བདག་གི་དྲིན་ཆེན་ཕ་མ། དྷ་ཤོད་བོད་ཁྱིམ་ཉིན་སློབ།

བདག་ལ་བྱམས་དང་སྙིང་རྗེས་སྐྱོང་མཁས་པའི་ཕ་མ་རྩེ་གྲ་ཞིག་ཡོད། ངས་འཛམ་བུའི་གླིང་འདིའི་ནང་ཕ་མ་དེ་འདྲ་རྩ་བ་ནས་རྙེད་མི་སྲིད་པ་རེད་ཅེས་བསམ་མྱོང་ཡོད། ང་ཚོའི་ནང་ནི་མཛེས་སྡུག་ལྡན་ཞིང་ལྷིང་འཇགས་ལྡན་པའི་ནོར་བུ་གླིང་ཁ་ཞེས་པའི་གྲོང་གསེབ་ཞིག་གི་ནང་གནས་ཀྱི་ཡོད། གྲོང་གསེབ་དེའི་ནང་ཕ་མ་གཉིས་ཅན་དང་ཡང་ཕ་མ་གཅིག་ཅན་བྱས་པའི་ཁྱིམ་ཚང་མང་པོ་ཡོད། དེའི་ནང་ནས་ངའི་ཁྱིམ་ཚང་ནི་ཕ་མ་གཉིས་ཅན་དང། གཅུང་པོ། ང་རང་བཅས་ནང་མི་བཞི་ཡོད་པའི་ཁྱིམ་ཚང་ཞིག་ཡིན།
ངའི་པ་ལགས་ཀྱི་མཚན་ལ་ངག་ཆུང་ཟེར་ཞིང་ཁོང་ནི་གཟུགས་སྟོབས་ཆེན་པོ་མེད་ལ་ཤ་ཡང་རྒྱགས་པ་མེད། ཁོོོང་དགུང་ལོ་ཆེན་པོ་མིན་ནའང་དབུ་སྐྲ་ཕལ་ཆེ་བ་རྩྭ་ཐང་སྟེང་གངས་བབས་པ་ལྟར་དཀར་ཐིང་ཐིང་ཡོད་པས་བལྟས་པ་ཙམ་གྱིས་མཐོང་སྣང་དོད་པོ་ཡོད། ཁོང་ལ་ད་དུང་གཞུ་ལྟར་འཁྱོག་པའི་མིག་སྤུའི་འོག་ན་ནག་ཅིང་སྒོར་བའི་ཁྲ་རིལ་རིལ་གྱི་མིག་ཟུང་གཉིས་ཡོད་ཅིང་། རྒྱུན་དུ་ང་དང་ངའི་གཅུང་པོའི་ནང་སྦྱོང་དང། ལས་ཀ་བྱེད་སྟངས། ཟ་སྟངས། སྡོད་སྟངས་སོགས་ལ་གཟིགས་རྟོགས་གནང་བཞིན་ཡོད། དེ་ནི་ཁ་ཆེ་ཕ་ལུའི་བསླབ་བྱ་ནང་”ཟ་ལུགས་འགྲོ་ལུགས་སྡོད་ལུགས་གསུམ། དྲིན་ཆེན་ཕ་མའི་བསླབ་བྱ་ཡིན།”ཞེས་ཟེར་བ་ལྟར་རེད།
ཁོང་ནི་གཤིས་ཀ་བཟང་ལ། གཙང་སྦྲ་དོད་པོ། ལས་ཀ་གང་བྱས་ཀྱང་གྲལ་སྒྲིག་པོ་དང་སྤུས་དག་པོ་བྱེད་ཀྱི་ཡོད། བདག་གི་པ་ལགས་བོད་ནང་བཞུགས་སྐབས་སློབ་གྲྭའི་ནང་སློབ་སྦྱོང་དང་གཤིས་སྤྱོད་གང་ཅིར་ཨང་དང་པོ་ཡིན་པ་དང་། རྗེས་སུ་སློབ་གྲྭའི་དགེ་རྒན་ཡང་བྱེད་མྱོང་ཡོད། ད་ལྟ་ང་ཡང་འཛིན་གྲོགས་གཞན་ལས་སློབ་སྦྱོང་གི་སྦྱང་འབྲས་ཅུང་ཡག་ཙམ་ཡོད་པ་དེའང་བཀའ་དྲིན་ཅན་གྱི་པ་ལགས་ཀྱིས་བསླབ་པ་ཡིན་པས་ང་རང་སྤོབས་པ་སྐྱེས་འཇུག་མཁན་གྱི་མི་སྣ་གཙོ་པོ་དེ་ཡང་ངའི་དྲིན་ཅན་པ་ལགས་ཀྱི་བཀའ་དྲིན་ལས་བྱུང་བ་རེད། བྱས་ཙང་། “ཕ་མ་ནི་བུ་ཕྲུག་གི་དགེ་རྒན་དང་པོ་ཡང་ཡིན་”ཟེར་བ་དངོས་གནས་བདེན་པ་རེད་འདུག
ངའི་ཨ་མ་ལགས་ཀྱི་མཚན་ལ་ཟླ་བ་ཟེར་ཞིང་ཁོ་མོ་གཟུགས་སྟོབས་ཆེན་པོ་མེད་ཀྱང་རྒྱགས་ཙམ་ཡོད། ཁོ་མོའི་དབུ་སྐྲ་ནི་ནག་ཅིང་སྣུམ་ལ་དཔུང་པའི་སྟེང་ཤང་ཤང་དུ་གློད་སྐབས་དབུ་སྐྲའི་ཉག་མ་རེ་གཉིས་ཙམ་དཀར་པོ་སྐྱེས་འདུག་པས་དགུང་ལོ་ཆུང་ཆུང་མིན་པ་ཤེས་ཐུབ། ཁོ་མོ་ལ་བྱམས་བརྩེ་ལྡན་པའི་འཛུམ་མདངས་ཤིག་དང་། ངང་རྒྱུད་རིང་བའི་གཤིས་ཀ་བཟང་པོ་ཞིག་ཡོད་པས་ཁྱིམ་མཚེས་ཀུན་དང་མཐུན་པོ་ཡོད། བྱས་ཙང་དྲིན་ཆེན་ཕ་མ་ནི་”བྱམས་བརྩེ་གནང་མཁན་གྱི་དགེ་རྒན་དང་པོ་དེ་རེད་”གསུངས་པའང་བདེན་པ་རེད་འདུག
ཁོ་མོ་བོད་ཡིག་དང་སྐད་ཡིག་གཞན་གྱི་ཐོག་ཡག་པོ་དེ་འདྲ་མེད། རྒྱུ་མཚན་ནི་ཁོ་མོ་བོད་ལ་ས་མ་འབྲོག་ཡིན་པས་སྒོ་ཕྱུགས་སེམས་ཅན་གསོ་སྐྱོང་བྱ་རྒྱུ་དང་ཞིང་ལས་བྱེད་པ་ལས་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་མ་རག་པས་སློབ་སྦྱོང་ཡང་དེ་ཙམ་ཡག་པོ་མེད། ཁོ་མོ་ད་ལྟ་ཚེམ་བུ་བ་ཞིག་ཡིན་པས་ཚེམ་བུ་དང་འབྲེལ་བའི་རྩིས་རྒྱག་རིགས་ལ་ཡག་པོ་ཡོད། དེ་ནི་ཁོ་མོ་རྒྱ་གར་ལ་སླེབས་རྗེས་སྐད་ཡིག་དང་ཨང་རྩིས་སྦྱོང་རྒྱུའི་གོ་སྐབས་རག་པས་རེད།
སོ་སོས་བསམ་བློ་ཡག་པོ་ཞིག་ཐོངས་དང། འཛམ་གླིང་འདིའི་ནང་ནས་ཁྱོད་ལ་བརྩེ་བ་མང་ཤོས་སྤྲོད་མཁན་དེ་སུ་རེད། སོ་སོ་བྱམས་དང་བརྩེ་བས་སྐྱོང་མཁན་དེ་སུ་རེད། ད་ལྟ་བར་ཁྱོད་རང་གསོ་སྐྱོང་བྱེད་མཁན་དེ་སུ་རེད། དེ་འདྲེའི་སྐུ་ངལ་བསྐྱོན་ནས་གསོ་སྐྱོང་གནང་མཁན་ཁྱོད་ཀྱི་ཕ་མ་གཉིས་མ་གཏོགས་གཞན་སུ་ཡོད་དམ།
ཁ་ཆེ་ཕ་ལུའི་བསླབ་བྱའི་ནང་”བཀའ་དྲིན་ཅན་གྱི་ཕ་མ་རྣམ་པ་གཉིས། ན་སོ་རྒས་པ་ད་ལྟ་ཨེ་ཤེས་ལ། དྲིན་ཅན་དྲིན་དུ་བསམ་པ་ཨེ་ཡོད་ལགས། ཁྲེལ་དང་ངོ་ཚ་དགོས་པ་འདི་རུ་རེད།”ཅེས་ཟེར་བ་ལྟར་ཕ་མ་གཉིས་ཀྱི་བཀའ་དྲིན་བསམ་དགོས་པ་ལྟར། ངས་ཕྱིར་དྲན་ཞིག་བྱས་ན་ངའི་ཕ་མ་གཉིས་ཀྱི་བྱམས་བརྩེ་དེ་རྒྱ་མཚོ་ལྟར་རྒྱ་ཆེ་ཞིང་གཏིང་ཟབ་པས་ཚང་མ་དྲན་པར་དཀའ།
འོན་ཀྱང། ང་ཚོར་བྱམས་བརྩེ་ཟེར་བའི་ཚིག་དེ་ཨང་དང་པོ་ཕ་མས་མ་གཏོགས་གཞན་སུས་ཀྱང་བསླབས་གནང་མེད། “ང་ཚོ་མི་ཚང་མར་ཕ་མས་བྱམས་སྐྱོང་གནང་མེད་ན། སྐྱེས་པའི་ཉིན་དེ་རང་ལ་འཆི་རྒྱུ་རེད། ང་ཚོ་འཚོ་ཐུབ་ཀྱི་མ་རེད།” ཅེས་༸གོང་ས་མཆོག་གིས་གསུངས་ཡོད། ང་རང་དེ་རིང་གི་བར་བདེ་བར་འཚོ་ཐུབ་པ་དེ་ཕ་མའི་བྱམས་བརྩེ་དང་། བཀའ་དྲིན་ཁོ་ནར་བརྟེན་ནས་བྱུང་བ་རེད། དཔེར་ན། ང་རང་ཨ་མའི་གྲོད་ཁོག་ནང་ཡོད་དུས་ཨ་མར་དཀའ་ངལ་མང་པོ་སྤྲད་ཡོད་པ་རེད། མ་ཟད་ང་ཚོ་ཚང་མ་ཨ་མའི་གྲོད་ཁོག་ནང་ཟླ་བ་དགུ་ཙམ་བསྡད་ནས་ཨ་མར་དཀའ་ངལ་སྣ་ཚོགས་ཤིག་སྤྲད་པ་ཤ་སྟག་རེད།
ང་ཚོ་སྐྱེ་དུས་ཨ་མར་ན་ཟུག་དང། ཚ་ཟུག ཐ་ན་ཨ་མ་ཁ་ཤས་ཚེ་སྲོག་ཀྱང་ཤོར་དགོས་པའི་དཀའ་ངལ་མང་པོ་སྤྲོད་ཀྱི་ཡོད། ཁ་ཆེ་ཕ་ལུའི་བསླབ་བྱའི་ནང་”ཙེར་ཙེར་ཟེར་བ་ཙམ་ལས་ཤ་རྡོག་གཅིག། ནུ་ཞོ་ཁ་ལ་སྦྱར་ཡང་འཐུང་མི་ཤེས་”ཞེས་ཟེར་བ་ལྟར་ཕ་མས་བྱམས་བརྩེ་དང། བདག་སྐྱོང་མ་གནང་ན་དེ་ཆུང་དུས་ནས་འཆི་ཚར་བ་རེད། བྱས་ཙང། ཕ་མའི་བྱམས་སྐྱོང་ནི་ཉི་མའི་འོད་ཟེར་ས་གཞིར་འཕྲོས་པ་ལས་ཀྱང་ལྷག་པ་རེད།
“ཕྲུ་གུ་ཆུང་དུས་བལྟ་བ་ཕ་མའི་སྲོལ། བྱ་ལུགས་བྱེད་ལུགས་འགྲོ་ལུགས་སྡོད་ལུགས་སྦྱངས། གང་བྱས་ཡོང་བའི་ཡོན་ཏན་ཕ་མའི་དྲིན།”ཞེས་པ་ལྟར་ཕ་མ་ནི་བྱམས་བརྩེའི་ས་བོན་གྱི་གཙོ་བོ་དང་། ཕ་མ་ནི་སྨག་རུམ་གྱི་མུན་པ་སེལ་མཁན་གྱི་དགེ་རྒན་དང་པོ་ཡིན་ཟེར་བ་ལྟར། ད་ལྟ་ཕྲུ་གུ་ཁ་ཤས་སྨན་པ་དང། དགེ་རྒན། ཚན་རིག་པ་སོགས་ཆགས་པའི་རྒྱུ་མཚན་གཙོ་བོ་དེ་ཡང་ཕ་མའི་དྲིན་གྱིས་བསྐྱང་པ་ལས་བྱུང་བ་རེད། ཕ་མ་གཉིས་ནི་ཁང་པའི་རྨང་གཞི་ལྟར་ང་ཚོར་བྱམས་བརྩེ་དང། སློབ་སྦྱོང་གི་རྨང་གཞི་བཟོ་མཁན་གཙོ་བོ་དེ་ཡང་རེད།
གལ་སྲིད་ཁྱེད་ཚོར་ ”ཕ་མ་དགོས་སམ་ཡང་ན་གསེར་དགོས་”ཞེས་དྲིས་ན་ཕ་མ་གདམ་རྒྱུ་ཡིན་པ་གཏན་ཁེལ་རེད། ཕ་མ་ཡིན་ཡང་རང་ཉིད་ཀྱི་བུ་ཕྲུག་མ་གཏོགས་གཞན་སུ་གང་ཡང་འདེམ་ཀྱི་མ་རེད། དེ་ཡང་ཁ་ཆེ་ཕ་ལུའི་བསླབ་བྱའི་ནང་”བསམ་རྒྱུ་བུ་དང་དྲན་རྒྱུ་བུ་ལས་མེད། དགོས་རྒྱུ་བུ་དང་འདེམས་རྒྱུ་བུ་ལས་མེད།”ཟེར་བ་དེ་བདེན་པ་རེད་མི་འདུག་གམ། འོན་ཀྱང། ང་ཚོས་བོད་ཡིག་སྒྲུང་དེབ་ཞིག་གི་ནང་”ཕ་སེམས་བུ་ཐོག་དང་བུ་སེམས་རྡོ་ཐོག་”ཞེས་པའི་སྒྲུང་བཀླགས་མྱོང་ཡོད་རེད། བྱས་ཙང། འཛམ་གླིང་འདིའི་ནང་ཕ་མའི་བཀའ་དྲིན་ལ་བསམ་ཤེས་མེད་པའི་བུ་ཕྲུག་ཁ་ཤས་ཡོང་སྲིད།
ངས་གོང་དུ་བཤད་པ་བཞིན། ཕ་མ་ལས་གལ་ཆེ་བ་སུ་གང་ཡང་མེད་པས་ཕ་མའི་བཀའ་དྲིན་ལ་དྲིན་ལན་ལོག་འཇལ་མི་བྱེད་པར་ཁོ་ཚོའི་ཞལ་ལ་ཉན་པོ་དང། བཀའ་དྲིན་ལ་བསམ་ཤེས་ཀྱིས་ཕ་མར་དྲིན་ལན་འཇལ་ཐུབ་པ་བྱ་རྒྱུ་དེ་ང་ཚོ་ཕྲུ་གུའི་བསམ་བློ་གཏོང་སྟངས་ལ་རགས་ལུས་ཡོད་པས་ཇ་ལན་ཆུ་འཇལ་ལྟར་མ་བྱས་པར། ཕ་མའི་བཀའ་དྲིན་དང་བསླབ་བྱ་རྣམས་སེམས་ནང་ཉར་ཏེ་དྲིན་ལན་འཇལ་ཐུབ་པ་བྱེད་དགོས།
ངའི་པ་ལགས་ཀྱིས་བསླབ་བྱ་གནང་བའི་ནང་”བུ་སློབ་སྦྱོང་ཡག་པོ་བྱས་ནས་རྗེས་མ་ཆེན་པོ་ཆགས་དུས་མི་མང་ལ་ཕན་ཐོགས་པའི་ལས་ཀ་ཞིག་བྱེད་ཐུབ་པ་བྱ་དགོས་”ཞེས་པ་ལྟར་བདག་གིས་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་མ་འོངས་པར་ཕ་མའི་བཀའ་དྲིན་འཇལ་ཐུབ་པ་བྱེད་ཀྱི་ཡིན་ནོ། །