Skip to main content
ཤེས་རིག་ལས་ཁུངས།

གོང་ས་མཆོག་གིས་བོད་ཕྲུག་ལ་བ

ཡོན་ཏན་ཚང་ཡངས་བསྐྱར་སྒྲོལ་མ། དགུ་པ།མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།    ༄༅། །བརྩེ་བའི་ཀློག་པ་པོ་རྣམ་པ་ལགས། ཁྱེད་རྣམས་ལ་རང་ཉིད་ལ་སྙིང་ཉེ་བའི་དགའ་སའམ་གཡང་ཞིག་ཡོང་ངེས་རེད། གཡང་ཟེར་བ་ནི་ང་ཚོས་བརྗེད་ཐབས་མེད་པའི་དངོས་པོའམ་ཡང་ན་དྲན་རྟེན་གྱི་ཚུལ་དུ་ཉར་བའི་དངོས་པོ་རེད། དེ་ཡང་རང་ཉིད་ཀྱི་གཡང་ལ་ཁྱད་ཆོས་མི་འདྲ་བ་རེ་ངེས་པར་དུ་ཚང་དགོས། ང་ཚོ་གངས་རི་ར་བས་བསྐོར་བའི་ཞིང་ཁམས་ཏེ། ཕ་ཡུལ་བོད་ཀྱི་གཡང་ཡོད་ན་མེད་ན་དེ་ད་ལྟ་འཚར་ལོངས་བྱེད་བཞིན་པའི་མ་འོངས་བོད་ཀྱི་སོན་རྩ་རྣམས་ཡིན། དེ་སྔོན་ངས་ཞུས་པ་བཞིན། གཡང་ཚང་མ་ལ་ཁྱད་ཆོས་རེ་ཚང་དགོས་པ་ལྟར། དེ་རིང་ཤེས་རིག་ལས་ཁུངས་ནས་གནང་བའི་རྩོམ་གྱི་བརྗོད་གཞི་སྟེ་༸གོང་ས་མཆོག་གིས་བོད་ཕྲུག་ལ་བཅངས་པའི་ཐུགས་རེའི་ཐོག་ཏུ་བོད་ཀྱི་སོན་རྩའམ་གཡང་རྣམས་ལ་ཚང་དགོས་པའི་བསམ་ཚུལ་གསུམ་ཙམ་ཞིག་འབྲི་རྒྱུ་ཡིན། དང་པོ། བོད་མི་ཡག་པོ་ཡོང་བར་ཐུགས་རེ་ཡོད་པ། ཡུལ་གངས་རིས་བསྐོར་བའི་གཞོན་ནུ་དག།སྐྱབས་བླ་མའི་ཐུགས་རེ་སེམས་ལ་བཟུང་།།རང་གཅེས་འཛིན་སྤོང་ནས་སྤྱི་སེམས་སྒྲུབ།།མི་བཟང་པོ་བྱོས་ཤིག་གངས་ཕྲུག་ཚོ།། རྒས་སྐྲ་དཀར་རྣམས་ལ་གུས་ཞབས་དང་།།ཆུང་སོ་དཀར་རྣམས་ལ་བྱམས་ཀྱིས་སྐྱོངས།།དུས་ཀུན་ཏུ་སུ་དང་འགྲོགས་པའི་ཚེ།།རང་དམའ་སར་བཟུང་ནས་བྱ་བ་རྩོམ།།    སྤྱིར་རྒྱུན་གཏན་དུ་མི་བཟང་པོ་བྱེད་རྒྱུ་ནི་གལ་ཆེན་པོ་ཞིག་ཆགས་ཀྱིས་འདུག གང་ཡིན་ཟེར་ན་ཕན་ཚུན་འཆམ་མཐུན་དང་གཞན་ཕན་གྱི་བསམ་བློ་ནི་མི་བཟང་པོ་ཞིག་བྱས་ན་འགྲུབ་ཀྱི་རེད། དེ་ཡང་གླིང་འདིར་མི་སུ་ཞིག་ཡིན་རུང་ཕན་ཚུན་འཆམ་མཐུན་ངང་འདུན་མི་འདོད་མཁན་སུ་ཡོད། ད་དུང་ང་ཚོ་བོད་པ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཕ་ཡུལ་དེ་རྒྱ་དམར་པོས་འཕྲོག་པ་དང་། གལ་ཏེ་ང་ཚོས་བཟང་པོ་མ་བྱས་ན། བོད་མི་རིགས་ལ་ལྡན་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཏེ། བཟང་སྤྱོད་དེ་བརླག་ངེས་ཡིན། ཁྱད་ཆོས་དེ་ཚོ་རིམ་གྱི་མེད་པར་འགྱུར་ན། རིམ་གྱིས་བོད་པ་དང་། བོད་མི་རིགས་ཟེར་བ་དེ་བརླག་ངེས་ཡིན། བྱས་ཙང་ང་ཚོ་བོད་མི་བཟང་པོ་ཞིག་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། ཡང་བོད་མི་ཡག་པོ་ལབ་ན་སེམས་པ་བཟང་པོ་གཅིག་པུ་ལ་མི་གོ་བར་བསམ་བློ་ཡག་པོ་གཏོང་མཁན་ལའང་གོ་དགོས། བསམ་བློ་ཡག་པོ་རེ་བཏང་ཤེས་ན། གནས་སྟངས་ཅི་འདྲ་ཞིག་ལྷག་རུང་རང་ཉིད་དེ་ནས་མགྱོགས་མྱུར་ཐར་ཐུབ་ཀྱི་ཡོད། ད་དུང་བསམ་བློ་དེ་ཡང་གཞན་ཕན་གྱི་བསམ་བློ་རྩེར་བཟུང་ནས་བཏང་ཚེ། གླིང་འདིའི་མི་མཆོག་ཏུ་གྱུར་བ་ཞིག་ཆགས་ངེས་པར་མ་ཟད། རང་ཉིད་ཀྱི་ཕ་མ་དང་མི་རིགས་འདིའི་རྒྱན་ཆ་ཡག་ཤོས་དེ་ཡིན་པས། བརྩེ་བའི་སློབ་གྲོགས་ཆུང་ཆུང་ཚོས་རང་ཉིད་དང་མི་རིགས་ལ་བསམ་བློ་བཏང་སྟེ་བོད་མི་ཡག་པོ་ཞིག་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པར་མ་ཟད། ༸གོང་ས་མཆོག་གིས་ཀྱང་ང་ཚོ་བོད་མི་ཚོ་མི་ཡག་པོ་ཞིག་དང་ལྷག་པར་བོད་མི་ཡག་པོ་ཞིག་ཡོང་བར་ཐུགས་རེ་གནང་གི་ཡོད་པ་རེད། བྱས་ཙང་། ང་ཚོས་ཁོང་ཉིད་ཀྱི་ཐུགས་རེ་དེ་ཆུད་ཟོས་སུ་བཏང་ན་ག་ལ་འགྲིག་གམ། གཉིས་པ། བོད་མི་ཤེས་ཡོན་ཅན་ཞིག་ཡོང་བར་ཐུགས་རེ་ཡོད་པ། ཡུལ་གངས་རིས་བསྐོར་བའི་གཞོན་ནུ་དག།སྐྱབས་བླ་མའི་ཐུགས་རེ་སེམས་ལ་བཟུང་།།དེང་ཤེས་ཡོན་ཚན་རིག་གནས་ལ་བརྩོན། །གནའ་རང་གི་རིག་གཞུང་སྲུང་སྐྱོབ་གྱིས།། གནའ་མེས་པོས་བཞག་པའི་རིག་གཞུང་དང་།།དེང་དུས་ཀྱི་ཤེས་ཡོན་ལག་རྩལ་དག།མི་ང་ཚོས་ལེགས་པར་སྦྱངས་ནས་ནི།།དུས་གནའ་དེང་ཤེས་ཡོན་ཟུང་འབྲེལ་གྱིས།།    དེང་དུས་སྤྱི་ཚོགས་ཡར་རྒྱས་འགྲོ་བཞིན་པའི་གནས་སྐབས་འདི་ལ་ཤེས་ཡོན་དགོས་རྒྱུ་དེ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཆགས་ཡོད། དེང་སང་སྤྱི་ཚོགས་ནང་ཤེས་ཡོན་མེད་མཁན་ནི་སྔར་དང་རྩིས་ན་བརྒྱ་ཆ་ཧ་ཅང་གི་ཉུང་བ་ཡོད། དེར་བརྟེན་ང་ཚོ་བོད་མི་ལ་མཚོན་ན་ད་ལྟའི་འཆར་ཕ་ཡུལ་མེད་དུས་བཙན་བྱོལ་ལ་གནས་ཡོད་སྟབས་ཤེས་ཡོན་དགོས་རྒྱུ་དེ་གལ་གནས་ཆེན་པོ་ཡིན། ཤེས་ཡོན་དེ་ཡང་ཚན་རིག་དང་ཨང་རྩིས་ནི་དེང་དུས་སྤྱི་ཚོགས་ལ་དགོས་མཁོ་ཆེ་བ་དང་ང་ཚོ་བོད་པ་རྣམས་རྗེས་ལུས་མ་ཐེབས་པའི་ཆེད་དེང་དུས་ཤེས་ཡོན་དེ་ཚོ་སྦྱངས་རྒྱུ་གལ་ཆེན་པོ་ཡིན། ང་རང་ཚོ་མི་རིགས་གཞན་དང་ལྷན་དུ་དཔུང་པ་མཉམ་སྦྲེལ་གྱི་ཐོག་སླེབས་ཆེད་གཞན་ལས་ལྷག་པའི་སློབ་ལ་འབད་དགོས། དེང་དུས་སྤྱི་ཚོགས་ལ་མཁོ་བའི་ཤེས་ཡོན་དགོས་པ་དེ། ཨ་ཅང་ཅང་། ཡིན་ཡང་གནའ་རབས་ཀྱི་ང་ཚོ་བོད་མིའི་གོམས་སྲོལ་དང་རིགས་གཞུང་མི་ནུབ་པའི་ཆེད་བོད་ཀྱི་སྐད་དང་ཡི་གེ་ལ་ཧུར་ཐག་བྱས་ཏེ་བོད་ཀྱི་རིག་གཞུང་སྲུང་སྐྱོབ་ང་ཚོས་མ་བྱས་ན་སུས་བྱེད། བྱས་ཙང་ང་ཚོ་བོད་པ་ཚོས་གནའ་དེང་ཟུང་འབྲེལ་གྱི་ཐོག་བོད་མི་ཤེས་ཡོན་ཅན་ཞིག་ཆགས་དགོས། གསུམ་པ། འགོ་འཁྲིད་བཟང་པོ་ཞིག་ཡོང་བར་ཐུགས་རེ་ཡོད་པ། ཡུལ་གངས་རི་བསྐོར་བའི་གཞོན་ནུ་དག།སྐྱབས་བླ་མའི་ཐུགས་རེ་སེམས་ལ་བཟུང་།།རང་འགོ་འཁྲིད་བཟང་པོ་བྱས་པའི་ཚེ།།མགོན་གོང་ས་མཆོག་གི་ཐུགས་རེ་སྒྲུབ།། ཆུང་དང་པོ་སློབ་གྲྭའི་སྡིངས་ཆ་ལས།།འགན་གང་ཐུབ་འཁུར་ནས་བྱ་བ་རྩོམས།།དུས་རིམ་གྱིས་ནང་དང་སྤྱི་ཚོགས་ཡི།།འགན་དེ་འདྲ་འཁུར་ན་འགོ་འཁྲིད་བཟང་།། […]

༸གོང་ས་མཆོག་གིས་བོད་ཕྲུག་ལ་

བསྟན་འཛིན་དབྱངས་སྒྲོན། བཅུ་པ།གུ་རུ་པུ་ར་སཾ་བྷོ་ཊ་སློབ་གྲྭ། བོད་ཀྱི་སློབ་ཕྲུག་ནོར་བུའི་ཕྲེང་བ་ཡིས།།རིག་གཞུང་སྐད་ཡིག་གཙང་མའི་རྒྱུན་ཞིག་འཛིན།།བྱམས་དང་སྙིང་རྗེ་ཕྱི་ནང་ཤེས་བྱའི་གཏེར།།༸གོང་ས་ཡབ་རྗེའི་ཐུགས་ཀྱི་རེ་བ་ཡིན།།    ད་ལྟའི་འཛམ་གླིང་འདིའི་ནང་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་ཉམས་ཆག་འགྲོ་བཞིན་པའི་དུས་སྐབས་འདིར། ༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་བོད་པའི་སློབ་ཕྲུག་རྣམས་ལ་བཅངས་པའི་ཐུགས་རེ་གང་གནང་གི་ཡོད་པ་རྣམས་གལ་འགངས་ཆེན་པོ་ཆགས་ཡོད། ཁོང་གི་ཐུགས་རེ་རྒྱ་ཆེ་གཏིང་གཟབ་ཡོད་པ་དེ་དག་ནས་མདོར་ཙམ་ཞུས་ན། ༡༽ བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་ཐུགས་རེ།    ༸གོང་ས་མཆོག་གིས་རྟག་ཏུ་བོད་པའི་སློབ་ཕྲུག་རྣམས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཉིས་ཀ་ལེགས་པར་སློབ་སྦྱོང་བྱེད་དགོས་པ་ཡང་ནས་ཡང་དུ་ནན་སྐུལ་གནང་གི་ཡོད། ཁོང་གིས་བཙན་བྱོལ་དུ་འབྱོར་མ་ཐག་བོད་ཀྱི་སྐད་ཡིག་དང་། ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཆེད་བོད་ཕྲུག་རྣམས་ལ་དམིགས་བསལ་བོད་པའི་སློབ་གྲྭ་ཟུར་དུ་འཛུགས་སྐྲུན་གནང་ཡོད། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་ངོ་བོ་མཚོན་ཐུབ་པའི་རྩ་ཆེའི་ནོར་བུ་རིན་ཆེན་ལྟ་བུ་ཞིག་རེད། བོད་ཀྱི་དཔེ་ཆ་རྙིང་པ་རྣམས་ཀྱི་ནང་ནང་དོན་རིག་པ་དང་། གསོ་བ་རིག་པ། སྒྲ་རིག་པ། ཚན་མ་རིག་པ་སོགས་གཞུང་ལུགས་མང་པོ་ཞིག་བཞུགས་ཡོད། དེ་དག་ནི་མི་རིགས་གཞན་གྱི་རིག་གཞུང་ནང་དུ་མེད་པའི་ཁྱད་ཆོས་ཤིག་ཡིན་པས། སློབ་ཕྲུག་རྣམས་ཀྱིས་བོད་ཀྱི་སྐད་ཡིག་ཤེས་ན། དེའི་ནང་གི་ནོར་བུ་ལྟ་བུའི་ཤེས་བྱ་ཁག་ལ་ཐད་ཀར་སྦྱོང་བརྡར་བྱེད་ཐུབ། ༸གོང་ས་མཆོག་གིས་བོད་པའི་སློབ་ཕྲུག་རྣམས་ལ་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་དང་མཉམ་དུ་དེང་རབས་ཀྱི་རིག་གནས་གསར་པ་རྣམས་ལ་སྦྱོང་བརྡར་དང་འབད་བརྩོན་བྱེད་དགོས་པ་གསུངས་ཡོད། དངོས་པོ་ཡར་རྒྱས་ཀྱི་ཤེས་ཡོན་ནི་དེང་གི་དུས་རབས་འདིར་མེད་དུ་མི་རུང་བ་ཞིག་ཆགས་ཡོད། དེ་ཡང་ཚན་རིག་དང་། ཨང་རྩིས། རྒྱལ་སྤྱིའི་སྐད་ཡིག་སོགས་ལ་སློབ་སྦྱོང་བྱས་ན། འཛམ་གླིང་གི་ས་ཆ་གང་དུ་ཡིན་ཡང་བོད་པའི་གནད་དོན་སྐོར་སྐད་ཆ་ཤོད་ཐུབ་པ་དང་། དཀའ་ངལ་སེལ་ཐུབ་པའི་ནུས་པ་ཐོན་ངེས་ཡིན་པས། ཁོང་གིས་བོད་ཕྲུག་རྣམས་ལ་རྒྱལ་སྤྱིའི་གནས་བབ་ཤེས་པའི་ཤེས་ཡོན་ཅན་ཞིག་ཆགས་དགོས་པའི་རེ་བ་གནང་གི་ཡོད། ༢༽ བྱམས་སྙིང་རྗེའི་ལྟ་གྲུབ་ལ་གཞི་བཅོལ་བའི་ཐུགས་རེ།    བོད་པའི་སློབ་ཕྲུག་རྣམས་ཀྱིས་དེང་དུས་ཀྱི་ཤེས་ཡོན་སྦྱོང་བརྡར་བྱེད་པ་ཙམ་མ་ཟད། བྱམས་པ་དང་སྙིང་རྗེ། གཞན་ཕན་གྱི་བསམ་པ་བཅས་གོང་མཐོར་གཏོང་རྒྱུ་གལ་ཆེན་པོ་ཡིན་པའི་སྐོར་༸གོང་ས་མཆོག་གིས་ནན་གྱིས་གསུངས་ཡོད། འཛམ་གླིང་འདིའི་ནང་དཀའ་ངལ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པ་རྣམས་ཀྱི་རྩ་བ་ནི་སེམས་ནང་གི་འཁོན་འཛིན་དང་། ཞེ་སྡང་། ང་རྒྱལ། ཆགས་སྡང་སོགས་ཀྱི་ཉོན་མོངས་པ་ལས་བྱུང་བ་ཡིན་པས། དེ་དག་ཞི་བའི་ཐབས་ལམ་ནི་བྱམས་པ་དང་སྙིང་རྗེའི་ལྟ་གྲུབ་ལ་གཞི་བཅོལ་བའི་ཤེས་རབ་གོང་སྤེལ་གཏོང་རྒྱུ་དེ་ཡིན། ང་ཚོས་ནང་གི་སྙིང་རྗེའི་ས་བོན་འདི་གསོ་སྐྱོང་བྱས་ཏེ་ལྷན་སྐྱེས་ཀྱི་ནུས་པ་དེའི་ཐོག་ནས་ལས་སུ་འཇུག་པ་ནི་གཞི་རྩའི་བདེ་སྐྱིད་ཀྱི་མངོན་འདོད་དེ་སྒྲུབ་པ་ལ་གནད་ཤིན་ཏུ་ཆེ། འགྲོ་བ་རིག་དྲུག་སེམས་ཅན་ཐམས་ཅད་ལ་རང་བཞིན་ལྷན་སྐྱེས་སུ་ཡོད་པ་ནི་བྱམས་སྙིང་རྗེ་ཟེར་བ་དེ་རེད། བྱམས་སྙིང་རྗེ་ནི་བདེ་སྐྱིད་ཀྱི་རྩ་བ་ཡིན་པས། གལ་ཏེ་བྱམས་བརྩེ་དང་ཁ་བྲལ་བ་ཡིན་ན་ཁྲག་དྲི་དྲོ་བའི་དམག་འཐབ་ཀྱི་ཁྲོད་དུ་གནས་དགོས་ཀྱི་རེད། བྱམས་སྙིང་རྗེ་ཟེར་བ་དེ་ནི་ངེས་བར་དུ་ཆོས་ལུགས་དང་འབྲེལ་ཡང་རུང་མ་འབྲེལ་ཡང་རུང་། ཤེས་ཡོན་ལྡན་ཡང་རུང་། མ་ལྡན་ཡང་རུང་། གང་ལྟར་མེད་ཐབས་མེད་པའི་རང་བཞིན་ཡིན་པ་ཚང་མས་ཚོར་ཐུབ་ཀྱི་ཡོད། ང་ཚོ་ཐོག་མར་ཨ་མའི་མངལ་ནས་ཐོན་པ་ནས་བཟུང་ཨ་མའི་བྱམས་བརྩེ་ལ་བརྟེན་ནས་ང་ཚོ་གནས་ཐུབ་པ་བྱུང་ཡོད། སོང་ཙང་ང་ཚོས་འགྲོ་བ་མི་ཞིག་ཡིན་པ་ཆ་ནས་བདེ་སྐྱིད་དང་སྙིང་རྗེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་ནི་མི་སྒེར་གཅིག་གིས་འོས་འགན་མ་ཡིན་པར་མི་རིགས་ཚང་མའི་འོས་འགན་ཡིན། ༣༽ མི་རིགས་ཀྱི་ཆིག་སྒྲིལ་གྱི་ཐུགས་རེ།    ༸གོང་ས་མཆོག་གིས་བཙན་བྱོལ་ནང་གི་བོད་པའི་སློབ་ཕྲུག་རྣམས་ལ་མི་རིགས་ཀྱི་ལ་རྒྱ་དང་ཆིག་སྒྲིལ་ལ་དམ་འཛིན་བྱེད་དགོས་པ་གསུངས་ཡོད། སོ་སོའི་མི་རིགས་ཀྱི་གནས་སྟངས་ཤེས་ནས། དེའི་ཐོག་ཕྱག་ལས་གནང་ཐུབ་པའི་ནུས་པ་ཡོད་པའི་ན་གཞོན་རྣམས་ཀྱིས་བོད་པའི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་ལ་ཕན་ཐོགས་ཡོང་བའི་ཕྱག་ལས་གནང་དགོས། དེ་ཡང་བོད་ནང་གི་བོད་མི་རྣམས་ལ་སེམས་ཐག་ཉེ་བོ་དང་། ཁོང་ཚོའི་དཀའ་ངལ་ལ་གདུང་སེམས་མཉམ་བསྐྱེད། […]

༸གོང་ས་མཆོག་གིས་བོད་ཕྲུག་ལ་

བསྟན་འཛིན་བདེ་སྐྱིད། བཅུ་པ།གུ་རུ་པུ་ར་སཾ་བྷོ་ཊ་སློབ་གྲྭ།    ༄༅། །ད་ལོའི་ལོ་འདི་བོད་མི་རིགས་ཀྱི་ཆེད་དུ་གལ་ཆེ་བའི་ལོ་ཞིག་རེད། ད་ལོའི་ལོ་འདི་༸གོང་ས་མཆོག་གི་གོ་སྟོན་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་དམིགས་བསལ་གྱི་ལོ་ཞིག་རེད། སྔོན་མ་ནས་ད་ལྟ་བར་དུ་༸གོང་མཆོག་གིས་བོད་ཕྲུག་རྣམས་ལ་ཐུགས་རེ་མང་པོ་ཞིག་བཅངས་གནང་ཡོད། ཁོང་གི་ཐུགས་རེའི་ནང་ནས་ཁ་ཤས་ཤིག་ཞུས་པ་ཡིན་ན།    ༸གོང་ས་མཆོག་གིས་བོད་ཕྲུག་རྣམས་ལ་བོད་མི་རིགས་ཀྱི་བླ་སྲོག་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པའི་ཐུགས་རེ་གནང་གི་ཡོད། ཁོང་གི་གསུངས་པ་ལྟར་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཞིག་རེད། མ་འོངས་པར་ང་རང་ཚོ་བོད་རང་བཙན་ཐོབ་པའི་སྐབས་སོ་སོའི་མི་རིགས་ཀྱི་གཞི་རྩ་སྐད་ཡིག་དང་། རིག་གཞུང་མེད་པ་ཡིན་ན། མི་རིགས་ཀྱི་ངོ་བོ་བརླགས་པ་རེད། མི་རིགས་གཞན་གྱིས་ང་ཚོ་བོད་མི་རྣམས་ལ་མཐོང་ཆུང་དང་འཕྱ་སྨོད་བྱེད་ཀྱི་རེད། དེར་བརྟེན། ང་ཚོས་སློབ་སྦྱོང་ལ་ཧུར་བཙོན་བྱས་ནས་རང་གི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱེད་དགོས། དེ་བཞིན་ཕན་ཚུན་བར་དྲང་བདེན་དང་མཐུན་འབྲེལ་བྱེད་དགོས་གསུངས་ཡོད། ཕན་ཚུན་བཀའ་མོལ་གནང་སྐབས་གུས་ཞབས་ལྡན་པའི་ཐོག་ནས་བཤད་དགོས་ གལ་སྲིད་བཞན་ལ་ཕན་ཐོགས་དང་རོགས་རམ་བྱེད་མི་ཐུབ་པ་ཡིན་ན་ཡང་གནོད་རྩ་བ་ནས་བསྐྱལ་རྒྱུ་མེད། དེ་ནི་ཁོང་གི་ཐུགས་རེའི་སྙིང་པོ་ཞིག་རེད། ཁོང་ནི་ང་ཚོའི་བོད་མི་ཚང་མའི་བླ་མ་རྩ་ཆེ་ཤོས་དེ་རེད། ཁོང་གིས་གསུངས་བའི་བཀའ་སློབ་རྣམས་ང་ཚོས་རྒྱུན་དུ་ལག་ལེན་བསྟར་དགོས། ང་ཚོ་བོད་པ་ཚོས་༸གོང་ས་མཆོག་མཇལ་བའི་སྐབས་སུ་དད་གུས་ཆེན་པོས་ཕྱག་འཚལ། མིག་ཆུ་བཏང་ནས་ཁོང་གིས་གསུངས་པའི་ཐུགས་རེ་རྣམས་ལག་ལེན་མ་བསྟར་བ་ཡིན་ན་ངོ་ཚ་དགོས། དེང་སང་ཕྱི་ཡི་མི་རྣམས་ཀྱང་ཁོང་ལ་དད་པ་སྐྱེས་ནས་བཀའ་སློབ་རྣམས་ཡང་ཡང་ཉན་ནས་ཉམས་ལེན་བྱེད་ཀྱི་འདུག ༸གོང་ས་མཆོག་ནི་ང་ཚོ་བོད་པ་ཡོངས་ཀྱི་དབུ་ཁྲིད་ཡིན་པ་གང་ཞིག་རྩ་བའི་བླ་མ་ཡང་ཡིན། ཁོང་གི་སྙན་གྲགས་འཛམ་གླིང་ཡོངས་ལ་ཁྱབ་ཡོད། ང་ཚོ་བོད་པ་ཚང་མས་ཁོང་གི་བཀའ་སློབ་ཐུགས་རེ་རྣམས་ལག་བསྟར་བྱེད་དགོས་པ་ནི་ང་ཚོ་བོད་པ་རྩམ་ཟན་པ་ཡོངས་ཀྱི་ལས་འགན་རེད། ང་ཚོ་བོད་ཕྲུག་ཚོས་ཁོང་གིས་གསུངས་བའི་བཀའ་སློབ་དང་ལམ་སྟོན་རྣམས་ཉན་དགོས་པ་མ་ཟད་ལག་ལེན་ཡང་བསྟར་དགོས། ༸གོང་ས་མཆོག་རྒྱ་གར་ལ་བཙན་བྱོལ་ལ་ཕེབས་ནས་བཟུང་བོད་མི་རིགས་ཀྱི་བླ་སྲོག་བོད་ཀྱི་སྐད་ཡིག་མི་ཉམས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་དགོས་སྐོར་ཡང་ཡང་གསུང་ཀྱིན་ཡོད། ཁོང་གིས་དགོངས་པ་རྒྱ་ཆེན་པོས་བོད་ཕྲུག་ཚོའི་ཆེད་བོད་པའི་སློབ་གྲྭ་ཟུར་དུ་བཙུགས་གནང་བ་རེད། ཁོང་གིས་བོད་ཕྲུག་ཚོར་ཤེས་ཡོན་སློབ་སྦྱོང་གི་མཐུན་རྐྱེན་རྒྱ་གར་ཡུལ་མི་ལས་བཟང་བ་བསྐྲུན་ཡོད། དེ་ཚོ་ང་ཚོ་བོད་ཕྲུག་ཚོས་ཧ་གོ་ནས་ཁོང་གིས་ཐུགས་རེ་གང་དང་གང་བཅངས་བ་རྣམས་བསྒྲུབ་ཐུབ་པ་བྱེད་དགོས། ཁོང་གི་བཀའ་སློབ་ནང་བོད་རང་དབང་སླར་གསོ་ཡོང་ཆེད་རྒྱ་ནག་དམར་གཞུང་ལ་དམག་བརྒྱག་མི་དགོས་པར་རྒྱ་བོད་གཉིས་དབུ་མའི་ལམ་གྱི་ཐོག་ནས་དཀའ་རྙོག་བསལ་དགོས་པའི་བཀའ་སློབ་ལམ་སྟོན་གནང་ཡོད། ཁོང་གི་དགོངས་པ་ཆེ་བཞེས་ཀྱི་ཐུགས་རེ་དེ་ང་ཚོ་མ་འོངས་བོད་ཀྱི་སོན་རྩ་རྣམས་ཀྱིས་ལག་བསྟར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ་གྱི་ཡོད། ༸གོང་ས་མཆོག་གིས་འཛམ་གླིང་ཡོངས་ལ་ལམ་སྟོན་གནང་བའི་སིའི་ཤེས་ཡོན་གྱི་སློབ་གསོ་རྒྱ་ཁྱབ་འགྲོ་བཞིན་འདུག སིའི་ཤེས་ཡོན་གྱི་སློབ་གསོ་འདི་༸གོང་ས་མཆོག་གིས་གསུངས་གནང་བ་རེད། ཚང་མས་མཁྱེན་གསལ་བཞིན་བོད་པའི་སློབ་གྲྭ་ཚང་མའི་ནང་སིའི་ཤེས་ཡོན་སློབ་ཁྲིད་གནང་གི་ཡོད། ང་ཚོའི་སློབ་གྲྭར་བདུན་ཕྲག་གཅིག་གི་ནང་ཚོགས་ཐུན་གཅིག་སིའི་ཤེས་ཡོན་ཆེད་དུ་བཞག་ཡོད། ཚོགས་ཐུན་དེའི་རིང་སིའི་ཤེས་ཡོན་གྱི་བྱེད་སྒོ་སྣ་ཚོགས་བྱེད་ཀྱི་ཡོད། ༸གོང་ས་མཆོག་གིས་བོད་ཕྲུག་ཚོ་ཡ་རབས་སྤྱོད་བཟང་ཤ་སྟག་ཅིག་ཡོང་རྒྱུར་ཐུགས་རེ་གནང་གི་ཡོད་པར་ཐེ་ཚོམ་མེད། ༸གོང་ས་མཆོག་གིས་འགྲོ་བ་མིའི་བཟང་སྤྱོད་ཀྱི་སྐོར་ལ་བོད་ཕྲུག་ཚོར། མི་ཕན་ཚུན་དབར་འཆམ་པོ་དང་མཐུན་པོ་བྱས་ནས་བསྡད་དགོས་པ་དང་། ཕན་ཚུན་དབར་འབྲེལ་བ་བཟང་པོ་ཞིག་བཟོ་རྒྱུའི་ཐབས་ཤེས་བྱ་དགོས་པ་སོགས་སྐོར་བཀའ་སློབ་མང་པོ་གསུངས་ཡོད། ༸གོང་ས་མཆོག་ནི་བོད་མི་རིགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་རེད། ཁོང་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་སྐབས་ཐོག་མར་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་དང་། སོ་སོའི་སྐད་ཡིག་སྦྱང་རྒྱུ་དེ་གལ་ཆེན་ནང་ནས་དོན་ཆེན་དགོངས་ནས་བོད་ཕྲུག་ཚོར་བོད་པའི་སློབ་གྲྭ་ཟུར་དུ་གསར་བཙུགས་གནང་བ་ནས་སྐད་ཡིག་གལ་ཆེན་པོ་ཡིན་པའི་སྐོར་བཀའ་སློབ་གནང་ཡོད། དེ་ནི་༸གོང་ས་མཆོག་གིས་བོད་ཕྲུག་ཚོར་བཅངས་པའི་ཐོག་མའི་ཐུགས་རེ་ཞིག་རེད། དེེར་བརྟེན། ང་རང་ཚོའི་སོ་སོའི་སྐད་ཡིག་ལ་དོ་སྣང་དང་བརྩོན་འགྲུས་བྱས་ནས་སྦྱང་དགོས། བོད་མི་རིགས་འདི་རྒྱ་མིའི་བཙན་གནོན་འོག་ནས་ཐར་ཐབས་སུ་བོད་ཕྲུག་ཚོས་སོ་སོའི་སྐབས་བབ་ཀྱི་རང་ཁྲིའི་སློབ་སྦྱོང་ལ་དོ་སྣང་བྱས་ནས་སློབ་སྦྱོང་ཡག་པོ་བྱེད་དགོས་པ་ནི་༸གོང་ས་མཆོག་གིས་བོད་ཕྲུག་ཚོར་བཅངས་པའི་ཐུགས་རེ་ཞིག་རེད། གལ་སྲིད་རང་ཉིད་ལ་སློབ་སྦྱོང་མེད་ན་བོད་དོན་ཕར་བཞག་ནས་སོ་སོའི་མི་ཚེའི་དཀའ་ངལ་ཡང་སེལ་མ་ཐུབ་ནས་ལྷག་རྒྱུའི་ཉན་ཁ་ཡོད། ༸གོང་ས་མཆོག་གིས་ཁོར་ཡུག་སྲུང་སྐྱོབ་ལ་ཐུགས་རེ་ཆེན་པོ་གནང་གི་ཡོད་རེད། ཁོར་ཡུག་ཟེར་བ་དེ་ང་རང་ཚོའི་འཚོ་སྡོད་བྱེད་སའི་རང་བྱུང་ཁམས་ཀྱི་དངོས་པོ་ཡོད་ཚད་ལ་ཟེར་བ་རེད། དངོས་པོ་འདི་དག་ཆ་ཚང་ཞིག་གཅིག་ལ་གཅིག་བརྟེན་ནས་གནས་ཡོད། ང་རང་ཚོའི་ཉེ་འཁོར་ཀྱི་ཁོར་ཡུག་རྣམས་སྲུང་སྐྱོབ་བྱེད་སྟངས་ཁ་ཤས་ཞིག་བཤད་ན་ཐོག་མར་རང་ཉིད་ཀྱི་གནས་སའི་ཉེ་འཁོར་དང་སྤྱི་སྤྱོད་ཀྱི་གནས་གཞི་གང་དུའང་གད་སྙིགས་སོགས་མ་གཡུགས་པར་ཤིང་ནག་དང་། མེ་ཏོག་བཅས་འདེབས་འཛུགས་བྱེད་དགོས། […]

གོང་ས་མཆོག་གིས་བོད་ཕྲུག་ལ་བ

བསྟན་འཛིན་རང་གྲོལ། བཅུ་གཅིགགོ་པལ་པུར་བོད་ཁྱིམ་སློབ་གྲྭ།    ༄༅། །བོད་ཕྲུག་ང་ཚོས་ཕྱིར་དྲན་ཞིག་བྱས་པ་ཡིན་ན། ༸གོང་ས་མཆོག་གིས་ང་ཚོ་བོད་ཕྲུག་ཚོར་བོད་ཀྱི་སྐད་ཡིག་དང་། ཆོས་དང་རིག་གཞུང་མི་ཉམས་པའི་ཆེད་དུ་བཙན་བྱོལ་ལ་ཕེབས་རྗེས་བོད་པའི་སློབ་གྲྭ་ཐོག་མ་མ་སུ་རི་བོད་ཁྱིམ་དང་། དེ་ནས་སློབ་གྲྭ་ཇེ་མང་ཇེ་མང་། གཞིས་ཆག་དང་། དགོན་པ་ཇེ་མང་ཇེ་མང་གསེར་བཞེངས་གནང་བ་དེ་དག་ལ་ཕྲིར་དྲན་ཞིག་བྱས་པ་ཡིན་ན། ༸གོང་ས་མཆོག་ལ་ཐུགས་རེ་མང་པོ་ཡོད་པ་བཤད་མི་དགོས་པ་བཞིན། དེ་རིང་གུས་པས་༸གོང་ས་མཆོག་གི་ཐུགས་རེ་འགའ་ཤས་ཤིག་གི་སྐོར་༸གོང་ས་མཆོག་གི་༼མི་ཚེའི་ལམ་སྟོན།༽ཞེས་པའི་དཔེ་དེབ་ལས་བཤད་འདོད་བྱུང་།    བོད་ཀྱི་སྐད་ཡིག ཐོག་མ་བོད་ཀྱི་སྐད་ཡིག་ཐོག་བརྗོད་ན། གཙོ་ཆེ་ཤོས་བོད་ཀྱི་སྐད་ཡིག་ནི་སོ་སོའི་མི་རིགས་འདི་མི་རིགས་གཞན་ལས་དབྱེ་བ་ཟུར་དུ་ཕྱེ་ཐུབ་པའི་ཆ་རྐྱེན་ཡག་ཤོས་དེ་ཡིན་པ་བཞིན། འདི་ལ་ང་ཚོས་སློབ་སྦྱོང་དང་། གཅེས་སྤྲས། རྩ་ཆེན་ཡིན་པའི་ངོས་འཛིན་བརྩི་འཇོག་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ༸གོང་ས་མཆོག་གིས་“ང་ཚོ་གཞན་ཡུལ་དུ་བསླེབས་ཤིང་རང་ཉིད་ཀྱི་སྐད་ཡིག་སོགས་ཀྱི་ཐོག་ཏུ་དོ་སྣང་མ་བྱུང་བར་ཉམས་བརླག་ཕྱིན་པ་ཡིན་ན་ཧ་ཅང་ཐབས་སྐྱོ་བའི་རང་བཞིན་ཡིན།” ཞེས་གསུངས་པ་བཞིན། ང་རང་ཚོ་རང་ཉིད་ཀྱི་སྐད་ཡིག་བརྗེད་ན་ངོ་ཚ་ཡིན། འོན་ཀྱང། སོ་སོའི་སྐད་ཡིག་ཤེས་པ་དང་མཉམ་དུ་ཡུལ་གྲུ་གཞན་གྱི་སྐད་ཡིག་ལ་སློབ་སྦྱོང་བྱས་ན་དེ་ནི་འཇོན་ཐང་རེད། “སྐད་ཡིག་ཐམས་བཅད་ཤེས་ན་བཟང་མོད་ཀྱང་། རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན་” ཞེས་པའི་བསླབ་བྱ་ལྟར་བོད་ཕྲུག་ང་ཚོས་སོ་སོའི་སྐད་ཡིག་ཉམས་རྒུད་དུ་མི་འགྲོ་ཆེད་བདག་གཅེས་དང་། སློབ་སྦྱོང་ལ་འབད་བརྩོན་དགོས་པ་འདི་ནི་༸གོང་ས་མཆོག་གི་ཐུགས་རེ་གལ་ཆེན་ཞིག་རེད་འདུག །    ཆོལ་གསུམ་གཅིག་སྒྲིལ། ཡང་༸གོང་ས་མཆོག་གིས་ཐུགས་རེ་གཞན་ཞིག་ནི། བོད་མི་ནང་ཁུལ་དང་ཆོལ་ཁ་གསུམ་ནང་ཁུལ་འཁྲུག་པ་མེད་པ་དང་། གཅིག་སྒྲིལ་ཡོང་བའི་ཐུགས་རེ་བཅངས་ཡོད། ༸གོང་ས་མཆོག་གིས་“ད་ཕན་རྒྱ་མིའི་འོག་ལ་སྡུག་བསྔལ་ཆོལ་ཁ་གསུམ་གཅིག་གྱུར་གྱིས་མྱངས་པ་རེད། རྒྱ་མིར་ངོ་རྒོལ་ཡང་ཆོལ་ཁ་གསུམ་གཅིག་གྱུར་གྱིས་ཐོག་ནས་བྱེད་ཀྱི་ཡོད། འདས་པའི་ལོ་རྒྱུས་ཀྱི་ནང་ལ་ཆོལ་ཁ་གསུམ་ཆབ་སྲིད་གཅིག་གྱུར་མིན་པའི་གནས་ཚུལ་བྱུང་ཡོད་ཀྱང་། བོད་མི་རིགས་ཀྱི་བསམ་བློ་དང་བོད་མི་རིགས་ཀྱི་ཤེས་རིག་ཐོག་ལ་ཆོལ་ཁ་གསུམ་གྱི་བསམ་ཚུལ་དང་་། འདུ་ཤེས་གཅིག་ཏུ་བསྒྲིལ་ནས་བསྡད་ཡོད།” ཅེས་བཀའ་སློབ་ནན་པོ་གསུངས་ཡོད། ང་ཚོ་བོད་ཀྱི་བཤད་སྲོལ་ལ་“སྐྱིད་ན་སྐྱིད་མཉམ་དང་། སྡུག་ན་སྡུག་མཉམ།” ཅེས་པ་ལྟར་ང་རང་ཚོ་བོད་ཕྲུག་རྣམས་ཀྱང་བོད་མི་རིགས་གཅིག་གི་བུ་ཕྲུག་ཡིན་པའི་ཆ་ནས་ཆོལ་ཁ་གསུམ་དབྱེ་འབྱེད་མེད་པར་གཅིག་ཏུ་བསྒྲིལ་ནས་སློབ་སྦྱོང་ལ་འབད་བརྩོན་དགོས་པའི་ཐུགས་རེ་བཅངས་ཡོད།    ཡ་རབས་སྤྱོད་བཟང་། “ཡ་རབས་སྤྱོད་བཟང་ཟེར་བ་འདི་ཆུ་ཚོད་༢༤རིང་གོམས་གཤིས་ལ་འཇགས་དགོས་པ་ཞིག་ཡིན། འདི་བྱས་ན་ཡ་རབས་དང་། འདི་བྱས་ན་མ་རབས་རེད་ཅེས་བསམ་གློས་ཤེས་པ་ཙམ་གྱིས་མི་འགྲིག་པར་ཡ་རབས་ཀྱི་སྤྱོད་པ་འདི་དག་རང་ཉིད་ཀྱི་གཤིས་རྒྱུད་ལ་འཇགས་པ་ཞིག་དང་། རང་ཉིད་ལ་གོམས་གཤིས་ཆགས་པ་ཞིག་དགོས་པ་ཡིན།” ཅེས་གསུངས་ཡོད། བྱས་ཙང་། ༸གོང་ས་མཆོག་གིས་ཐུགས་རེ་གཅིག་ནི། མི་སུ་འདྲ་ཞིག་ཡིན་རུང་རྒན་གཞོན་བར་གསུམ་དབྱེ་བ་མེད་པ་དང་། དབུལ་ཕྱུག་གི་དབྱེ་བ་མེད་པ། རྒྱལ་ཁབ་གཞན་གྱི་མི་རིགས་ཡིན་ན་ཡང་རྟག་ཏུ་ཡ་རབས་བྱེད་དགོས་པའི་ལམ་སྟོན་གནང་ཡོད། ང་ཚོ་བོད་པའི་བཤད་སྲོལ་གཞན་ཞིག་ལ་“མི་ཡ་རབས་བརྒྱ་ཐམ་པ་ཡོད་ན་ཉུང་དྲགས་པ་རེད། མི་མ་རབས་གཅིག་ཡོད་ན་མང་དྲགས་པ་རེད།” ཟེར་བ་བཞིན་ང་ཚོ་བོད་ཕྲུག་རྣམས་ལ་ག་དུས་ཡིན་རུང་ཡ་རབས་བྱེད་དགོས་པའི་ཐུགས་རེ་བཅངས་ཡོད།    ནང་ཆོས་ལ་སློབ་སྦྱོང་། […]

༸གོང་ས་མཆོག་གི་དགོངས་པའི་དག

སྐལ་ལྡན། དགེ་ཆེའི་ལས་རོགས།སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།    ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི། བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་དང་། འཛམ་གླིང་སྐྱེ་འགྲོ་ཀུན་གྱི་ཞི་བདེའི་ལམ་སྟོན་པ་ཆེན་མོ་བ། མཐའ་ཡས་སེམས་ཅན་གྱི་བདེ་སྡུག་ལྷམ་མེར་གཟིགས་པའི་སྐྱེས་མཆོག་དམ་པ། གནའ་དེང་ཤེས་བྱའི་གནས་ལུགས་མཁྱེན་པའི་བཤེས་གཉེན་ཆེན་མོ། བོད་མི་རིགས་ཀྱི་རིག་གཞུང་འཆི་གསོན་གྱི་གནས་ལས་སྐྱོབ་པའི་ཐབས་མཁས་བླ་མ། ཆོས་ལུགས་མཐུན་བསྒྲིལ་གྱི་ལམ་སྟོན་སྒྲོན་མེ། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་སྐྱོང་བའི་ཡང་དག་སློབ་དཔོན་སོགས་ཐུགས་ཀྱི་མཁྱེན་ཡོན་དང་མཛད་འཕྲིན་རླབས་པོ་ཆེ་བསམ་ཡུལ་ལས་འདས་པ་བསྐྱངས་དང་སྐྱོང་མུས་ཀྱིས། འཇིག་རྟེན་འདིའི་སྟེང་ཆེས་རླབས་ཆེན་གྱི་དགེ་བའི་བཤེས་གཉེན་ཁོང་ལས་ལྷག་པ་ཞིག་ད་བར་བྱུང་མེད་ལ་ཕྱིས་འབྱུང་ཡང་འབྱུང་མི་སྲིད་པ་ལྟ་བུ་ཆགས་ཡོད། བདག་ཅག་ཁ་བ་རི་པ་རྣམས་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་ཀྱི་བྱིན་མཐུ་དང་ལམ་སྟོན་བཟང་པོའི་བཀའ་དྲིན་ལས། རང་བཞིན་ལས་ལ་བརྩོན་ཞིང་དཔའ་ངར་ཆེ་བ། གཞུང་དྲང་ཞིང་སེམས་རྒྱུད་བཟང་བ། གཞན་ཕན་ཆེ་ལ་བློ་རྒྱ་ཡངས་པ་སོགས་འཇིག་རྟེན་གྱི་སྐྱེ་བོ་སྤྱི་ཡོངས་ཀྱི་ཁྲོད་ན། མི་གཤིས་ཀྱི་བཟང་པོའི་ཡོན་ཏན་དུ་མས་རྒྱན་པ་ཞིག་ཡིན་པ། འཛམ་གླིང་ཁྱོན་དུ་ལྷམ་མེར་གྲགས་པ་དེ་ཡིན། བོད་མི་ཚོས་རང་ཉིད་༸རྒྱལ་བ་རིན་པོ་ཆེའི་སྐུ་ཡི་སྐུ་ཚབ་དང་། གསུང་གི་གསུང་ཚབ་ཡིན་སྙམ་པའི་ཐོག་ཡུལ་གྲུ་གང་དུ་གནས་ཀྱང་གཞན་ཕན་དང་། སྙིང་རྗེ། བཟོད་སྒོམ། ཆོག་ཤེས་སོགས་དང་། ལུས་གུས་པ། ངག་འཇམ་པ། ཡིད་དྲང་བ་བཅས་མིག་དཔེར་འོས་པའི་བྱ་སྤྱོད་སྣ་ཚོགས་ཀྱིས་སྤྱི་ཚོགས་དེ་དང་དེའི་མཛེས་རྒྱན་དུ་གྱུར་བའི་ལོ་རྒྱུས་ཀྱི་རི་མོ་ལྷམ་མེར་བཀོད་ཡོད། དཔེར་ན། རྒྱ་གར་ནང་དགུན་ཚོང་གཉེར་མཁན་གྱི་བོད་མི་རྣམས་ལ། ལུ་ཐི་ཨཱ་ནའི་ལཱ་ལཱ་རྣམས་ཀྱིས་ཡིད་ཆེས་བློས་འགེལ་གྱིས་སྒོར་མོ་འབུམ་ཕྲག་མང་པོའི་ཚོང་ཟོག་བོགས་གཡར་བྱེད་པ་དང་། བོད་མི་རྣམས་ཀྱིས་ཀྱང་གཡོ་ཟོལ་གྱི་དྲི་མ་མེད་པར་བུ་ལོན་དུས་ཐོག་ཏུ་འཇལ་གྱི་ཡོད་པས། ལཱ་ལཱ་དེ་ཚོས་༸གོང་ས་ཏཱ་ལའི་བླ་མའི་མི་མང་དེ་ཚོ་དྲང་བདེན་བློས་འགེལ་ཆོག་པ་འདུག་ཅེས་བསྔགས་བརྗོད་ལན་མང་བྱས་པ་ལྟ་བུ་རེད། གནད་དོན་དེ་དག་གིས་༸གོང་ས་མཆོག་གིས་དུས་དང་རྣམ་པ་ཀུན་ཏུ་བོད་མི་རྣམས་ལ་ཡང་དག་པའི་ལམ་སྟོན་གནང་བའི་གྲུབ་འབྲས་ཡིན་པ་མངོན་གསལ་དོད་པོ་ཆགས་ཡོད། ད་ལྟའི་ཆར་འཛམ་གླིང་སྤྱིའི་སྤྱི་ཚོགས་འཁྲུག་ཆ་དོད་དུ་འགྲོ་བཞིན་ཡོད་པའི་ཁར། དེང་རབས་ཀྱི་ཤེས་ཡོན་ལམ་ལུགས་ཀྱང་ནུབ་ཕྱོགས་པའི་ལྟ་གྲུབ་ཀྱི་ཤན་ཤུགས་ཆེ་བས། རང་ཉིད་ཀྱི་ཁེ་ཕན་གཙོ་བོ་སྒྲུབ་ཐབས་དང་། དཔལ་འབྱོར་དང་ཡོང་འབབ་གསོག་སྒྲུབ་བྱེད་སྟངས། ཕྱི་དངོས་པོའི་མཐུན་རྐྱེན་གཙོ་སྒྲུབ་བྱེད་ཐབས། རང་རྒྱལ་གཞན་ཕམ་གྱི་བྱ་སྤྱོད་སྤེལ་ཐབས་སོགས་ཕྱོགས་ཀུན་ནས་སློོབ་གསོའི་ནུས་པ་ཚད་ལྡན་མི་ཡོང་བའི་སྟོང་ཆ་ཆེན་པོ་ཞིག་གིས། མི་དང་མིའི་བར་གྱི་བརྩེ་ཞེན་དང་། མི་དང་མིའི་བར་གྱི་མཐུན་སྦྲེལ། མི་དང་མིའི་བར་གྱི་བསམ་ཤེས། མི་དང་མིའི་བར་གྱི་གུས་ཞབས་སོགས་སྣུམ་ཟད་ཀྱི་མར་མེའི་སྣང་ཚུལ་དུ་གྱུར་བའི་ཡ་ང་བའི་དུས་སྐབས་ཤིག་འགྲིམ་མུས་ཡིན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་འདི་བཞིན་འགྲོ་བ་མི་ཡོངས་ལ་དབང་བ་ཞིག་ཡིན་པ་ལས། འགོ་ཁྲིད་རེ་ཟུང་དང་འབྱོར་ལྡན་པ་རེ་ཟུང་ལ་དབང་བ་ཞིག་ནམ་ཡང་མིན་ཞེས་དང། འགྲོ་བ་མི་སྤྱི་ཡོངས་ཀྱི་བདེ་སྡུག་ཕན་ཚུན་ལྟོས་གྲུབ་ཡིན་པས། རང་བདེ་གཞན་སྐྱིད་ཀྱི་འཚོ་བར་རོལ་འདོད་ན། དང་ཐོག་གཞི་རྩའི་ཤེས་ཡོན་ལམ་ལུགས་ནས་འགྱུར་བ་གཏོང་དགོས་གལ་ཡང་ཡང་ལམ་སྟོན་གནང་ཡོད། ཕྱི་དངོས་པོ་ཡར་རྒྱས་གཏོང་རྒྱུ་དང་ལྷན། ནང་སེམས་ཀྱི་ཞི་བདེ་སྐྲུན་ཐབས་ཀྱི་སློབ་གསོ་ནི་དེ་བས་གལ་ཆེ་བ་ཡིན་ཚུལ་ལམ་སྟོན་རབ་དང་རིམ་པ་གནང་ཡོད། ཁོང་གིས་མཛད་པའི་སྟོང་ལོ་གསར་པའི་བཟང་སྤྱོད་དང་། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད། བཅས་ཀྱི་ཕྱག་དཔེ་དེ་དག་ཀྱང་འགྲོ་བ་མིའི་གཞི་རྩའི་བདེ་སྐྱིད་སྐྲུན་ཐབས་ཀྱི་རྨད་བྱུང་ལམ་སྟོན་ཆགས་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི། འགྲོ་བ་མི་སྤྱིའི་བདེ་སྡུག་ལ་དགོངས་པ་བཞེས་ཏེ་ལམ་སྟོན་ཕྱིན་ཅི་མ་ལོག་པ་གནང་མཁན་ཞིག་ཡིན་པ་ལས། མགོ་ནག་བོད་མི་ཙམ་དང་ཆོས་བརྒྱུད་བྱེ་བྲག་གཅིག་ཁོ་ནའི་ཆེད་དུ་སྐུ་ལས་སྐྱོན་ནས་བཞུགས་མཁན་ཞིག་ག་ལ་ཡིན། ང་ཚོ་དགེ་རྒན་རྣམས་ནི་འབྱུང་འགྱུར་གྱི་མི་རབས་གསར་པ་གསོ་སྐྱོང་བྱེད་མཁན་གྱི་གལ་ཆེའི་མི་སྣ་ཤ་སྟག་ཆགས་ཡོད་ལ། […]

༸གོང་ས་མཆོག་གི་དགོངས་པའི་དག

ཚེ་རིང་མགོན་པོ། དགེ་ཆེ།སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭ།    རང་གཞན་ཀུན་བདེ་སྐྱིད་འདོད་ཅིང་སྡུག་བསྔལ་མི་འདོད་པར་སོང་བདེ་སྐྱིད་སྒྲུབ་བྱེད་ཀྱི་རྒྱུ་ཉམས་སུ་བླངས་པ་དང་། སྡུག་བསྔལ་འདོར་བྱེད་ཀྱི་རྒྱུ་ཡང་དག་པར་སྤོང་བ་སྟེ། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པའི་ཤེས་རབ་རྒྱུད་ལ་སྐྱེ་དགོས་ཤིང་། དེ་ཡང་། “ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ།།” ཞེས་གསུངས་པ་ལྟར་ལེགས་ཚོགས་ཡོན་ཏན་ཐམས་ཅད་འབྱུང་བའི་གཞི་གཙོ་བོ་ནི་དགེ་རྒན་ཡིན་པར་བརྟེན། དགེ་རྒན་ཞེས་པ་དེ་རང་དང་གཞན། སྒེར་དང་སྤྱི་ཚོགས་བཅས་ཚང་མར་ཧ་ཅང་གི་གལ་གནད་ཅན་ཞིག་ཡིན། ལེགས་ཉེས་རྣམ་པར་འབྱེད་པའི་ཤེས་རབ་ཡང་དག་པ་དེ་དགེ་རྒན་ཞིག་གི་སྐུ་དྲུང་ནས་རིག་པའི་གཞུང་ལུགས་རྣམས་ཐོས་པ་དང་། ཐོས་པའི་དོན་དེ་ཡང་ཡང་བསམ་ཞིང་བསྒོམས་པར་བྱས་པ། དེ་ལྟར་གོམས་འདྲིས་བྱས་ཏེ་གང་སྦྱངས་པའི་ཤེས་ཡོན་དེས་རང་དང་གཞན། སྤྱི་ཚོགས་བཅས་སུ་ཕན་བདེ་སྒྲུབ་ཐུབ་པ་ཞིག་དགོས་པ་ལགས། འོ་ན་༸རྒྱལ་བའི་དགོངས་པ་དང་མཐུན་པར་དགེ་རྒན་ལ་ཁྱད་ཆོས་གང་དང་གང་ཚང་དགོས་སམ་ཞེ་ན། ༡༽ དང་ཐོག་དགེ་རྒན་བྱེད་འདོད་ཀྱི་འདུན་པ་རྨ་མེད་པ་ཞིག་དགོས།    དགེ་རྒན་ཞེས་པ་དེ་མིག་མེད་ཀྱི་སྐྱེ་བོར་མིག་སྦྱིན་མཁན་ལྟ་བུ་ཞིག་དང་རླབས་ཆེན་གྱི་བྱ་བ་སྒྲུབ་མཁན་ཞིག་སྟེ། དགེ་རྒན་གྱི་བྱ་བ་དེ་འཚོ་བ་དོན་གཉེར་གྱི་ཆེད་དུ་མིན་པར་རྒྱལ་ཁབ་ཅིག་དང་འབྱུང་འགྱུར་ཞི་བདེ་ཅན་གྱི་འཛམ་གླིང་གསར་པ་སྐྲུན་མཁན་ཞིག་གསོ་སྐྱོང་བྱེད་མཁན་ཡིན་པ་ངོས་འཛིན་དགོས་པ་དང་། དེའི་ཕྱིར་དགེ་རྒན་གྱི་བྱ་བ་དོན་དུ་གཉེར་འདོད་ཀྱི་འདུན་པའི་རྦ་རླབས་དྲག་ཏུ་འཕྱུར་བ་ཞིག་དགོས། ༢༽ ཐོག་མར་དགེ་རྒན་རང་ཉིད་ལ་ཤེས་ཡོན་ཚད་དང་ལྡན་པ་ཞིག་དགོས།    དགེ་རྒན་རང་ཉིད་གང་བསླབ་པར་བྱ་བའི་སློབ་ཚན་ལ་མཁས་པ་ཞིག་དང་། དེང་གི་ལམ་ལུགས་དང་མཐུན་པ་དགེ་རྒན་འོས་སྦྱོང་གི་སློབ་མཐར་སོན་པ་ཞིག་དགོས་པ་མ་ཟད་སློབ་འཁྲིད་བྱེད་སྐབས་སློབ་དེབ་གཅིག་པོ་ལ་བསྙེས་བསྡད་པ་མིན་པར། སློབ་དེབ་ལ་ཕར་དབང་བསྒྱུར་བྱེད་ཐུབ་པའི་ཤེས་ཚད་ཡང་དག་ཅིག་དགོས་པར་གལ་འགངས་ཤིན་ཏུ་ཆེ། སློབ་དེབ་ལ་ཕར་དབང་བསྒྱུར་བྱེད་ཐུབ་པ་ཞེས་པའི་དོན་ཡང་སློབ་དེབ་ནང་གསལ་གྱི་ཚིག་དོན་རྣམས་འཁྲུལ་མེད་དུ་འགྲེལ་བརྗོད་ཐུབ་པ་ཞིག་དང་། སློབ་དེབ་དཔར་བསྐྲུན་སྐབས་ཡིག་ནོར་སོགས་ཡོང་སྲིད་པས་དེ་ལྟར་ཡོད་ཚེ་རིག་པའི་གཞུང་ལུགས་དང་མ་འགལ་བར་ཡིག་ནོར་ཡིན་པ་འགྲེལ་བརྗོད་ཐུབ་པ་ཞིག་དགོས། ༣༽ དགེ་རྒན་རང་ཉིད་སློབ་ཕྲུག་རྣམས་ལ་དམིགས་པའི་བརྩེ་བ་དང་ལྷག་བསམ་གྱིས་ཕྱུག་པ་ཞིག་དགོས།    རྒན་ལགས་ལ་སློབ་ཕྲུག་རྣམས་ལ་དམིགས་པའི་བྱམས་བརྩེ་དང་ལྷག་བསམ་གྱི་གོ་ཆ་བཙན་པོ་ཡོད་ན་སློབ་ཕྲུག་རྣམས་ལ་ཐབས་ཤེས་གང་ཡོད་ཀྱིས་སློབ་འཁྲིད་ཡང་དག་བྱེད་པར་ངེས། དཔེར་ན། ཨ་མས་རང་ཉིད་ཀྱི་ཕྲུ་གུར་བྱམས་པ་དང་བརྩེ་བ་ཇི་ཙམ་ཡོད་པ་དེའི་ཚོད་ཀྱིས་ཕྲུ་གུའི་མདུན་ལམ་བཟང་པོ་བསྐྲུན་པའི་ཆེད་དུ་ཐབས་ཤེས་ཡོད་རྒུ་རྩལ་འདོན་བྱེད་པ་བཞིན་ནོ། དེ་འབྲེལ་སློབ་འཁྲིད་བྱེད་སྐབས་སློབ་ཕྲུག་གིས་སློབ་སྦྱོང་མ་བྱས་པ་དང་སློབ་སྦྱོང་མ་ཤེས་པའི་དཀའ་ངལ་སོགས་མི་མཐུན་ཕྱོགས་ཀྱི་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་དགེ་རྒན་རང་ཉིད་ལ་བྱམས་བརྩེ་དང་ལྷག་བསམ་གྱི་གོ་ཆ་བཙན་པོ་ཡོད་ན། ཡི་ཐང་ཆད་པ་སོགས་མི་མཐུན་པའི་ཕྱོགས་ལས་རྣམ་པར་རྒྱལ་ཏེ་ཤིང་ཞུམ་པ་མེད་པའི་སྙིང་སྟོབས་སྔར་ལྷག་བསྐྱེད་ངེས་པ་ཡིན། དགེ་རྒན་རང་ཉིད་ལ་སློབ་སྦྱོང་ཇི་ཙམ་ཡོད་ཀྱང་སློབ་འཁྲིད་བྱེད་པའི་ལྷག་བསམ་དང་བྱམས་བརྩེ་སོགས་ཀྱི་གྲོགས་དང་ལྡན་པའི་རྒྱུའི་ཀུན་སློང་ཡང་དག་ཅིག་མེད་ན་སློབ་ཕྲུག་རྣམས་ཀྱི་མ་འོངས་མདུན་ལམ་ལ་སྨན་པའི་ཤེས་ཡོན་གྱི་མྱུ་གུ་བཟང་པོ་བསྐྲུན་ཐབས་བྲལ། བྱམས་བརྩེ་དང་ལྷག་བསམ་ལྡན་པའི་རྒྱུའི་ཀུན་སློང་བཟང་པོའི་ཐོག་སློབ་འཁྲིད་བྱས་པ་ཡིན་ན། སློབ་ཕྲུག་ཚོའི་མ་འོངས་མདུན་ལམ་གྱི་མཁའ་དབྱིངས་སུ་གྲུབ་འབྲས་འོད་སྟོང་འབར་བ་འབྱུང་བ་གདོན་མི་ཟ། རྒྱུ་མཚན་ནི་དེང་དུས་ཚན་རིག་པ་རྣམས་ཀྱིས་ཞལ་ལག་བཟོ་མཁན་མ་བྱན་གྱིས་ཀུན་སློང་དང་བསམ་པ་བཟང་པོའི་ཐོག་ཞལ་ལག་བཟོས་པ་ཡིན་ན་ཞལ་ལག་རོ་བཅུད་ལྡན་པ་ཡོང་གི་ཡོད་གསུངས་ཀྱི་ཡོད་པ་བཞིན་ཡིན། དེའི་ཕྱིར་དགེ་རྒན་རང་ཉིད་སློབ་ཕྲུག་ལ་དམིགས་པའི་ལྷག་བསམ་དང་བྱམས་བརྩེ་སོགས་ཀྱི་གྲོགས་དང་ལྡན་པའི་རྒྱུའི་ཀུན་སློང་ཡང་དག་ཅིག་དགོས་པ་གནད་ཀྱི་དོན་པོར་ལགས། ༤༽ དགེ་རྒན་གྱི་ཤེས་ཚད་དང་ཉམས་མྱོང་ཉིན་རེ་བཞིན་ཡར་རྒྱས་གཏོང་དགོས།    དགེ་རྒན་རང་ཉིད་ཀྱིས་སློབ་འཁྲིད་མ་བྱས་པའི་སྔོན་དུ་གྲ་སྒྲིག་འཐུས་སྒོ་ཚང་བ་དགོས་ཤིང་། དེའི་རྗེས་སུ་སློབ་འཁྲིད་བྱས་པའི་ཉམས་མྱོང་གི་བརྒྱུད་རིམ་ལས་སློབ་ཕྲུག་ལ་ཇི་ཙམ་ཕན་ཐོགས་ཡོད་མེད་རྟོག་ཞིབ་ཀྱིས་ཤེས་ཡོན་གྱི་གནས་ཚད་དང་སློབ་ཐབས་ཡར་རྒྱས་གཏོང་དགོས་ཤིང་། དེ་ལྟར་བྱུང་ན་དགེ་རྒན་རང་ཉིད་ཀྱི་ཤེས་ཡོན་དང་ཉམས་མྱོང་། སློབ་འཁྲིད་ཀྱི་རྩལ་ཇེ་རྒྱས་སུ་འགྲོ་བ་དང་། དེ་ལྟར་འགྲོ་བས་སློབ་ཕྲུག་རྣམས་ཀྱི་མ་རིག་པའི་མུན་པ་སེལ་ཞིང་ཤེས་ཡོན་གྱི་འོད་སྣང་ཕྱོགས་བརྒྱར་འཕྲོ་བར་ངེས། ༥༽ རྒན་ལགས་ཀྱིས་སློབ་ཕྲུག་མི་རེ་ངོ་རེའི་གནས་སྟངས་རྒྱུས་ལོན་ཡག་པོ་དགོས་པ།    རྒན་ལགས་ཀྱིས་སློབ་འཁྲིད་གནང་སྐབས་གང་བསླབ་པར་བྱ་བའི་ཡུལ་སློབ་ཕྲུག་གི་ཁམས་དང་མོས་པ། བསམ་སྤྱོད། ཤེས་ཡོན་གྱི་གནས་ཚད་བཅས་ཇི་ཙམ་ཡོད་མེད་མཁྱེན་རྟོགས་དགོས་པ་ཤིན་ཏུ་གལ་ཆེ་བ་སྟེ། ཁམས་དང་མོས་པ་བསམ་སྤྱོད། ཤེས་ཡོན་གྱི་གནས་ཚད་བཅས་མཁྱེན་རྟོགས་ཡག་པོ་བྱུང་ན་དེ་ལ་དཔགས་པའི་སློབ་གསོ་དང་ཤེས་ཡོན་སློབ་འཁྲིད་ཀྱི་འཇུག་པ་སྤུས་ཚད་ལྡན་པར་འགྱུར་ངེས་ཡིན། གཞན་ཡང་སློབ་ཕྲུག་རྣམས་ཀྱི་རྒྱབ་ལྗོངས་ཏེ་ཕ་མ་དང་ནང་མིའི་གནས་སྟངས་མཁྱེན་རྟོགས་དགོས་པ་གལ་འགངས་ཆེ་བ་སྟེ། ཕ་མ་ཁ་བྲལ་དང་ནང་མིའི་གནས་སྟངས་ཞན་པ་སོགས་ཀྱི་དཀའ་ངལ་གྱི་རྐྱེན་པས་སློབ་ཕྲུག་གི་གཤིས་སྤྱོད་སོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པ་ཡིན། […]