རྡོ་སྦིས་ཟླ་བ་ཚེ་རིང། གཞི་རིམ་བར་མའི་བོད་དགེ  མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ

ད་ལོ་ང་ཚོའི་འཛིན་གྲྭའི་འགན་བདག་ནི་ལྷ་མོ་ཡིན་པས། ང་དང་འདྲ་བའི་སློབ་ཕྲུག་བུ་རྣམས་ཀྱིས་ལྷ་མོ་འགན་བདག་ཏུ་བདམས་པར་དགའ་བོ་གནང་གི་མེད་པར་མ་ཟད། ཚེ་རིང་གིས“ང་ཚོའི་འཛིན་གྲྭའི་འགན་བདག་བསྟན་འཛིན་ཁྱེད་རང་ཡིན་ན་དགའ་བ་ལ། གལ་སྲིད་ཁྱེད་རང་འགན་བདག་ཡིན་ཚེ་ང་ཚོར་རྩེད་མོ་རྩེ་རྒྱུའི་དུས་ཚོད་མང་པོ་རེག་གི་རེད་མོད། འོན་ཀྱང་ད་ཚར་བ་རེད། ལྷ་མོ་ནི་མོའི་ཨ་མ་དང་འདྲ་བར་ཇུས་གཏོགས་བྱེད་མཁན་གྱི་བུ་མོ་ཞིག་ཡིན་པས། ད་ལོ་ང་ཚོ་རྩེད་མོ་རྩེ་རྒྱུའི་གོ་སྐབས་དེ་ཤོར་བ་རེད་བསམ་གྱི་འདུག”ཟེར་ནས་ངར་བཤད་བྱུང་།
དེ་རིང་ལྷ་མོ་ཡང་མོའི་ཨ་མའི་བྱེད་སྟངས་དང་འདྲ་བར་“བར་གསེང་སྐབས་ཚང་མ་སྤོ་ལོའི་རྩེད་ཐང་དུ་འཛོམས་དགོས། འགན་བདག་ངས་གནད་དོན་ཞིག་གསལ་བསྒྲགས་བྱ་རྒྱུ་ཡིན།”ཟེར་བའི་སྐད་ཆ་དེ་ང་ཚོ་ལ་བཤད།
དེ་འདྲའི་ཉོབ་པ་ལ། བར་གསེང་སྐབས་སུ་རྐང་རྩེད་སྤོ་ལོ་རྩེ་དགོས་བསམ་ནས་བསྡད་ཡོད་མོད། ཡང་དུས་ཚོད་དེ་མེད་པར་བཟོས་སོང་ཟེར་ནས་སྡུག་སྐད་འབྱིན་ཞོར་ཚེ་རིང་དང་ངེད་གཉིས་སྤོ་ལོའི་རྩེད་ཐང་དུ་སླེབས་དུས་འཛིན་གྲོགས་ཚང་མ་དེ་རུ་འཛོམས་འདུག་ལ། ཚེ་རིང་ཉོབ་ཐག་ཆོད་དེ་“གསལ་བསྒྲགས་ག་རེ་བཤད་ཡ་ཡོད། མགྱོགས་པོ་ཤོད་དང་ང་ཚོར་དུས་ཚོད་མང་པོ་ཡོད་པ་མ་རེད་”ཟེར།
ལྷ་མོས“བདུན་ཕྲག་རྗེས་མའི་གཟའ་མིག་དམར་ཉིན་དགེ་རྒན་རྡོ་རྗེ་ཡི་འཁྲུངས་སྐར་རེད། ང་ཚོ་ཁོང་གི་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས་དགེ་རྒན་ཁོང་གི་འཁྲུངས་སྐར་ལ་འཚམས་འདྲི་ཞུ་ཡ་ཡིན།”ཟེར་མ་ཐག
ང་ཧང་སང་ནས་“ཝེ། ཁྱེད་ཀྱིས་དགེ་རྒན་རྡོ་རྗེ་ཡི་འཁྲུངས་སྐར་ཡིན་པ་ཇི་ལྟར་ཤེས་སམ།”ཟེར་ནས་ལྷ་མོ་ལ་སྐད་ཆ་དྲིས་པ་ཡིན།
ཚེ་རིང་གིས“ཧ་ཧ།ཧ་ཧ”ཟེར་ནས་སྐད་ཤུགས་ཆེན་པོའི་ངང་གད་མོ་ཤོར་རྗེས། མུ་མཐུད་དུ་“རེད་མོད། མོས་ཇི་ལྟར་ཤེས་པ་ཡིན་ནམ། ཇུས་གཏོགས་ཚ་བ་ལ།”ཟེར། ཡང་གཡོན་ཕྱོགས་ཀྱི་ཉི་མས“ཇུས་གཏོགས་ཚ་བའི་བུ་མོའི་མིང་ལ་ཅི་ཞིག་ཟེར་རམ།”ཟེར་ནས་འཕྱ་དམོད་ཀྱི་ཚུལ་དུ་གད་མོ་ཤོར་ཏེ་སྐད་ཆ་འདྲི་དུས། ཚེ་རིང་གིས“ཇུས་གཏོགས་ཚ་བའི་རྨོ་རྨོ་ཟེར་ན་འགྲིག”ཅེས་ལན་བཏབ་སོང་བས། ལྷ་མོ་ཁོང་ཁྲོ་ལངས་ནས་ངོ་གདོང་ཀུ་ཤུ་ནང་བཞིན་དམར་བོར་གྱུར།
ལྷ་མོས་ཚོན་མདོག་འདྲ་མིན་གྱི་ཤོག་བུ་མང་པོ་ཞིག་དང་ཅ་ལག་བླུགས་སའི་ཤེལ་དམ་གསུམ་ངའི་ལག་ཏུ་བཞག་སྟེ“ལྟེབ་གྲི་བེད་སྤྱད་དེ་ཚོན་མདོག་ཅན་གྱི་ཤོག་བུ་འདི་རྣམས་སྒོར་སྒོར་ཆུང་ཆུང་གཏུབས་རྗེས་ཤེལ་དམ་འདི་གསུམ་གྱི་ནང་བླུགས་དགོས།”ཟེར་དུས།
ཉི་མས“ཤོག་བུ་འདི་རྣམས་དགེ་རྒན་རྡོ་རྗེ་ཡི་འཁྲུངས་སྐར་དང་འབྲེལ་བ་ག་རེ་འདུག”ཟེར་ནས་སྐད་ཤོར། ལྷ་མོས“ང་འགན་བདག་རེད། ཁྱོད་ཚོས་ངའི་ཁ་ལ་ཉན་དགོས།”ཟེར་ནས་བཀའ་གཏོང་སྐབས།
ཚེ་རིང་གིས“ཁྱེད་རང་དངོས་གནས་ངའི་ཨ་མ་དང་འདྲ་བོ་འདུག རྙོག་གྲ་མང་བ་ལ།”ཟེར་ནས་མུག་ཤི་བགྲངས་པ་མ་ཟད། མུ་མཐུད་དུ“སྐྱིད་པོ་མ་བསམ་རོགས། ང་འགན་བདག་གི་ཁ་ལ་ཉན་པའི་བུ་ཆུང་ཉམས་ཆུང་ཞིག་མིན།”ཟེར།
གང་ལྟར་ང་ཚོས་ལས་ཀ་དེ་བྱ་རྒྱུའི་ཁས་ལེན་བྱས་པ་ཡིན། རྒྱུ་མཚན་ནི་དེ་ནི་འགན་བདག་ལྷ་མོའི་ཆེད་དུ་མིན་པར། ང་ཚོས་དགེ་རྒན་རྡོ་རྗེ་ལ་གུས་ཞབས་མཚོན་ཕྱིར་ཡིན་བསམས་ཏེ། སློབ་གྲྭ་གྲོལ་རྗེས་ཚེ་རིང་དང་ཉི་མ་ང་ཚོས་ངའི་ནང་དུ་ཤོག་བུ་དེ་རྣམས་ཆུང་ཆུང་བྱས་ཏེ་དུས་ཡུན་རིང་པོ་ཞིག་ལ་གཏུབ་པ་ཡིན་མོད། ཡིན་ནའང་། ཤེལ་དམ་གཅིག་གི་ཁ་ཡང་ཁེངས་མ་སོང་། མུ་མཐུད་དཀའ་ལས་བརྒྱབས་ཏེ་ཤོག་བུ་གཏུབས་རྗེས། གཞི་ནས་ཤེལ་དམ་གསུམ་ཀའི་ནང་དུ་འགེངས་ཐུབ་པ་བྱུང་སོང་བས། ང་ཚོ་ཧ་ཅང་དགའ་བོ་བྱུང་། གང་ཡིན་ཟེར་ན། གལ་སྲིད་ང་ཚོས་ཤོག་བུ་གཏུབས་ཚར་མེད་ན་འགན་བདག་རྨོ་ཏོ་དེས་གཤེ་གཤེ་གཏོང་ངེས་རེད། སྟབས་ཡག་པ་ཞིག་ལ་ང་ཚོའི་འགན་ཁུར་ཚར་བ་ཡིན།
དགེ་རྒན་རྡོ་རྗེའི་འཁྲུངས་སྐར་གྱི་ཉིན་དེར་ང་ཚོས་ཚོན་ཁྲ་སྣ་ཚོགས་ཀྱིས་བཀངས་པའི་ཤེལ་དམ་དེ་གསུམ་འགན་བདག་ལྷ་མོའི་ལག་ཏུ་བཞག་པ་ཡིན།
ལྷ་མོས“དགེ་རྒན་ཕེབས་ཀྱི་འདུག ཚང་མ་མདུན་ཅོག་འོག་ཏུ་ཡིབ་རོགས་གནང་།”ཟེར་དུས།
ཚེ་རིང་གིས་“ང་ཚོ་ཁྱི་ནི་མིན། ག་རེ་བྱས་ནས་མདུན་ཅོག་འོག་ཏུ་ཡིབ་དགོས་སམ།”ཞེས་མི་འདོད་པའི་སྐད་ཆ་དེ་བཤད་སོང་།
ལྷ་མོས“ང་འགན་བདག་རེད། ཚང་མས་ངའི་ཁ་ལ་ཉན་དགོས་ཀྱི་རེད། མགྱོགས་པོ། མགྱོགས་པོ། དགེ་རྒན་རྡོ་རྗེ་ལགས་ཕེབས་ཀྱི་འདུག”ཟེར་དུས། ཚང་མ་འཐད་མི་འཐད་ཀྱིས་མདུན་ཅོག་འོག་ཏུ་ཡིབ་ཀྱི་འདུག་མོད། ཡིན་ནའང་། ང་རྒྱགས་དྲགས་པའི་རྐྱེན་གྱིས་མདུན་ཅོག་འོག་ཏུ་ཡིབ་ཐུབ་ཀྱི་མི་འདུག སྐབས་ཐོག་དེར་ཚེ་རིང་གིས་རྒྱབ་ལོག་ནས་ངའི་རྐུབ་ལ་རྐང་པས་འབུད་རྒྱག་བཏང་བྱུང་བས། ང་ཡང་མདུན་ཅོག་འོག་ཏུ་ཡིབ་ཐུབ་སོང་།
དགེ་རྒན་རྡོ་རྗེ་འཛིན་ཁང་ནང་དུ་ཕེབས་དུས་སློབ་ཕྲུག་ཚང་མ་མཐོང་ཡག་མེད་པས། ཁོང་ཅུང་ཙམ་ཞིག་ལ་ཧང་སང་ནས་སྡོད་སྐབས། འགན་བདག་ལྷ་མོ་དང་སློབ་ཕྲུག་བུ་མོ་གཉིས་ཀྱིས་དགེ་རྒན་རྡོ་རྗེ་ཡི་རྒྱབ་ཕྱོགས་ནས་ཤེལ་དམ་ནང་གི་ཚོན་ཁྲ་སྣ་མིན་གྱི་ཤོག་བུ་ཆུང་ཆུང་རྣམས་དགེ་རྒན་ཁོང་གི་སྟེང་གཏོར་བ་དང་མཉམ་དུ“དགེ་རྒན་ལགས་ཀྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ”ཟེར་བ་དང་། མདུན་ཅོག་འོག་ཏུ་ཡིབ་པའི་སློབ་ཕྲུག་ང་ཚོ་ཡར་ལངས་ཏེ་དགེ་རྒན་གྱི་འཁྲུངས་སྐར་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་བ་ཡིན། དགེ་རྒན་གྱིས་“སློབ་ཕྲུག་ཚང་མ་ལ་བཀའ་དྲིན་ཆེ། དངོས་གནས་བཀའ་དྲིན་ཆེ།”གསུངས་སོང་། ཤོག་བུའི་ཚོན་ཁྲ་དེ་ཚོ་ནི་ཚོན་ཁྲ་འདྲ་མིན་གྱི་ཁ་བ་བབས་པ་ལྟར་ཧ་ཅང་སྙིང་རྗེ་མོ་འདུག ངའི་སེམས་ནང་འགན་བདག་རྨོ་རྨོ་འདི་ལ་ཐབས་ཤེས་འདྲ་མིན་ལྡན་པས། རྗེས་ཕྱོགས་སུ་ངས་མོ་ནང་བཞིན་ཐབས་ཤེས་སྣ་དགུ་འཛོམས་པའི་འགན་བདག་ཡག་པོ་ཞིག་བྱ་དགོས་སྙམ་པའི་ཚོར་བ་ཞིག་སྐྱེས། །