སྐས་འཛེག་བཙུགས་པ། སྐད་བརྒྱབ་པ། བསམ་བློ་བཏང་བ། ལོང་གཏམ་བཤད་པ། ཡིད་ཆེས་པ།
ཆོས་དར་གྱི་ཁྱིམ་གྱི་ཉེ་འདབས་སུ་ལྡུམ་ར་ཆེན་པོ་ཞིག་ཡོད་པ་དེའི་ནང་ཤིང་འབྲས་སྡོང་པོ་མང་པོ་ཡོད། ཉིན་ཞིག་ཆོས་དར་གྱིས་ཤིང་འབྲས་སྡོང་པོ་ཞིག་གི་སྟེང་ཀུ་ཤུ་ཡག་པོ་འགའ་ཞིག་ཡོད་པ་མཐོང་རྗེས། ནང་ནས་སྐས་འཛེག་ཅིག་འཁྱེར་འོང་ནས་ལྡུམ་རའི་གྱང་མཐོན་པོ་དེའི་འདབས་སུ་བཙུགས་ནས་ཡར་འཛེགས་རྗེས་སྐས་འཛེག་ཀྱང་ཡར་འཐེན། དེ་ནས་སྐས་འཛེག་གྱང་གི་ནང་ལོགས་སུ་བཙུགས་ཏེ་ལྡུམ་རའི་ནང་མར་བབས། དེ་དུས་ལྡུམ་ར་བ་ཟུར་གདོང་དེ་ནས་ཚུར་ཡོང་བ་དང་སྐབས་ཁེལ་ཏེ། ཆོས་དར་མཐོང་བས་ལྡུམ་ར་བས་”ཁྱེད་རང་ག་རེ་བྱེད་ཀྱི་ཡོད་དམ་” ཞེས་དྲིས། ཆོས་དར་གྱིས་མགྱོགས་མྱུར་ངང་བསམ་བློ་བཏང་རྗེས་ “ངས་ང་རང་གི་སྐས་འཛེགས་འཚོང་གི་ཡོད་” ཟེར།
ལྡུམ་རའི་བདག་པོས་ “རང་གི་སྐས་འཛེག་འཚོང་གི་ཡོད་ཨེ། ལྡུམ་རའི་ནང་མི་གཞན་འདུག་གམ། ཁྱེད་ཀྱི་བསམ་པར་ང་ལོང་གཏམ་འདི་འདྲ་ཞིག་ལ་ཡིད་ཆེས་ཀྱི་རེད་བསམ་གྱི་འདུག་གམ་” ཟེར་བཞིན་རྒྱུག་པ་ཞིག་འཁྱེར་ནས་ཆོས་དར་གྱི་ཕྱོགས་སུ་ཡོང་།
ཆོས་དར་གྱིས་” འདི་ངའི་སྐས་འཛེགས་ཡིན། ངས་ས་ཆ་ག་པར་འཚོང་འདོད་ཀྱང་དེ་གར་འཚོང་གི་རེད། རང་ལ་མ་དགོས་ན་མ་ཉོས་ན་འགྲིག་གི་རེད་” ཟེར་ནས་ཁོ་རང་གི་སྐས་འཛེག་འཁྱེར་ནས་གྱང་འཛེགས་ཏེ་ལོག་སོང་ངོ་། །