ་སོང་ཙང་། ༸གོང་ས་མཆོག་གིས་བོད་ཕྲུག་ང་ཚོར་བཅངས་པའི་ཐུགས་རེ་དང་པོ་ནི། ང་རང་ཚོའི་རྒྱལ་ཁབ་དེ་རྒྱ་དམར་གྱི་ལག་ནས་ཚུར་ལེན་རྒྱུ་དེ་རེད། དེ་ཡང་དྲག་པོའི་ལམ་ནས་མིན་པར་རང་གཞན་གཉིས་ཕན་འཚེ་མེད་ཞི་བའི་ལམ་ནས་ལེན་རྒྱུ་དེ་རེད། གཉིས་པ་ནི། ༸གོང་ས་མཆོག་གིས་བོད་ཕྲུག་ཚོ་ལ་ནམ་ཞག་རྒྱུན་དུ་གཞན་ལ་ཕན་ཐོགས་བྱེད་མ་ཐུབ་ནའང་གནོད་མི་སྐྱེལ་བའི་བཀའ་སློབ་ཡང་ཡང་གནང་བ་ལྟར། གུས་མོ་ང་རང་ལ་མཚོན་ན་བཀའ་སློབ་དེས་བག་ཆགས་ཆེན་པོ་ཞིག་བཞག་ཙང་ཉིན་རེའི་འཚོ་བའི་ནང་གཞན་ལ་ཕན་པའི་བྱ་བ་དམིགས་བསལ་བྱེད་མ་ཐུབ་ཀྱང་གཞན་ལ་གནོད་པའི་བྱ་བ་བྱུང་ཚེ་སེམས་བདེ་པོ་མེད་པའི་ཚོར་བ་ཤུགས་ཆེན་ཡོང་གི་འདུག་པ་དེ་ལག་ལེན་བསྟར་རྒྱུ་དེ་ཁོང་གི་ཐུགས་རེ་གལ་འགངས་ཆེན་པོ་ཞིག་རེད་སྙམ། ཁོང་གིས་བོད་ཕྲུག་ལ་བཅངས་པའི་ཐུགས་རེ་གསུམ་པ་ནི། བོད་ཀྱི་ཡུལ་སྲོལ་གོམས་གཤིས་བཟང་པོ་དག་མ་བརླག་པར་རྒྱུན་འཛིན་བྱ་རྒྱུ་དེ་རེད། རྒྱུ་མཚན་ནི་བོད་མི་རིགས་འཛམ་གླིང་ལ་གནས་མི་གནས་དེ་ཡུལ་སྲོལ་གོམས་གཤིས་བཟང་པོ་དེ་དག་གནས་མི་གནས་ལ་ཐུག་ཡོད་པས་རེད། ད་དུང་ནམ་རྒྱུན་ནས་ཁོང་གིས་འཛམ་གླིང་ཞི་བདེ་ཡོང་བར་སྐུ་ལས་ཚད་མེད་བསྐྱོན་པ་ལྟར་བོད་མི་རིགས་ཀྱི་རིག་གཞུང་ནང་དམིགས་བསལ་ཞིག་ཡོད་པ་ནི་བསམ་པའི་དཔལ་ཡོན་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱ་རྒྱུ་དེ་ཡིན། དེ་དག་ཚང་མ་གནས་པར་བྱེད་པའི་ཀ་བ་ལྟ་བུ་ནི། ལོ་ངོ་སྟོང་གཅིག་དང་ཕྱེད་ཀ་ཙམ་གྱི་ལོ་རྒྱུས་ཡོད་པའི་སྐད་ཡིག་ལེགས་སྦྱར་དང་མཉམ་པ་ཞིག་ཡོད་པ་དེ་ལ་སློབ་སྦྱོང་བྱས་ཏེ་གོང་གི་ཚན་པ་གསུམ་ལ་སློབ་སྦྱོང་བྱས་ཏེ་མི་རིགས་ཀྱི་རང་ཚུགས་མ་ཤོར་བར་གནས་ཐུབ་པ་ལྷན་དུ་འཛམ་གླིང་གི་ཞི་བདེར་ཕན་ཐོགས་པའི་བྱ་བ་ཆུང་ངུ་ལས་མེད་ཀྱང་བྱ་རྒྱུ་ནི་ཁོང་གིས་བོད་ཕྲུག་ལ་བཅངས་པའི་ཐུགས་རེ་ཡིན། ཁོང་གི་ཐུགས་རེ་ཚང་མའི་ནང་ནས་བོད་མི་རིགས་རང་ལ་གལ་ཆེ་ཤོས་ནི་རང་ཅག་གི་སྐད་དང་ཡི་གེ་དེར་སློབ་སྦྱོང་བྱ་རྒྱུ་དེ་ཡིན། རྒྱུ་མཚན་ནི་ནམ་རྒྱུན་ལབ་སྲོལ་ཡོད་པ་ལྟར་རྒྱལ་ཁབ་དང་མི་རིགས་ཤིག་རྩ་བརླག་ཏུ་བཟོ་དགོས་ན་དང་པོ་དེར་མི་རིགས་དེའི་སྐད་ཡིག་དེ་ལ་གནོད་འཚེ་བྱེད་རྒྱུའི་ལས་ཀ་དེ་གལ་ཆེན་བརྩི་ཡི་རེད། བྱས་ཙང་བོད་ཕྲུག་ཞིག་ཡིན་པའི་ཆ་ནས་༸གོང་ས་མཆོག་གི་བཀའ་དགོངས་ལྟར་སྤྱི་ཚོགས་ལ་ཕན་བདེ་སྒྲུབ་མཁན་ཞིག་ཆགས་རྒྱུ་དེ་ཁོང་གི་ཐུགས་རེ་ཡིན་པ་ནམ་ཡང་བརྗེད་རྒྱུ་མེད་དོ།།

༸གོང་ས་མཆོག་གིས་བོད་ཕྲུག་ལ་

གངས་ལྷ་སྒྲོལ་མ། བཅུ་གཉིས།གོ་པལ་པུར་བོད་ཁྱིམ་སློབ་གྲྭ།    ༄༅། །སྤྱིར་༸གོང་ས་མཆོག་གིས་བོད་ཕྲུག་ལ་ཐུགས་རེ་བ་མང་པོ་བཅངས་ཡོད་པའི་ནང་ནས་ཕུགས་རེ་ཟབ་ཤོས་ནི། བོད་ཕྲུག་རྣམས་འདབ་གཤོག་གཉིས་ལྡན་བྱེད་རྒྱུ་དེ་ཡིན། ཁོང་གིས་ཐུགས་བརྩེ་བ་ཆེན་པོས་དྷ་ས་བོད་ཁྱིམ་དབུ་བརྙེས་ནས་ལོ་ངོ་༤༨འཁོར་བའི་མཛད་སྒོའི་ཐོག་ཏུ།  “དེང་དུས་ཀྱི་ཤེས་ཡོན་དང་གནའ་རབས་ཀྱི་བཟང་པོའི་ཤེས་ཡོན་གཉིས་ཀ་ཡོད་པའི་འདབ་གཤོག་གཉིས་ལྡན་ཞིག་ཡོང་བར་བྱེད་དགོས།” ཅེས་གསུངས་ཡོད། འདབ་གཤོག་གཉིས་ལྡན།    འདབ་གཤོག་དང་པོ། ༸གོང་ས་མཆོག་གིས་བཀའ་གནང་བའི་འདབ་གཤོག་གཉིས་ལྡན་གྱི་འདབ་གཤོག་དང་པོ་ནི། ཅི་ཞིག་ཡིན་ཞེ་ན། འདབ་གཤོག་གཅིག་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཡིན་པ་དང་། དེའི་ནང་ནས་ཀྱང་བོད་ཀྱི་སྐད་ཡིག་དང་ནང་ཆོས། ནང་ཆོས་ཀྱིས་བསྐྱེད་པའི་བྱམས་བརྩེ་འཆམ་མཐུན། དེ་བཞིན་དུ་གླུ་དང་ཞབས་བྲོ། ལོ་རྒྱུས་དང་རྩོམ་རིག ལེགས་བཤད་དང་ཡ་རབས་བཟང་སྤྱོད་སོགས་ང་ཚོའི་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་གོམས་གཤིས་གཅེས་འཛིན་བྱེད་དགོས་པ་དེ་ཡིན།    འདབ་གཤོག་གཉིས་པ། ༸རྒྱལ་བ་རིན་པོ་ཆེས་གསུངས་གནང་བའི་འདབ་གཤོག་གཉིས་པ་ནི། དེང་རབས་ཀྱི་ཤེས་ཡོན་པ་དང་། དེའི་ནང་ནས་ཚན་རིག་དང་འཛམ་གླིང་གི་སྐད་ཡིག འཕྲུལ་རིག་དང་དཔལ་འབྱོར་སོགས་འཛམ་གླིང་གི་ཤེས་ཡོན་རྣམས་སྦྱོང་རྒྱུ་དེ་ཡིན།    འདབ་གཤོག་གཉིས་ལྡན་ཡིན་དགོས་པའི་རྒྱུ་མཚན། ང་ཚོ་བོད་ཕྲུག་རྣམས་ཅིའི་ཕྱིར་འདབ་གཤོག་གཉིས་ལྡན་བྱེད་དགོས་ཞེ་ན། བོད་ཀྱི་གནའ་རབས་ཀྱི་རིག་གཞུང་དང་ཤེས་ཡོན་ལ་སློབ་སྦྱོང་ཡག་པོ་བྱེད་དགོས་པ་ནི། མི་རིགས་ཚང་མར་རང་རང་ཐུན་མོང་མ་ཡིན་པའི་རིག་གཞུང་དང་ཆོས་ལུགས་ཡོད་པ་ལྟར། ང་ཚོ་བོད་པ་ལ་ཡང་རང་ལ་དབང་བའི་རིག་གཞུང་དང་སྐད་ཡིག ནང་ཆོས་སོགས་འཛམ་གླིང་ལ་ངོམ་རིན་ཡོད་པའི་གཅེས་ནོར་འདི་བདག་སྐྱོང་མ་བྱེད་པ་དང་། དེ་ལ་སློབ་སྦྱོང་མ་བྱས་ན་ག་ལེར་རིག་གཞུང་དང་ནང་ཆོས་རྣམས་རྩ་བརླག་ཏུ་འགྲོ་སྲིད། དེ་ལྟར་རྩ་བརླག་ཏུ་སོང་ན། བོད་མི་རིགས་ཀྱི་ངོ་བོ་བརླག་འགྲོ་བ་ཡིན། དེ་བས་རང་ཉིད་བོད་པ་ཡིན་པའི་ངོ་བོ་འཛིན་བྱེད་དང་བོད་མི་རིགས་གོ་ལ་འདིར་གནས་ཐུབ་པའི་ཆེད་དུ་ང་ཚོ་བོད་ཕྲུག་ཚང་མས་སྙིང་རུས་ཆེན་པོས་སྲོལ་རྒྱུན་རིག་གནས་ལ་སྦྱང་བརྩོན་ལེགས་པར་གནང་དགོས། དེ་བཞིན་དུས་ཚོད་ཀྱི་འགྱུར་འགྲོས་དང་བསྟུན་ནས་འཛམ་གླིང་དང་མཉམ་དུ་འགྲོ་དགོས་དུས་དེང་དུས་ཀྱི་ཤེས་ཡོན་ལ་ཡང་སྦྱང་དགོས་ལ། སྦྱང་དགོས་པ་མ་ཟད་དུས་རབས་ཉི་ཤུ་དང་ཉེར་གཅིག་གི་སྤྱི་ཚོགས་ཀྱི་རྗེས་ཟིན་ཐུབ་པ་བྱེད་དགོས། ས་ཕྱོགས་གང་དུ་ཕྱིན་ནའང་དཀའ་ལས་དང་བར་ཆད་མེད་པར་དེང་དུས་ཀྱི་མི་ཚོ་དང་ཕྱི་རྒྱལ་བ་ཚོས་བྱེད་ཐུབ་པ་དང་བྱེད་ནུས་པ་ཚང་མ་ང་ཚོ་བོད་པ་ཚོས་ཀྱང་བྱེད་ཐུབ་དགོས། དེར་བརྟེན་ང་ཚོ་བོད་ཀྱི་ཕྲུ་གུ་ཚོས་གནའ་རབས་ཀྱི་རིག་གཞུང་དང་ནང་ཆོས་ཁོ་ན་ཤེས་པ་ལས། དེང་དུས་འཛམ་གླིང་གི་ཤེས་ཡོན་མེད་ན་འཛམ་གླིང་ལ་རྗེས་ཟིན་མི་ཐུབ་པ་མ་ཟད་མི་ཕྱེད་ཀ་ལྟ་བུར་འགྱུར་བ་ཡིན། ཡང་དེང་དུས་ཀྱི་ཤེས་ཡོན་ཁོ་ན་ལས་བོད་ཀྱི་སྔ་རབས་ནས་ཡོད་པའི་རིག་གཞུང་དང་བཟང་སྤྱོད་སོགས་མེད་ན་ཤ་ཁྲག་རུས་གསུམ་བོད་པ་ཡིན་པ་ལས་བོད་མིའི་ཁྱད་ཆོས་མེད་པར་བོད་པ་ཕྱེད་ཀ་ཡིན། རྒྱུ་མཚན་དེའི་ཕྱིར་བྱ་གཅིག་ལ་དཔེ་མཚོན་ན་གཤོག་པ་གཅིག་རྐྱང་པ་ལ་བརྟེན་ན་ནམ་མཁ་མཐོན་པོར་འཕུར་མི་ཐུབ་པ་བཞིན། སློབ་ཕྲུག་རྣམས་ལ་ཡང་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་མེད་ན་གོ་ལ་འདིར་འཚོ་གནས་མི་ཐུབ་ལ། གལ་ཏེ་འཚོ་ཞིང་གནས་ཐུབ་ཙམ་བྱུང་ཡང་། གཟི་བརྗིད་ལྡན་པའི་ངང་གནས་མི་ཐུབ། ང་ཚོ་བོད་ཕྲུག་ཚོ་ལ་གནའ་དེང་ཟུང་འབྲེལ་གྱི་ཤེས་ཡོན་ཡོད་ན། བྱ་ཞིག་ལ་འདབ་གཤོག་གཉིས་ལྡན་ཡོད་པ་བཞིན་མཁའ་དབྱིངས་མཐོན་པོར་འཕུར་ཐུབ་བོ། ། དེས་ན་ང་ཚོ་བོད་ཕྲུག་ཚོ་བོད་མིའི་མི་ཐོག་གསར་པ་དེ་ཆགས་ཀྱི་ཡོད་དུས་༸གོང་ས་མཆོག་གིས་ཐུགས་རེ་གནང་བ་ནི། ང་ཚོ་བོད་ཕྲུག་རྣམས་རང་གི་བོད་ཀྱི་རིག་གཞུང་དང་སྐད་ཡིག་སོགས་དང་འཛམ་གླིང་གི་ཤེས་ཡོན་ལ་སྦྱངས་ནས་འདབ་གཤོག་གཉིས་ལྡན་གྱི་འདབ་ཆགས་བཞིན་གཤོག་པ་རྒྱང་ལ་བརྐྱངས་ནས་སྙིང་སྟོབས་ཆེན་པོས་ས་ཆ་གང་དུ་གནས་ནའང་གནས་ཐུབ་པ་ཞིག་ང་ཚོ་བོད་ཕྲུག་ཚོས་འཕྲུལ་ཆས་དང་སྒྱུ་རྩལ་སོགས་གང་ཡང་བྱེད་ཐུབ་པ་ཞིག་དགོས། དེ་ལྟར་ཐུབ་དགོས་པ་ནི་༸གོང་ས་མཆོག་གི་ཐུགས་རེ་སྒྲུབ་པ་ཡིན་ལ། ང་ཚོ་བོད་ཕྲུག་ཚོས་རང་ཉིད་ཀྱིས་ཕྲག་ཏུ་འབབ་པའི་ལས་འགན་ཆེན་པོ་དེ་སྒྲུབ་པའང་ཡིན་ནོ། །    མཐའ་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འགྲོ་བ་མི་སྤྱི་ཡོངས་དང་། བྱེ་བྲག་ཏུ་བོད་མི་དང་བོད་ཕྲུག་ལ་བཅངས་པའི་བརྩེ་སེམས་དང་སྐུ་ངལ་བརྒྱ་ཕྲག་མང་པོ་བསྐྱོན་གནང་བར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ༸རྒྱལ་བའི་གོ་སྟོན་གྱི་དུས་ཆེན་འདིར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། […]

༸གོང་ས་མཆོག་གིས་བོད་ཕྲུག་ལ་

སླང་ང་འཛོམས་པ། བཅུ་གཅིགསེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།    ཨ་མ་ལགས་ཟེར་ཞོར་ཚན་རིག་གི་སློབ་ཚན་འདི་ཁག་པ་ལའང་ཞེས་ཁོང་ཁྲོ་དང་ངར་སྐད་ངང་སྐད་ཤུགས་ཆེན་པོ་བརྗོད་པས། ཨ་མས་ཐབ་ཚང་ནས་ཨ་ཙི་སྦྱོང་བརྡར་མང་ཙམ་བྱེད་དང་འགྲིག་འགྲོ་ཡི་རེད་བཅས་ལན་གནང་བར། གུས་མོ་རང་ཉིད་ཀྱིས་ཅོག་ཙེ་སྟེང་གི་ཚན་རིག་སློབ་དེབ་ལ་མིག་བལྟ་ཞིག་བྱས་པ་ཙམ་གྱིས་སླར་ཡང་རང་ཉིད་ལ་ཉོབ་སྣང་དང་ཁོང་ཁྲོ་ཡི་སུན་སྣང་སྐྱེས། ཚན་རིག་ནི་ང་རང་ཆུང་དུས་ནས་དགའ་བོ་མེད་ལ་དོ་སྣང་ཡང་དེ་བས་མེད་ཀྱང་། རང་ཉིད་ལ་པ་ཕ་ཡིས་རོགས་རམ་བྱས་པ་ལ་བརྟེན་ནས་འབད་བརྩོན་བྱེད་བཞིན་སླེབས་པ་ཡིན། དེ་ཡང་ཚན་རིག་གི་ཡིག་ཚད་སླེབ་ལ་ཉེ་བས་རང་ཉིད་ཀྱིས་ཚན་རིག་སློབ་ཚན་ཐོག་ལ་སྦྱང་བརྩོན་བྱེད་བཞིན་ཡོད་ཀྱང་། ཤེས་ཐབས་དཀའ་བའི་ཉིན་ལྷག་ཚང་མ་ཁོང་ཁྲོ་ངང་ལུས་བཞིན་རྫོགས་སོང་། དེ་ཡང་དགོང་ཚིགས་ཚར་རྗེས་སུ་ཉལ་ཁང་གི་སྒེའུ་འགྲམ་དུ་བསྡད་ནས་སློབ་ཚན་ལྔ་པ་བསྐྱར་སྦྱོང་བྱེད་བཞིན་ཡོད་ལ། རང་ཉིད་ཀྱི་སེམས་སུ་གཅེན་མོ་ལྷ་མོ་མགྱོགས་པོ་ཡོང་ན་སྙམ་བྱུང་། དེ་ཡང་ངེད་ཉིད་ཀྱི་ཕྱི་ལོགས་སུ་སྤྲོ་འཁྱམ་འགྲོ་རྒྱུ་རག་གི་རེད་བསམས། གཅེན་མོ་ཡིས་ཆུ་མངར་མོ་དང་བྱི་རིལ་མང་པོ་ཉོས་ནས་གནང་གི་རེད་བཅས་སྣང་བ་གཡེང་བཞིན་པའི་སྐབས་ཅོག་ཙེ་ཐོག་ཏུ་ཟླ་ཤས་སྔོན་གཅེན་མོ་ཡིས་བཀླགས་ཟིན་པའི་༸གོང་ས་མཆོག་གི་ལོ་རྒྱུས་མདོར་བསྡུས་ཤིག་ཡོད་པ་དེ་མཐོང་འཕྲལ་ཚན་རིག་སྦྱང་འདོད་མེད་པས།། ཁོང་གི་སྒྲུང་དེབ་དེ་ཡར་བླངས་ནས་ཀློག་རྒྱུ་མགོ་བཙུགས་པ་ཡིན། ༸གོང་ས་མཆོག་གི་ལོ་རྒྱུས་མདོར་བསྡུས་འདི་བཀླགས་ཚར་དུས་ས་རུབ་ཟིན་འདུག་ལ། སྟོན་རླུང་གྲང་ལྷང་གིས་སྒེའུ་ཕྱོགས་སུ་ལྡང་པར། ངས་ཤེས་འཕྲལ་དུ་དགོང་མོར་ཆགས་ཚར་འདུག། བྱེའུ་སྣ་མང་ཡང་རང་ཉིད་ཀྱི་བྱེའུ་ཚང་ཞིག་གི་ཕྱོགས་སུ་འཕུར་འགྲོ་བ་མཐོང་བྱུང་། འོན་ཀྱང་གུས་མོ་ཚན་རིག་གི་ཡིག་ཚད་ཐོག་བསམ་བློ་འཁོར་བ་དང་ཡ་མཚན་པ་ཞིག་ལ་སྔར་བཞིན་དངངས་སྐྲག་དང་ཁོང་ཁྲོ་ཚང་མ་ཡལ་ཕྱིན་པ་ལྟ་བུར་ཚོར་ཞིང་། ངའི་སེམས་པ་སྔར་ལས་དལ་ལྷོད་ཕྱིན་པར་ཤེས་བྱུང་། དེའི་རྒྱུ་མཚན་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་དང་། ཁོང་གི་མཛད་འཕྲིན། སྐུ་ཚེའི་ལོ་རྒྱུས། འཛམ་གླིང་གང་སར་ཕན་པའི་སྲིད་བྱུས་བཟང་པོ་སོགས་ཀྱི་ཐོག་ལ་བཀླགས་པས། གུས་མོའི་བསམ་བློར་འགྱུར་བ་ཆེན་པོ་ཞིག་ཕྱིན་སོང་། དེ་ཡང་། ༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་ཡིས་བོད་ཀྱི་ཛ་དྲག་གི་དུས་སྐབས་དེར་ཁོང་དགུང་ལོ་བཅུ་དྲུག་ལས་མ་སོན་ཡང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་དབང་ཆ་ཚང་བཞེས་ཡོད་པས། གུས་མོས་ཚན་རིག་སློབ་ཚན་མི་ཤེས་པ་དེ་གནས་ཚུལ་ཆུང་ངུ་ཞིག་ཏུ་ཚོར་བྱུང་། ད་དུང་༸གོང་ས་མཆོག་གིས་བོད་མི་རིགས་ཀྱི་གཞོན་སྐྱེས་ཚོར་ཐུགས་རེ་ཆེན་པོ་བཅངས་ཡོད་པས། གལ་ཏེ། གུས་མོ་ཡིས་དཀའ་ངལ་ཆུང་ཙག་རིགས་ཞུམ་མེད་ཀྱི་གདོང་ལན་དང་འབད་བརྩོན་བྱེད་དགོས་རེད་བསམས་བྱུང་། ངའི་སེམས་སུ་སྔར་ལས་སྙིང་སྟོབས་ཇེ་ཆེ་སླེབས་པའི་ཚོར་སྣང་ཁྱད་པར་ཞིག་སྐྱེས། འཛམ་གླིང་གི་ཞི་བདེའི་དེད་དཔོན་ཁོང་གིས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་རྗེས་སུ་བོད་མིའི་འཚོ་བ་དང་། ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཐུབ་ཐབས་སུ་སྐུ་ངལ་ཚད་མེད་སྐྱོན་བཞིན་ཡོད་ལ། དམིགས་བསལ་བོད་པའི་ཕྱི་རབས་རྣམས་ཀྱི་ཆེད་དུ་བོད་པའི་སློབ་གྲྭ་ཟུར་བཙུགས་གནང་སྟེ་བོད་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་སོགས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་སླད་དུ་ཉིན་མཚན་ལྟོས་མེད་སྐུ་ལས་བསྐྱོན་གནང་མཛད་ཅིང་། ༸གོང་ས་རྒྱལ་བ་ཁོང་གིས་ན་གཞོན་ཚོར་ཐུགས་རེ་བཅངས་པའི་ཐོག་མ་ནི་རང་ཉིད་ཀྱི་ཕ་སྐད་བོད་ཡིག་སྲུང་སྐྱོབ་བྱེད་ཡུལ་དང་། ཡར་རྒྱས་གཏོང་ཡུལ་དེ་ཡིན་སྟབས་གུས་མོས་ཚན་རིག་ཙམ་ཡང་མི་ཤེས་ཏེ་སེམས་ཤུགས་ཆག་ན་ག་ལ་འགྲིག་བསམས་ནས་བསམ་བློ་གཉིས་པ་འཁྱེར་ཞིང་། གུས་མོས་བཀླགས་པའི་༸གོང་ས་མཆོག་གི་ཕྱག་དེབ་ཁག་ཏུ་ཁོང་གིས་ང་ཚོར་བཅངས་པའི་ཐུགས་རེ་དང་ཕུགས་བསམ་ཐོག་གོ་རྟོགས་མང་པོ་བྱུང་བར། དེ་རྣམས་དེར་རེ་རེ་བཞིན་དྲན་ཚོད་འགོད་རྒྱུ་ཡིན། དེ་ཡང་དེ་རིང་ཤོག་ལྷེ་དཀར་པོའི་ཐོག་ཏུ་ཁོང་གིས་ང་ཚོར་བཅངས་པའི་ཐུགས་རེ་གཙོ་བོ་གསུམ་གྱི་ཐོག་ནས་དྲན་གསོ་གཏོང་འདོད་བྱུང་སོང་། ས་བཅད་དང་པོ། བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་སྐོར།    ༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་མ་ཐག་ཏུ་དུས་ཡུན་རིང་པོ་ཞིག་མ་འགོར་བར་ཁོང་གིས་དམིགས་བསལ་གྱི་དོ་སྣང་དང་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སླད། ཕྱི་ལོ་ ༡༩༦༠ ལོར་མ་སུ་རི་བོད་ཁྱིམ་སློབ་གྲྭ་ཐོག་མར་གསར་འཛུགས་གནང་བ་དང་། བོད་མིའི་གཞིས་ཆགས་དང་དགོན་སྡེ་ཁག མཐོ་སློབ་སོགས་མང་པོ་བཙུགས་ཏེ་ཤེས་ཡོན་འཛིན་སྐྱོང་ལེགས་པོ་ཡོང་ཐབས་གནང་། དེ་བཞིན་ཁོང་གིས་དུས་རྒྱུན་ང་ཚོ་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ཕ་སྐད་ལ་དོ་སྣང་དམིགས་བསལ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པ་དེ་བཀའ་སློབ་ཕེབས་ཀྱི་ཡོད། དེ་ཡང་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་དང་རྒྱལ་ཁབ་ཅིག་གི་ངོ་བོ་ཡིན་པས། གལ་ཏེ་རྒྱལ་ཁབ་ཅིག་རྩ་མེད་གཏོང་དགོས་ན་ཐོག་མར་རྒྱལ་ཁབ་དེའི་ཕ་སྐད་མ་ཡིག་དེ་མེད་པར་བཟོས་དགོས་པས། རྒྱ་མི་དམར་ཤོག་གཞུང་གིས་བོད་ཡིག་དང་བོད་སྐད་མེད་པར་བཟོ་ཆེད་དུ་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་བྱེད་མུས་ཡིན་ལ། ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་སྐད་ཡིག་འདི་ནི་ཡུལ་ལུང་གཞན་གྱི་སྐད་ཡིག་ལས་ཉེན་ཚབས་ཆེ་བ་ཡོད་ཁར། […]

༸གོང་ས་མཆོག་གིས་བོད་ཕྲུག་ལ་

བསྟན་འཛིན་སྐལ་བཟང་། བཅུ་གཉིས།སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ། ངོ་སྤྲོད།    འདས་ཟིན་པའི་ལོ་ཟླ་དུ་མའི་བྱུང་རིམ་ལ་ཕྱིར་མིག་ཅིག་བལྟས་པ་ཡིན་ན། ངས་ཁ་ཁུ་སིམ་པོའི་མཚན་མོར་བཙན་བྱོལ་དུ་བྲོས་བྱོལ་ཡོང་བའི་གོ་མེད་ཚོར་མེད་ཀྱི་བྱིས་པ་ནས། ད་གཟོད་གང་གི་ཐོག་ཏུ་གནས་ཡོད་པ་དཔྱོད་ཐུབ་པའི་ན་གཞོན་བར་གྱི་ལམ་བུ་ཀྱག་ཀྱོག་དེ་དེད་ནས་ཡོང་དུས། བདག་གི་མིག་ལམ་དུ་ནམ་ཡང་འཆར་རིན་ཆོག་པའི་ལམ་སྟོན་གྱི་སྒྲོན་མེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཟོལ་མེད་ཀྱི་གདམས་ངག་དང་ཁོང་གིས་འུ་ཅག་ལ་བཅངས་པའི་ལྷག་བསམ་རྣམ་དག་གི་ཐུགས་རེ་ཉག་ཅིག གལ་ཏེ་བདག་གི་མི་ཚེ་གོང་བུ་ནང་ཡོད་ཚད་ཀྱི་ཡོད་ཚད་རྣམས་རིན་ཐང་འཇལ་དུ་ཡོད་འགྱུར་ན། ༸གོང་ས་མཆོག་ཁོང་གིས་འུ་ཅག་བོད་ཕྲུག་ལ་བཅངས་པའི་ཐུགས་རེ་དེ་དག་སྒྲུབ་ཐབས་ཀྱི་འབད་བརྩོན་ནི་ངའི་མི་ཚེ་ཧྲིལ་པོ་ནང་ཆེས་འོད་སྟོང་ཅན་གྱི་གཟི་བརྗིད་ཡིན་ལ་གནམ་འོག་ཏུ་སྤོབས་པས་བཙུགས་པའི་རྡོ་རིང་ཞིག་ཀྱང་ཡིན། བདག་ལ་མཚོན་ན་ཁོང་གིས་བོད་རིགས་གཞོན་སྐྱེས་ལ་བཅངས་པའི་ཐུགས་རེ་དེ་དག་མ་བསྐུལ་དང་ལེན་གྱིས་སྒྲུབ་ཐབས་བྱ་རྒྱུ་ནི་བོད་རིགས་གཞོན་སྐྱེས་རྣམས་ཀྱི་འཚོ་གནས་ཀྱི་མཛེས་སྡུག་ཡིན་ལ། ཆེས་འགྲན་ཟླ་བྲལ་བའི་རླབས་ཆེན་གྱི་མཛད་པ་ཡང་ཅི་ལས་མིན། དེ་ཡང་དེ་རིང་གི་གོ་སྐབས་སྐལ་བཟང་པོ་དེའི་བརྒྱུད་ནས་ངས་ཁོང་གིས་བོད་རིགས་གཞོན་སྐྱེས་རྣམས་ལ་དཀའ་ཁག་གི་མདུན་ཕྱོགས་སུ་སྐུར་བར་བྱེད་པའི་ལྷག་བསམ་ཐུགས་རེ་དེ་དག་གི་ཟབ་གནད་ཉུལ་བར་སྣེ་འཁྲིད་བྱ་འདོོད་ཆེ། ས་བཅད་དང་པོ། བོད་ཀྱི་སྐད་ཡིག་དང་རིག་གཞུང་གཅེས་འཛིན་གྱི་འགན་ཁུར་བྱ་བའི་ཐུགས་རེ།    འུ་ཅག་རང་ཡུལ་གཞན་ལ་ཤོར་བའི་གཞན་ཡུལ་དུ་འཚོ་སྡོད་བྱེད་པའི་བཙན་བྱོལ་བ་ཡིན་དུས། ཁྱད་པར་དུ་བོད་མི་རིགས་ཀྱི་ངོ་བོ་རྩ་བརླག་ཏུ་འགྱུར་བའི་གཉན་འཕྲང་ཅན་གྱི་དུས་ངན་འདིར་བོད་མི་རིགས་ཀྱི་ངོ་བོ་གསོན་པོ་གནས་ཆེད་དུ། རང་རེའི་རིག་གཞུང་དང་སྐད་ཡིག་སོགས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་གནང་རྒྱུ་ནི་འགན་འཁྲི་ཤིན་ཏུ་ལྕི་བའི་གཡོ་ཐབས་མེད་པའི་འོས་འགན་ཡིན་ལ་དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་བོད་ཡིག་དང་བོད་ཀྱི་རིག་གཞུང་སྲུང་སྐྱོབ་གལ་འགངས་ཆེ་བ་དང་དེ་ནི་བོད་ཕྲུག་རྣམས་ལ་ལྡོག་ཏུ་མེད་པའི་ཕྲག་ལ་འབབ་པའི་ལས་འགན་ཡིན་པའི་ལམ་སྟོན་ནི་བོད་ཕྲུག་ཚོར་དམིགས་པའི་ཤེས་ཡོན་ལམ་སྟོན་ནན་ཏན་གསུང་གི་འདུག དེ་ཡང་དུས་རྒྱུན་བཤད་སྲོལ་ལ་སྐད་ཡིག་དང་རིག་གཞུང་ནི་མི་རིགས་ཀྱི་བླ་སྲོག་ཞེས་རླུང་ལྟར་གྲགས་པ་ཇི་བཞིན་རང་རེའི་སྐད་ཡིག་དང་རིག་གཞུང་གཅེས་འཛིན་བྱ་རྒྱུ་ནི་བོད་མི་ཞིག་གི་འོས་འགན་ཆེ་ཤོས་དེ་ངོས་འཛིན་དགོས། ཁྱད་པར་དུ་འུ་ཅག་གཞོན་སྐྱེས་ཚོར་ཤེས་ཡོན་གྱི་བདུད་རྩི་དེ་ཐོབ་ཡོད་དུས་མ་འོངས་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ངོ་བོ་བཅས་ཀྱི་ཤི་གསོན་གྱི་འགན་དེ་ང་རང་ཚོར་ཐུག་ཡོད་དུས་བློ་དཀར་སེམས་དཀར་ཁྱེར་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་འབད་བརྩོན་ཧུར་ཐག་གནང་དགོས། ས་བཅད་གཉིས་པ། ཤེས་ཡོན་གྱི་གལ་གནད་དང་བསམ་བློ་གཏོང་ཐུབ་པའི་བོད་ཕྲུག་ཅིག་རེ་བ། དེ་ཡང་སྔོན་བྱོན་མཁས་པའི་གསུངས་ལས།།རྒྱལ་དབང་མཁྱེན་པའི་ཆུ་མཚོ་ལེགས་བྱས་ཀྱིས།།བསྲུབས་སྐྱེས་ཉི་མ་འབར་བའི་གདེངས་སྟ་ནས།།རྨོངས་པའི་མུན་པ་གསོད་རྟགས་ཤེས་རབ་ཀྱི།།རལ་གྲི་འཁྲི་ཤིང་གཡོ་བ་དེས་སྲུངས་ཤིག།    ཞེས་པར་ལྟར། ལུས་སེམས་ཀྱི་བདེ་ཐང་མི་བུ་ཞིག་གི་ཚེ་སྲོག་ནང་གི་མ་རྩ་ཡིན་མོད་ཀྱང་། ཤེས་ཡོན་ནི་རྨོངས་མུན་དྲྭ་བ་བཅོམ་ཏེ་འཚོ་གནས་ཀྱི་མཛེས་སྡུག་དང་ངོ་མཚར་ཡིན། དེ་ཡང་༸གོང་ས་མཆོག་གིས་བོད་ཕྲུག་ཚོ་ལ་དེའི་ཕྱོགས་སུ་ལམ་སྟོན་བཀའ་སློབ་ཡང་ཡང་སྩོལ་གྱིན་ཡོད་ལ། དེ་སྔོན་རང་ཡུལ་གཞན་ལག་ཏུ་ཤོར་བའི་རྒྱུ་མཚན་གྱི་གཙོ་བོ་ཡང་དེང་དུས་ཀྱི་ཤེས་ཡོན་ཞིག་དམངས་ལ་མཁོ་སྤྲོད་མི་ཐུབ་ནས་རྒྱལ་ཁབ་ཁག་གཞན་དང་དཔུང་པ་མཉམ་བཤིབས་ཀྱིས་གོམ་སྟབས་མི་མཐུན་པའི་རྐྱེན་གྱིས་རེད་སེམས། ༸གོང་ས་མཆོག་གི་དགོངས་འཆར་རང་རེའི་བོད་ཕྲུག་རྣམས་ལ་རྨོངས་པའི་དྲྭ་བ་སེལ་ཞིང་། འབྲི་ཀློག་ཤེས་པར་ཙམ་གྱིས་མི་ཆོག་པར། ཕྱི་ནང་གཉིས་ཀྱི་ཤེས་ཡོན་མཁོ་སྤྲོད་བྱ་ཐབས་བྱས་ཏེ། གནས་ཚུལ་ག་གེ་མོ་ཞིག་འཕྲད་སྐབས་རང་ཉིད་ཀྱི་རྣམ་དཔྱོད་དང་བཟང་སྤྱོད་ཟུང་འབྲེལ་གྱི་ལམ་ནས་གནད་དོན་སེལ་ཐབས་ལ་འབད་བརྩོན་བྱེད་མཁན་གྱི་བསམ་བློ་ཅན་ཞིག་སྐྲུན་ཐབས། ཁོང་གི་གསུངས་འཕྲིན་དེ་དག་ནང་གསལ་པོར་བསྟན་འདུག ཁྱད་པར་དུ་ཤེས་ཡོན་ནི་དུས་རབས་ཉེར་གཅིག་ནང་འཚོ་གནས་ཆེད་མེད་དུ་མི་རུང་བའི་ཡོ་བྱད་དང་། མི་རིགས་ཞིག་གི་མ་འོངས་པ་ཁ་ལོ་སྒྱུར་མཁན་ནི་ཤེས་ཡོན་ཅན་གྱི་རག་ལས་པས། རྨོངས་དད་དང་། ཡིད་སྨུག་གི་གང་ཟག་ཞིག་ལ་སྤྲད་པ་ག་ལ་སྲིད་ཞེས་ཙམ་ཁོང་གི་ཐུགས་དགོངས་སུ་བོད་པའི་གཞོན་སྐྱེས་རྣམས་ཤེས་ཡོན་ཅན་དུ་གྱུར་ནས་རང་ཉིད་ཀྱི་རྣམ་དཔྱོད་སྒོ་མོ་སྟོང་ཕྲག་ཕྱེ་ནས་རྒྱལ་ཁབ་གཞན་གྱི་གཞོན་སྐྱེས་དང་དཔུང་པ་མཉམ་གཤིབས་འགྲོ་རྒྱུ་དེ་རང་ཡིན་ནོ། ས་བཅད་གསུམ་པ། བོད་ཀྱི་རྩ་དོན་མེ་ལྕེ་རྒྱུན་འཛིན་གནང་ཐུབ་མཁན་བོད་ཕྲུག་ཚད་ལྡན་ཡོང་བའི་ཐུགས་རེ། དུས་རབས་ཀྱི་འཕོ་འགྱུར་མྱུར་ཡང་མྱུར།།མི་རིགས་ཀྱི་འཁུར་རྩ་ལྕི་ཡང་ལྕི།།གཞུང་དོན་གྱི་སྤྱི་སེམས་མ་བཅངས་ན།།རྩམ་གཟན་གྱི་སྒྲུང་གཏམ་ཡལ་ལ་ངེས།།    རེད་ཡ། བོད་དོན་གྱི་ལས་དོན་ཐད་འཁུར་ལེན་མཁན་ཕྱི་རྒྱལ་མི་སྣ་དང་ཚོགས་པ་གང་ལ་གང་ཙམ་བྱུང་དང་འབྱུང་མུས་ཡིན་ཀྱང་། ད་བར་དུ་ཆབ་སྲིད་པ་དང་ཁྲིམས་དོན་མཁས་པ་ཞིག་གིས་སྣེ་འཁྲིད་པ་ནམ་ཡང་མཇལ་མ་བྱུང་། ལྷག་པར་དུ་རྒྱ་དམག་ཉེས་རྡུང་བཏང་བ་དང་། རྒྱལ་སྤྱི་སྲིད་དོན་རྙོག་འཛིང་བཙན་དབང་གིས་བྱུང་མྱོང་མེད། ཡིན་ན་ཡང་། གཞན་ལ་ལས་དབང་སྐྱབས་སུ་བཅོལ་པ་དེ་བོད་མི་རང་བཞིན་ཞིག་ཆགས་ཡོད་པ་མ་གཏོགས། དོན་དངོས་སུ་བོད་ཀྱི་རྩ་དོན་དེ་ནི་རང་རེའི་བོད་རིགས་ཀྱི་ལས་དོན་རང་ཡིན་པ་དང་། ཡོད་ཚད་གཞན་ལ་རེ་བ་དང་ཡིད་ཆེས་བཅོལ་མི་འོས་པ་ཞིག་མཐོང་། མ་འོངས་པར་བོད་ཀྱི་རྩ་དོན་གྱི་འཁུར་རྩ་ལྕི་མོ་དེ་ད་ཡོད་གཞོན་སྐྱེས་རྣམས་ལ་ནམ་ཡང་གཡོལ་ཐབས་མེད་པའི་འོས་འགན་ཆགས་ཡོད་དུས། བོད་རྒྱལ་ཁབ་ཆེན་མོའི་ལོ་རྒྱུས་དང་། རང་རྒྱལ་ཁྲག་གིས་བཏིང་པའི་རྐང་ལམ་བརྒྱུད་ཡོང་བའི་གཏམ་དེ་འཛམ་བུ་གླིང་གི་ལྡིངས་ཆ་ཐོག་ཁྱབ་བསྒྲགས་བྱེད་དགོས་པ་དང་། གཞིས་ལུས་བོད་མི་རྣམས་ཀྱི་བདེ་འཇགས་དང་ཆོས་དད་རང་དབང་། རིག་གཞུང་སྲུང་སྐྱོབ་དང་ཤེས་ཡོན་ཐོབ་ཐང་རྩོད་ཐབས་བྱ་རྒྱུ། དེ་ལས་ལྷག་པར། […]

༸གོང་ས་མཆོག་གིས་བོད་ཕྲུག་ལ་

བསྟན་འཛིན་ཟླ་འོད། བཅུ་གཉིས།མོན་གྷོ་སཾ་བྷོ་ཊ་གཏན་ཉིན་སློབ་གྲྭ།    ༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རང་རེའི་བོད་ཕྲུག་ཚོར་བཅངས་པའི་ཐུགས་རེ། ཞེས་པའི་བརྗོད་གཞི་འདིའི་ཐོག་གུས་པའི་བསམ་ཚུལ་ལམ་མཐོང་ཚུལ་དོན་ཚན་བཞི་རུ་དབྱེ་ནས་གང་ནུས་ཞུ་རྒྱུ་ཡིན། དོན་ཚན་དང་པོ། མ་འོངས་བོད་ཀྱི་སོན་རྩ།    ཕྱི་ལོ་ ༡༩༥༩ ལོར་༸གོང་ས་མཆོག་དང་ཁོང་གི་ཕེབས་རྗེས་སུ་བསྙེགས་པའི་བོད་འབངས་འབུམ་གཅིག་མ་ཟིན་ཙམ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་འབྱོར་སྐབས། ཐོག་མར་མ་སུ་རིར་ན་གཞོན་ ༥༠ ཐམ་པ་ཞིག་ལ་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཞིག་གསར་འཛུགས་བསྐྱངས་ནས། དུས་དེ་ནས་བཟུང་། རང་རེའི་བོད་ཕྲུག་རྣམས་ལ་༸གོང་ས་མཆོག་ནས། “ཁྱེད་ཚོ་ནི། མ་འོངས་བོད་ཀྱི་སོན་རྩ་ཡིན།” ཞེས་ན་གཞོན་རྣམས་ལ་ཐུགས་རེ་དང། འདེང་འཇོག་ཆེན་པོ་གནང་ནས་གལ་ཆེའི་རང་བཞིན་ལྡན་པའི་མིང་ཚིག་འདི་གསོལ་རས་སྩལ་ཏེ། དུས་དེ་ནས་བཟུང་བོད་མིའི་སྤྱི་ཚོགས་ཁྱོན་ཡོངས་ལ་མིང་ཚིག་འདི་དར་ཁྱབ་ཆེན་པོ་བྱུང་བ་མ་ཟད། མིང་ཚིག་འདི་བེད་སྤྱོད་ཀྱང་མུ་མཐུད་ནས་གནང་དང་གནང་བཞིན་པ་རེད། ས་བོན་ནི་མྱུ་གུ་དང་སྡོང་པོའི་ཡལ་ག་ལོ་འདབ་འབྲས་བུ་ཡོངས་སུ་རྫོགས་པའི་ཉེར་ལེན་གྱི་རྒྱུ་ཡིན་པ་ལྟར། རང་རེའི་ན་གཞོན་རྣམས་ནི་མ་འོངས་པའི་རྒྱལ་ཁབ་ཀྱི་བདག་པོར་གྱུར་ནས། རྒྱལ་ཁབ་ཀྱི་ངོ་བོ་དང། ཆོས་དང་ཆབ་སྲིད། སྒྲིག་དང་ཁྲིམས། ཤེས་ཡོན། འཕྲོད་བསྟེན། དཔལ་འབྱོར། ཁོར་ཡུག་སོགས་རྒྱལ་ཁབ་གཅིག་གི་ཆ་ལག་ཡོངས་སུ་རྫོགས་པའི་རྒྱུ་རྐྱེན་གཅིག་པུ་དེ་ཡིན་སྟབས། ༸གོས་ས་མཆོག་ནས་གཞོན་སྐྱེས་རྣམས་ལ་དམིགས་བསལ་ཐུགས་རེ་བཅངས་ནས། བཙན་བྱོལ་དུ་འབྱོར་མ་ཐག་དགོན་པ་སོགས་མ་བཙུགས་པར། རྒྱ་གར་སྲིད་བློན་ནེ་ཧ་རུ་དང་བཀའ་བསྡུར་མང་པོ་གནང་ནས། ན་གཞོན་ཚོར་སློབ་གྲྭ་གསར་འཛུགས་བསྐྱངས་པ་དེ་ནི། ང་ཚོ་བོད་ཕྲུག་ཚོར་བཅངས་པའི་ཐུགས་རེ་རྣམས་མཚོན་ཐུབ་པ་རེད། དོན་ཚན་གཉིས་པ། ན་གཞོན་འདབ་གཤོག་གཉིས་ལྡན།    མ་འོངས་བོད་ཀྱི་སོན་རྩ། ཞེས་ཐུགས་རེ་ཆེན་པོས་གལ་ཆེའི་མཚན་གནས་འདི་འདྲ་ཞིག་གསོལ་རས་སྩལ་བ་དང་ཆབས་ཅིག ས་བོན་དེ་མ་སྐམ་པར་གསོས་པར་གནས་ན། མྱུ་གུ་དང་སྡོང་པོ་སོགས་རང་བཞིན་གྱིས་རྒྱས་ཡོང་བ་ལྟར། རང་རེའི་ན་གཞོན་ཚོ་མ་འོངས་རྒྱལ་ཁབ་འཛིན་སྐྱོང་བྱེད་པ་ལ། བྱེད་ཐུབ་མཁན་གྱི་མི་ཞིག་བཟོ་ཐབས་སུ། འདབ་གཤོག་གཉིས་ལྡན་དགོས་པར་གཟིགས་ནས་གནའ་རབས་རྒྱ་ཆེ་ལ་གཏིང་ཟབ་པའི་སྲོལ་རྒྱུན་གྱི་ཤེས་ཡོན་དང། དེང་རབས་ཀྱི་ཤེས་ཡོན་ཚན་རིག་གིས་མཚོན་པའི་སློབ་སྦྱོང་ཕུན་སུམ་ཚོགས་པ་ཡོད་པའི་སློབ་གྲྭ་ཁག་བཅུ་ཕྲག་མང་པོ་གསར་འཛུགས་བསྐྱངས་ནས། མ་འོངས་རྒྱལ་ཁབ་འཛིན་སྐྱོང་བྱེད་ཐུབ་ཐབས་སུ་ཐུགས་རེ་ཆེན་པོ་གནང་ནས་སྐུ་ལས་མང་པོ་བསྐྱོན་ཡོད། དེ་དག་མ་བརྗེད་པར་རྟག་ཏུ་དྲན་དགོས་པ་རེད་སྙམ། དོན་ཚན་གསུམ་པ། ཡ་རབས་བཟང་སྤྱོད་འཇགས་ཐབས།    གཞི་རྩ་སངས་རྒྱས་རྩ་ཆེའི་ཆོས་ཀྱི་བསླབ་བྱ་ལས་འབྱུང་བའི་མི་རབས་གོང་མའི་ཡ་རབས་བཟང་སྤྱོད་རྣམས། མི་རབས་གཞོན་པ་ཚོར་གོམས་གཤིས་འཇགས་ཐབས་ཐུགས་ལ་བཅངས་ནས་ཐུགས་རེ་ཆེན་པོ་གནང་བཞིན་པ་རེད་ལ། ཐུགས་རེ་ཙམ་མ་ཡིན་པར་དངོས་སུ་བཀའ་སློབ་སྔ་ཕྱི་རིམ་པར་གནང་ཞིང། ཕྱག་དེབ་བརྒྱ་ཕྲག་བརྒལ་བ་འཛམ་གླིང་ཡུལ་གྲུ་སྤྱིའི་གཞོན་སྐྱེས་དང་ལྷག་པར་བོད་ཕྲུག་ཚོར་དམིགས་ཏེ་འགྲེམས་སྤེལ་གནང་ཡོད་ལ་ལྷག་པར་ཕྱག་དེབ་སི་ཤེས་ཡོན་(SEE Learning) ཞེས་བྱམས་སྙིང་རྗེ་རྩ་བར་བྱས་པས་ཡ་རབས་བཟང་སྤྱོད་དང་ལྡན་པའི་ཤེས་བྱའི་དཔལ་ཡོན་ལྡན་པའི་མི་ཞིག་ཡོང་ཐབས་སུ་ཐུགས་རེ་དང་སྐུ་ལས་དུ་མ་བསྐྱོན་ཡོད། […]