སྔོན་གླེང༌།

༄༅། །བོད་མི་རྣམས་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་མ་ཐག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས། བཙན་བྱོལ་བོད་ཕྲུག་རྣམས་ལ་བོད་ཀྱི་མ་འོངས་སོན་རྩར་ངོས་འཛིན་གྱིས་དེ་དག་ལ་ཤེས་ཡོན་སྦྱོར་སྤྲོད་ཀྱིས་ཁོང་ཚོ་ཆོས་སྤྱོད་ཞི་བའི་ས་བོན་དུ་ཐུགས་རེ་དང་གཟིགས་སྐྱོང་ཆེན་པོའི་སྒོ་ནས་ལུང་ཚན་དང༌། ཆོས་ལུགས། རིགས་རུས། ཕོ་མོ། དབུལ་ཕྱུག་སོགས་ཀྱི་དབྱེ་བ་མེད་པར་ཐོག་མར་བོད་ཕྲུག་ལྔ་བཅུ་ལས་གྲུབ་པའི་བཙན་བྱོལ་བོད་མིའི་སློབ་གྲྭ་དང་པོ་དེ་ཕྱི་ལོ་༡༩༦༠ ལོར་མ་སུ་རིར་དབུ་འཛུགས་དང༌། སྐབས་དེའི་ཛ་དྲག་དགོས་མཁོ་དང་གནས་སྟངས་ལ་དགོངས་གཟིགས་ཀྱིས་དགེ་རྒན་འོས་སྦྱོང་གི་ལས་རིམ་གོ་སྒྲིག་དང་ཆབས་ཅིག སློབ་ཚན་གྱི་རྩ་འཛིན་དང་འཆར་གཞི་(Curriculum & Syllabus)གཏན་འབེབས་དངོས་སུ་གནང་མེད་ནའང༌། དགེ་རྒན་ཚོས་སྲོལ་རྒྱུན་གྱི་ལམ་སྲོལ་དང་སློབ་ཕྲུག་གི་དངོས་ཡོད་གནས་བབ་རྨང་གཞིར་བཟུང་སྟེ། བསླབ་གཞི་གྲ་སྒྲིག་གིས་སློབ་ཁྲིད་གནང་ཡོད།

ྋགོང་ས་མཆོག་གིས་མ་འོངས་སྔོན་གཟིགས་ཀྱི་ལམ་སྟོན་གནང་བ་ལྟར་སྐབས་དེར། སྤུས་ཚད་དང་གྲངས་འབོར་གང་ཐད་ནས་ཤེས་ཡོན་ཚད་དང་ལྡན་པ་སྦྱོར་སྤྲོད་བྱས་ཏེ་བོད་ཀྱི་གནའ་བོའི་ལེགས་བྱང་རྣམས་འཛིན་སྤེལ་དང་ཆབས་ཅིག བཙན་བྱོལ་གྱི་གནས་བབ་ལ་གཞིགས་པའི་དེང་དུས་ཀྱི་ཉེར་མཁོའི་ཤེས་ཡོན་ཡང་སྦྱོར་སྤྲོད་ཀྱིས། བོད་རྒྱལ་ཁབ་ཀྱི་འཕྲལ་ཕུགས་གཉིས་ཀའི་མངོན་འདོད་བསྒྲུབ་རྒྱུ་དེ་ཚང་མས་གལ་ཆེན་དུ་ངོས་འཛིན་གཅིག་གྱུར་བྱུང་སྟེ། གཅིག་ནས་ཕྱི་ནང་གི་མཐུན་རྐྱེན་ཞན་པ་དང༌། གཉིས་ནས་ཉམས་མྱོང་དང་ཤེས་ཚད་ཡོད་པའི་མི་སྣ་དཀོན་པར་མ་ལྟོས་པར་སྐབས་དེར་ད་ལྟ་ཚང་མ་ཧ་ལས་དགོས་པའི་གོམ་པ་ཆེན་པོ་སྤོ་ཐུབ་པ་བྱུང་ཡོད།

ཕྱི་ལོ་ ༡༩༦༡ ལོར་སློབ་དེབ་རྩོམ་སྒྲིག་ཚོགས་ཆུང་དང་པོ་ཆེད་འཛུགས་ཀྱིས་འཛིན་གྲྭའི་རིམ་པ་དང་འཚམས་ཤིང་ལམ་ལུགས་དང་མཐུན་པའི་འཛིན་རིམ་དང་པོ་ནས་ལྔ་པ་བར་གྱི་བོད་ཡིག་སློབ་དེབ་ཁག་ལོ་རིམ་བཞིན་རྩོམ་སྒྲིག་དང་བསྐྱར་ཞིབ་གནང་འགོ་བརྩམས། བཙན་བྱོལ་གྱི་དུས་ཡུན་རིང་བོད་མི་ན་གཞོན་རྣམས་ལ་སྤུས་ཚད་ལྡན་ཞིང་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་ཤེས་ཡོན་སྦྱོར་སྤྲོད་སླད་བསླབ་གཞིའི་རྩ་འཛིན་དང་སློབ་དེབ་ལ་དུས་ནས་དུས་སུ་བསྐྱར་ཞིབ་དང་ལེགས་བཅོས་རིམ་ཅན་དུ་གནང་ཡོད། དེ་རྗེས་ཕྱི་ལོ་༡༩༦༨ ལོར་སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་གཉིས་པ་བསྐོ་འཛུགས་ཀྱིས་འཛིན་རིམ་དྲུག་པ་ནས་བཅུ་གཅིག་བར་གྱི་བོད་ཡིག་སློབ་དེབ་རྩོམ་སྒྲིག དེ་རྗེས་ཕྱི་ལོ་༡༩༧༥ ལོར་སྔོན་འགྲོ་ནས་འཛིན་རིམ་དགུ་པ་བར་གྱི་བོད་ཡིག་སློབ་དེབ་ཁག་ལ་བསྐྱར་ཞིབ་དང༌། ལྷག་པར་ཕྱི་ལོ་༡༩༨༣ ལོར་དྷ་སྟེང་བོད་ཁྱིམ་ནས་རྐང་འགན་བཞེས་ཏེ་སྔོན་འགྲོ་ནས་འཛིན་རིམ་ལྔ་པ་བར་གྱི་སློབ་ཚན་ཁག་བོད་ཡིག་ཐོག་ཕབ་བསྒྱུར་གནང་འགོ་བརྩམས་པ་དང་ལྷན་ཕྱི་ལོ་༡༩༨༦ ལོར་སློབ་འཁྲིད་ལག་བསྟར་འགོ་འཛུགས་གནང་སྟེ། ཕྱི་ལོ་༢༠༠༠ ལོ་ནས་གཏན་ཉིན་སློབ་གྲྭ་ཡོངས་སུ་གཞི་རིམ་འཛིན་གྲྭ་ལྔ་པ་བར་གྱི་སློབ་ཚན་ཡོངས་རྫོགས་བོད་ཡིག་བརྒྱུད་ལམ་ཐོག་སློབ་ཁྲིད་ལག་བསྟར་གནང་ཐུབ་པ་བྱུང་ཡོད་པ་བཅས། ད་བར་ཁྱོན་བསྡོམས་བོད་ཡིག་སློབ་དེབ་བསྐྱར་ཞིབ་དང་རྩོམ་སྒྲིག་ཚོགས་ཆུང་ཐེངས་བདུན་དང༌། སྔོན་འགྲོ་དང་གཞི་རིམ་འོག་མའི་སློབ་ཚན་གཞན་གྱི་རྩོམ་སྒྲིག་ཚོགས་ཆུང་ཐེངས་མང་ཆེད་འཛུགས་གནང་ཡོད།

ཕྱི་ལོ་༡༩༩༡ ལོར་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང༌། བྱབྱདོན་དམ་བོད་ཀྱི་གཞི་རྩའི་དགོས་མཁོ་དང་འཚམས་པའི་ཤེས་རིག་གི་སྲིད་བྱུས་ཡང་དག་ཅིག་བཟོ་རྒྱུ་བྱབྱ ཞེས་གསལ་བ་ལྟར། ཕྱི་ལོ་༢༠༠༣ ཟླ་༧ ཚེས་༦ ཉིན་རང་གཞུང་བཀའ་ཤག་ནས་ཆེད་འཛུགས་གནང་བའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ཟིན་བྲིས་ཚོགས་ཆུང་ནས་ཕུལ་བའི་ཟིན་བྲིས་སྔ་རྗེས་ཐོག་ཕྱི་ནང་མཁས་པའི་བགྲོ་གླེང་དང་མང་ཚོགས་ཀྱི་བསམ་འཆར་རྒྱ་ཆེར་བསྡུ་བཞེས་གནང༌། ཕྱི་ལོ་༢༠༠༤ ཟླ་༩ པའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བགྲོ་གླེང་ཟབ་རྒྱས་དང་བཅས་སྤྱི་མོས་ཀྱིས་གཏན་འབེབས་གནང༌།

ཕྱི་ལོ་༢༠༠༥ ལོར་ས་རཱ་བོད་ཀྱི་མཐོ་སློབ་ནས་གསར་དུ་དགེ་འོས་ཐོན་པའི་སློབ་མ་རྣམས་ལ་ཟླ་བ་གསུམ་གྱི་རིང་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་དང་འཚམས་པའི་དམིགས་བསལ་དགེ་རྒན་འོས་སྦྱོང་ཞིག་གོ་སྒྲིག་གནང་བ་དང༌། ལོ་དེའི་ཟླ་ ༡༠ ཚེས་ ༡༠ ཉིན་བཞུགས་སྒར་དྷ་རམ་ས་ལར་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དབུ་འཛུགས་བསྐྱངས་ཏེ་སྔོན་འགྲོ་ནས་འཛིན་རིམ་གསུམ་པ་བར་གྱི་འཕྲལ་སེལ་སློབ་འཁྲིད་རྩ་འཛིན་ཞིག་གཏན་འབེབས་དང་སྦྲགས་སློབ་ཚན་གྱི་རྣམ་གྲངས་དང་དམིགས་ཚད་ལམ་སྟོན་གནང་བ་ལྟར་སློབ་འཁྲིད་ལག་བསྟར་བྱེད་བཞིན་ཡོད།
ད་ཕན་གྱི་ཉམས་མྱོང་དང༌། ལྷག་པར་ཤེས་ཡོན་སྲིད་བྱུས་འདི་ཉིད་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གཞན་ལ་ལག་བསྟར་རྒྱ་སྐྱེད་བྱས་དང་བྱེད་བཞིན་པའི་དགོས་མཁོ་དང༌། ཡང་སྒོས་ཤེས་ཡོན་སྲིད་བྱུས་ཀྱི་དོན་ཚན་དགུ་པའི་དང་པོར་“གཞི་རིམ་གོང་མ་བར་གྱི་སློབ་ཚན་དང་ལས་རིམ་གྱི་ནང་དོན་རྣམས་ཤེས་ཡོན་གྱི་སྲིད་བྱུས་གཞི་བཟུང་གོ་རིམ་དང་འབྲེལ་བ་མཐར་ཆགས་སུ་འགོད་སྒྲིག་གང་ཐུབ་དགོས་རྒྱུ། དེའི་ཆེད་དུ་གཅིག་གྱུར་གྱི་སློབ་འཁྲིད་རྩ་འཛིན་ལས་རིམ་བཟོ་འགོད་ཚོགས་ཆུང་ཞིག་ཆེད་འཛུགས་བྱ་རྒྱུ་” ཞེས་གསལ་བ་བཞིན་ཕྱི་ལོ་ ༢༠༠༦ ཟླ་ ༩ ཚེས་ ༤ ཉིན་བོད་གཞུང་ཤེས་རིག་ལས་ཁུངས་ནས་ཚོགས་མི་བརྒྱད་ལས་གྲུབ་པའི་ཚོགས་ཆུང་ཆེད་འཛུགས་བསྐྱངས་ཏེ། ཕྱི་ལོ་༢༠༠༧ ཟླ་༥ ཚེས་༡༥ ཉིན་ཚོགས་ཆུང་གིས་གཏན་འབེབས་གྲུབ་པའི་རགས་ཟིན་ཤེས་ལས་སུ་ཕུལ་འབྱོར་བྱུང་བར་ཐུགས་ཞིབ་ཀྱིས་དཔལ་ལྡན་བཀའ་ཤག་ལ་གཏན་འབེབས་ཡོང་བའི་རྒྱབ་གཉེར་ཞུས། ཕྱི་ལོ་༢༠༠༨ ཟླ་༤ ཚེས་༣ ཉིན་དཔལ་ལྡན་བཀའ་ཤག་ནས་མཐའ་མའི་གཏན་འབེབས་སྩལ་འཕྲལ། ཤེས་རིག་ལས་ཁུངས་ནས་ “བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་བཞིན་སྔོན་འགྲོ་དང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་”ཞེས་པའི་སྲིད་བྱུས་ཀྱི་ཆ་ལག་གལ་ཆེན་འདི་ཉིད་ཡོངས་ཁྱབ་དྲིལ་བསྒྲགས་དང་འབྲེལ། བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཡོངས་རྫོགས་ཁྲོད་ལག་བསྟར་དགོས་པའི་བཀོད་ཁྱབ་གནང༌། བསླབ་གཞིའི་རྩ་འཛིན་འདི་ཉིད་ཀྱི་ཁ་ཕྱོགས་དང་གཞི་རྩའི་ལྟ་གྲུབ་གཤམ་གསལ།

༡།     མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་དང་ལེགས་བྱང་མི་ཉམས་གོང་སྤེལ།
བསླབ་གཞིའི་རྩ་འཛིན་ནང༌། ངེས་པར་དུ་བོད་ཕྲུག་ཚོས་བོད་ཀྱི་ལེགས་བྱང་དང༌། སྲོལ་རྒྱུན། ནང་དོན་རིག་པ་བཅས་དང༌། དེ་དག་གིས་འཇིག་རྟེན་སྤྱིའི་ཕན་བདེར་ལེགས་སྐྱེས་ཕུལ་དང་འབུལ་འགྱུར་གྱི་ནུས་པ་ངོས་ཟིན་པའི་ཐོག་ནས་རང་ཉིད་བོད་མི་ཞིག་ཡིན་པར་དགའ་སྤོབས་ཀྱི་ཚོར་བ་བསྐྲུན་ཐུབ་པ་ཞིག་དགོས་པར་མ་ཟད། གོ་ལ་ཧྲིལ་པོ་འཆམ་མཐུན་ཡོང་ཐབས་སུ་ཕན་པའི་སྣ་མང་སྤྱི་ཚོགས་(Pluralistic society)དང་དེའི་སྣ་མང་ལེགས་བྱང་ཤེས་རྟོགས་ཐུབ་པའི་ཐབས་ལམ་ངེས་པར་ཚང་དགོས། ད་ལྟའི་དུས་སྐབས་འདིར། བོད་ཀྱི་འདས་པའི་གྲུབ་འབྲས་སྤྱི་དང་ལྷག་པར་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པར་བྱེད་པའི་ནང་དོན་རིག་པའི་ཁྱད་ནུས་ཁག་དམིགས་བཀར་རྩལ་འདོན་དགོས་གལ་ཆེ་ཞིང༌། དེ་བཞིན་བོད་ཀྱི་སྔོན་བྱོན་སྐྱེས་བུ་དམ་པའི་མཛད་པར་ཡི་རང་ཆེ་བསྟོད་དང་སློབ་མ་ཚོར་མིག་དཔེ་བཟང་པོ་བསྐྲུན་ཆེད་བོད་ཀྱི་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་འོས་འཚམས་ཤིག་གཞི་རིམ་སློབ་ཚན་ཁོངས་སུ་འགོད་གལ་ཆེ།

༢།     གོ་ལ་གཅིག་གྱུར་དང་བསླབ་གཞིའི་རྩ་འཛིན།
གུ་ཡངས་དང༌། སྒེར་བདག གོ་ལ་གཅིག་གྱུར་རིང་ལུགས་(Liberalisation, Privatisation, Globalisation)ལག་བསྟར་གྱི་རླུང་འཚུབ་ནི་འཇིག་རྟེན་འདིའི་ཡུལ་གྲུ་མང་པོར་ལྡང་བཞིན་ཡོད་པས། བསླབ་གཞིའི་རྩ་འཛིན་གྱིས་ཀྱང་ཁྲོམ་རའི་དཔལ་འབྱོར་ལམ་ལུགས་ཀྱི་ཚབ་ཏུ་འཇིག་རྟེན་ཡོངས་ཁྱབ་ཀྱི་འདུ་ཤེས་བསྐྲུན་རྒྱུ་གལ་ཆེར་འཛིན་དགོས། གོ་ལ་གཅིག་གྱུར་རིང་ལུགས་དེ་ཡང་ཤེས་ཡོན་བརྒྱུད་སྤྱི་ཚོགས་ཕན་ཚུན་གྱི་འབྲེལ་ལམ་བསྐྱར་མཐུད་ཀྱི་ལག་ཆ་ལྟ་བུར་སྤྱོད་དགོས་པ་སྟེ། དེ་ཉིད་རང་རྒྱུས་རང་ལོན་དང་རང་སྟོབས་རང་སྤེལ་གྱི་ཐོག་ནས་གཞན་ཕན་རོགས་རེས་བྱས་པ་བརྒྱུད་མཉམ་གནས་དང་ཕན་ཚུན་ལྟོས་འབྲེལ་གྱི་རིན་ཐང་ངོ་མ་ཤེས་རྒྱུར་སྤྱོད་དགོས།
བསླབ་གཞིའི་རྩ་འཛིན་ནི་ངེས་པར་དུ་འཇིག་རྟེན་ཡོངས་ཁྱབ་ཀྱི་རིན་ཐང་ངམ་འདུ་ཤེས་ཏེ། དཔེར་ན། བཟོད་སྒོམ་དང༌། བྱམས་བརྩེ། ཕུན་སུམ་ཚོགས་པའི་ལེགས་བྱང་འདྲ་མིན་ཁག་ལ་ཆ་མཐོང་དང་སྐྱེ་འགྲོ་ཀུན་གྱི་བདེ་རྩར་སེམས་ཁུར་བསྐྲུན་རྒྱུ་རྣམས་སྙིང་པོར་འཛིན་པ་ཞིག་དགོས།
གོ་ལ་གཅིག་གྱུར་གྱི་རིང་ལུགས་དང་དེང་རབས་འཕྲུལ་ལས་དར་འཕེལ་ཧ་ཅང་ཆེ་བ་དང་མཉམ་དུ། ཕྱོགས་ཡོངས་ནས་རྒྱལ་ཁབ་ཀྱི་ཡར་རྒྱས་རྒྱུན་གནས་བརྟན་ཚུགས་ཐུབ་པ་དང༌། དེ་བཞིན་གོ་ལ་སྤྱི་ཡོངས་འཆམ་མཐུན་རྒྱུན་བསྲིངས་ཡོང་བའི་ཆ་ལག་ཏུ། སྤྱི་ཚོགས་ལ་འགྱུར་ལྡོག་གཏོང་ནུས་པའི་སློབ་མ་ཚོའི་ཤེས་ཚད་དུས་རབས་ཀྱི་རྗེས་ཟིན་པ་དང༌། འབྲེལ་ཡོད་རིག་ཚན་གྱི་བྱང་ཚད་གོང་སྤེལ་ཆེད། བསླབ་གཞིའི་རྩ་འཛིན་གྱིས་ངེས་པར་དུ་གསར་ཐོན་ཤེས་བྱར་བསྟུན་བསྒྱུར་དང་རིག་ཚན་ཕན་ཚུན་འབྲེལ་བསྟུད་བྱ་བའི་ཤེས་བྱ་དང་གནས་ཚུལ་མཁོ་སྤྲོད་བྱ་རྒྱུར་ཡང་དོ་སྣང་བྱ་དགོས།

༣།     སློབ་ཕྲུག་གི་ཁུར་པོ་ཡང་དུ་གཏོང་བ།
ད་ལྟའི་གནས་སྐབས་སུ། གཞི་རིམ་སློབ་གྲྭའི་སློབ་ཕྲུག་གི་དཔེ་ཁུག་ནང་ལྗིད་ཚད་ཆེ་བའི་དཔེ་དེབ་མང་པོས་བཀང་ཡོད་ཀྱང༌། སློབ་ཕྲུག་དེ་དག་གིས་འཛིན་གྲྭའི་ནང་བསླབས་པའི་སློབ་ཚན་གྱི་རྨང་གཞིའི་གོ་དོན་ཙམ་ཡང་ཡག་པོ་ཞིག་ཤེས་ཀྱི་མེད། དོན་དུ་དཔེ་སྐྲུན་ཁང་གིས་སློབ་གྲྭར་བཙན་ཤེད་ཀྱིས་དཔེ་ཁུག་ཆེ་ཆུང་ཐག་གཅོད་བྱས་པ་ཞིག་རེད། འདིས་སློབ་ཕྲུག་གི་གཟུགས་པོའི་འཚར་ལོངས་ཙམ་དུ་མ་ཟད་ཁྱོན་ཡོངས་ཀྱི་འཚར་ལོངས་དང་ཡར་རྒྱས་ལ་གནོད་སྐྱོན་ཕོག་གི་ཡོད། དེར་བརྟེན་སློབ་ཚན་གྱི་རྩ་འཛིན་ནི་ངེས་པར་དུ་རྣམ་གྲངས་གྱི་ཡལ་ག་ཙམ་སློབ་པ་ནས་ཤེས་བྱའི་རྩ་བ་མཐིལ་ཕྱིན་པར་སློབ་པ་ལ་བསྒྱུར་དགོས། སློབ་ཚན་གྱི་ནང་དོན་རྒྱས་ཤིང་འཚམས་པ་ཞིག་ཡིན་དགོས་ངེས་ཀྱང༌། ཁྱོན་ཡོངས་ནས་གོ་བདེ་རྟོགས་བདེ་བ་ཞིག་ཡིན་དགོས་ཤིང༌། དེ་ཡང་གོང་སྨོས་ལྟར་རྩ་བའི་གནད་འགག་ཁག་ངོ་སྤྲོད་ཐུབ་པ་དགོས། དེ་ལྟར་བྱུང་ན་སློབ་ཁྲིད་ཀྱི་ལས་དོན་དེ་ཉིད་སློབ་མས་ཤེས་བྱའི་རྣམ་གྲངས་སྦྱོང་བ་ནས་སྦྱོང་སྟངས་སྦྱོང་བ(Learn how to learn)ཞིག་ཏུ་འགྱུར་ཐུབ་པར་མ་ཟད། གཞི་རིམ་སློབ་མའི་ཁུར་པོ་ཡང་དུ་གཏོང་བའི་ལམ་ཁ་གསར་པ་ཞིག་ཏུའང་འགྱུར་ངེས་ཡིན།

༤།     བསླབ་གཞིའི་རྩ་འཛིན་དང་ནང་སེམས་ཀྱི་ཡར་རྒྱས།
སློབ་ཚན་གྱི་རྩ་འཛིན་ནི་ངེས་པར་དུ་སློབ་གཉེར་བ་སྒེར་སོ་སོའི་བསམ་པ་དང༌། ཚོར་བ། བྱ་སྤྱོད་རྣམས་ཡར་རྒྱས་དང་དེ་དག་ཕ་རོལ་པོར་གོ་བརྡ་འཁྲུལ་མེད་སྤྲོད་པའི་ནུས་པ་བསྐྱེད་བསྲིང་བྱ་རྒྱུར་ཕན་གྲོགས་སུ་འགྱུར་བ་ཞིག་དགོས། སློབ་ཕྲུག་ཚང་མའི་ཁམས་དང་མོས་པ་སོགས་དང༌། དེ་དག་གི་འཕེལ་རིམ་ཐ་དད་ཡིན་པས། སློབ་ཚན་གྱི་རྩ་འཛིན་ཡང་དེ་དག་ལ་གཞིགས་ཏེ་མིའི་སྤུས་ཚད་དང་རྣམ་དཔྱོད་རྩེ་ཕུད་དུ་སོན་ཐབས་ཤིག་ཏུ་འཆར་འགོད་བྱ་དགོས། འདིས་སློབ་མ་ཚོར་སྦྱང་བྱའི་དོན་དང་རྣམ་གྲངས་མང་པོར་རང་ངོས་ནས་རིགས་བསྒྲེས་ཏེ་ཕྱོགས་ཡོངས་ནས་བསམ་གཞིགས་དང་རྩལ་འདོན་བྱ་རྒྱུའི་ནུས་པ་བསྐྲུན་ཐུབ།

༥།     ཚོར་ཤེས་གྱི་ནུས་པ་གོང་དུ་འཕེལ་ཐབས།
རང་གི་ཉམས་མྱོང་དང༌། འཆར་སྒོ། གསར་བཏོད། རྗེས་དཔག་སོགས་ནི་བསམ་པ་དང༌། དྲན་པ། དཔྱོད་པའི་ནུས་པ་གོང་འཕེལ་ཡོང་རྒྱུར་འབྲེལ་བ་ཆེན་པོ་ཡོད་པའི་ཆ་ནས། མཛེས་དཔྱོད་ཀྱི་ཚོར་ཤེས་(AESTHETIC  SENSE ) སམ་མཛེས་དཔྱོད་རིག་པར་ཡང་སློབ་ཚན་གཞན་དང་གལ་གནད་འདྲ་མཚུངས་སུ་བརྩིས་ཏེ་དོ་སྣང་བྱས་པ་དེས། ཤེས་ཡོན་སློབ་སྤེལ་གྱི་བརྒྱུད་རིམ་དོ་སྙོམས་པོ་ཡོང་བར་ཕན་འབྲས་ཐོན་པ་ཡིན། མཛེས་དཔྱོད་རིག་པ་སློབ་སྤེལ་བྱས་པ་བརྒྱུད་སློབ་གཉེར་བ་ཚོའི་མྱོང་ཚོར་དང་གོ་རྟོགས་གསར་པ་སད་སྨིན་འབྱུང་བའི་མཐུན་རྐྱེན་དུ་འགྱུར་ངེས་ཡིན།

༦།     བསླབ་གཞིའི་རྩ་འཛིན་དང་དགེ་རྒན་གྱི་ལས་འགན།
ད་ཡོད་རང་རེའི་ཤེས་ཡོན་གྱི་སྒྲོམ་གཞིའི་ཁོངས་བསླབ་གཞིའི་རྩ་འཛིན་བཟོ་འགོད་ཀྱི་ལས་རིམ་ནང་དགེ་རྒན་གྱིས་ཐེ་བྱུས་བྱ་ཚད་ནི་ཧ་ཅང་ཉུང་ཉུང་ཡིན། དེར་བརྟེན། ཚོགས་ཆུང་འདིས་ཤེས་རིག་ལས་ཁུངས་ཀྱིས་གཏན་འབེབས་གནང་བའི་བསླབ་གཞིའི་རྩ་འཛིན་གྱི་སྒྲོམ་གཞིའི་འོག འཛིན་གྲྭ་གཞིར་བཞག་པའི་སློབ་ཁྲིད་ཀྱི་ནང་དོན་དང༌། སློབ་ཕྲུག་གཞིར་བཞག་པའི་སློབ་ཁྲིད་ཀྱི་ནང་དོན་ནམ་འཆར་གཞི་བཟོ་འགོད་ཀྱི་ལས་དོན་ནང་དགེ་རྒན་གྱིས་སྤྲོ་སྣང་ཆེན་པོས་ཞུགས་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན། བསླབ་གཞིའི་ནང་དོན་འཆར་འགོད་བྱ་ཚུལ་འདི་ལ་འཇིག་རྟེན་ཡུལ་ཕྱོགས་གང་ས་ནས་དགའ་མོས་ཆེན་པོ་བྱེད་མུས་ཡིན་ཞིང༌། དེའི་ནང་དགེ་རྒན་ལ་ཐེ་བྱུས་བྱེད་བཅུག་པ་དེས། བསླབ་གཞིའི་ནང་དོན་འཆར་འགོད་དང་ལག་བསྟར་བྱེད་པ་པོ་གཙོ་བོ་དགེ་རྒན་རང་ཉིད་ཡིན་པའི་ཚོར་བ་བསྐྲུན་པ་ལ་བརྟེན་ནས་སློབ་ཁྲིད་ཐོག་ཕན་ནུས་ངེས་ཅན་ཞིག་ཐེབས་ངེས་ཡིན། བཙན་བྱོལ་བོད་མིའི་སློབ་གྲྭའི་དགེ་རྒན་རྣམས་ལས་ཀར་མ་ཞུགས་གོང་དང་ཞུགས་རྗེས་སུ་འོས་སྦྱོང་དང་ཟབ་སྦྱོང་ལ་བརྟེན་ནས་ཁྱད་ལས་ཀྱི་ཤེས་ཚད་དང་ལྡན་པར་བྱ་དགོས། དགེ་རྒན་རྣམས་ལ་སློབ་འཁྲིད་ཐབས་ལམ་དང་རྟོག་ཞིབ་བྱེད་ཚུལ་གྱི་སྦྱོང་བརྡར་སྤྲད་པ་བརྒྱུད་འཛིན་ཁང་ནང་རང་ཉིད་ཀྱི་འཁྲིད་བྱའི་སློབ་ཚན་དེའི་ནང་དོན་འཆར་འགོད་བྱེད་མཁན་གྱི་གྲུབ་ཆ་ཞིག་ཏུ་འགྱུར་བར་བྱ་དགོས།

༧།     མི་ཚེ་ཧྲིལ་པོ་སློབ་གཉེར་ལ་གཞོལ་བ།
མི་ཚེ་ཧྲིལ་པོ་སློབ་གཉེར་ལ་གཞོལ་མཁན་ཞིག་ལ་ཆ་བཞག་ན། སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་གཉིས་ཀར་ལོ་ན་རིམ་སོང་བཞིན་སློབ་གཉེར་བར་མཚམས་མེད་པར་བྱ་དགོས་ཤིང༌། དེ་ཡང་མི་ཚེའི་འཕེལ་རིམ་མི་འདྲ་བའི་ཁྲོད་དུ་ལུས་སེམས་སོགས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་བྱ་དགོས། དེར་བརྟེན། བསླབ་གཞིའི་རྩ་འཛིན་བཟོ་འགོད་སྐབས། སྦྱང་གཞིའི་སློབ་ཚན་རྣམས་སྤྱི་ཡོངས་དང་ཆེད་དམིགས་གཉིས་ཐད་ནས་རྩ་བའི་གནད་འགག་མཁོ་སྤྲོད་ཐུབ་ཆེད་འདེམས་སྒྲུག་ཡག་པོ་བྱ་དགོས།
སློབ་སྦྱོང་མཇུག་སྐྱེལ་དང་རིག་སྟོབས་འཕེལ་རྒྱས་ལ་དགོས་ངེས་ཀྱི་སློབ་ཚན་ཚང་མར་འཇུག་པའི་ལྡེ་མིག་ལྟ་བུ་ཡིན་པའི་སློབ་ཚན་དཔེར་ན། གཞི་རིམ་འོག་མའི་འཛིན་གྲྭ་དམའ་རིམ་ཁག་ལ་བོད་ཀྱི་སྐད་ཡིག་དང༌། གཞི་རིམ་འོག་མའི་འཛིན་གྲྭ་མཐོ་རིམ་ཁག་ལ་སྐད་ཡིག་གཞན་ལ་དམིགས་བསལ་གྱིས་ཤུགས་སྣོན་རྒྱག་པ་ལྟ་བུ། བསླབ་གཞིའི་ནང་དོན་དང་རྣམ་གྲངས་འདེམས་སྒྲུག་དང་བཀོད་སྒྲིག་བྱེད་པའི་བརྒྱུད་རིམ་ཁྲོད། དུས་ཐུང་ནང་བེད་མེད་ཆགས་འགྲོ་བའི་ཤེས་བྱའི་གནས་བྱེ་བྲག་པར་དོ་སྣང་ཞིབ་ཕྲ་བྱེད་པ་ནས་སྤྱི་ཡོངས་དང་གཙོ་གནད་ལ་དོ་སྣང་བྱ་རྒྱུར་འཕོ་འགྱུར་གཏོང་དགོས་པ་སྟེ། དེ་ཡང་སྦྱང་བྱའི་སློབ་ཚན་གྱི་སྒྲོམ་གཞི་དང༌། སློབ་ཚན་གྱི་ནང་དོན་གཙོ་གནད། བསླབ་གཞིའི་ནང་དོན་ཞིབ་ཕྲ་འཚོལ་ཐབས་དང་དེར་དགོས་མཁོའི་ལག་ཆ་སྤྱོད་ཚུལ་བཅས་ངོ་སྤྲོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ཚིག་གཞན་གྱིས་བཤད་ན། བསླབ་གཞིའི་རྩ་འཛིན་ནམ་སློབ་ཚན་འཆར་འགོད་བྱེད་སྐབས་དངོས་པོའི་གཤིས་ལུགས་ངོ་མ་རྟོགས་པའི་ཐབས་ལམ་མཁོ་སྤྲོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

༨།    དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་གི་ཤེས་ཡོན།
ཤེས་ཡོན་སྲིད་བྱུས་ནང་ཇི་ལྟར་གསལ་བ་བཞིན། དམིགས་བསལ་དགོས་མཁོ་ཅན་གྱི་སློབ་ཕྲུག་དང་དེ་དག་གི་ཕ་མ་སོགས་ལ་འབྲེལ་ལམ་བསྐྲུན་པ་བརྒྱུད་ཁོང་ཚོའི་དམིགས་བསལ་དགོས་མཁོ་ལ་ངོས་ལེན་ཐུབ་པ་བྱ་རྒྱུ་དང༌། དེར་ཤེས་ཡོན་ལམ་ལུགས་ཀྱིས་འགན་ལེན་ཐུབ་པ་དགོས།
མཉམ་རུབ་བྱེད་པའི་སྤྱི་ཚོགས་ཤིག་བསྐྲུན་པར་ལུས་སེམས་གཉིས་ལ་དམིགས་བསལ་དོ་སྣང་བྱ་དགོས་པའི་ཁར། གང་ཟག་རང་ཉིད་ཚུད་པའི་སྤྱི་ཚོགས་ཁྲོད་ཀྱི་སྐྱེ་བོ་རིགས་འདྲ་མིན་ཚང་མར་རང་རང་གི་དགོས་མཁོ་གཞིར་བཟུང་ཤེས་ཡོན་སྤྲོད་རྒྱུར་དོ་སྣང་བྱ་དགོས་ཤིང༌། ལུས་སེམས་ཀྱི་ནུས་བབ་ཞན་པའི་སྐྱེ་བོ་རྣམས་ལ་གཞི་རིམ་གྱི་ཐོབ་ཐང་དང་བསླབ་གཞིའི་རྩ་འཛིན་གཉིས་ཟུང་འབྲེལ་བྱ་རྒྱུར་དོ་སྣང་བྱ་དགོས།
ཤེས་ཡོན་སྤྲོད་མཁན་ཚོར་སློབ་ཕྲུག་དབང་པོ་རབ་འབྲིང་ཐ་གསུམ་ཚང་མར་དོ་སྣང་བྱེད་དགོས་པའི་ལས་འགན་ཡོད། ཤེས་ཡོན་ནི་མིའི་གསར་གཏོད་ཀྱི་ནུས་པ་གོང་དུ་སྤེལ་བྱེད་ཅིག་ཡིན་པར་ངོས་འཛིན་བྱེད་པའི་ཆ་ནས། ལྷན་སྐྱེས་ཀྱི་ཤེས་རབ་དང་འཇོན་རྩལ་ལྡན་པའི་སློབ་ཕྲུག་རྣམས་ལ་ཡང་དམིགས་བསལ་གྱིས་དོ་སྣང་བྱ་རྒྱུ་གལ་ཆེ། དེར་བརྟེན། བསླབ་གཞིའི་རྩ་འཛིན་བཟོ་འགོད་སྐབས། ཕྱོགས་གཅིག་ནས་སློབ་ཕྲུག་དེ་རིགས་ངོས་འཛིན་དབྱེ་འབྱེད་བྱེད་པ་དང༌། ཕྱོགས་གཞན་ནས་ཤེས་རབ་དང་འཇོན་རྩལ་ཁྱད་པར་བ་ལ་གཞིགས་ནས་དམིགས་བསལ་གྱི་ཤེས་ཡོན་སྤྲོད་རྒྱུར་ཡང་དོ་སྣང་བྱ་དགོས་པ་མ་ཟད། དེ་འདྲའི་རིགས་ལ་ངོས་འཛིན་དང་དོ་སྣང་བྱ་རྒྱུ་དེ་འཛིན་རིམ་དམའ་ས་ནས་བྱེད་ཐུབ་པ་དགོས། ལྷག་པར་དེ་འདྲའི་དམིགས་བསལ་སློབ་ཕྲུག་ངོས་འཛིན་བྱེད་སྟངས་དེ། སྤྱང་གྲུང་ཙམ་མ་ཡིན་པར། མི་གཤིས་དང༌། ཚོར་སྟོབས། བསམ་སྤྱོད་ཀྱི་ནུས་པ་བཅས་ཀྱང་རྟོག་ཞིབ་ཀྱི་གཞི་རྩར་འཛིན་དགོས།

༩།     མི་ཚེ་དོན་ལྡན་དུ་འཁྱོལ་ཐབས།
སྤྱི་ཡོངས་ནས་བཤད་ན། དེང་གི་སློབ་སྦྱོང་སྤྲོད་སྟངས་ལ། སྦྱང་བྱའི་ཤེས་ཡོན་གྱི་རྣམ་གྲངས་དང་སློབ་ཕྲུག་གི་མི་ཚེའི་འཚོ་བ་གཉིས་འབྲེལ་ལམ་དམ་པོ་མེད་པའི་ཞན་ཆ་ཡོད། དེ་ཡང་དཔེར་ན། མི་དགེ་བ་བཅུའམ་དེ་དག་གང་རུང་སྤྱད་པ་ལས་བྱུང་བའི་དཀའ་ངལ་ལ་གདོང་ལེན་དང༌། ལྷ་ཆོས་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་ཉམས་སུ་ལེན་ཚུལ་ཤེས་པ་ལ་བརྟེན་ནས་རང་གི་མི་ཚེ་དོན་ལྡན་དང་སྤྱི་ཚོགས་ཞི་བདེ་ལྡན་པ་ཞིག་སྐྲུན་ཐབས་སོགས་སློབ་ཚན་གྱི་ནང་དགོས་ངེས་ཀྱི་གནས་བབ་ཐོབ་མེད། འདི་འདྲའི་བསླབ་གཞི་བཟང་པོ་རྣམས་སློབ་ཚན་ཡོངས་དང་འབྲེལ་བར་བྱས་ཏེ། རྒྱུན་གཏན་འཚོ་བའི་ཁྲོད་དཀའ་ངལ་ལ་གདོང་ལེན་བྱ་ཚུལ་དང༌། ཤེས་བྱའི་གནད་ལ་རྣམ་པར་དཔྱོད་ཚུལ། གཞན་དང་འབྲེལ་མོལ་བྱ་བའི་ཐབས་རྩལ། རང་ཉིད་ལ་ཡིད་ཆེས། སེམས་ངལ་སེལ་ཐབས། ཐག་གཅོད་བྱེད་ཚུལ། གསར་གཏོད་དང་ཐོན་སྐྱེད་ཀྱི་བསམ་བློ། སྐྱེ་བོ་ནང་ཁུལ་གྱི་འབྲེལ་ལམ། གཞན་ལ་བསམ་ཤེས་བྱེད་ཚུལ་སོགས་ཀྱང་སློབ་སྟོན་བྱ་དགོས། འདི་དག་ནི་མི་ཚེ་དོན་ལྡན་དུ་འཁྱོལ་མིན་གྱི་གཞི་རྩ་ཡིན།
དོན་དངོས་ཐོག སློབ་ཁྲིད་ཀྱི་ནང་དོན་དང་རྣམ་གྲངས་ནི་སློབ་ཕྲུག་ཚོར་ཆུང་དུས་ནས་རང་གི་མི་ཚེ་དོན་ལྡན་ཡོང་བ་དང༌། གཞན་ཕན་ནུས་འདོན་ཐུབ་པའི་མི་ཞིག་གསོ་སྐྱོང་བྱེད་པའི་རྒྱུ་ཆ་མཁོ་འདོན་བྱ་ཐུབ་པ་དགོས་ཤིང༌། གལ་གནད་འདི་ཉིད་ལྟེ་བར་བཟུང་བའི་ཐོག་ནས་སློབ་ཚན་བཀོད་སྒྲིག་དང་འཆར་འགོད་བྱ་དགོས།

༡༠།     བཟང་སྤྱོད་དང་འབྲེལ་བའི་ཤེས་ཡོན།
དེང་དུས་ཀྱི་འཇིག་རྟེན་འདིར་ཡ་རབས་བཟང་སྤྱོད་དང་ནང་སེམས་ཀྱི་གོ་རྟོགས་སྨིན་ཚད་སོགས་ཉམས་ཆག་ཕྱིན་ཏེ། རང་དོན་གཙོ་གཉེར་གྱི་བསམ་བློ་ཕྱོགས་གང་ས་ནས་འཕེལ་བཞིན་པ་མཐོང་ཆོས་སུ་ཡོད། སློབ་གྲྭ་ནི་དེ་འདྲའི་སྣང་ཚུལ་ངན་པའི་ཤུགས་རྐྱེན་མ་ཐེབས་པའི་ལོགས་གནས་གླིང་ཕྲན་ཞིག་མིན་ན་ཡང༌། སློབ་གྲྭ་བརྒྱུད་དེ་སྐྱེ་འགྲོ་རྣམས་གཅིག་ཕན་གཅིག་གྲོགས་ངང་མཉམ་གནས་ཐུབ་བྱེད་ཀྱི་བཟང་སྤྱོད་དང་ནང་སེམས་ཀྱི་གོ་རྟོགས་སླར་གསོ་དང་དར་སྤེལ་གཏོང་ཐུབ་ལ་ངེས་པར་གཏོང་དགོས་པ་ཞིག་ཀྱང་ཡིན། སློབ་གྲྭའི་ཤེས་ཡོན་སློབ་སྦྱོང་བརྒྱུད་སློབ་ཕྲུག་ཚོས་རང་ཉིད་ཀྱི་གནས་སྟངས་དང༌། རང་གི་མི་ཚེའི་དམིགས་ཡུལ་ངོ་མ་གང་ཡིན་ངོ་འཕྲོད་པ་བྱ་དགོས།
སློབ་གྲྭའི་ནང་བསླབ་གཞིའི་རྩ་འཛིན་བརྒྱུད་གོང་གསལ་གྱི་བཟང་པོའི་ཡོན་ཏན་རྣམས་གོང་འཕེལ་གཏོང་ཐུབ་པ་སྟེ། དཔེར་ན། འཆར་ཅན་དང་འཆར་ཅན་མ་ཡིན་པའི་བྱེད་སྒོར་དུས་ཐོག་བཅར་རྒྱུ་དང༌། གཙང་སྦྲ་ལྡན་ཞིང༌། རང་ཚོད་ཟིན་པ། བརྩོན་འགྲུས། བྱམས་སྙིང་རྗེ། གཞན་ཕན། འགན་ཁུར། དོན་གཉེར། གསར་གཏོད། འདྲ་མཉམ་དང་མང་གཙོའི་གོ་རྟོགས། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སོགས་སློབ་གྲྭའི་སློབ་གསོ་ལ་བརྟེན་ནས་གོང་འཕེལ་གཏོང་ཐུབ།

༡༡།     རྟོག་ཞིབ་དང་གདེང་འཇོག
གཞི་རིམ་སློབ་གྲྭའི་སློབ་ཚན་བཀོད་སྒྲིག་དེ། སློབ་ཕྲུག་བྱེ་བྲག་པ་སོ་སོའི་ལུས་སེམས་ཀྱི་འཚར་ལོངས་གཞིར་བཟུང་སྟེ་ཤེས་ཡོན་མཁོ་སྤྲོད་བྱེད་ཐུབ་པ་ཞིག་དགོས། དེ་ཡང་སློབ་ཕྲུག་རྣམས་ཤེས་བྱའི་གནས་ལ་གོ་རྒྱ་གཅོད་པའི་ཤེས་ཡོན་མཁོ་སྤྲོད་བྱེད་པ་ཙམ་མ་ཡིན་པར། ཁོང་ཚོའི་བསམ་སྤྱོད་ཀྱི་ནུས་པ་ཡར་རྒྱས་བཏང་སྟེ་མི་བཟང་པོ་ཞིག་ཏུ་འགྱུར་ཐབས་ཀྱི་ཤེས་ཡོན་མཁོ་སྤྲོད་བྱེད་དགོས། དེ་ལྟ་བུའི་ཤེས་ཡོན་མུ་མཐུད་ཡར་རྒྱས་ལ་ཉེ་བར་མཁོ་བའི་སློབ་ཕྲུག་གི་དངོས་ཡོད་གནས་ཚུལ་ཤེས་རྟོགས་སླད། སློབ་ཕྲུག་གི་ཤེས་ཡོན་གནས་ཚད་ལ་རྟོག་ཞིབ་རྒྱུན་བསྟུད་དུ་བྱ་དགོས།
དེ་དང་ཆབས་ཅིག སློབ་ཕྲུག་ལ་འཕྲད་པའི་དཀའ་གནད་དང་ཞན་ཆ་ངོས་འཛིན་གྱིས་དུས་ཐོག་སེལ་ཐབས་ཀྱི་སློབ་སྟོན་མཁོ་སྤྲོད་བྱ་དགོས་ལ། རྟོག་ཞིབ་ལས་བྱུང་བའི་གནས་ཚུལ་ལ་དུས་ནས་དུས་སུ་དབྱེ་ཞིབ་དང་མཇུག་བསྡོམས་རྒྱག་རྒྱུ་དང༌། རྟོག་ཞིབ་གྲུབ་འབྲས་དེ་ཡང་ཕྱིན་ཆད་ཀྱི་རྟོག་ཞིབ་ལ་དགོས་ངེས་ཀྱི་དཔྱད་གཞིར་བཟུང་སྟེ་སློབ་མའི་གནས་ཚུལ་ལ་ཕྱོགས་མང་ཟུར་མང་དང༌། སྔ་ཕྱི་བབ་འབྲེལ་གྱི་སྒོ་ནས་རྟོག་ཐབས་བྱ་དགོས།
དེ་ལྟའི་མཉམ་ཞུགས་དང་ཕྱི་གསལ་ནང་གསལ་གྱི་རྟོག་ཞིབ་བྱས་པ་བརྒྱུད་སློབ་ཕྲུག་ཚོའི་ཤེས་ཡོན་དོན་གཉེར་གྱི་འདུན་པ་གོང་མཐོར་གཏོང་ཐུབ་པ་མ་ཟད། མི་ཚེ་ཧྲིལ་པོ་སློབ་ལ་གཞོལ་མཁན་ཞིག་ཏུའང་འགྱུར་ཐུབ།
སློབ་ཕྲུག་རྣམས་ཆུང་དུས་ནས་འཇགས་པའི་རྒྱུན་སྲོལ་གྱི་ཡིག་རྒྱུགས་ལམ་སྲོལ་ལ་འཇིགས་སྣང་བྱེད་པ་དེ་མེད་པ་བཟོ་དགོས། དགེ་རྒན་གྱིས་སློབ་མའི་ཕྱི་ནང་ཤེས་ཡོན་གྱི་གནས་ཚད་རྟོག་ཞིབ་བྱ་བའི་འོས་འགན་ཆ་ཚང་འཁུར་དགོས། དེ་ཡང་ཕྱོགས་ཡོངས་ཚད་འཇལ་(Comprehensive evaluation)གྱིས་སློབ་མའི་སྦྱང་བྱའི་སློབ་ཚན་དང་ཟུར་སྦྱོང་རིག་གནས་ཐེ་བའི་ཕྱོགས་ཚང་མའི་ཡར་རྒྱས་འགྲོ་ཚུལ་ལ་བཟང་ཕྱོགས་ནས་བལྟ་བ་དང༌། མི་བཟང་པོ་ཞིག་ཏུ་འགྱུར་བྱེད་ཀྱི་གཤིས་སྤྱོད་དང་འཇོན་ཐང་སོགས་ལ་རྟོག་ཞིབ་ནན་བསྟུད་དུ་བྱ་དགོས།
རྟོག་ཞིབ་ཀྱི་བརྒྱུད་རིམ་རྣམས་གོ་བདེ་སྟབས་བདེ་ཞིག་དགོས་པ་མ་ཟད། ཕ་མ་དང་སྤྱི་ཚོགས་ལ་ཡིད་རྟོན་བཅོས་མིན་གྱིས་ཕྱི་གསལ་ནང་གསལ་བཟོ་དགོས། རྟོག་ཞིབ་ཀྱི་བརྒྱུད་རིམ་ཁྲོད་སློབ་མ་རྣམས་ཕན་ཚུན་འགྲན་བསྡུར་གྱི་ངོ་བོ་སྤོང་གང་ཐུབ་བྱ་དགོས། སློབ་མ་ནང་ཁུལ་འགྲན་བསྡུར་བྱེད་པ་དེས། ཕྲག་དོག་དང་འགྲན་སེམས་སློང་བ་དང༌། འགྲན་སེམས་ནི་འཇིགས་སྣང་དང་ཞེ་སྡང་གི་རྒྱུ་རུའང་འགྱུར་ངེས་པར་བརྟེན། ནང་ཁུལ་འགྲན་བསྡུར་གྱི་རིགས་སྤོང་གང་ཐུབ་བྱ་དགོས། རྟོག་ཞིབ་ཀྱི་མཇུག་འབྲས་ཚང་མ་སློབ་མར་སྐུལ་སློང་བཟང་པོ་ཐེབས་ཐབས་དང༌། དེ་འདྲའི་རྟོག་ཞིབ་ལ་དགའ་མོས་ཡོང་བའི་རྒྱུ་རུ་འགྱུར་ཐུབ་པ་ཞིག་བྱ་དགོས་པ་ལས། བཙན་ཤེད་ཀྱི་བཀའ་བཀོད་དང་ཁུར་པོ་འཕར་མ་ལྟ་བུ་མ་ཆགས་པ་དགོས། དེར་བརྟེན། ཐོག་མ་ཉིད་ནས་སློབ་མ་རྣམས་རིམ་པས་འདི་འདྲའི་ཚད་འཇལ་སྟངས་ལ་གོམས་འདྲིས་དང་དགའ་མོས་ཡོང་བ་ཞིག་བྱེད་དགོས།

༡༢།     ལུས་སྦྱོང་དང་རྩེད་མོ། འཕྲོད་བསྟེན་བཅས་ཀྱི་བསླབ་གཞིའི་རྩ་འཛིན།
སྔོན་འགྲོ་དང་གཞི་རིམ་འོག་མའི་སློབ་ཕྲུག་རྣམས་ལ་ཤེས་ཡོན་སློབ་ཁྲིད་དང་མཉམ་དུ་འཕྲོད་བསྟེན་དང་གཙང་སྦྲ། ལུས་སྟོབས་འཚར་ལོངས་ལ་སྨན་པའི་ལུས་ཀྱི་རྩལ་སྦྱོང་བཅས་ལའང་སློབ་ཚན་གཞན་དང་མཚུངས་པའི་དོ་སྣང་དང་དུས་ཚོད་སྤྲོད་དགོས།
དེ་ཡང་སྔོན་འགྲོའི་སློབ་ཕྲུག་རྣམས་ལ་མོནཊེསཱརིའི་ལམ་སྲོལ་བཞིན་འཛིན་གྲྭའི་ནང་ལུས་པོ་འགུལ་བསྐྱོད་ཀྱི་བྱེད་སྒོ་མང་དུ་ཡོད་སྟབས་སྐབས་དེར་ལུས་སྦྱོང་གི་རྣམ་གཞག་ལོགས་སུ་མི་དགོས་པར་འཚར་ལོངས་དང་མཐོང་རྒྱ། འཕྲོད་བསྟེན་ལ་སྨན་པའི་རྩེད་རིགས་འོས་འཚམས་དང༌། ཉེ་འཁོར་རང་བྱུང་ཁོར་ཡུག་ཏུ་ཁྲིད་ནས་མཐོང་ཐོས་རེག་གསུམ་དངོས་མྱོང་གི་སྒོ་ནས་སློབ་སྤེལ་བྱ་རྒྱུ་དང༌། ལས་རྩོལ་དང་འགྲོ་འཆག་གི་གོ་སྐབས་བཅས་ལུས་སྦྱོང་གི་ཐབས་ལམ་གཙོ་བོར་འཛིན་དགོས།
སྔོན་འགྲོ་དང་གཞི་རིམ་འོག་མའི་སྐབས་སུ་སློབ་ཕྲུག་གི་ཁམས་དང་མོས་པ་ལ་མཐུན་པའི་གནའ་དེང་གི་རྩེད་མོ་ཅི་རིགས་སློབ་སྤེལ་བྱ་རྒྱུ་ཡང༌། གནའ་རབས་བོད་མིའི་གོམས་གཤིས་སུ་ཡོད་པའི་རྩེད་མོའི་རིགས་མི་ཉམས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་གཙོ་འདོན་བྱས་པའི་ཐོག རྣལ་འབྱོར་གྱི་ལུས་གནད་བཅོས་ཚུལ་ཡོག་དང་དབུགས་སྦྱོང་པྲཱཎཱཡཱམ་སོགས་ཀྱི་སྦྱོང་བརྡར་བཀོད་སྒྲིག་བྱ་རྒྱུ་མ་ཟད། འཕྲོད་བསྟེན་ལ་སྨན་པའི་རང་བཞིན་གྱི་སྨན་བཅོས་དང་འབྲེལ་བའི་ཁྲུས་རིགས་དང༌། སྐུ་མཉེ། བྱུག་པ་སོགས་ཀྱང་སློབ་སྤེལ་བྱ་ཆོག
རང་ཉིད་དང་ཁོར་ཡུག་གི་གཙང་སྦྲ་འཕྲོད་བསྟེན་ལ་དོ་སྣང་ཡོང་ཐབས་དང༌། རྒྱུན་གཏན་འཚོ་བ་དང་འབྲེལ་བའི་ལུས་སེམས་དགེ་ལ་སྐུལ་སྟངས། ཟས་ཀྱི་གཡོས་སྦྱོར། མྱོས་འགྱུར་དང་དུག་རྫས་སྤོང་ཚུལ་སོགས་ཟས་སྤྱོད་ཚུལ་ལྡན་ལ་གོམས་འདྲིས་ཡོང་ཐབས་ཀྱི་ཤེས་ཡོན་རྒྱུན་བསྟུད་དུ་སྤྲོད་དགོས།

༡༣།     ཟློས་གར་སློབ་ཁྲིད་ཀྱི་རྩ་འཛིན།
ཟློས་གར་གྱི་སློབ་ཚན་ནི། གླུ་གཞས་དང༌། བྲོ་གར། རོལ་དབྱངས་སོགས་འཁྲབ་སྟོན་སྒྱུ་རྩལ་སྤྱི་ལ་གོ་ཞིང༌། སྔོན་འགྲོ་དང་གཞི་རིམ་འོག་མའི་གནས་སྐབས་སུ་སློབ་ཕྲུག་ཚོའི་ལུས་ཀྱི་འགུལ་བསྐྱོད་དང་དོ་སྙོམས་སྟངས་འཛིན། སྐད་ཡིག་གམ་སྨྲ་བརྗོད་ཀྱི་ངག་རྩལ་ཡར་རྒྱས་སོགས་འཚར་ལོངས་ཀྱི་དགོས་མཁོ་སྤྱི་དང༌། ཁོ་ཚོའི་ཚོར་ཤེས་དང༌། དྲན་འཛིན། མོས་ཁམས་སོགས་ཡར་རྒྱས་སྐྲུན་ཐབས་སུ་དམིགས་ཏེ་སློབ་ཚན་གྱི་ནང་དོན་བཀོད་སྒྲིག་བྱ་དགོས་པ་མ་ཟད། སློབ་ཕྲུག་བྱེ་བྲག་པའི་བག་ལ་ཉལ་བའི་ནུས་པ་ལའང་དམིགས་བསལ་བསམ་གཞིགས་ཀྱིས་སློབ་སྟོན་བྱ་དགོས། རོལ་དབྱངས་དང༌། བྲོ་གར་སོགས་གདམས་གསེས་བྱ་སྐབས་སློབ་ཕྲུག་གི་ལུས་པོའི་འཚར་ལོངས་ལ་དོ་ཕོག་མ་འགྲོ་བར་དམིགས་བསལ་དོ་ཁུར་བྱ་དགོས།

མཇུག་བསྡོམས།
བསླབ་གཞིའི་རྩ་འཛིན་ནི། སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ནུས་པའི་ཤེས་ཡོན་གྱི་སྤུས་ཚད་ཡར་རྒྱས་གཏོང་བྱེད་ཅིག་ཡིན། དེར་བརྟེན། དེ་ནི་འགྱུར་མེད་བརྟན་གནས་ཤིག་མིན་པར་དུས་བསྟུན་འགྱུར་བཅོས་དང་བཅོས་སྒྲིག་བྱ་དགོས་པ་ཞིག་ཡིན། དོན་སྙིང་ལྡན་པའི་བསླབ་གཞིའི་རྩ་འཛིན་ཞིག་ཡིན་ན། ངེས་པར་དུ་སྤྱི་ཚོགས་ཀྱི་གནས་སྟངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་ཐབས་དང༌། སློབ་གཉེར་བའི་དགོས་མཁོ་དང་རེ་འདོད་སྐོང་རྒྱུ་བཅས་ལ་བསམ་གཞིགས་བྱེད་ཐུབ་པ་ཞིག་དགོས། བསླབ་གཞིའི་རྩ་འཛིན་གྱིས་སློབ་ཕྲུག་དང་སྤྱི་ཚོགས་སོགས་ཀྱི་གནས་སྟངས་ཕྱོགས་ཡོངས་ལ་དོ་སྣང་བྱེད་པ་དང་མཉམ་དུ་འབྲེལ་ཡོད་གནད་དོན་བྱེ་བྲག་པ་ལའང་དམིགས་བསལ་བསམ་གཞིགས་བྱ་དགོས་པ་དཔེར་ན། ཁོར་ཡུག་དང༌། ལེགས་བྱང༌། ཁྱིམ་ཚང༌། རྒྱུན་སྲོལ། སེམས་ཚོར། ནང་སེམས་ཀྱི་ཞི་བདེ། ཕུགས་འདུན་སོགས་ཀྱི་དགོས་མཁོ་སྐོང་ཐུབ་པ་མ་ཟད། སྤྱི་ཚོགས་ཀྱི་འཕེལ་འགྲོས་དེ་བཟང་ཕྱོགས་སུ་སྣེ་འཁྲིད་ཐུབ་པ་ཞིག་ཀྱང་དགོས།