བསོད་ནམས་ཆོས་སྒྲོན།འཛིན་རིམ་བཞི་པ། སཾ་བྷོ་ཊ་སི་ལྦི་པི་ཉིན་སློབ། ཕ་མ་མེད་ན་ང་ཚོ་འཛམ་གླིང་འདིའི་ནང་ཡོང་ཐབས་མེད། ཕ་མ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་ང་འཛམ་གླིང་འདིའི་ནང་ལ་སླེབས་ཐུབ་པ་བྱུང་བ་མ་ཟད་ཕ་མ་གཉིས་ཀྱི་བྱམས་བརྩེ་དང་བལྟ་སྐྱོང་ཡག་པོ་དེའི་འོག་ལ་ང་ད་ལྟ་དེ་འདྲ་ཡག་པོ་ཆགས་ཐུབ་ཡོད། ཕ་མའི་བྱམས་བརྩེ་ལ་བརྟེན་ནས་ང་ཚོ་འཚར་ལོངས་བྱུང་བ་ཞིག་རེད། ཕ་མས་ང་ཚོ་ལ་གོམ་པ་རྒྱག་སྟངས་དང་སྐད་ཅ་བཤད་སྟངས་ལ་སོགས་པ་ཐོག་མ་ནས་སློབ་ཀྱི་ཡོད། ཕ་མ་ནི་ང་ཚོའི་དགེ་རྒན་དང་ཤོས་དེ་ཡིན་པ་མ་ཟད། ང་ཚོ་ལ་རོགས་སྐྱོར་གནང་མཁན་རྩ་ཆེ་ཤོས་དེ་ཡང་ཡིན། ང་ཚོར་དཀའ་ངལ་ག་འདྲ་ཞིག་བྱུང་ཡང་དང་པོ་ཉིད་ནས་ཕ་མས་ང་ཚོར་རོགས་པ་བྱེད་དུ་ཡོང་གི་ཡོད། ཕ་མས་ང་ཚོར་ཐོག་མ་ཉིད་ནས་ཡག་སྡུག་གང་ཡིན་བསླབ་བྱ་ཉིན་ལྟར་རྒྱག་གི་ཡོད། ང་ཚོར་དཀའ་ངལ་བྱུང་ན་ཕ་མ་སེམས་ཁྲལ་གྱིས་གཉིད་མ་ཁུག་པ་དེ་འདྲ་འབྱུང་གི་ཡོད། ང་ཚོ་ཕྲུ་གུ་མ་འབྱར་སྐབས་ཕ་མ་གཉིས་ཀྱིས་ཉིན་མཚན་ང་ཚོར་ལྟ་སྐྱོང་བྱེད་ཀྱི་ཡོད་པས། སོ་སོ་རང་ཉིད་ཆེད་དུ་དུས་ཚོད་གཏང་རྒྱུ་མ་རག་པ་མ་ཟད་མཚན་མོ་གཉིད་ཀྱང་ཁུག་རྒྱུ་རག་གི་མེད་པ་དེ་འདྲ་དཀའ་ངལ་མང་པོ་འབྱུང་གི་ཡོད། ང་ཚོར་ཡར་ཏོག་ཙམ་ཆེན་པོ་ཆགས་ན་སློབ་སྦྱོང་མ་སྦྱང་བའི་དཀའ་ངལ་སོགས་ཕ་མ་ལ་དཀའ་ངལ་རྫོགས་རྒྱུ་མེད་པ་དེ་འདྲ་ང་རང་མང་པོ་མཐོང་སོང་། ཕ་མས་སྤྲད་པའི་ཅ་ལག་ཚང་མ་གལ་ཆེན་པོ་རེད། གལ་ཏེ་ཕ་མ་མེད་ན་ང་ཚོ་ཡང་འཚོ་མི་ཐུབ། ཕ་མ་ནང་བཞིན་འཛམ་གླིང་འདིའི་ནང་དུ་གལ་ཆེན་པོ་དང་རྩ་ཆེན་པོ་སུ་གང་ཡང་མེད། ཕ་མས་ང་ཚོའི་ཆེད་དུ་སྐུ་ལས་ཧ་ཅང་མང་པོ་བསྐྱོན་ཡོད། ཕ་མས་ཕྲུ་གུའི་ཆེད་དུ་སོ་སོའི་སྐྱིད་པོ་གཏང་རྒྱུ་ཡང་བློས་གཏོང་གི་ཡོད། ཕ་མས་རང་གི་ཕྲུ་གུའི་ངོ་གདོང་ལ་གད་མོ་མཐོང་ན་སེམས་པ་ཧ་ཅང་དགའ་ཡི་ཡོད། ཕ་མའི་དཔེ་ཁུག་ནང་དངུལ་མེད་ཀྱང་དཀའ་ལས་མང་པོ་བརྒྱབ་ནས་དངུལ་བསགས་ནས་ང་ཚོ་ལ་གང་དགོས་པ་དེ་ཉོས་ནས་སྤྲོད་ཀྱི་ཡོད། ཕ་མས་ཕྲུ་གུ་ལ་གྱོན་ཆས་དང་རྔན་པ་ལ་སོགས་ཆ་ཚང་ཉོ་ཡི་རེད། གང་ཡིན་ཟེར་ན། སོ་སོའི་ཕྲུ་གུ་དེ་རྫིག་པོ་དང་སྙིང་རྗེ་མོ་མཐོང་བའི་ཆེད་དུ་རེད། ཕ་མས་ང་ཚོས་ལས་ཀ་སྡུག་ཅག་བྱས་པ་མཐོང་ན་མ་བྱེད་ལབ་ནས་བསླབ་བྱ་བཟང་པོ་རྒྱག་གི་རེད། ཕ་མ་གཉིས་ཀྱི་སེམས་ནང་ཕྲུ་གུ་རང་སྐྱིད་པོ་བྱུང་ན་དང་ཕྲུ་གུའི་འདོད་པ་བསྒྲུབ་རྒྱུ་ཤ་སྟག་བསམས་ནས་མི་ཚེ་སྐྱེལ་གྱི་ཡོད། ཕ་མས་བརྩེ་བ་དེ་འདྲ་སུ་གང་ལའང་སྤྲོད་མི་སྲིད། དེ་འདྲ་སོང་ཙང་། ཕྲུ་གུ་ང་ཚོའི་ཕ་མ་གཉིས་ཀྱི་བཀའ་དྲིན་ནམ་ཡང་བརྗེད་རྒྱུ་མེད། སོ་སོ་ད་ལྟ་ཕ་མའི་འཁྲིས་ལ་ཡོད་དུས་ཕ་མའི་བཀའ་དྲིན་བསམས་ནས་ཕ་མ་ལ་རོགས་པ་བྱེད་དགོས་པ་དང་ཕ་མ་མཉམ་དུ་དུས་ཚོད་བསྐྱལ་ནས་སེམས་ཀྱི་ཚོར་བ་བཤད་དགོས། ཕ་མས་སོ་སོ་ལ་བསླབ་བྱ་གང་བརྒྱབ་པ་དེ་སེམས་ནང་བཞག་ནས་ལག་ལེན་འཁྱེར་དགོས། ང་ལ་རྨ་ཆུང་ཆུང་གཅིག་བཟོས་ཀྱང་ཕ་མ་ཁོང་གཉིས་ཀྱི་སེམས་ཁྲལ་བྱེད་ཀྱི་འདུག ངའི་ཨ་མ་ལགས་བུ་བཅོལ་ཁང་གི་མ་མའི་ལས་ཀ་བྱེད་ཀྱི་ཡོད། ཨ་མས་ཉིན་ལྟར་བུ་བཅོལ་ཁང་དུ་འགྲོ་ནས་ཕྲུ་གུ་ཆུང་ཆུང་ཚོ་མ་འོངས་བོད་ཀྱི་སོན་རྩ་རེད་ཟེར་ནས་གཅེས་སྐྱོང་ཧ་ཅང་ཡག་པོ་བྱེད་ཀྱི་ཡོད། ཨ་མ་ལ་གླ་ཆ་ཞེ་དྲག་མེད་ཀྱང་ང་ལ་གང་དགོས་པ་ཚང་མ་ཨ་མས་ཉོས་ནས་སྤྲོད་ཀྱི་ཡོད། ངའི་པ་ལགས་ནི་ཁ་ལོ་བ་ཞིག་ཡིན། ཁོང་གིས་ང་ལ་ཧ་ཅང་བྱམས་སྐྱོང་གནང་གི་ཡོད། ང་རང་ཡང་པ་ལགས་དང་ཨ་མ་ལགས་ལ་ཧ་ཅང་བརྩེ་བ་ཡོད། ང་རང་མ་འོངས་པ་ཆེན་པོ་ཆགས་སྐབས་ཕ་མ་ཁོང་གཉིས་སྐྱིད་པོ་ཞིག་གཞག་རྒྱུ་དེ་ངའི་དམིགས་ཡུལ་དང་པོ་དེ་ཡིན། ངའི་ཕ་མའི་ཆེད་དུ་སྙན་ཚིག་ཆུང་ཆུང་ཞིག་བྲིས་ཡོད། ངའི་སྙིང་ནས་བརྩེ་བའི་ཕ་མ་གཉིས།། ཁྱེད་ནི་བདག་ལ་ཤིན་ཏུ་གལ་ཆེ།།ཁྱེད་མེད་ན།། ཉིན་མོ་ནི་ཟླ་བ་ལས་རིང་བ།། ཁེར་རྐྱང་གི་ཚོར་བའི་ཡིད་སེམས་ཞུམ།།ཁྱེད་དང་ང་གཉིས་ཀྱི་བརྩེ་བ་ནི།། དྲི་མེད་ཀྱི་ཙན་དན་བཞིན་ཡིན།།ངས་ཁྱེད་ཀྱི་དཀའ་ངལ་དེ་དག་ནི།། དམར་རྗེན་སེམས་ཀྱི་དབུས་སུ་བཞག་ཡོད།།
ངའི་བརྩེ་བའི་གྲོགས་མོ།
པདྨ་ཚེ་རིང་།འཛིན་རིམ་ལྔ་པ། གོ་པལ་པུར་བོད་ཁྱིམ་སློབ་གྲྭ། ང་ཆུང་དུས་ཕ་མས་གྲོད་ཁོག་ནས་དོན་པའི་སྐབས་སུ་ངས་བུ་མོ་ཆུང་ཆུང་གཅིག་སྨན་ཁང་ནང་མཐོང་བས་ངའི་སེམས་ནང་ཚོར་བ་ཧ་ཅང་སྐྱིད་པོ་ཞིག་བྱུང་སོང་། ངའི་བསམ་བློའི་ནང་མོ་དང་ང་གཉིས་བར་ཚེ་སྔོན་མའི་འབྲེལ་བ་ཧ་ཅང་ཤུགས་ཆེན་པོ་ཞིག་ཡོད་པའི་ཚོར་བ་སྐྱེས་བྱུང་། ང་རང་ལོ་ན་ལྔ་ལ་སླེབ་དུས་ངའི་དྲིན་ཆེན་ཕ་མས་ང་རང་འཇིག་རྟེན་འདིའི་ནང་དཀའ་ངལ་མ་འཕྲད་པའི་ཆེད་དུ་ང་རང་སློབ་གྲྭ་ཞིག་ལ་བཏང་བྱུང་། ང་རང་ཐོག་མར་སློབ་གྲྭ་དེར་སླེབ་དུས་ང་ལ་གྲོགས་མོ་གཅིག་ཀྱང་མེད་པས་ང་རང་བར་གསེང་ལ་ལྟོགས་ཟས་གཅིག་པུ་ཟ་ཡི་ཡོད། ཉིན་ཞིག་ང་སློབ་གྲྭར་རྩེད་མོ་རྩེ་དུས་ང་གཡང་ལ་ཟག་གྲབས་བྱས་སོང་བ་ང་ཞེད་སྣང་སྐྱེས་སོང་། གློ་བུར་དུ་ངའི་ལག་པ་མི་ཞིག་གིས་འཇུས་ཙང་ངས་རྒྱབ་ལ་ལྟ་དུས་བུ་མོ་ཞིག་གིས་ངའི་ལག་པ་འཇུས་ནས་བསྡད་འདུག རྗེས་སུ་ངེད་གཉིས་གྲོགས་མོ་ཧ་ཅང་འཆམ་པོ་ཆགས་པས་ངེད་གཉིས་ཀྱི་བརྩེ་བ་རྡོ་ལ་རི་མོ་བཀོད་པ་ལྟར་ཡོད་པས་སློབ་གྲྭ་ནས་གྲོགས་མོ་ཡག་ཤོས་དེ་རེད། ངའི་མཐོང་སྣང་ལ་མོ་ནི་སྐུ་གཟུགས་རྩ་རི་སྨུག་དང་འདྲ། མདོང་ནི་གངས་ལས་དཀར་བ། སེམས་ནི་སྤྲིན་ལས་དཀར་བའི་བུ་མོ་སྙིང་རྗེ་མོ་ཞིག་ཡོད། མོས་སེམས་ཅན་རྣམས་ཀྱི་ཤ་ཟ་དུས་སྙིང་རྗེའི་ཚིག་རང་བཞིན་འདོན་གྱི་ཡོད། མི་སུ་ཞིག་ཡིན་ཡང་ངེད་གཉིས་ཀྱི་བརྩེ་བ་དེ་བྲལ་ཐུབ་པ་དཀའ་བ་ཡོད། ངེད་གཉིས་བཟའ་མ་ཟ་དུས་དང་ལས་བྱེད་དུས་ཀྱང་མཉམ་དུ་བྱེད་ཀྱི་ཡོད། མོ་ནི་སློབ་སྦྱོང་ཧ་ཅང་ཡག་པོ་ཡོད། ཉིན་ཞིག་ངའི་པ་ལགས་ཀྱིས་ང་ལ། གལ་ཏེ་ཁྱོད་ཀྱིས་ཡིག་ཚད་ཡག་པོ་བཏང་ན། ཁྱེད་རང་སློབ་གྲྭ་གཞན་དུ་གཏོང་གི་ཡིན་གསུངས་པས། ངས་ཡིག་ཚད་ཨང་གཉིས་པ་བླངས་པ་ཡིན། མོས་ཀྱང་ཨང་གསུམ་པ་བླངས་པར་བརྟེན། པ་ལགས་ཀྱིས་ ༢༠༡༩ ལ་ང་རང་གོ་པལ་པུར་བོད་ཁྱིམ་སློབ་གྲྭ་ལ་སློབ་སྦྱོང་སྦྱང་དུ་བཏང་སོང། ངས་མོ་ཧ་ཅང་དྲན་པས་དེ་དུས་ང་ཆུང་ཆུང་ཡིན་ཙང་ངས་མོ་ལ་ཁ་པར་གཏོང་དགོས་བསམས་ནའང་གཏོང་ཐུབ་མ་སོང་། ང་ལ་ཕ་མ་ལའང་ཁ་པར་གཏང་ཡ་རག་གི་མི་འདུག ང་ས་ཆ་ཐག་རིང་ལ་སློབ་སྦྱོང་སྦྱོང་བར་སླེབས་ཡོད། དེ་ནས་རྒྱ་ནག་གི་ན་ཚ་མི་མང་པོ་ལ་འགོས་ཙང་སློབ་གྲྭ་སྒོ་བརྒྱབ་པ་རེད། དེ་ནས་ངས་ཨ་མར་ངའི་གྲོགས་མོ་དེ་ག་པར་ཟེར། ཨ་མས་ཁྱེད་སློབ་གྲྭ་གཞན་ལ་འགྲོ་བ་ལྟར་མོ་ཡང་སློབ་གྲྭ་མ་ན་ལི་ལ་ཕྱིན་པ་རེད། ཅེས་གསུངས་སོང་། ང་རང་སེམས་པ་ཧ་ཅང་སྐྱོ་ནས་མོ་ག་དུས་སླེབས་ཀྱི་རེད་ལབ་པ་ཡིན། མོ་ཟླ་བ་ཁ་ཤས་རྗེས་ལ་སླེབ་ཀྱི་རེད་ཅེས་གསུངས་སོང་། ངས་མོ་ཉིན་མང་པོ་བསྒུགས་ནས་བསྡད་པ་ཡིན། རྗེས་སུ་མོ་སླེབས་འདུག་ཟེར་བའི་གནས་ཚུལ་ཞིག་གོ་བྱུང་བས་ང་ལམ་སང་ནང་ནས་དོན་ནས་རྔན་པ་ཁྱེར་སྟེ་ཧ་ཅང་དགའ་པོའི་ངང་ཕྱིན་པ་ཡིན། ངས་མོའི་ནང་ལ་མགྱོགས་པོ་སོང་ཏེ་མོའི་འགྲམ་ལ་ཕྱིན་པ་ཡིན། ངས་མོའི་ལག་པ་འཐམས་ཏེ་བསྡད་པ་ཡིན། ལམ་སང་ངས་མོ་ལ་ང་ངོ་ཤེས་སོང་ངམ། ཞེས་སྐད་ཆ་དྲིས་པ་ཡིན། ངས་མོ་ལ་ང་ཁྱེད་ཀྱི་ཆུང་དུས་ཀྱི་གྲོགས་མོ་པད་མ་ཡིན། ཞེས་ལབ་པ་ཡིན། མོས་ཁྱེད་སུ་ཡིན་ནམ་ཞེས་ལབ་སོང་། ང་ད་ལྟ་བར་དུ་པད་མ་ཟེར་བ་བུ་མོ་མཐོང་མྱོང་མེད། ཅེས་གསུངས་སོང་། ངའི་སེམས་ལ་རྡོ་ནག་པོ་ཞིག་འཛུལ་བའི་འཚོ་བ་སྐྱེས་ནས་དྭོགས་པ་ཟ་བས་མོས་མིག་ནང་མིག་ཆུ་མང་པོ་འཁོར་ནས་ངས་མོའི་ཨ་ནེ་ལ་ལབ་དུས། ཁོང་གིས་མོ་ད་ལྟ་རི་ལུང་ནས་གོམ་པ་བརྒྱབ་ནས་སླེབས་པ་རེད། ཞེས་གསུངས་སོང་བས་ང་སེམས་པ་ཧ་ཅང་སྐྱོ་ནས་ནང་དུ་མགྱོགས་པོ་སོང་བ་ཡིན། ཨ་མ་ལ་གནས་ཚུལ་ཚང་མ་ལབ་པ་དང་ང་ངུས་ནས་བསྡད་པ་ཡིན། ངའི་བསམ་བློའི་ནང་དུ་སྙིང་ལ་གྲི་ཟུག་པ་ལྟ་བུར་ཚོར་སོང་། རྗེས་སུ་ངས་མོ་ལ་ངའི་མིང་དྲན་པ་གསོ་ཡི་མི་འདུག བོད་ཁྱིམ་གོ་པུར་ལ་ང་ལ་གྲོགས་མོ་གསར་པ་ཞིག་རག་སོང་། མོ་ནི་སློབ་སྦྱོང་ཡག་པོ་དང་སྤྱོད་པ་ཡང་བཟང་པོ་ཡོད། མོའི་མིང་ལ་བསྟན་འཛིན་བདེ་སྐྱིད་རེད་འདུག མོ་ནི་མི་གཞན་ལ་རོགས་པ་བྱ་རྒྱུར་དགའ་པོ་དང་སྙིང་རྗེ་ཆེ་བའི་གྲོགས་མོ་ཞིག་ཡིན། ངས་མོ་མཐོང་མ་ཐག་རང་བཞིན་གྱིས་ཆོས་སྐྱིད་སྒྲོལ་མ་ཟེར་བའི་མིང་དེ་ཁ་ནས་དོན་སོང་། […]
ངའི་སྐྱིད་པའི་ཕ་ཡུལ།
ཟླ་མཛེས་བླ་བྲང་ཆང་ག་ཚང་།འཛིན་རིམ་བཞི་པ། སཾ་བྷོ་ཊ་ཀེ་ལཱཤ་པུ་ར་ཉིན་སློབ། ངའི་ཕ་ཡུལ་བོད་ནི། དཔེ་དེབ་ཀྱི་ནང་དུ་ལྷའི་ཞིང་ཁམས་ཤིག་དང་མཚུངས་ཞེས་བཀོད་འདུག་པ་དང་། ངའི་སྤོ་པོ་ལགས་དང་རྨོ་མོ་ལགས་གཉིས་ཀྱིས་ཞལ་ནས་དེ་བཞིན་འགྲེལ་བརྗོད་སྐྱོན་གནང་གི་འདུག ངས་པར་རིས་ནང་དུའང་དེ་བཞིན་མཐོང་བྱུང་། བོད་དེ་འཛམ་གླིང་ནང་གི་ས་ཆ་མཐོ་ཤོས་ཤིག་གི་ངོས་སུ་ཆགས་པ་གསལ་པོ་རེད་འདུག། བོད་ཀྱི་གནམ་གཤིས་ནི་ཧ་ཅང་གྲང་མོ་དང་ཚལ་རིགས་སོགས་མང་པོ་མེད་པ་གོ་མྱོང་ཡོད། བོད་ཀྱི་ནང་དུ་འཚོ་གནས་བྱེད་པའི་སེམས་ཅན་དང་འགྲོ་བ་མི་ཚོ་ཞི་བདེ་བག་ཕེབས་ངང་གནས་པ་དང་རང་འབྱུང་གཏེར་སྣ་འཛོམས་པའི་རྒྱལ་ཁབ་ཕྱུག་པོ་ཞིག་ཡིན། ང་རང་དཔེ་ཀློག་བྱ་རྒྱུ་ཧ་ཅང་དགའ་པོ་ཡོད། ངས་དཔེ་ཀློག་གི་བརྒྱུད་ནས་བོད་ཀྱི་སྐོར་མང་པོ་ཞིག་ཤེས་སོང་། བོད་ཀྱི་ལུང་པ་ཆགས་སྟངས། བོད་ཀྱི་རྒྱལ་པོ་ཐོག་མའི་འབྱུང་ཚུལ། བོད་དུ་ནང་ཆོས་དར་ཚུལ། འཛམ་གླིང་ནང་གི་རྒྱལ་ཁབ་གཞན་ཚོས་བོད་ཅེས་ཐོས་དུས་སྐྲག་སྣང་དང་འཇིགས་ཚུལ་སོགས་བྱས་ཏེ་སྟོབས་ལྡན་རྒྱལ་ཁབ་ཞིག་ཡིན་པ་དཔེ་དེབ་ནང་བཀོད་འདུག། དེ་ཙམ་མ་ཡིན་པ། ང་རང་བོད་ཀྱི་གནའ་བོའི་ཁ་རྒྱུན་སྒྲུང་གཏམ་བརྒྱུད་ནས་བོད་ཀྱི་ལོ་རྒྱུས་མང་པོ་ཞེ་དྲག་ཉན་མྱོང་ཡོད། རྩོམ་འདིའི་ནང་ངས་ཐོས་པའི་ང་ཚོ་ཕ་ཡུལ་གྱི་གཟི་བརྗིད་རེ་རེ་བཞིན་བརྗོད་འདོད་ཆེན་པོ་བྱུང་། བོད་དེ་ས་ཧ་ཅང་རྒྱ་ཁྱོན་ཆེ་ནའང་། གནས་སྡོད་བྱེད་མཁན་བོད་མི་ཉུང་ཉུང་ལས་མེད། བོད་ཀྱི་རྒྱལ་པོ་ཐོག་མར་ནི་གཉའ་ཁྲི་བཙན་པོ་དང་རྒྱལ་པོ་༤༣ ཕེབས་ཡོད། བོད་ཀྱི་རྒྱལ་པོ་སྐད་གྲགས་ཆེ་ཤོས་ནི། རྒྱལ་པོ་སྲོང་བཙན་སྒམ་པོ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན། རྒྱལ་པོ་ཁྲི་རལ་གསུམ་ཡིན། རྒྱལ་པོ་ཁོང་གསུམ་གྱི་དུས་སུ་བོད་རྒྱལ་ཁབ་དེ་སྐད་གྲགས་ཆེན་པོ་ཡོད། རྒྱལ་པོ་སུམ་ཅུ་སོ་གསུམ་པ་སྲོང་བཙན་སྒམ་པོའི་སྐབས་སུ་བོད་ཡིག་བཟོས་གནང་། ཐོན་མི་སཾ་བྷོ་ཊ་རྒྱ་གར་ལ་ཕེབས་ནས་བོད་ཡིག་བཟོས་ཏེ་ང་ཚོའི་བོད་ཡིག་ཅེས་པ་དེ་བྱུང་བ་རེད། ང་ཚོའི་བོད་ཀྱི་རྒྱལ་པོ་ཚོ་གཟི་བརྗིད་ཆེ་བས། རྒྱལ་ཁབ་གཞན་གྱི་རྒྱལ་པོ་ཚོའི་རང་གི་སྲས་མོ་རྣམས་གནའ་མར་སྤྲད་པ་སོགས་བྱུང་མྱོང་བའི་ལོ་རྒྱུས་ཡོད། དཔེར་ན། རྒྱ་ས་ཀོང་ཇོ། བལ་ས་ཁྲི་བཙུན་སོགས་མང་པོ་བྱུང་ཡོད། བོད་ཀྱི་ནང་དུ་རྩ་ཆེ་བའི་ནང་ཆོས་དར་ཁྱབ་ཆེན་པོ་བྱུང་ཡོད། ནང་ཆོས་བྱེད་མཁན་བོད་མི་ཚོའི་བསམ་བློ་འཁྱེར་གསོ་ནི། དངོས་གནས་སྒོ་གསུམ་གྱི་སྤྱོད་པ་བཟང་པོ་དང་དགེ་བ་བསྒྲུབ་རྒྱུ་ལ་སྤྲོ་སྣང་ཆེན་པོ་ཡོད། སེམས་ཅན་གཞན་ལ་འཚེ་བ་བྱས་ན་སྡིག་པའི་ལས་སུ་གྱུར་བ་དང་གཞན་ལ་རོགས་པ་བྱས་ན་དགེ་བའི་ལས་ཤིག་ལ་བརྩི་སྲོལ་ཆེན་པོ་ཡོད། བོད་མི་ཚོའི་གཤིས་ཀ་བཟང་པོ་དང་དྲང་པོ་ཡོད། སྤྱི་ལོ་ ༡༩༥༩ ལོ་ནས་བོད་ནང་ལ་རྒྱ་ནག་གིས་དམག་མི་བཏང་ནས་བོད་ཆ་ཚང་རྒྱ་མིས་བཟས་པ་རེད། ང་རང་ལོ་རྒྱུས་དེ་ཉན་དུས་སེམས་པ་ཧ་ཅང་སྐྱོ་བ་དང་ལྷན་དུ་རྒྱ་མི་རེ་རེ་ལ་དགྲ་ཤ་བླང་རྒྱུའི་བསམ་བློ་འཁོར་མྱོང་ཡོད། རྒྱ་མིས་རང་གི་མི་འབོར་ཚོ་བོད་ནང་དུ་སྐྱིད་པོའི་འཚོ་བ་ཞིག་སྐྱེལ་བཅུག་པའི་ཆེད་དུ་བོད་དེ་བཟས་པ་རེད། རྒྱ་ནག་གིས་བོད་ཀྱི་དགོན་པ་མང་པོ་ཞིག་གཏོར་བཤིག་བཏང་ནས། ང་ཚོའི་དགོན་པ་དང་ལྷ་སྐུ་རྩ་ཆེན་མང་པོ་ཞིག་མཐོང་རྒྱུ་མེད་པ་རྩ་བརླག་བཏང་། ཡིན་ནས། རྒྱ་གར་ལུང་པའི་ནང་བོད་ཀྱི་དགོན་པ། ལྷ་སྐུ། དཔེ་ཆ་མང་པོ་ཞིག་བསྐྱར་གསོ་བྱས་ནས་མཇལ་རྒྱུ་ཡོད། ད་ལྟའི་དུས་སུ། བོད་ནང་དུ་ལྷག་པའི་བོད་མི་ཚོ་ལ་རང་དབང་གང་ཡང་མེད་པ། དཔེར་ན། བོད་ཡིག་མི་སློབ་པ། ནང་ཆོས་བྱེད་མི་ཆོག་པ། རང་གི་རྩ་བའི་བླ་མའི་སྐུ་པར་ཉར་མི་ཆོག་པ། […]
སེམས་བཟང་པོ།
བསྟན་འཛིན་འཛོམས་པ།འཛིན་རིམ་བཞི་པ། སཾ་བྷོ་ཊ་ཀེ་ལཱཤ་པུ་ར་ཉིན་སློབ། ངའི་རྩོམ་གྱི་བརྗོད་གཞི་དེ་ནི། ངའི་ཕ་མ་རྣམ་པ་གཉིས་ཀྱིས། ང་ལ་དུས་རྟག་ཏུ་སློབ་གསོ་སྐྱོན་པའི་ཁྲོད་ལས་སློབ་གསོ་གལ་ཆེན་པོ་ཞིག་ཡིན། དེ་ནི་སེམས་བཟང་པོ་བྱེད་དགོས་གསུངས་པ་དེ་ཡིན། ངའི་ཕ་མ་ཚོ་ནི་ང་ཚོའི་གྲོང་སྔེའི་མི་ཚོ་དང་འཆམ་མཐུན་ཆེ་བ་དང་ཕན་ཚུན་རོགས་པ་སོགས་བྱ་རྒྱུའི་གོམས་གཤིས་བཟང་པོ་ཞིག་ཡོད། ཁོང་ཚོས་ང་ལ་རྒྱུན་དུ་མི་དང་འཆམ་མཐུན་དང་གཞན་ཕན་བྱེད་དགོས་པ་ཡང་ཡང་སློབ་གསོ་གནང་གི་ཡོད་པས། ངའི་བསམ་བློ་ནང་དེ་ནི་གཏན་དུ་འཇགས་པའི་གོམས་གཤིས་ཤིག་ཡིན། ང་རང་སེམས་པ་བཟང་པོ་བྱ་རྒྱུ་དགའ་པོ་ཡོད། ངས་ནང་དུ་ཕ་མ་ཚོའི་ཞལ་ལ་ཉན་པོ་བྱེད་པ་དང་ཁྱིམ་ལས་ཙག་ཙིག་རིགས་ཕ་མ་ཚོ་ལ་རོགས་པ་བྱེད་ཀྱི་ཡོད། ཕ་མས་ཡང་ཡང་དྲན་སྐུལ་བྱེད་མི་དགོས་པའི་སྒོ་ནས། རང་གི་ལས་འགན་རྣམས་དུས་ཐོག་ལ་བྱེད་ཀྱི་ཡོད། དེ་ནི་ངའི་ཕ་མ་ཚོའི་བཀའ་དྲིན་ལས་ཡིན། དེ་འདྲ་སོང་ཙང་། གཙོ་བོ་རང་གི་ཕ་མ་ཚོ་ཐུགས་མི་ཕམ་པ་ཞིག་བཟོ་རྒྱུ་ནི་གལ་ཆེན་པོ་ཞིག་ཡིན། རྒྱུ་མཚན་ནི། ང་ཚོ་ཚང་མ་ཕ་མའི་བྱམས་སྐྱོང་གིས་གསོ་སྐྱོངས་བྱས་པ་རྐྱང་རྐྱང་ཡིན། ཕ་མས་རང་གི་འདོད་པ་ཡོངས་སུ་སྤངས་ནས། ང་ཚོའི་ཆེད་དུ་ཉིན་མཚན་མེད་པར། དཀའ་ལས་བརྒྱབ་ནས། དངུལ་བསོགས་པ་དེ་ཚོ་ང་ཚོའི་ཆེད་དུ་བེད་སྤྱོད་གཏོང་གི་ཡོད། ཕ་མས་ང་ཚོ་དཀའ་ལས་གཅིག་རྐྱང་མྱོང་མི་དགོས་པའི་ཆེད་དུ་དེ་འདྲ་གནང་གི་ཡོད། སེམས་བཟང་པོ་བྱེད་སའི་ཡུལ་དང་པོ་དེ་རང་གི་ཕ་མ་དེ་ཡིན། རང་གི་ཕ་མ་ལ་གུས་ཞབས་དང་བཀའ་དྲིན་ཚོར་ཤེས་མཁན་ཞིག་ཡིན་ན། མི་དེས་མི་ཀུན་ལ་སེམས་བཟང་པོ་བྱེད་ཐུབ་རྒྱུ་ཐེ་ཚོམ་མེད་པ་ཞིག་ཡིན། ང་རང་སློབ་ཕྲུག་ཞིག་གི་ངོས་ནས། སློབ་གྲྭའི་ནང་དུ་རང་གི་སློབ་སྦྱོང་གནང་མཁན་དགེ་ལགས་རྣམས་ལ་སེམས་གཏིང་ནས་གུས་ཞབས་དང་ཁོང་ཚོས་གསུངས་པའི་བཀའ་སློབ་རྣམས་ལ་འབད་བརྩོན་བྱེད་ཀྱི་ཡོད། ང་ཚོའི་སློབ་གྲྭའི་དགེ་ལགས་རྣམས་ནི་སེམས་པ་དཔེ་བཟང་པོ་ཡོད། དགེ་ལགས་ཚོས་སློབ་སྦྱོང་དང་མཉམ་དུ་སྤྱོད་པ་བཟང་པོ་བྱེད་དགོས་པ་གསུང་གི་ཡོད། ཆ་མཚོན་ན། སློབ་གྲོགས་ཕན་ཚུན་འཁྲུག་འཛིང་མི་བྱེད་པ། ཕན་ཚུན་ཅ་ལག་གཡར་རེས་བྱེད་པ། གཞན་ལ་ཐུབ་ཚོད་བྱ་རྒྱུ་མེད་པ་སོགས་དྲན་སྐུལ་གནང་གི་ཡོད། དགེ་ལགས་ཀྱིས་གསུང་པ་བཞིན། ངས་སློབ་གྲྭར་སློབ་གྲོགས་ཚོ་དང་འཆམ་མཐུན་དང་ཕན་ཚུན་རོགས་པ་བྱེད་ཀྱི་ཡོད། སློབ་གྲོགས་ཚོ་དང་མཉམ་དུ་འབྲེལ་བ་ཡག་པོ་ཡོད། ངས་སློབ་གྲོགས་ཆུང་བ་ཚོས་འབུ་སྲིན་རིགས་ལ་རྡོག་བཙིར་གཏོང་སྐབས་སུ། ཁོང་ཚོར་བསླབ་བྱ་བརྒྱབ་པའི་སྒོ་ནས་གོམས་གཤིས་བཟང་པོ་ཕྱོགས་ལ་འཁྲིད་ཐབས་བྱེད་བཞིན་ཡོད། སློབ་གྲྭའི་ནང་གི་ཅ་ལག་རྣམས་བདག་ཉར་བྱེད་ཀྱི་ཡོད། འཛིན་ཁང་གི་ཅོག་ཙེའི་དངོས་སུ་ཞ་སྨྱུག་གིས་རི་མོ་བྲིས་པ་སོགས་ངས་བར་གསེང་དུས་སྐབས་འགྱིག་བསུབ་ཀྱིས་གཙང་མ་བཟོ་ཡི་ཡོད། འཛིན་དགེས་ང་ལ་སློབ་མ་ཚང་མའི་མདུན་དུ་སྟོད་བསྔགས་དང་དགའ་ཚོར་ཆེན་པོ་གནང་བྱུང་། དེ་ནི་ངའི་ཕ་མའི་གནང་བའི་བསླབ་བྱ་ཞིག་ཡིན། གཙོ་བོ་ངའི་རྨོ་ལགས་ནི། ཆོས་དད་ཆེན་པོ་ཞིག་ཡོད། ང་དང་གཅེན་མོ་ཚོ་ལ། གཞན་ལ་ཕན་པ་སྒྲུབ་མ་ཐུབ་ནའང་། གནོད་པ་བྱ་རྒྱུ་མེད་པ་དཔེ་དང་སྦྱར་ནས་བསྐྱར་ཟློས་མང་པོ་གནང་གི་ཡོད། ཁོང་གིས་གསུངས་པ་ཙམ་མ་ཡིན་པར། རྨོ་མོས་ང་ཚོས་མཚམས་རེ་ནོར་འཁྲུལ་སོགས་འབྱུང་སྐབས། རྨོ་མོས་བཟོད་སྒོམ་གྱིས་ཁོང་ཁྲོ་དང་བཀའ་བཀྱོན་རིགས་མ་གནང་བའི་སྒོ་ནས་བསླབ་བྱ་མིག་དཔེ་ལྡན་པ་ཞིག་གནང་གི་ཡོད། ངའི་རྨོ་ལགས་ནི། རྨོ་མོ་བློ་རྒྱ་ཡངས་པོ་ཞིག་ཡིན། ངའི་རྨོ་ལགས། ཁྱི་ཟ་མ་མ་རག་པ་ཚོ་ལ་ཟས་ཀྱི་སྦྱིན་པ་ཉིན་ལྟར་གཏོང་གི་ཡོད། […]
ངའི་མ་འོངས་པའི་མི་ཡུལ།
འཁོར་བ་འཇིགའཛིན་རིམ་བཞི་པ། སཾ་བྷོ་ཊ་ཀེ་ལཱཤ་པུ་ར་ཉིན་སློབ། ང་ཚོ་མི་དང་སེམས་ཅན་དུད་འགྲོ་སུ་ཞིག་ཀྱང་གསོན་པོ་གནས་པ་ལ་ཟས་ནི་ཤིན་ཏུ་དགོས་མཁོ་ཆེན་པོ་ཞིག་ཡིན། ང་ཚོ་མི་ཚོས་ཟས་རིགས་མང་པོ་ཞིག་ལོངས་སྤྱོད་བྱེད་ཀྱི་ཡོད། ཟས་རིགས་དེ་ཚོ་གཙོ་བོ་རིགས་གཉིས་ལ་བཞག་ན། ཤ་ཡོད་ཟ་མ་དང་ཤ་མེད་ཟ་མ་གཉིས་ཡིན། ང་ནི་ཤ་ཡོད་ཟ་མ་ལ་དགའ་པོ་ཡོད་དེ། ངས་བདུན་ཕྲག་གཅིག་ནང་ཤ་ཡོད་ཁ་ལག་མང་མཐའ་ལ་ཐེངས་གཉིས་ཟ་ཡི་ཡོད། ངའི་ཤ་ཡོད་ཟ་མ་དགའ་ཤོས་ནི་མཚོ་ལས་བྱུང་བའི་ཤ་རིགས་དེ་ཚོ་ཡིན། ཤ་རིགས་དེ་ཚོ་ནི་བཅུད་ཆེ་བ་དང་ལུས་ལ་ཚིལ་ཞག་མི་རྒྱས་པར། གཟུགས་པོའི་འཕྲོད་བསྟེན་ལ་ཡག་པོ་ཡོད། ང་ནི་ཤ་རིགས་འགའ་ཤས་རྩ་བ་ནས་ཟ་ཡི་མེད། དཔེར་ན། ཕག་ཤ་གཙོ་བོ། ང་རང་ཚལ་རིགས་དང་ཤིང་ཏོག་རིགས་ལའང་དགའ་པོ་མེད་པ་མེད། ངས་ཚལ་རིགས་དང་ཤིང་ཏོག་རིགས་ཀྱང་མང་པོ་ཟ་ཡི་ཡོད། ང་རང་ཆུང་དུས་ནས་ཁ་ལག་གི་རིགས་ལ་དོ་སྣང་རང་བཞིན་གྱི་ཆེན་པོ་ཡོད། དཔེར་ན། ཨ་མ་ལགས་ཀྱིས་ཁྱིམ་དུ་ཟ་མ་བཟོ་སྐབས་སོགས་མཐོང་དུས། ངས་ཁ་ལག་གི་བྲོ་བ་རིགས་ལ་དོ་སྣང་དང་ཟས་རིགས་ཀྱི་ཁྱད་ཆོས་ལ་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད། ངས་དེ་ནི་རང་བཞིན་ལྷན་སྐྱེས་ཀྱི་རྩལ་ཞིག་ལ་ངོས་ལེན་བྱེད་ཀྱི་ཡོད། ང་ལ་ལྡན་པའི་ཁ་ལག་བཟོ་རྩལ་དེ་ནི། ང་རང་མ་འོངས་པ་མ་བྱན་མཁས་པ་ཞིག་བྱེད་འདོད་ཆེན་པོ་ཡོད། མ་བྱན་བྱ་རྒྱུ་དེ་ནི་ཤིན་ཏུ་ནས་ལས་སླ་པོ་ཞིག་ཚོར་གྱི་ཡོད། མ་བྱན་གྱི་ལས་ཀ་དེ་ནི་གཞན་དང་མི་འདྲ་བ་ལས་ཀ་སྤྲོ་བ་ལྡན་པ་ཞིག་ཚོར་གྱིན་ཡིན། ངས་རང་གི་སློབ་སྦྱོང་མཐར་སོན་རྗེས་སུ། མ་བྱན་གྱི་ལས་རིགས་ལ་བཞུགས་འདོད་དེ་དང་པོ་ཡིན། ངས་རང་ཉིད་མ་འོངས་པར་མ་བྱན་ཡོང་བའི་ཆེད་དུ། ད་ལྟ་ནས་རང་ཁྱིམ་དུ་ཟ་མ་ཆུང་ཙག་རིགས་སྦྱོང་བརྡར་བྱེད་བཞིན་ཡོད། ཨ་མ་ལགས་ཀྱིས་ངས་བཟོས་པའི་ཟ་མ་རྣམས་ལ་ཆེད་བསྟོད་མང་པོ་གནང་མྱོང་། དེས་རང་ཉིད་ལ་སེམས་ཤུགས་ཕར་མ་ཞིག་སྟེར་གྱི་འདུག དེ་ཙམ་མ་ཟད། ངས་དྲྭ་ལམ་བརྒྱུད་ནས། འཛམ་གླིང་ནང་གི་མ་བྱན་མཁས་པ་ཚོས་ཞལ་ལག་བཟོ་ཐབས་དང་སྡེར་མའི་ནང་ཚལ་དང་ཤིང་ཏོག་རིགས་གཤོམ་སྟངས་སོགས་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ངས་དེ་ཚོའི་རིགས་རང་ཁྱིམ་དུ་སྦྱོང་བརྡར་ཚུལ་མང་པོ་བྱེད་བཞིན་ཡོད། སྐབས་རེ་ངའི་སྤུན་ཆུང་ཚོས་ཀུ་རེ་དང་སྦྲགས་ནས། ང་ཚོའི་མ་བྱན་ཆེན་པོ་ཞེས་འབོད་གནང་གི་ཡོད། གལ་སྲིད་ངས་མ་འོངས་པ་མ་བྱན་ཞིག་བྱེད་མ་ཐུབ་པའི་དབང་དུ་སོང་ན། ངས་ཚན་རིག་པ་ཞིག་ཆགས་པར་འབད་བརྩོན་བྱེད་ཀྱི་ཡིན། ངའི་དམིགས་ཡུལ་གཉིས་པ་དེ་ནི། ཚན་རིག་པ་ཡིན། ང་རང་ཁ་ལག་བཟོ་རྩལ་ལྡན་པ་དང་ལྷན་དུ་ཨང་རྩིས་དང་ཚན་རིག་སློབ་ཚན་ལ་དགའ་མོས་ཆེན་པོ་ཡོད། ཚན་རིག་དང་ཨང་རྩིས་ནི་ངའི་སློབ་ཚན་ནང་ནས་ལས་སླ་ཤོས་ཤིག་ཡིན། ང་རང་འཛིན་གྲྭའི་ནང་ཨང་རྩིས། ཚན་རིག་གཉིས་ཡག་ཤོས་གྲས་ཡིན། རྒྱུན་དུ་སློབ་ཚན་དེ་གཉིས་ལ་ཨང་འཐོབ་བརྒྱ་ཆའང་མཐོ་བོ་ལོན་གྱིན་ཡོད། ཚན་རིག་དང་ཨང་རྩིས་གཉིས་ནི་ཕན་ཚུན་འབྲེལ་བ་ཆེན་པོ་ཡོད་པའི་སློབ་ཚན་ཞིག་ཡིད། གལ་ཏེ། ང་རང་ཚན་རིག་པ་ཞིག་ཆགས་པ་ཡིན་བཟུང་ན། ངས་རང་གྱི་འཇོན་རྩལ་དང་ནུས་པ་ཡོངས་སུ་སྤྱད་ནས། དེང་དུས་འཛམ་གླིང་ནང་མེད་པའི་གསར་གཏོད་མང་པོ་ཞིག་ལ་བརྩོན་རྒྱུ་ཡིན། ངས་ཐོག་མར། རང་བྱུང་ཁམས་ཀྱི་གོད་ཆགས་རྣམས་ཟློག་ཐུབ་པའི་འཕྲུལ་ཆས་རིགས་འཛུགས་བསྐྲུན་བྱ་རྒྱུ་དང་། དེ་ནས་མི་ཚོ་འཚོ་གནས་ཀྱི་དུས་ཡུན་དེ་ཚེ་རིང་དུ་གཏང་རྒྱུའི་སྔོན་ཁབ་སོགས་གསར་བཟོ་བྱ་རྒྱུ་ཡིན། གསར་གཏོད་ཀྱི་བསམ་པ་དེའི་རིགས་ནི་ང་ཆུང་དུས་ཀྱི་ཀླད་པའི་ནང་འཆར་མྱོང་། […]
ངའི་རྩ་བའི་བླ་མ།
དཀོན་མཆོག་སྐྱབས།འཛིན་རིམ་གསུམ་པ། སཾ་བྷོ་ཊ་ཀེ་ལཱཤ་པུ་ར་ཉིན་སློབ། ངའི་རྩ་བའི་བླ་མ་ནི་༸གོང་ས་མཆོག་ཡིན། ༸གོང་ས་མཆོག་དགུང་ལོ་ ༨༨ རེད། འཛམ་གླིང་འདིའི་མི་ཚང་མས་ཁོང་ལ་གུས་ཞབས་དང་དགའ་མོས་ཡོད། ༸གོང་ས་མཆོག་ནི་ཨ་མདོ་སྟག་མཚེར་ལ་སྐུ་བལྟམས་པ་རེད། ༸གོང་ས་མཆོག་ནི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ཡིན། ༸གོང་ས་མཆོག་ནི་དེང་དུས་ཀྱི་སྟོན་པ་རེད། ༸གོང་ས་མཆོག་འགྲོ་བའི་མགོན་པོ་ཡིན། ༸གོང་ས་མཆོག་ནི་བརྩེ་བའི་བདག་ཉིད་རེད། ༸གོང་ས་མཆོག་ནི་སྤྱན་རས་གཟིགས་དབང་གི་རྣམ་སྤྲུལ་ཡིན། ༸གོང་ས་མཆོག་ནི་སྙིང་རྗེ་བདག་པོ་ཡིན། ༸གོང་ས་མཆོག་ནི་ང་ཚོའི་རེ་བ་ཡིན། ༸གོང་ས་མཆོག་ནི་སྐྱབས་གནས་ཀུན་འདུས་ཡིན། ངས་༸གོང་ས་མཆོག་སྐུ་ཚེ་རིང་པོ་གནས་པ་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཡོད། ངའི་སེམས་ནང་ག་དུས་ཡིན་ཡང་༸གོང་ས་མཆོག་སྒོམ་གྱི་ཡོད། ངའི་ཕ་མ་དང་ང་དགོན་པ་ལ་འགྲོ་ན་ངས་དང་ཤོས་༸གོང་ས་མཆོག་ལ་སྨོན་ལམ་རྒྱག་གི་ཡོད། ང་རང་འཚམས་འཚམས་གཉིད་ཁུག་ནས་མཚན་མོར་གཉིད་ལམ་བཏང་ནས་ཞེད་སྣང་སྐྱེ་དུས་༸གོང་ས་མཆོག་སྒོམ་གྱི་ཡོད། ངས་འཚམས་འཚམས་རྨི་ལམ་ནང་༸གོང་ས་མཆོག་མཐོང་གི་འདུག་པས་ཧ་ཅང་དགའ་པོ་འབྱུང་གི་འདུག སྔོན་མ་ང་ ༢༠༡༧ ལ་བོད་ལ་འགྲོ་དུས་༸གོང་ས་མཆོག་བྱིལ་བྱིལ་གནང་སོང་། ང་༸གོང་ས་མཆོག་གི་རི་མོ་འབྲི་བ་ལ་དགའ་པོ་ཡོད། ང་ཚོ་རྡོ་རྗེ་གདན་ལ་འགྲོ་དུས་༸གོང་ས་མཆོག་གིས་བཀའ་སློབ་སྙན་པོ་གསུངས་སོང་། ཁོང་གིས་སེམས་པ་བཟང་པོ་བྱེད་དགོས་པ་དང་ཡ་རབས་བྱེད་དགོས་པ་གསུང་གི་ཡོད། ཁོང་ནི་འཛམ་གླིང་ནང་དུ་ཧ་ཅང་སེམས་དཀར་ཞིང་། ཡག་པ་ཡོད་པས་མི་ཚང་མས་དགའ་པོ་ཡོད། མཉམ་དུ་ངས་༸གོང་ས་མཆོག་ཡི་ལོ་རྒྱུས་དང་ལྟད་མོ་ལྟ་རྒྱུ་དགའ་པོ་ཡོད། ང་ཚོས་༸གོང་ས་མཆོག་གིས་བཀའ་སློབ་ཉན་དགོས་གང་ཡིན་ཟེར་ན། ང་ཚོ་སེམས་བཟང་པོ་དང་། སློབ་སྦྱོང་ཧ་ཅང་ཡག་པོ་བྱ་རྒྱུ། བོད་པའི་རིག་གཞུང་ལ་དོ་སྣང་དང་ཉར་ཚགས་བྱ་རྒྱུ་གལ་ཆེན་པོ་རེད། ང་ཚོ་མི་དཀྱུས་མ་རྣམས་བཟང་སྤྱོད་དང་། ཡ་རབས་གོམས་གཤིས་ལ་ཡར་རྒྱས་འགྲོ་ཡི་རེད། ང་ཚོའི་ཕྲུ་གུ་དེ་ཚོ་མུ་མཐུད་ནས་སློབ་སྦྱོང་སྦྱོང་དགོས། ང་ཚོ་ལ་༸གོང་ས་མཆོག་གལ་ཆེན་པོ་དང་བཀའ་དྲིན་ཆེན་པོ་ཡིན། ༸གོང་ས་མཆོག་གིས་བཀའ་སློབ་གནང་བ་དེ་སེམས་ལ་འཇོག་ནས་ནར་སོན་ན་མི་ཡག་པོ་ཞིག་བྱེད་རྩིས་ཡོད། ངའི་སྙིང་དང་སེམས་ཀྱི་རྨི་ལམ་གང་ཡིན་ན་ཡང་ཚང་མ་ལ་༸གོང་ས་མཆོག་ལ་དགའ་པོ་ཡོད། ༸གོང་ས་མཆོག་གི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་བོད་མི་རྣམས་རྒྱ་གར་ལ་བསྡད་ཡོད། ང་ཚོ་༸གོང་ས་མཆོག་ཀྱི་དགེ་ཕྲུག་ཡིན། གང་ཡིན་ཟེར་ན། ༸གོང་ས་མཆོག་མེད་ན་ང་ཚོ་ཡང་མེད། ༸གོང་ས་མཆོག་སྐུ་ཚེ་རིང་པོ་གནས་པ་ཞིང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་ལམ་ཡོད། ང་ཚོ་གྲོགས་པོ་དང་གྲོགས་མོ། དགེ་རྒན་ཕ་མ་ཡོངས་ནས་༸གོང་ས་མཆོག་སྐུ་ཚེ་ཡུན་རིང་གནས་པ་དང་། ཐུགས་སྐྱིད་པོ་ཡོང་བར་ཤོག བོད་མི་ཚང་མ་༸གོང་ས་མཆོག་ལ་དགའ་པོ་ཡོད་པ་མ་ཟད། བརྩི་བཀུར་བྱེད་ཀྱི་ཡོད། ༸གོང་ས་མཆོག་དགུང་ལོ་ ༩༣ བོད་ལ་སྐྱིད་པའི་ཉི་མ་ཤར་གྱི་རེད། དེ་སྐབས་༸གོང་ས་མཆོག་གི་བསམ་དོན་བཞིན་འགྲུབ་པར་སྨོན་ལམ་ཡོད། ༸གོང་ས་མཆོག་དེ་སྔོན་ཆམ་པ་སྙུང་དུས་བོད་མི་ཚང་མས་སེམས་ཞེ་དྲགས་སྐྱོ་བ་རེད། […]
