སྤེན་པ་རིགས་གྲོལ། གཞི་རིམ་གོང་མའི་བོད་དགེ མོན་གྷོ་གཏན་ཉིན་སློབ་གྲྭ།

ནམ་མཁའ་སྔོ་ཞིང་དྭངས་ལ། རྟ་བདུན་དབང་པོའི་གསེར་འོད་ས་གཞིར་ཡོངས་སུ་འཕྲོ་བཞིན་འདུག །ཡུན་རིང་དྲ་ཐོག་སློབ་ཁྲིད་བྱ་རྒྱུ་དང་། དྲ་ཐོག་ནས་སློབ་མའི་ཉིན་རེའི་ཁྱིམ་ལས་ལ་ཞིབ་འཇུག་བྱེད་དགོས་པ་སོགས་ནག་ཁུང་ལ་སྦར་ཉུལ་བྱེད་པ་ལྟ་བུའི་ལས་དོན་གྱིས་ང་རང་མགོ་བོ་རྨོངས་སུ་བཅུག་ཅིང་ཐང་ཆད་དུ་བཅུག་བྱུང་། དེ་རིང་གཞི་ནས་ངལ་གསོའི་དུས་ཚོད་ཅིག་ཐོབ་པས་ངས་ཕྱི་རོལ་དུ་ཕུབ་པའི་དམར་སེར་སྔོ་ལྗང་གི་ཚོན་ཁྲས་བརྒྱན་པའི་ཉི་གདུགས་ཆེན་པོ་དེའི་འོག་ན་ལྷོད་ལྷོད་ངང་ལག་ཐོགས་ཁ་པར་ནས་འཛམ་གླིང་གསར་འགྱུར་ཁག་ལ་རེ་རེ་བཞིན་ལྟ་བཞིན་པའི་སྐབས། གློ་བུར་དུ་ཁ་པར་ལས་“ཐྲིང་ཐྲིང་”ཞེས་པའི་སྒྲ་ཞིག་དང་ལྷན་དུ་སྐད་འཕྲིན་ཞིག་སླེབས་པའི་བརྡ་ཐོན་བྱུང་། ངས་ག་ལེར་འཕྲིན་ཕྲན་ཁ་ཆེ་སྟེ་བལྟས་པས། མིང་བྱང་མེད་པའི་ཨང་གྲངས་གསར་པ་ཞིག་གི་ཐོག་སྐད་ཐུང་ངུ་ཞིག་དང་འཕྲུལ་དེབ་ཅིག་འབྱོར་འདུག  །ངས་སྐད་དེ་ཉན་པ་ན། “རྒན་བསྟན་འཛིན་ལགས།  སྐུ་གཟུགས་བདེ་པོ། ངས་ཁྱེད་རང་ལ་ཕྱག་རྟགས་ཤིག་ཕུལ་ཡོད། དགྱེས་བཞེས་གནང་རོགས།”ཟེར། ཨ་ཙི། སྐད་སྒྲ་དེ་གོ་མྱོང་ཐོས་མྱོང་ཞིག་རེད་ཨང་། སྒྲ་གསལ་ལ་སྙན་ཞིང་གདངས་སྙོམ་པོ། གུས་ལུགས་ཆེ་ཞིང་ཞེ་ཚིག་དང་ལྡན་པ། གཞུང་ཞབས་པ་ཞིག་རེད་དམ། ཡང་ན་བོད་དགེ་གྲོགས་པོ་ཞིག་རེད། ཇི་ལྟར་བསམས་ཀྱང་སྐད་ངོ་མ་ཆོད། ངས་ལམ་སེང་འཕྲུལ་དེབ་དེ་ཕབ་ལེན་བྱས་ཏེ་ལྟ་སྐབས། ༼ཚོང་ལས་རིག་པའི་བཟང་སྤྱོད་ཀྱི་ལྟ་གྲུབ།༽ཅེས་པའི་དེབ་ཅིག་རེད་ལ། གཤམ་དུ་(བྷེང་ལོར་མཐོ་སློབ་ཀྱི་ཚོང་ལས་རབ་འབྱམས་པ་ཕུན་ཚོགས་ཀྱིས་བརྩམས།) ཞེས་བྲིས་འདུག །ཕུན་ཚོགས་ཞེས་པའི་མིང་དེ་མཐོང་མ་ཐག་ངའི་ཡིད་ངོར་ངོ་གདོང་ཧ་ཅང་མང་པོ་ཞིག་ལང་ལོང་དུ་ཤར་ཞིང་། དེབ་དེ་བཀླག་རྒྱུའི་འདུན་པ་དྲག་ཏུ་འཕེལ་ཏེ། ཐོག་མར་ངས་རྩོམ་པ་པོའི་སྔོན་གླེང་དེ་ཀློག་འགོ་བརྩམས། བརྗོད་བྱའི་གོ་དོན་ཟབ་ལ་ཁ་གསལ་ཞིང་། རྗོད་བྱེད་ཚིག་སྦྱོར་ལེགས་ཤིང་སྙན་པ། ངས་ཀློག་གིན་ཀློག་གིན་ཡིད་ཀྱི་དབང་པོ་ཕྲོགས་སོང་། མཇུག་མཚམས་དེར་“བདག་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་བོད་དགེ་བསྟན་འཛིན་ལགས་ཀྱི་སློབ་ཁྲིད་དང་། ལམ་སྟོན་ལ་བརྟེན་ནས་ངས་དཔེ་དེབ་འདི་བརྩམས་ཐུབ་པ་བྱུང་སོང་བས། རྒན་ལགས་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེབ་འདི་རྒན་ལགས་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཡིན།” ཞེས་བྲིས་འདུག   །ཡིག་འབྲུ་དེ་དག་ངའི་སེམས་ངོར་ཡང་ཡང་འཁོར་ཞིང་མིག་ཟུང་ནས་མཆི་མ་དབང་མེད་དུ་ཤོར་སོང་།
ངས་ལམ་སེང་དེབ་དེའི་ཁ་ཤོག་སྔ་ཕྱི་གཉིས་ལ་རྩོམ་པ་པོའི་འདྲ་པར་ཡོད་མེད་བཙལ། འོ་འདི་ན་འདུག  །ཕྱི་ཤོག་གི་ནང་ངོས་སུ་ཡོད་པའི་རྩོམ་པ་པོའི་འདྲ་པར་དང་ལོ་རྒྱུས་ལ་བལྟས་རྗེས་གཞི་ནས་བདག་གི་ཡིད་ངོར་སློབ་ཕྲུག་ཕུན་ཚོགས་ཀྱི་སྣང་བརྙན་གློག་བརྙན་ཞིག་ལ་བལྟས་པ་བཞིན་ཤར་བྱུང་།
དེ་ཡང་ལོ་བཅོ་ལྔ་ཙམ་གྱི་སྔོན་ན། ང་རང་སློབ་གྲྭ་འདིར་ཐོག་མར་དགེ་རྒན་བྱེད་དུ་སླེབས་ཤིང་། སེམས་ཤུགས་དང་དམིགས་ཡུལ་ནི་རི་བོ་ལས་མཐོ་ཟེར་བ་མངོན་སུམ་མིན་ན་ཡང་འུར་ལ་མི་འགྲོ་བའི་ཚོད་རེད། ངས་གཞི་རིམ་གོང་མའི་སློབ་ཕྲུག་རྣམས་ལ་རང་ནུས་ཡོད་ཚད་ཀྱིས་བོད་ཀྱི་སྐད་ཡིག་དང་། རྒྱལ་རབས། རྩོམ་རིགས། སྙན་ངག་སོགས་སློབ་འགོ་བརྩམས་ཤིང་། ཞར་དང་ཞོར་ལ་བོད་ཀྱི་སྐད་ཡིག་གི་“གལ་གནད་”དང་། “རིན་ཐང་།” དེ་བཞིན་“སྐད་ཡིག་ཉམས་པ་སླར་གསོ་དང་།  མི་ཉམས་གོང་སྤེལ་”བྱ་རྒྱུའི་འོས་འགན་སློབ་ཕྲུག་གཞོན་སྐྱེས་རྣམས་ལ་ཡོད་པའི་སློབ་གསོ་ཡང་ཡང་བྱས་ཏེ། ཉིན་ལྟར་སློབ་ཕྲུག་ཚོས་བོད་ཡིག་ལ་དོ་སྣང་ཡོང་ཐབས་སུ་འབད་བརྩོན་དང་ཐབས་ཤེས་སྣ་ཚོགས་བྱེད་བཞིན་ཡོད། ཉིན་ཞིག་གི་ཚོགས་དུས་གསུམ་པའི་སྐབས་ངས་འཛིན་གྲྭར། “སློབ་ཕྲུག་ཚོ། བོད་པ་ཞིག་ཡིན་པའི་ཆ་ནས་བོད་ཡིག་མ་ཤེས་ན་ཐབས་སྐྱོ་པོ་རེད།” “བྱ་ཞིག་ཡིན་ན་ཡང་། གཤོག་རྩལ་གྱིས་ནམ་འཕང་ཇི་ལྟར་ཆོད་ཀྱང་དགོང་མོ་ཚང་ལ་ལོག་དགོས་པ་ལྟར། བོད་པ་ཞིག་ཡིན་ཕྱིན་འཚོ་གནས་བྱ་ཡུལ་བོད་པའི་སྤྱི་ཚོགས་ལས་མེད། བོད་པའི་སྤྱི་ཚོགས་ནང་འཚོ་བ་སྐྱེལ་རྒྱུའི་ཆེད་ལས་ཀ་ཡག་པོ་ཞིག་རག་དགོས་ན་བོད་ཡིག་ངེས་པར་ཤེས་དགོས།”  ཞེས་བསླབ་བྱ་བྱེད་བཞིན་པའི་སྐབས། ཕུན་ཚོགས་ཟེར་བའི་སློབ་ཕྲུག་ངོ་སྐམ་ལ་ནག་ཅིང་། སྐྲ་ལོ་རིང་ཞིང་ཚང་ཚིང་ལྟར་ཆགས་པ། སྒྲིག་ཆས་ཀྱི་གོས་ཐུང་རྐུབ་རུས་ཀྱི་སྟེང་ལ་ཟག་ཅིང་སྟོད་གོས་ཀྱག་ཀྱོག་ཏུ་གྱོན་པ། རྒྱུན་ལྡན་ནས་སྤྱོད་པ་ངན་ལ་དགེ་རྒན་ལ་གུས་ཞབས་མེད་པ་དེ་ཡར་ལངས་ཏེ། ངའི་སྐད་ཆ་བཀག་ནས་“རྒན་ལགས། ཁྱོད་རང་གིས་རྫུན་ཤོད་ཀྱི་འདུག” ཟེར། ངས་ལམ་སེང་ཁོ་པར་“ཅི་ཟེར།  ངས་རྫུན་གང་ཤོད་ཀྱི་འདུག”ཅེས་དྲིས་པར། ཁོ་པས་“ཁྱེད་རང་གིས་བོད་ཡིག་མ་ཤེས་ན་བོད་པའི་སྤྱི་ཚོགས་ནང་ལས་ཀ་རག་གི་མ་རེད་གསུངས་པ་དེ་རྫུན་རེད། བོད་པའི་སྤྱི་ཚོགས་ནང་བོད་ཡིག་མ་ཤེས་མཁན་ལ་ལས་ཀ་ཡག་ཤོས་དེ་འདྲ་རག་འདུག”ཅེས་ཟེར་བཞིན་ཁོ་བགད་སོང་། “དེ་ཚོ་དམིགས་བསལ་རེད།  ཁྱོད་ལ་དེ་འདྲའི་འཇོན་ཐང་ཨེ་ཡོད།”ངས་དེ་ལྟར་ཀྱག་ཀྱག་གིས་དྲིས་པར། ཁོ་པའི་ངོ་གདོང་དམར་པོར་གྱུར་ནས་“མ་རེད། མ་རེད། ད་དུང་མང་པོ་ཡོད་རེད། ང་ཚོའི་ཉེ་འཁོར་ན་ཡང་མང་པོ་འདུག  ངས་རེ་རེ་བཞིན་བགྲང་དགོས་ན་གྲངས་ཆོག” “མ་གཞི་ནས་བོད་ཡིག་སྦྱངས་ན་བེད་སྤྱོད་གང་ཡོད། དེང་སང་བོད་ཡིག་གིས་ལྟོ་སྤྲོད་ཀྱི་མ་རེད།”ཟེར། ངས་ཅི་བཤད་འདི་བཤད་མེད་པར་ཡུན་ཙམ་བསམས་རྗེས། “ཁ་བདེ་པོ་མ་བྱེད། དང་པོ་སོ་སོའི་མགོ་དང་སྒྲིག་ཆས་ལ་གཅིག་ལྟོས་དང་།” ཞེས་སྐད་ཤུགས་ཆེན་པོས་བཤད་པར། འཛིན་ཁང་ཡོངས་རྫོགས་དགོད་སྒྲས་ཁེངས་ཤིང་། ཁོ་པ་མགོ་བོ་འཕུར་ཙམ་འཕུར་ཙམ་བྱེད་བཞིན་མར་བསྡད་སོང་།
དེ་ནས་ཡང་ཉིན་ཞིག་གི་ཚོགས་དུས་གསུམ་པར། ངས་འཛིན་གྲྭར་མཛད་རྣམ་གྱི་སློབ་ཚན་ཞིག་ལས་འཕྲོས་ཏེ། བོད་མི་བཙན་བྱོལ་དུ་སླེབས་རྗེས་ཐོག་མར་སློབ་གྲྭ་བཙུགས་པའི་སྐོར་དང་། དེའི་ནང་ནས་བོད་པའི་སློབ་གྲྭ་ཟུར་དུ་འཛུགས་དགོས་པའི་དགོས་པ་དང་རྒྱུ་མཚན་སོགས་འགྲེལ་བཤད་བྱེད་བཞིན་པའི་སྐབས། སློབ་ཕྲུག་ཕུན་ཚོགས་ཀྱིས་“རྒན་ལགས། བོད་པའི་སློབ་གྲྭ་ཟུར་དུ་བཙུགས་པ་དེ་ནོར་འདུག” “གལ་ཏེ་ང་ཚོའི་སློབ་གྲྭ་ཟུར་དུ་མ་བཙུགས་པར་རྒྱ་གར་གྱི་སློབ་གྲྭར་བཏང་ཡོད་ན། རྒྱ་གར་བ་བཞིན་ང་ཚོ་བོད་མིའི་ཁྲོད་དུ་ཡང་མཁས་པ་ཆེན་པོ་མང་པོ་བྱུང་ཡོད་ཀྱི་རེད།” ཅེས་ཟེར། ངས་བསམ་བློ་ཙམ་ཡང་མ་བཏང་བར་“ཕུན་ཚོགས། ཁྱོད་ཉོན་ཨང་། བོད་པའི་སློབ་གྲྭ་ཟུར་དུ་བཙུགས་གནང་བ་དེ་ནོར་ཡོད་མ་རེད།  ནོར་མཁན་དེ་ང་ཚོ་རེད།”ཅེས་དང་།  “སློབ་གྲྭ་ཟུར་དུ་བཙུགས་པའི་དམིགས་ཡུལ་ལྟར་བྱུང་ཡོད་ན། ང་ཚོ་ད་ལྟ་ཚད་མཐོ་པོར་སླེབས་ཡོད་ངེས།” “ཁྱོད་ཀྱིས་ཤེས་སམ། སློབ་གྲྭ་ཟུར་དུ་བཙུགས་པ་ནི་ང་ཚོ་དུས་རབས་དང་མཐུན་པའི་འདབ་གཤོག་གཉིས་ལྡན་གྱི་བོད་པ་གཙང་མ་ཞིག་བཟོ་གནང་རྒྱུའི་ཆེད་རེད།”ཅེས་གསལ་བཤད་བྱས་པ་ན། ཁོ་པས་མགོ་བོ་སྒུར་ཙམ་བྱས་ནས་མར་བསྡད་སོང་། ཅུང་ཙམ་རིང་འཛིན་ཁང་འཇམ་ཐེང་ངེར་གྱུར་བ་དང་། ངས་མུ་མཐུད་སློབ་ཕྲུག་ཚོར་སློབ་གྲྭ་ཟུར་དུ་བཙུགས་པའི་དམིགས་ཡུལ་ཇི་ཙམ་གྲུབ་ཡོད་མེད་དང་གནས་སྟངས་སོགས་ངོ་སྤྲོད་བྱེད་ཞོར། སློབ་མ་ཚོས་མ་འོངས་པར་རང་རང་གིས་མཐོ་སློབ་ཁག་ནས་ཆེད་སྦྱོང་བྱས་པའི་རིག་ཚན་ཁག་བོད་ཡིག་ནང་འབྲི་ཐུབ་པ་དང་བོད་སྐད་ལམ་ནས་བཤད་ཐུབ་པ་ཞིག་དང་། ལྷག་པར་རིག་ཚན་དེ་དག་གི་གཞུང་ཆ་ཚང་བོད་ཡིག་ཏུ་བསྒྱུར་ཐུབ་པ་བྱུང་ན་སློབ་གྲྭ་ཟུར་དུ་བཙུགས་པའི་དམིགས་ཡུལ་འགྲུབ་པར་གཞོགས་འདེགས་དང་། བོད་ཡིག་གོང་འཕེལ་གཏོང་བ་ལ་ཡང་ཞབས་ཞུ་ཆེན་པོར་འགྱུར་རྒྱུ་ཡིན་ཚུལ་བརྗོད་པ་ན།  ཕུན་ཚོགས་ཁོས་མ་འདོད་པའི་རྣམ་འགྱུར་དང་བཅས་གཉིད་ཉལ་ཁུལ་བྱེད་བཞིན་བསྡད་འདུག །ངས་“ཕུན་ཚོགས། ཁྱོད་ཀྱིས་ཅི་ཞིག་འདོད་ཀྱི་མི་འདུག་གམ།” ཅེས་སྐད་ཤུགས་ཡོད་ཚད་ཀྱིས་དྲིས་པར། ཁོ་པས་མགོ་བོ་དགྱེ་ཙམ་བྱས་ནས་“བསླབ་དགོས་ཡས་དེ་མ་བསླབ་པར། ཆོ་མེད་དེ་འདྲ་བཤད་ནས་བསྡད་ན་བྲོ་བ་མི་འདུག”ཟེར་བཞིན་མར་ཉལ་སོང་། ང་ནི་སྔར་ནས་ཁོ་པར་ཁོང་ཁྲོ་ཟ་ཡོད་ཐོག་ད་ལན་དེ་ལྟར་བཤད་པར་ཁོང་ཁྲོ་རབ་ཏུ་འབར་ཏེ། “དགོས་པའི་སློབ་སྦྱོང་མ་བྱེད། མི་དགོས་པའི་སྤྱོད་པ་ངན་པ། ལྟས་ངན་རང་རེད། ཁྱོད་ལྟ་བུ་བོད་མི་རིགས་ཀྱི་ཞབས་འདྲེན་དུ་འགྱུར་རྒྱུ་རེད།” ཅེས་སོགས་ཚིག་ངན་གྱིས་གཤེ་གཤེ་གཏོང་གིན་སྒོའི་རྒྱབ་ཏུ་ཡོད་པའི་དབྱུག་པ་དེ་བླངས་ནས་དབུགས་ཐེངས་གཅིག་གིས་ཁོ་པའི་རྐང་ཉྭར་ཐེངས་བཅུ་ཙམ་གཞུས་པ་ན། ཁོ་པ་དངངས་སྐྲག་དང་ན་ཟུག་གིས་མ་བཟོད་པར་པུད་མོ་ས་ལ་བཙུགས་ཏེ། “རྒན་ལགས། དགོངས་དག  ངས་ནོར་སོང་། མ་འོངས་པར་དེ་ལྟར་བྱ་ཡི་མིན། མ་འོངས་པར་དེ་ལྟར་བྱ་ཡི་མིན།”ཞེས་ཞུ་བ་བྱེད་བཞིན་འདུག །སྐབས་དེར་འཛིན་ཁང་ཡོངས་རྫོགས་“ར་བསད་ལུག་འདར་”གྱི་དཔེ་ལྟར་ཁུ་སིམ་མེར་གྱུར་འདུག །འོན་ཀྱང་ང་ནི་ཁོང་ཁྲོས་མ་བཟོད་དེ་ཁོ་པར། “ཁྱོད་སང་ཉིན་ནས་ངའི་འཛིན་གྲྭར་ཡོང་མི་ཆོག” ཅེས་བརྗོད་ནས་ཕྱིར་ཐོན་ཕྱིན་པ་ཡིན།
ཕྱི་ཉིན་གྱི་ཚོགས་དུས་ཟིན་མཚམས་ང་རང་ཉོབ་སྣང་དང་བཅས་སློབ་དེབ་དང་ཟུར་ལྟའི་དཔེ་དེབ་འགའ་ལག་ཏུ་འཁྱེར་ནས་འཛིན་ཁང་ཕྱོགས་སུ་དལ་བུས་འགྲོ་སྐབས། མགོ་སྐྲ་གཙང་ཞིང་ཚད་དང་ལྡན་ལ། ངོ་གདོང་ཡོངས་སུ་འཛུམ་གྱིས་ཁེངས་པ། སྒྲིག་ཆས་གྱོན་སྟངས་ལེགས་པ། སྔར་མཐོང་མ་མྱོང་བའི་སློབ་མ། ཕར་བལྟས་ཚོད་ལ་བཟང་པོ་གསུམ་ལྡན་གྱི་སློབ་མ་ཞིག་མིན་ནམ་སྙམ་པ་ཞིག་བདག་གི་མདུན་ངོས་སུ་རྒྱུགས་ནས་ཡོང་གི་འདུག །“ཨེ་མ། དེ་འདྲའི་སློབ་ཕྲུག་བཟང་པོ་ཞིག” ངས་དེ་ལྟར་བསམ་ཞིང་ལེགས་པར་བལྟས་ཙ་ན། ཨ་ཙི། དེ་ནི་ཁ་སང་གི་སྤྱོད་པ་ངན་པའི་སློབ་ཕྲུག་ཕུན་ཚོགས་ཁོ་རེད་འདུག “དེ་འདྲའི་འགྱུར་བ་ཞིག་ཇི་ལྟར་བྱུང་བ་ཡིན་ནམ།” ངས་རང་ཉིད་ལ་དེ་ལྟར་འདྲི་བཞིན་པའི་སྐབས། ཁོ་པས་གློ་བུར་དུ་ངའི་མདུན་དུ་པུས་མོ་བཙུགས་ཏེ་“རྒན་བསྟན་འཛིན་ལགས། དགོངས་དག ད་བར་ངས་རྒན་ལགས་ཀྱི་བཀའ་ལ་མ་ཉན་པ་དེ་ནོར་འདུག ” “ཁ་སང་རྒན་ལགས་ཀྱིས་དབྱུག་པས་བརྡུངས་གནང་བ་དེས་ང་རང་གིས་ནོར་འཁྲུལ་ངོས་ལེན་ཐུབ་ཏུ་བཅུག་བྱུང་། ད་ནས་ངས་དེ་ལྟར་རྩ་བ་ནས་མི་བྱེད།” ཅེས་མིག་ཟུང་མཆི་མས་ཁེངས་ནས་ཞུ་བ་བྱས་བྱུང་། ངས་ཀྱང་སེམས་ཀྱིས་མ་བཟོད་པར་ཁོ་པ་ལམ་སེང་ཡར་བསླངས་ཏེ་“གལ་ཡོད་མ་རེད། ཁྱེད་ཚོ་ད་ལྟ་ལོ་ཆུང་ཆུང་རེད། ནོར་འཁྲུལ་ཤོར་སྲིད་པ་རེད།” “ངས་ཁྱེད་རང་ལ་དབྱུག་པས་གཞུས་པ་དེ་ནོར་བ་རེད། དགོངས་དག། སེམས་ལ་མ་གཞག་རོགས།” ཞེས་བཤད་པར། ཁོ་པས་“མ་རེད། རྒན་ལགས་ཀྱིས་ནོར་བ་མ་རེད། ངས་ནོར་སོང་། ལྷ་དགོངས་དྭངས་པ།”ཞེས་ཟེར། སྐབས་དེར་ངའི་སེམས་སུ་ཁོ་པ་བཟང་ཕྱོགས་ལ་འགྱུར་བ་ཆེན་པོ་ཕྱིན་འདུག་པ་ཅི་ཞིག་གི་རྫུ་འཕྲུལ་ཡིན་ནམ་སྙམ་ནས་དགའ་བ་དང་བཅས་ཁོ་པའི་ལག་པ་ནས་བཟུང་སྟེ་འཛིན་ཁང་དུ་འཛུལ་བ་ན། སློབ་མ་གཞན་ཚང་མ་ཧང་སང་ནས་ངེད་གཉིས་ལ་ཅེ་རེར་བལྟས་ནས་འདུག །ངས་འཛུམ་དམུལ་དམུལ་ངང་“སློབ་མ་ཚོ། ཧང་སང་དགོས་མ་རེད། མིའི་མི་ཚེ་ལ་ནོར་བ་དང་འཁྲུལ་བ་ཡོང་གི་རེད་ལ། དེར་བསྒྱུར་བཅོས་ཀྱང་བྱ་ཐུབ་ཀྱི་རེད། ད་ཕུན་ཚོགས་སྔོན་མའི་སློབ་ཕྲུག་སྤྱོད་ངན་དེ་མ་རེད།  ཁོ་པ་སློབ་མ་བཟང་པོ་ཞིག་ཏུ་གྱུར་བ་རེད།” ཅེས་བརྗོད་ནས་ཕུན་ཚོགས་མདུན་གྱི་སྒྲོག་རྩེའི་ཐོག་སྡོད་དུ་བཅུག་པ་ན། ཅུང་ཙམ་རིང་འཛིན་ཁང་ཡོངས་རྫོགས་ཐལ་མོའི་རྡེབ་སྒྲས་ཁེངས་སོང་།
དེ་ནས་བཟུང་ཕུན་ཚོགས་ནི་ངའི་འཛིན་གྲྭའི་སློབ་མ་བཟང་ཤོས་ཤིག་ཏུ་གྱུར་ཞིང་། ཁོ་པས་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་གོ་སྒྲིག་གནང་བཞིན་ཡོད་པའི་བོད་ཡིག་འགྲན་རྩོམ་དང་བརྙན་དུམ་གཏམ་བཤད་སོགས་ཀྱི་ནང་ཨང་རིམ་དང་པོ་ཐེངས་མང་བླངས་པ་དང་། སློབ་གྲྭའི་བོད་ཡིག་གི་བྱེད་སྒོ་ཐ་དག་ལ་ངའི་དཔུང་པ་གཡས་པ་ལྟ་བུར་གྱུར་བས་ངས་འཛིན་ཁང་གི་ཕྱི་ནང་གང་ས་ནས་ཁོ་པར་བསྟོད་བསྔགས་བྱེད་པ་ཆད་མ་མྱོང་། འོན་ཀྱང་དུས་ཀྱི་འཁོར་ལོས་ང་ཚོར་མི་སྒུག་པ་བཞིན། ལོ་ངོ་གཉིས་ནི་འཁྱུག་ཙམ་རིང་རྫོགས་ནས་ཕུན་ཚོགས་དང་ཁོ་པའི་འཛིན་གྲོགས་ཚོ་གཞི་རིམ་གྱི་སློབ་གྲྭ་མཐར་ཕྱིན་ནས་ཤེས་བྱའི་མཁའ་དབྱིངས་ལ་གཤོག་རྩལ་འགྲན་དུ་ཐོན། ཁོང་ཚོ་འགྲོ་ཁའི་ཆེས་མཐའ་མཇུག་གི་ཚོགས་དུས་དེར་ངས་“སློབ་ཕྲུག་ཚོ། ཁྱོད་ཚོའི་ནང་གི་བོད་ཡིག་ལེགས་གྲས་ཚོ་བོད་པའི་མཐོ་སློབ་ཁག་ཏུ་སློབ་འཇུག་ཐུབ་ན་ཡག་པོ་ཡོད་རེད།” ཅེས་སོགས་བསླབ་བྱ་བྱས་རྗེས། “ཕུན་ཚོགས་ལགས། ཁྱེད་རང་སྨན་རྩིས་ཁང་ལ་འགྲོ་རྒྱུ་ཡིན་ནམ། ཡང་ན་ས་ར་མཐོ་སློབ་ཏུ་འགྲོ་རྒྱུ་ཡིན།”ཞེས་དྲིས་པར། ཁོ་པས་དགོད་བཞིན་དུ་“རྒན་ལགས། ང་བྷེང་ལོར་ཚོང་ལས་མཐོ་སློབ་ཅིག་ཏུ་འགྲོ་རྒྱུ་ཡིན་”ཟེར། ངས་བསམ་ལོང་མེད་པར་“ཨ་ལས།  ཡ་ཡ།”ཞེས་པ་ཙམ་ལས་གཞན་ཅི་ཡང་བརྗོད་མ་ཐུབ། དེ་ནས་ཁོ་ཚོ་རང་རང་གི་ལམ་བུར་འཕུར་སོང་། ང་ནི་“གང་ཞིག་གསེར་གྱི་རི་ལ་གནས་བཅའ་ན། །དེ་ཡི་འདབ་ཆགས་ཐམས་ཅད་གསེར་དུ་འགྱུར། གང་ཞིག་དུག་གི་རི་ལ་གནས་བཅའ་ན། དེ་ཡི་འདབ་ཆགས་ཐམས་ཅད་དུག་ཏུ་འགྱུར། །”ཟེར་བ་ཡིད་ལ་དྲན་ཏེ་ཕུན་ཚོགས་ཀྱི་ཐོག་བློ་འགྱོད་དང་འཚིག་པ་ཟ་བ་ཅི་ཡིན་མི་ཤེས། གང་ལྟར་དུས་དེ་ནས་ངས་ཁོ་པ་གང་དུ་ཕྱིན་པ་དང་གང་དུ་ཡོད་པ་སོགས་རྩད་གཅོད་དང་འབྲེལ་བ་བྱས་མ་མྱོང་།
ལོ་ངོ་ཁ་ཤས་འགོར་སོང་། དེའི་རིང་སློབ་ཕྲུག་མང་པོ་ཞིག་ཐོན་ཟིན་པས་ངས་ཕུན་ཚོགས་རྦད་དེ་བརྗེད་འདུག ཉིན་ཞིག་ང་ལ་དཔེ་དེབ་ཞིག་འབྱོར་བྱུང་། ངས་དཔེ་དེབ་དེའི་ཐོག་ཡོད་པའི་ཁོ་པའི་པར་དང་ལོ་རྒྱུས་དེ་ལེགས་པར་བལྟས་རྗེས། སྔོན་གླེང་ནང་“བདག་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་བོད་དགེ་བསྟན་འཛིན་ལགས་ཀྱི་སློབ་ཁྲིད་དང་། ལམ་སྟོན་ལ་བརྟེན་ནས་ངས་དཔེ་དེབ་འདི་བརྩམས་ཐུབ་པ་བྱུང་སོང་བས། རྒན་ལགས་ལ་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། དེབ་འདི་རྒན་ལགས་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཡིན།” ཞེས་པའི་ཚིག་དུམ་དེ་ངས་སླར་ཡང་ཐེངས་གཉིས་ཙམ་བཀླགས་པ་ཡིན། ཨེ་མ་ཇི་འདྲའི་སྙན་པའི་ཚིག་སྦྱོར་ཞིག་ཨང་། ངས་ཀློག་བཞིན་ཀློག་བཞིན་སེམས་སུ་དགའ་བ་དང་སྤོབས་པ་རབ་ཏུ་རྒྱས་པ་དང་ལྷན། རང་ཉིད་ཀྱིས་ནོར་འཁྲུལ་ཆེན་པོ་ཞིག་ཤོར་བ་ཡང་གཞི་ནས་རྟོགས་སོང་།