སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན།

དང་བོ། མཚན་གྱི་དོན།
གཉིས་པ། གཞུང་གི་དོན།
གསུམ་པ། མཇུག་གི་དོན།
སུམ་ཅུ་པའི་རྣམ་བཤད་ཀུན་བཟང་དགོངས་རྒྱན།

༄༅། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དང་སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཆོས་ཀུན་སྒྲིབ་བྲལ་ཡེ་ཤེས་རང་བཞིན་སྲིད་ཞིའི་གདུང་སེལ་མཁྱེན་པ་སྤྲིན་གྱི་ཕྲེང་ཚོགས་རྒྱ་ཆེན་ལྡན། །ཟབ་དང་རྒྱ་ཆེའི་ལམ་གྱི་རང་བཞིན་འགྲོ་ལ་ཉེར་མཚོན་རྣམ་ཀུན་གསུང་གི་འབྲུག་སྒྲ་ཟབ་མོ་ཅན། །ཕ་མཐའ་བྲལ་བའི་སྙིང་རྗེའི་རླུང་ཤུགས་དྲག་པོས་བསྐྱོད་པའི་ཕན་བདེ་ཟད་པ་མེད་པའི་ཆར་རྒྱུན་གྱིས། །མཐའ་དག་འགྲོ་བའི་ཀུན་བཟོད་རབ་བརླན་མ་ལུས་ལེགས་པའི་མྱུ་གུ་སྤེལ་མཛད་བཅོམ་ལྡན་ཤཱཀྱའི་གཙོ་དེར་འདུད། །

གང་གི་བསྟན་པ་ཉི་མའི་སྣང་བ་ཆེ། །
རྨོངས་པའི་སྨག་ཆེན་གྱིས་ཁྱབ་གངས་ཁྲོད་འདིར། །
ལེགས་པར་འདྲེན་པའི་སྔོན་མེད་ཤིང་རྟ་པ། །
འཇམ་དབྱངས་ཐོན་མིར་དུས་ཀུན་དང་བས་འདུད། །
མཐའ་ཡས་རྒྱལ་བའི་མཁྱེན་བརྩེ་མཛད་པ་ཀུན། །
གཅིག་ཏུ་སྤུངས་པ་གཟུགས་ཅན་བཞིན་གྱུར་པ། །
ཡིད་འོང་མཚམས་སྤྲིན་གསར་བའི་བླ་གོས་ཀྱིས། །
རྣམ་རོལ་ཙོང་ཁ་པ་དེར་སྙིང་ནས་འདུད། །
གང་ཞིག་རྟོགས་ན་གསུང་རབ་ཐམས་ཅད་ལ། །
རབ་འབྱམས་ཤེས་རབ་སྣང་བ་ཀུན་སྟེར་ཞིང༌། །
མཐའ་ཡས་མཁས་པ་དགྱེས་པའི་སྲོལ་བཟང་པོ། །
གངས་ཅན་བརྡའ་སྤྲོད་ཀུན་གྱི་ཕྱི་མོ་མཆོག །
སུམ་རྟགས་ཚིག་འཕྲེང་པད་མའི་ལྟོ་བ་རུ། །
ཟབ་བརླིང་དགོངས་པའི་དྲི་བསུང་ལེགས་འཁྱིལ་བ། །
རབ་གསལ་རྣམ་བཤད་ཉི་ཟེར་བྱེ་བ་བརྒྱས། །
ཕྱེ་བའི་ངོ་མཚར་དགའ་སྟོན་འདིར་སྦྱིན་གྱི། །

རྣམ་དཔྱོད་དད་པའི་འདབ་གཤོག་གདིངས་པ་ཅན། །
དོན་གཉེར་འཕུར་ལྡིང་རྩེ་དགའ་ལྷུར་ལེན་པའི། །
སྐལ་བཟང་རྐང་དྲུག་ལྡན་རྣམས་རོལ་ཅིག་དང༌། །
གསུང་རབ་སྦྲང་རྩིའི་དགའ་སྟོན་ཅི་ཡང་མྱོང༌། །
ཚུལ་འདིར་སྔོན་ནས་མཁས་པའི་ལེགས་བཤད་ཀྱི། །
དགོངས་འགྲེལ་རྒྱས་བསྡུས་མཆན་སོགས་མཐའ་ཡས་མོད། །
འོན་ཀྱང་དམ་པའི་བཀའ་ནན་མ་བཟློག་ཅིང༌། །
རང་ཡང་ཤེས་རབ་འཕེལ་ཕྱིར་འདི་བརྩམ་བྱ། །

དེ་ལ་འདིར་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཐོན་མི་སམྦྷོ་ཊ་ཞེས་གྲགས་པ་གང་དེས། ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐུའི་རིང་ལ་ཡི་གེའི་སྲོལ་བཏོད་ཅིང༌། གསུང་རབ་ཐམས་ཅད་ཀྱི་ཕྱི་མོར་གྱུར་པའི་བརྡའ་སྤྲོད་ཀྱི་གཞུང་རྩོམ་པ་སོགས་ཀྱི་མཛད་པ་དཔག་པར་དཀའ་བས་རྒྱལ་བའི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་ཅིང༌། ད་ལྟའི་བར་དུའང་བྱང་ཕྱོགས་ཀྱི་ཡུལ་གྲུ་མཐའ་དག་ལ་བཀའ་དྲིན་གྱིས་ཁྱབ་པར་མཛད་པ་ནི། མཁས་བླུན་ཀུན་ལ་བསྙོན་པར་མི་ནུས་པར་མངོན་སུམ་གྱིས་གྲུབ་ལ། མཁན་པོ་ཆེན་པོ་འདི་ཉིད་ཀྱིས་མཛད་པའི་བརྡའི་བསྟན་བཅོས་ཆེན་པོ་བརྒྱད་ཡོད་པར་གྲགས་པ་ལས། བསྟན་པ་འཕེལ་འགྲིབ་ཀྱི་དབང་གིས་ཕལ་ཆེར་ཉམས་ཤིང་ད་ལྟ་སུམ་ཅུ་པ་དང༌། རྟགས་ཀྱི་འཇུག་པ་གཉིས་ལས་མེད་པར་གསུངས་པ་བཞིན། ད་ལྟ་དེ་གཉིས་གྲགས་ཆེ་ཞིང་དར་རྒྱས་ཀྱང་ཆེ་བས་མཁས་པ་དུ་མས་ཚིག་དོན་འགྲེལ་བའི་བསྟན་བཅོས་ཀྱང་མཐའ་ཡས་པ་མཛད་མོད། འོན་ཀྱང་མཁན་པོ་འདིའི་གཞུང་ཤིན་ཏུ་མཁོ་བར་མ་ཟད། བཀའ་དྲིན་གཟོ་བའི་སླད་དུའང་ཐོས་སོགས་ཀྱིས་འཇུག་པ་དང་གསལ་བར་བྱ་རིགས་པར་གསུངས་པ་བཞིན། འདིར་ཡང་རང་ཉིད་ལ་ཐོས་སོགས་ཀྱི་ཤེས་རབ་འཕེལ་བ་དང༌། རང་གིས་ཇི་ལྟར་གོ་བའི་དོན། སྐལ་བ་མཉམ་པ་གཞན་དག་ལ་ཡང་གསལ་བར་བྱས་ནས། གཞུང་ལུགས་བཟང་པོ་འདི་ཡུན་དུ་གནས་ཤིང་འཕེལ་ན་ཅི་མ་རུང་སྙམ་པའི་བསམ་པས་ཚིག་དོན་གྱི་ཆ་འགྲེལ་བར་སྤོབས་པ་སྐྱེས་སོ། །
དེས་ན་འདི་ལ་གསུམ་སྟེ། མཚན་གྱི་དོན་དང༌། གཞུང་གི་དོན་དང༌། མཇུག་གི་དོན་ནོ། །
དང་བོ། མཚན་གྱི་དོན།
དང་པོ་མཚན་གྱི་དོན་ནི།

རྒྱ་གར་སྐད་དུ་བྱཱ་ཀ་ར་ཎ་ཏྲིཾ་ཤད་ནཱ་མ།
བོད་སྐད་དུ།
ལུང་སྟོན་པ་སུམ་ཅུ་པ་ཞེས་བྱ་བ།
ཞེས་གསུངས་ཏེ། རྒྱ་གར་ན་སྐད་རིགས་ཆེན་པོ་བཞི་ཡོད་པའི་ལེགས་སྦྱར་གྱི་སྐད་དུ། བྱཱ་སོགས་སོ། །དེ་བོད་གངས་ཅན་གྱི་སྐད་དུ་བསྒྱུར་ན། ལུང་སྟོན་པ་སོགས་སུ་འགྱུར་རོ། །དེ་ལ་བྱཱ་ཀ་ར་ཎ་ནི་ལུང་སྟོན་པའམ་བརྡའ་སྤྲོད་པ་སྟེ། སྒྲའི་མཚན་ཉིད་མིང་ཚིག་ཡི་གེའི་རྣམ་འགྱུར་གྱི་སྒོ་ནས་དོན་ལུང་སྟོན་པའམ་བརྡའ་སྤྲོད་པས་དེ་སྐད་ཅེས་བྱའོ། །ཏྲིཾ་ཤད་ནི་སུམ་ཅུ་པ་སྟེ། ཀཱ་ལི་སུམ་ཅུ་པོའི་སྦྱོར་བ་རྒྱ་ཆེར་སྟོན་པས་བརྗོད་བྱའི་སྒོ་ནས་བཏགས་པའོ། །ནཱ་མ་ནི་ཞེས་བྱ་བ་ཞེས་པ་སྟེ། མིང་དེ་སྐད་ཅེས་བྱའོ། །ཞེས་པའོ། །

འགྱུར་ཕྱག་གི་ཚུལ་དུ།
སྨྲ་བའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །
ཞེས་སྨོས་ཏེ། སྨྲ་བ་ནི་ངག་དང༌། དབང་ཕྱུག་ནི་དབང་འབྱོར་བ་ཡིན་ལ། ངག་གི་རང་བཞིན་ཤེས་བྱའི་ངོ་བོ་དང་རྣམ་པ་མ་ལུས་པ་ཇི་ལྟ་བ་བཞིན་སྨྲ་བ་ལ་ཐོགས་པ་མེད་པར་རང་དབང་དུ་སྤྱོད་པའི་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ་ཞེས་པའོ། །འདིར་ཕྱག་འཚལ་བ་ནི་འདུད་པ་སྟེ། ལུས་དང་ངག་དང་ཡིད་ཉེ་བར་བསྙེན་ཅིང་བཏུད་པ་ཡིན་ལ། དེ་ཡང་ཡིད་ཡོན་ཏན་ལ་དང་བས་ཉེ་བར་ཕྱོགས་པ་དང༌། དེས་ཀུན་ནས་བསླང་སྟེ་ངག་གིས་ཡོན་ཏན་བརྗོད་པ་དང༌། ལུས་ཀྱིས་ཐལ་མོ་སྦྱར་ནས་མགོ་བོ་འདུད་པ་སོགས་ཉེ་བར་བསྙེན་པའི་རྣམ་འགྱུར་སྟོན་པ་སྟེ། མདོར་ན་ལུས་ངག་ཡིད་ཀྱི་ཕྱག་གསུམ་མོ། །གལ་ཏེ་འདི་བོད་ཀྱི་བསྟན་བཅོས་མ་ཡིན་ནམ། ཅི་རྒྱ་འགྱུར་དང་འདྲ་བར་རྒྱ་བོད་ཤན་སྦྱར་བའི་སྐད་ཐོག་མར་སྨོས་པ་དང༌། འགྱུར་ཕྱག་གི་ཚུལ་འདིར་བཀོད་པས་ཅི་ཞིག་བྱ་ཞེ་ན། བདེན་ཏེ། འོན་ཀྱང་མཁན་པོ་འདིས་འཕགས་ཡུལ་དུ་ཐུན་མོང་བའི་རིག་གནས་སོགས་ལ་སྦྱངས་པས་མཁས་པའི་ཕུལ་ཏུ་ཕྱིན་ཏེ། རྒྱ་གར་མཁས་པ་དག་གིས་ཀྱང་འདིའི་སྙན་པ་བརྗོད་པར་གྲགས་པས། རྒྱ་གར་པའི་མཁས་པ་དང་དེས་མཛད་པའི་བསྟན་བཅོས་ཁུངས་དང་ཚད་མར་བྱེད་པ་བཞིན་དུ། མཁན་པོ་འདི་དང་འདིས་མཛད་པའི་བསྟན་བཅོས་ཀྱང་ཚུལ་དེ་དང་མཐུན་པར་ཡིད་ཆེས་པའི་གནས་སུ་གོ་བའི་ཆེད་ཡིན་ནོ། །

གཉིས་པ། གཞུང་གི་དོན།
གཉིས་པ་གཞུང་གི་དོན་ལ། བསྟན་བཅོས་ལ་འཇུག་པའི་སྒོ་དང༌། སྒོ་དེ་དང་ལྡན་པའི་བསྟན་བཅོས་དངོས་བཤད་པ་གཉིས་སོ། །
དང་པོ་བསྟན་བཅོས་ལ་འཇུག་པའི་སྒོ་བཤད་པ་ལ། མཆོད་བརྗོད་དང༌། རྩོམ་པར་དམ་བཅའ་བ་གཉིས་ལས། དང་པོ་དཀོན་མཆོག་ལ་ཕྱག་བྱ་བ་ནི།
གང་ལ་ཡོན་ཏན་མཆོག་མངའ་བའི། །
དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །
ཞེས་གསུངས་ཏེ། གང་ཞེས་བྱ་བ་ནི་སྤྱིའི་སྒྲའོ། །ལ་ཞེས་པ་ནི་བདུན་པ་གནས་གཞིའི་སྒྲའོ། །ཡོན་ཏན་ཞེས་བྱ་བ་ནི། ཕན་ཡོན་ནམ་འབྲས་བུའི་ཁྱད་པར་ལེགས་པའི་མིང་སྟེ། རྒྱུ་ཁྱད་པར་བ་ལས་བྱུང་བའི་མིང་དོན་ཏེ། ཚིག་གི་རྒྱན་ཡང་ཡིན་ནོ། །མངའ་བ་ཞེས་བྱ་བ་ནི། ཡོད་པའམ་ལྡན་པ་ཞེས་པའོ། །འི་ནི་གཞི་མཐུན་གྱི་དྲུག་པའོ། །དཀོན་མཆོག་ནི་འོག་ནས་འཆད་དོ། །དེ་ཞེས་བྱ་བ་ནི། ངེས་གཟུང་གི་སྒྲའོ། །ལ་ཞེས་བྱ་བ་ནི། བཞི་བ་དགོས་ཆེད་ཀྱི་སྒྲའོ། །ཕྱག་འཚལ་བ་ནི་བཤད་ཟིན་ཏོ། །དོན་བསྡུ་ན། དོན་གཉིས་མཐར་ཕྱིན་པ་དང༌། འགོག་ལམ་དང༌། རིགས་གྲོལ་གྱི་ཡོན་ཏན་མངའ་བ་ཞེས་སྨོས་ཏེ། དེ་གང་ལ་མངའ་ཞེས་སྤྱིའི་ཚུལ་དུ་བཀོད་ནས། སྤྱི་ལས་ངེས་པར་བཟུང་བའི་ཕྱིར། དཀོན་མཆོག་དེ་ཞེས་སྨོས་སོ། །ཡོན་ཏན་དེ་གཞན་ལས་ཁྱད་པར་དུ་བྱེད་པའི་ཕྱིར་མཆོག་ཅེས་སྨོས་སོ། །དེས་ན་ཡོན་ཏན་གྱི་ཁྱད་པར་མཆོག་ཏུ་གྱུར་པ་གང་ལ་མངའ་བའི་དཀོན་མཆོག་དེའི་ཆེད་དུ་ཕྱག་འཚལ་ལོ། །ཞེས་པའོ། །དཀོན་མཆོག་གི་དོན་ནི། རྒྱུད་བླ་མ་ལས།
འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །
མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །
རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །
འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །
ཅེས་པ་ལྟར་ཆོས་དྲུག་དང་ལྡན་པས་དཀོན་མཆོག་གོ །འདིར་རྣམ་གླིང་པཎ་ཆེན་གྱིས། གང་ལ་ཞེས་པའི་ལ་ཡིག་ངེས་བཟུང་གི་དོན་ཏེ། འཆད་འགྱུར་དེ་མ་ཐག་པའི་ཡོན་ཏན་རྣམས་དང་ལྡན་པ་དེ་ཉིད་ངོས་བཟུང་བ་དང༌། ཞེས་བཤད་པ་མི་འཐད་དེ། འདིར་མངའ་བ་ཞེས་པ་ཡོད་པའམ་བརྟེན་པའི་དོན་ཡིན་ལ། ཡོན་ཏན་མཆོག་ཡོད་པའམ་བརྟེན་པའི་གཞི། སྤྱིའི་ཚུལ་གྱིས་གང་ཞེས་སྨོས་ཏེ། དེ་ལ་བརྟེན་པར་བརྗོད་པའི་སྒྲ། ལ་ཞེས་སྨྲས་པ་ཡིན་ཞིང༌། སྤྱིའི་ཚུལ་གྱིས་གང་ཞེས་བརྗོད་པ་དེ་ཉིད་དམིགས་ཀྱིས། དཀོན་མཆོག་ལ་བཟུང་བའི་ཆེད་དུ། དེ་ཞེས་པའི་ངེས་བཟུང་གི་སྒྲ་སྦྱར་ཏེ། དཀོན་མཆོག་དེ་ལ་ཞེས་སྨོས་པར་ཚིག་ཉིད་ཀྱིས་གསལ་བའི་ཕྱིར་རོ། །གཞན་དུ་ན། གང་ཞེས་པ་དང༌། ཡོན་ཏན་མཆོག་མངའ་བ་ཞེས་པ་གཉིས་སྦྲེལ་མི་ནུས་ལ། འོག་ནས་དེ་ཞེས་པའི་ངེས་བཟུང་སྨོས་པ་དང་ཟློས་ཤིང༌། དགོས་པ་གཞན་ཡང་མེད་དོ། །

འཇམ་པའི་དབྱངས་ལ་ཕྱག་བྱ་བ་ནི།
གང་གིས་སྒྲ་དབྱངས་གསུངས་པ་ཡི། །
འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
ཞེས་གསུངས་ཏེ། གང་ཞེས་པ་སྤྱིའི་སྒྲ་དང༌། གིས་ཞེས་པ་རྣམ་དབྱེ་གསུམ་པ་བྱེད་པ་དང༌། སྒྲ་དབྱངས་ནི་འདིར་དབྱངས་ཡིག་དང༌། གསུངས་པ་ནི་དབྱངས་ཡིག་ཐོག་མར་གསུངས་པ་སྟེ། འོག་ཏུ་འཆད་དོ། །དེ་ལྟར་སྒྲ་དབྱངས་ཐོག་མར་གསུངས་པའི་བྱ་བ་བྱེད་པ་པོ་གང༌། ཞེས་སྤྱིའི་ཚུལ་གྱིས་སྨོས་པ་དེ་ཉིད་རྣམ་དབྱེ་དྲུག་པ་ཡི་ཞེས་པའི་སྒྲས་ཁྱད་པར་དུ་བྱས་ཏེ་ངོས་བཟུང་བའི་ཕྱིར། འཇམ་པའི་དབྱངས་ཞེས་སྨོས་ཏེ། རྒྱུའི་སྐྱོན་ཆགས་སོགས་བག་ཆགས་དང་བཅས་པ་དང༌། ངོ་བོའི་སྐྱོན་སྒྲ་དང༌། ཡིག་འབྲུ་དང༌། མིང་ཚིག་སོགས་རིམ་པ་བཞིན་དུ་མི་སྙན་པ་དང༌། ཉམས་པ་དང༌། མ་འབྱོར་བ་དང༌། མ་འབྲེལ་བ་སོགས་ཀྱི་རྩུབ་རེག་དང་བྲལ་བས་ན་འཇམ་པའོ། །འཇམ་པ་དེས་ཁྱད་པར་དུ་བྱས་པའི་གསུང་དབྱངས་དང་ལྡན་པས་ན་འཇམ་པའི་དབྱངས་ཏེ། འི་ཞེས་པས་ཁྱད་པར་ཅན་དང་ཁྱད་པར་གཞི་མཐུན་དུ་བསྡུས་པའོ། །ཕྱག་འཚལ་ལོ་ནི་གོང་ལྟར་ཏེ། མདོར་ན། གསུང་བ་པོ་གང་གིས་སྒྲ་དབྱངས་སྔོན་གྱི་དུས་སུ་གསུངས་པར་གྲགས་པའི་འཇམ་པའི་དབྱངས་ལ་ཕྱག་བྱས་པའོ། །

སྒྲའི་ལྷ་ལ་ཕྱག་བྱ་བ་ནི།
གང་གིས་མིང་གཞི་སྔོན་གསུངས་པའི། །
རྟག་ཞི་བ་ལ་ཕྱག་འཚལ་ལོ། །
ཞེས་གསུངས་ཏེ། གཞན་རྣམས་གོང་ལྟར་ལ། མིང་ནི་འོག་ནས་འཆད་དོ། །མིང་གི་གཞི་ནི། མིང་གང་ལས་བྱུང་བའི་གཞི་སྟེ། ཀ་ལ་སོགས་པའོ། །ཇི་ལྟར་ཀ་ལ་སོགས་པའི་ཡི་གེ་ལ་སྔོན་འཇུག་རྗེས་འཇུག་མགོ་འདོགས་སོགས་རྣམ་འགྱུར་བྱས་པ་དང་ཡི་གེ་གཞན་དང་ཕྲད་པ་སོགས་ལས། དོན་གྱི་ངོ་བོ་དང་ཁྱད་པར་སྟོན་པའི་མིང་ཚིག་ལ་སོགས་པ་འབྱུང་བས་ན། ཀ་ལ་སོགས་པ་ལ་མིང་གཞི་ཞེས་སྨོས་སོ། །དེ་ལྟར་གིས་ཞེས་པའི་སྒྲ་སྦྱར་ཏེ། བྱེད་པ་པོ་སྤྱིའི་ཚུལ་གྱིས་གང་ཞེས་སྨོས་པ་དེའི་བྱ་བ་བསྟན་པའི་ཕྱིར། གསུངས་པ་ཞེས་སྨོས་སོ། །བྱ་བ་དེའི་ཁྱད་པར་བསྟན་པའི་ཕྱིར། མིང་གཞི་གསུངས་པ་ཞེས་སྨོས་སོ། །མིང་གཞི་གསུངས་པ་དེ་དུས་ཀྱི་ཁྱད་པར་དང་སྦྱོར་བའི་ཕྱིར་སྔོན་ཞེས་སྨོས་པའོ། །བྱེད་པ་པོ་སྤྱིའི་ཚུལ་གྱིས་གང་ཞེས་སྨོས་པ་དེ་ཉིད་ངོས་བཟུང་བའི་ཕྱིར། འི་ཞེས་དྲུག་པའི་སྒྲས་ཁྱད་པར་དུ་བྱས་ནས། རྟག་ཞི་བ་ཞེས་སྨོས་ཏེ། རྟག་པ་དང་ཞི་བའི་ལུས་གང་ལ་ཡོད་པའི་ཁྱབ་འཇུག་གམ་ཚངས་པའོ། །མདོར་ན་གསུང་བ་པོ་གང་གིས་མིང་གཞིའི་ཡི་གེ་སྔོན་ཏེ་ཐོག་མར་གསུང་བ་པོར་གྲགས་པའི་རྟག་ཞི་བ་ཁྱབ་འཇུག་གམ་ཚངས་པ་ལ་ཕྱག་བྱས་པའོ། །
དེ་ཡང་ཡི་གེ་སྔོན་བྱུང་གི་ལོ་རྒྱུས་ལས།
ཡི་གེ་ཁྱབ་འཇུག་ལྷ་ཡིས་བཀོད། །
འཇམ་དཔལ་དབྱངས་ཀྱིས་ང་རོས་དྲངས། །
ཞེས་གསལ་བྱེད་ཀྱི་ཡི་གེ་ཁྱབ་འཇུག་གིས་ཐོག་མར་བཀོད་པ་དང༌། དབྱངས་ཡིག་འཇམ་དཔལ་དབྱངས་ཀྱིས་ཐོག་མར་མཛད་པར་བཤད་པ་དང༌། སྒྲའི་རིག་བྱེད་ཚངས་པས་ཐོག་མར་བྱས་པ་དང༌། མིང་གཞི་ཀ་ཙ་ཊ་ཏ་པ་ཡ་ཤ་ཧ་རྣམས་སྔོན་དུ་གསུངས་པར་གྲགས་ཤིང༌། བརྒྱ་བྱིན་གྱིས་དེ་ལས་བསྡུས་པའི་ཨིན྄དྲ་བྱཱ་ཀ་ར་ཎ་བྱས་པར་གྲགས་པས་སྔོན་གྱི་དུས་སུ་གསུངས་པ་དང༌། རྟག་ཞི་བ་ཡང་འགྲེལ་བ་སྤྱན་རས་གཟིགས་ཀྱི་བརྟུལ་ཞུགས་སུ། ཚངས་པ་དང་ཁྱབ་འཇུག་གཉིས་ཀ་ལ་རྟག་པ་དང༌། ཞི་བའི་ལུས་ཡོད་པར་བཤད་ཅིང༌། སོ་སོར་འབྲང་མའི་ལྟེ་བསྒྱུར་གྱི་སྐབས་སུ།
དམངས་རིགས་ཕྱིར་ནི་རྟག་ཞི་བ། །
ཁྱབ་འཇུག་ལེགས་པར་བྲི་བར་བྱ། །
ཞེས་ཁྱབ་འཇུག་དང༌། ཚངས་པ་རྟག་ཞི་བ་ཞེས་བསྟན་བཅོས་གཞན་ལས་ཀྱང་མཐོང་བས་ཚངས་པ་ལའང་འཇུག་པ་སོགས་ཀྱི་འཐད་པ་མང་ངོ༌། །
གཞན་དག་ནི་སྤྱན་རས་གཟིགས་དང༌། སངས་རྒྱས་སོགས་ལ་བཤད་པ་མང་ཡང༌། སངས་རྒྱས་ལ་བྱེད་པ་ནི་གོ་རིམ་ལོག་ཅིང་ཟློས་པ་དང༌། དགོས་པ་གཞན་ཡང་མེད་པས་མི་འཐད་ལ། འཇམ་དབྱངས་བྱུང་ན་སྤྱན་རས་གཟིགས་སོགས་ཡོད་དགོས་པའི་ངེས་པ་མེད་ཅིང༌། ཡི་གེའི་བསྡུ་བ་མཛད་པས་ཡི་གེ་གསུང་བ་པོ་ཙམ་དུ་གྲུབ་ཀྱང༌། ཡི་གེའི་ཐོག་མའི་མཛད་པ་པོ་ཡིན་པའི་ཁུངས་དང་ཤེས་བྱེད་དྲངས་པ་སོགས། འགྲེལ་མཛད་རྣམས་ཀྱིས་རྙེད་ན་སྟོན་དགོས་པ་ལས་སུས་ཀྱང་མ་བསྟན་པའི་ཕྱིར་རོ། །

རྣམ་གླིང་པཎ་ཆེན་གྱིས་ཀྱང༌། སངས་རྒྱས་དང༌། ཚངས་པ་དང༌། ཁྱབ་འཇུག་སོགས་ལ་བྱེད་པ་བཀག་ནས། རང་སྡེ་ནང་པའི་ངོར་སྤྱན་རས་གཟིགས་ལ་བྱེད་པ་སྐབས་སུ་བབ་ཅེས་བཤད་མོད། སངས་རྒྱས་ལ་བྱེད་པ་བཀག་པ་ལྟར་ཡིན་ཡང༌། ཚངས་པ་དང་ཁྱབ་འཇུག་ལ་བྱེད་པ་ལ་གནོད་བྱེད་ཡི་གེའི་བསྡུ་བ་མཛད་པ་ཙམ་གྱིས་དེར་ངེས་སོ་སྙམ་ན་མི་འཐད་ཅེས་པ་ཙམ་ལས་གཞན་མ་རྙེད་ཅིང༌། སྤྱན་རས་གཟིགས་ལ་བྱེད་པ་ཡང་རང་གི་འདོད་པ་ཙམ་ལས་ཤེས་བྱེད་གཞན་མ་རྙེད་པས། ཤེས་བྱེད་གང་ཡང་མེད་པས་ཤེས་བྱེད་དུ་མ་དང་ལྡན་པ་སུན་འབྱིན་པ་མི་འཐད་པའི་ཕྱིར་རོ། །སྐབས་འདིར་འགལ་བའང་སྣང་སྟེ། དྲག་པོ་དབང་ཕྱུག་སོགས་ལ་བྱེད་པ་དགོས་པ་ཡང་མ་མཆིས་ཞེས་སྨྲས་ནས། འོག་ཏུ་གཞན་སྡེ་རྣམས་རྗེས་སུ་འཛིན་པའི་ཕྱིར་སོ་སོའི་འདོད་པ་བཞིན་གྱི་ལྷར་འགྲེལ་དགོས་པའི་ཁུངས་སུ། མདོ་སྡེ་ཟ་མ་ཏོག་བཀོད་པའི་རྒྱལ་པོ་ལས། སྔོན་བྱུང་བ་ཞེས་སོགས་ནས། དེ་བཞིན་གཤེགས་པས་འདུལ་བའི་སེམས་ཅན་རྣམས་ལ་ནི། དེ་བཞིན་གཤེགས་པའི་གཟུགས་ཀྱིས་ཆོས་འཆད། དེ་བཞིན་དུ་སྦྱར་ཏེ་རང་སངས་རྒྱས་ཀྱིས། དགྲ་བཅོམ་པས། བྱང་ཆུབ་སེམས་དཔས། དབང་ཕྱུག་ཆེན་པོས། མཐུ་བོ་ཆེས། ཚངས་པས་ཞེས་སོགས་དང་བཅས་དགོས་པ་ཡོད་པར་བསྒྲུབས་པའི་ཕྱིར་རོ། །
འདིར་འཇམ་དབྱངས་དང༌། རྟག་ཞི་བ་གཉིས་མཆོད་བརྗོད་ཀྱི་ཡུལ་དུ་སྨོས་པ་ནི། ཡི་གེའི་ཐོག་མའི་འབྱུང་ཁུངས་གཙོ་ཆེ་བའི་དབང་དུ་བྱས་ནས་དོན་དུ་ན་ཚངས་པ་དང༌། ཁྱབ་འཇུག་སོགས་སྤྱན་རས་གཟིགས་ཀྱི་སྐུ་ལས་བྱུང་བར་གོང་གི་མདོ་དེ་ལས་གསུངས་པ་བཞིན། ལྷ་དེ་དག་ལ་ཕྱི་རོལ་པ་ཁོ་ནས་མ་ཁྱབ་པས་འགལ་བ་མེད་པར་མ་ཟད། གང་ལས་ཡོན་ཏན་གྱི་ཁྱད་པར་བྱུང་བ་དེ་ཉིད་དྲིན་ཆེ་བས་བཀུར་འོས་པ་ཡིན་ནོ། །ཞེས་གཞན་ལ་འདོམས་པའི་ཆེད་དུ་ཡིན་ནོ། །

ཐ་སྙད་སོགས་ཀྱི་རིག་གནས་ལ་བཀའ་དྲིན་ཆེ་བའི་དངོས་བརྒྱུད་ཀྱི་བླ་མ་ལ་ཡང་ཕྱག་བྱ་བ་ནི།
སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང༌། །
བླ་མ་ལ་ཡང་ཕྱག་འཚལ་
ཞེས་གསུངས་ཏེ། འདིར་སྡེབ་སྦྱོར་ནི་རིག་གནས་ཆུང་བ་ལྔའི་ཡ་གྱལ་གྱི་སྡེབ་སྦྱོར་ཁོ་ན་མ་ཡིན་གྱི། ཡི་གེའི་སྦྱོར་བ་ཡིན་ལ། དེ་ཡང་ཡི་གེ་ཕན་ཚུན་རྣམ་དབྱེ་ཚིག་ཕྲད་རྐྱེན་ལ་སོགས་པའི་དབང་གིས་བསྒྱུར་བ་དང༌། དབྱེ་བའི་རྣམ་འགྱུར་གྱི་སྒོ་ནས་སྡེབ་ཅིང་སྦྱོར་བས་སྡེབ་སྦྱོར་ཏེ། སྒྲ་རིག་པ་གཙོ་བོ་དང༌། དེའི་ཤུགས་ཀྱིས་ཚིག་རྒྱན་གྱི་སྦྱོར་བ་སྙན་དངགས་ཀྱི་རིག་གནས་དང༌། ལྕི་ཡང་སོགས་ཀྱི་སྦྱོར་བ་སྡེབ་སྦྱོར་གྱི་རིག་གནས་ཀྱང་བསྡུ་བས། དེ་དག་མཛད་པའི་མཁས་རྣམས་དང༌། སློབ་དཔོན་རང་ཉིད་ལ་དངོས་སུ་བཀའ་དྲིན་ཆེ་བའི་བླ་མ་ལྷ་རིག་པའི་སེང་གེ་དང༌། ཡིག་མཁན་ལེགས་བྱིན་ལ་ཡང་ཕྱག་འཚལ་བའོ། །ཡང་ནི་གོང་གི་དེ་རྣམས་སུ་མ་ཟད་པའོ། །

གཉིས་པ་རྩོམ་པར་དམ་བཅའ་བ་ནི།
ནས། །
བསླབ་པ་ཀུན་གྱི་གཞི་འཛིན་ཅིང༌། །
རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །
མིང་ཚིག་བརྗོད་པ་ཀུན་གྱི་གཞི། །
ཡི་གེའི་སྦྱོར་བ་བཤད་པར་བྱ། །
ཞེས་གསུངས་ཏེ། དེ་ལྟར་ཕྱག་འཚལ་བ་དང་དམ་བཅའ་བ་གཉིས་རྒྱུན་གཅིག་ཏུ་སྦྱོར་ཞིང་བྱ་བའི་གོ་རིམ་སྟོན་པའི་ཕྱིར། ནས་ཞེས་སྨོས་ལ། དེ་ནི་བྱ་བ་གཉིས་བྱེད་པ་པོ་གཅིག་གིས་རིམ་བཞིན་བྱེད་པར་སྟོན་པའི་མཚམས་སྦྱོར་གྱི་སྒྲའོ། །འདིར་དངོས་སུ་བསྟན་པའི་བསླབ་པ་ནི། རྟགས་འཇུག་གི་སྐབས་ནས།
ཉན་ཐོས་རང་རྒྱལ་སངས་རྒྱས་ཀྱི། །
བསླབ་པ་རྣམས་ཀྱང་མེད་པར་འགྱུར། །ཞེས་པ་ལྟར་ཐེག་པ་གསུམ་གྱི་བསླབ་པའོ། །དེ་ཡང་ཚུལ་ཁྲིམས་སམ། ཏིང་ངེ་འཛིན་ནམ། ཤེས་རབ་ཀྱི་བསླབ་པ་གསུམ་ལ་ཚང་བར་འདུ་བས། བསླབ་པ་འདི་གསུམ་ལ་ཡང་དོན་གྱིས་འཐོབ་བོ། །ཀུན་ནི་མང་ཚིག་སྟེ། མཐའ་དག་པ་དང༌། ཕལ་མོ་ཆེའི་དོན་གཉིས་ལ་འཇུག་པ་ལས། འདིར་ནི་མཐའ་དག་པའི་དོན་ནོ། །གྱི་ནི་འབྲེལ་བ་སྟེ། འོག་གི་གཞི་ཞེས་པ་དེ་བསླབ་པ་ཀུན་གྱི་ཡིན་པར་བསྒྲུབས་པའོ། །གཞི་ཞེས་པ་ནི་རྩ་བའམ་རྒྱུའི་དོན་ནོ། །འཛིན་པ་ནི་ཡི་གེའི་སྦྱོར་བས་བསླབ་པ་དེ་ཀུན་གྱི་རྩ་བའམ་རྒྱུ་བྱེད་པའི་དོན་ཏེ། ཡི་གེའི་བྱེད་པ་སྟོན་པའོ། །འོ་ན་ཡི་གེའི་བྱེད་པ་དེར་ཟད་དམ་ཞེ་ན། ཅིང་ཞེས་སྨོས་ཏེ། དེར་མ་ཟད་ཕྱི་རོལ་རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ་ཡང་ཡིན་ནོ། །ཞེས་པའོ། །

དེ་ལ་རིག་བྱེད་ནི་བཞི་སྟེ། མཆོད་སྦྱིན། ངེས་བརྗོད། སྲིད་སྲུང༌། སྙན་ཚིག་གི་རིག་བྱེད་རྣམས་སོ། །དེ་ཡང་མཆོད་སྦྱིན་ནི་མཐོ་རིས་ཀྱི་ཕྱིར་མཆོད་སྦྱིན་བྱེད་པའོ། །ངེས་བརྗོད་ནི་མིང་ཚིག་གི་ངེས་པ་སྒྲུབ་པའི་སྒྲའོ། །སྲིད་སྲུང་ནི་རྒྱལ་སྲིད་ལ་སོགས་པ་སྲུང་བ་དང་སྤེལ་བའོ། །སྙན་ཚིག་ནི་ཚིག་རྒྱན་གྱི་སྦྱོར་བའོ། །དེ་དག་གི་ཚུལ་སྟོན་པའི་གཞུང་ལུགས་ལ་རིག་བྱེད་ཅེས་བྱ་སྟེ། དེ་དག་གི་ངོ་བོ་དང་མཚན་ཉིད་དང༌། བྱེད་ལུགས་ཀྱི་ཐབས་ལ་སོགས་པ་རིག་པར་བྱེད་ཅིང་གོ་བར་བྱེད་པའི་ཕྱིར་རོ། །སྨྲ་བ་ནི་དེ་དག་གི་གཞུང་ལུགས་སྨྲ་བའོ། །རྒྱུ་ནི་སྨྲ་བའི་བྱ་བ་དེའི་རྒྱུའམ་རྩ་བའང་ཡིན་ཞེས་པའོ། །མིང་ནི་ཀ་ལ་སོགས་པའི་ཡི་གེ་འདུས་ནས་དོན་གྱི་ངོ་བོ་ཙམ་བརྗོད་པ། ཀ་བ། བུམ་པ། ལྷ་མི་ཞེས་པ་ལྟ་བུའོ། །ཚིག་ནི་མིང་འདུས་ནས་དོན་གྱི་ཁྱད་པར་བརྗོད་པ། ཀ་བའི་གཟུགས། བུམ་པའི་ལྟོ་བ་ཞེས་པ་ལྟ་བུའོ། །བརྗོད་པ་ནི་ངག་སྟེ། བུམ་པ་ལ་གནས་པའི་ཆུས་ལུས་འཁྲུ་ཞེས་པ་ལྟ་བུ་ཚིག་གི་ཚོགས་པའམ་རྒྱུན་ནོ། །དེ་ཀུན་གྱི་གཞི་ནི། དེ་མཐའ་དག་གི་རྩ་བའམ་རྒྱུའོ། །