རྟ་མགྲིན་དབང་རྒྱལ། གཞི་རིམ་འོག་མའི་དགེ་རྒན། སིམ་ལ་གཏན་སློབ།

གནའ་སྔ་མོ་སྔ་མོ་ཞིག་ལ། ཨ་མ་ཞིག་ལ་བུ་མོ་སྤུན་གསུམ་ཡོད་པ་རེད། ཉིན་ཞིག་ཨ་ཁུ་ཁྱི་རྒན་ཞིག་སླེབས་ཏེ་ཨ་མ་དེ་ལ་། ཁྱེད་རང་གི་བུ་མོ་གཅིག་ང་ལ་མནའ་མར་སྤྲད་རོགས། ཞེས་ཟེར་བས།
ཨ་མས་བུ་མོ་གསུམ་པོ་ཚུར་སྐད་བཏང་ནས། ཨ་ཁུ་ཁྱི་རྒན་གྱིས་མནའ་མ་སློང་གི་འདུག ཁྱེད་རང་ཚོ་གསུམ་ནས་སུ་འགྲོ་འདོད་ཡོད། ཅེས་སྐད་ཆ་དྲིས་པར། བུ་མོ་རྒན་པ་གཉིས་དེ་དུས་རྒྱུན་ནས་རང་ཤེད་ཆེ་བ་དང་། ཆེ་འདོད་དང་དང་དོད་ཆེ་བ་ཡོད་སྟབས། ཁྱི་རྒན་གྱི་མནའ་མར་སུ་འགྲོ་ཡི་ཡིན་ཟེར་ནས་ཁ་ཡ་མ་བྱས་པ་རེད།
དེ་ནས་ཨ་མས། ང་ཚོའི་རྒྱུན་གཏན་གོམས་གཤིས་ནང་མི་གཞན་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པ་ནི་མེད་ལ། ལྷག་པར་དུ་ངས་ག་དུས་ཡིན་ནའང་ཁྱེད་རང་ཚོ་ལ། མི་ཉམ་ཆུང་དང་བཟང་པོ་ངོ་ཤེས་པ་བྱས་ནས་བརྩི་བཀུར་བྱེད་དགོས་པ་དང་། མིའི་མདོག་དང་གནས་སྟངས་ལ་བལྟས་ནས་དབྱེ་འབྱེད་བྱེད་རྒྱུ་མེད་པའི་སྐོར་བསླབ་བྱ་ཡང་ཡང་བརྒྱབས་ཡོད། ཅེས་དོ་ནན་ཆེན་པོས་བཤད་པས། བུ་མོ་རྒན་ཤོས་ཀྱིས། ད་འོ་ན་་་། ང་ཕྱིན་ཆོག ཅེས་འདོད་པ་མེད་བཞིན་དུ་ཁས་ལེན་བྱས་ནས་ཨ་ཁུ་ཁྱི་རྒན་གྱི་མནའ་མར་ཕྱིན་པ་རེད།
ཨ་མས་བུ་མོ་ལ་ནོར་གྱི་རྫོངས་སྐལ་དུ་རྫ་སྣོད་གཅིག་སྤྲད་པ་དང་། ལམ་དུ་ཕྱིན་ནས་གང་འཚམས་འགོར་རྗེས། བུ་མོ་རྒན་པས། ང་དཀའ་ལས་ཁག་གི་འདུག། ཁྱི་རྒན་ཁྱེད་ཀྱི་ནང་དུ་ག་དུས་འབྱོར་གྱི་རེད། ཅེས་ཟེར་བས། ཨ་ཁུ་ཁྱི་རྒན་གྱིས། བུ་མོ། ཁྱེད་རང་དཀའ་ལས་ཁག་གི་ཡོད་ན། ངའི་རྒྱབ་ལ་ཞོན་དང་། ངས་ཁུར་ནས་འགྲོ་ཆོག་ཟེར་བས། བུ་མོ་དེ་ཨ་ཁུ་ཁྱི་རྒན་གྱི་རྒྱབ་ལ་ཞོན་པ་དང་། ཨ་ཁུ་ཁྱི་རྒན་གྱིས་གླུ་འདི་ལྟར་བླངས། ཁྱི་རྒན་འདུར་བའི་འདུར་ལུགས་ལ། རྫ་མ་བཅགས་པའི་བཅག་ལུགས་ལ། ཞེས་གླུ་ལེན་བཞིན་འདུར་རྒྱག་བྱས་པས། བུ་མོའི་རྫ་མ་ས་ལ་ལྷུང་ནས་ཆག་པ་རེད། བུ་མོ་རྒན་པ་དེ་ཁོང་ཁྲོ་གཏིང་ནས་ལངས་ཏེ། ཁྱི་རྒན་ཁྱོད་ཀྱིས་ངའི་ཨ་མས་གནང་བའི་རྫ་མ་དེ་བཅག་སོང་། ཁྱི་ནད། ཅེས་ཟེར་ནས་ཕྱིར་རང་ཁྱིམ་ལ་ལོག་ཕྱིན་པ་རེད།
ཡང་ཉིན་ཁ་ཤས་ཀྱི་རྗེས་ལ། ཡང་བསྐྱར་ཨ་ཁུ་ཁྱི་རྒན་ཨ་མ་དེའི་ནང་ལ་མནའ་མ་སློང་དུ་ཡོང་བ་དང་། ཨ་མས་བུ་མོ་འབྲིང་བ་དེར་འགྲོ་དགོས་པའི་ཁ་ཏ་བསླབ་བྱ་བྱས་མཐར་བུ་མོ་འབྲིང་བས་ཀྱང་མི་འདོད་བཞིན་འགྲོ་རྒྱུའི་ཁས་ལེན་བྱས་ཏེ་ཕྱིན་པ་རེད། ཨ་མས་བུ་མོ་འབྲིང་བའི་ནོར་གྱི་རྫོངས་སྐལ་ལའང་རྫ་་སྣོད་གཅིག་སྤྲད་པ་རེད། ལམ་ལ་ཆས་ཏེ་གང་འཚམས་ཕྱིན་རྗེས། བུ་མོ་འབྲིང་བས་ང་དཀའ་ལས་ཞེ་པོ་ཁག་སོང་། ཁྱི་རྒན་ཁྱེད་རང་གི་ནང་དུ་ག་དུས་འབྱོར་གྱི་རེད། ཅེས་ཟེར་བར། ཨ་ཁུ་ཁྱི་རྒན་གྱིས། བུ་མོ། ཁྱེད་རང་དཀའ་ལས་ཁག་གི་ཡོད་ན། ངའི་རྒྱབ་ལ་ཞོན་དང་། ངས་ཁུར་ནས་འགྲོ་ཆོག ཅེས་ཟེར་བས། བུ་མོ་དེ་ཨ་ཁུ་ཁྱི་རྒན་གྱི་རྒྱབ་ལ་ཞོན་པ་དང་། ཨ་ཁུ་ཁྱི་རྒན་གྱིས་གླུ་འདི་ལྟར་བླངས། ཁྱི་རྒན་འདུར་བའི་འདུར་ལུགས་ལ། རྫ་མ་བཅག་པའི་བཅག་ལུགས་ལ། ཞེས་གླུ་ལེན་བཞིན་འདུར་རྒྱག་བྱས་པས། བུ་མོའི་རྫ་མ་ས་ལ་ལྷུང་ནས་ཆག་པ་རེད། བུ་མོ་འབྲིང་བ་དེ་ཡང་ཁོང་ཁྲོ་གཏིང་ནས་ལངས་ཏེ། ཁྱི་རྒན་ཁྱོད་ཀྱིས་ངའི་ཨ་མས་གནང་བའི་རྫ་མ་དེ་བཅག་སོང་། ཁྱི་ནད། ཅེས་ཟེར་ནས་ཕྱིར་རང་ཁྱིམ་ལ་ལོག་ཕྱིན་པ་རེད།
དེ་ནས་ཨ་ཁུ་ཁྱི་རྒན་གྱིས་བསམ་པར། དྲང་བདེན་དང་ཉམ་ཆུང་གི་འཚོ་བར་རོལ་ནས་ཕྱིན་ན། མི་ཚེ་དང་ཁྱི་ཚེ་གང་ཡིན་ཡང་འཁྱོལ་རྒྱུ་དཀའ་ལས་ཁག་པོ་རེད་འདུག ཡིན་ནའང་། ངའི་ཨ་མས་ཁ་ཏ་བསླབ་བྱའི་ལམ་སྟོན་བྱས་པ་ལྟར། མི་ཚེ་འཚོ་བ་ཙམ་གྱི་ཆེད་མིན་པར་ཕ་མ་བཟང་པོའི་བུ་ཕྲུག་གི་ངོ་བོ་མ་བརླག་པ་ཞིག་དང། དྲང་བདེན་གྱིས་མི་ཚེ་ལ་རོལ་ཐུབ་ན་རིན་ཐང་བྲལ་བ་ཡིན། ཞེས་གསུངས་པ་ལ་རྒྱུ་མཚན་ཡོད་མེད་ཚོད་ལྟའི་བསམ་བློ་ཞིག་འཁོར་ནས། ཡང་བསྐྱར་བུ་མོ་གསུམ་གྱི་ཨ་མའི་ནང་ལ་ཕྱིན་ནས། ཨ་མ་ལགས། ཁྱེད་རང་གི་བུ་མོ་རྒན་པ་གཉིས་ཀྱིས་ང་ལ་འདོད་པ་མི་འདུག་ཀྱང་། གལ་སྲིད་ཨ་མ་ཁྱེད་རང་འདོད་པ་ཡོད་ན། བུ་མོ་ཆུང་བ་དེ་ང་ལ་མནའ་མར་སྤྲད་རོགས་གནང་། ཞེས་བཤད་པ་རེད།
ཨ་མས། ང་ལས་ལྷག་པ་བུ་མོ་རང་ཉིད་ལ་འདོད་མོས་ཡོད་མེད་ལ་ལྟ་རྒྱུ་རེད། ཅེས་ཟེར་ནས། བུ་མོ་ཆུང་བ་ལ་སྐད་ཆ་འདྲི་རྒྱུ་བྱས་པ་རེད།
ཉིན་ཞིག་ཨ་མས་བུ་མོ་ཆུང་བ་ཚུར་སྐད་བཏང་ནས། བུ་མོ། ཁྱེད་ཀྱི་ཨ་ཅག་གཉིས་ཨ་ཁུ་ཁྱི་རྒན་གྱི་མནའ་མར་སོང་སྟེ་མཉམ་དུ་མ་བསྡད་པར་ཕྱིར་ནང་ལ་ལོག་སླེབས་སོང། ཨ་ཁུ་ཁྱི་རྒན་གྱིས་ཁྱེད་རང་མནའ་མ་སློང་གི་འདུག ཨ་མས་ཐག་གཅོད་བྱ་མ་ཐུབ་པར་བུ་མོ་ཁྱེད་རང་འགྲོ་འདོད་ཡོད་མེད་སྐད་ཆ་འདྲི་བཞིན་ཡོད། ཅེས་དྲིས་པ་རེད། བུ་མོས། ཨ་མས་སོང་ཟེར་ན་ངས་འགྲོ་ཆོག ཨ་མའི་ཐུགས་འདོད་ལྟར་ཞུས་ཆོག ཅེས་ཞུས་པས། ཨ་མ་དགའ་ནས། དེས་ན་བུ་མོ་ཁྱེད་ཨ་ཁུ་ཁྱི་རྒན་གྱི་མནའ་མར་འགྲོ་རོགས་གྱིས། ཞེས་བཤད་ནས། བུ་མོ་ཆུང་བའི་ནོར་གྱི་རྫོངས་སྐལ་ལའང་རྫ་སྣོད་ཅིག་སྤྲད་དེ་ཨ་ཁུ་ཁྱི་རྒན་གྱི་མནའ་མར་བཏང་བ་རེད། ཁོ་གཉིས་ལམ་ལ་ཆས་ནས་ཡུན་རིང་སོང་མཚམས། ཨ་ཁུ་ཁྱི་རྒན་གྱིས། བུ་མོ་ལགས། ཁྱེད་རང་དཀའ་ལས་ཁག་ཡོད་ཀྱི་རེད། ངའི་རྒྱབ་ལ་ཞོན་དང་། ངས་ཁུར་ནས་འགྲོ་ཆོག ཅེས་བཤད་པ་དང་། བུ་མོས། མི་དགོས། ཁྱེད་རང་ངའི་ཁྱོ་ག་ཡིན་སྟབས། དེ་འདྲ་གང་ནས་རུང་། ང་རང་ཉིད་གོམ་པ་བརྒྱབ་ནས་འགྲོ་ཐུབ། ཅེས་ཟེར་ནས་ཕྱིན་པ་རེད།
གང་མཚམས་ཕྱིན་རྗེས། དངུལ་གྱི་ཁང་པ་ཞིག་མཐོང་བས། བུ་མོས་གླུ་འདི་ལྟར་བླངས་སོ། །
ཨ་ཁུ་ཁྱི་རྒན། ཨ་ཁུ་ཁྱི་རྒན། དངུལ་གྱི་ཁང་པ་ཀྲོང་སེ་ཀྲོང། དངུལ་གྱི་མི་གཅིག་ཅེར་སེ་ཅེར། དངུལ་གྱི་ཁྱི་གཅིག་འབའ་སེ་འབའ། དེ་ངེད་གཉིས་ཁང་པ་ཨེ་ཡིན་ན། ཞེས་དྲིས་པར། ཨ་ཁུ་ཁྱི་རྒན་གྱིས། མ་རེད། ཅེས་ལབ་པ་རེད།
དེ་ནས་ཡང་གང་མཚམས་ཕྱིན་རྗེས། གསེར་གྱི་ཁང་པ་ཞིག་མཐོང་བ་རེད། ཡང་བུ་མོས་གླུ་འདི་ལྟར་བླངས་སོ། །
ཨ་ཁུ་ཁྱི་རྒན། ཨ་ཁུ་ཁྱི་རྒན། གསེར་གྱི་ཁང་པ་ཀྲོང་སེ་ཀྲོང། གསེར་གྱི་མི་གཅིག་ཅེར་སེ་ཅེར། གསེར་གྱི་ཁྱི་གཅིག་འབའ་སེ་འབའ། དེ་ངེད་གཉིས་ཁང་པ་ཨེ་ཡིན་ན། ཞེས་དྲིས་པར།
ཨ་ཁུ་ཁྱི་རྒན་གྱིས། དེ་ཡང་མ་རེད། ཅེས་ལབ་པ་རེད།
དེ་ནས་ཡར་གང་མཚམས་ཕྱིན་པའི་རྗེས་ལ། དུང་གི་ཁང་པ་ཞིག་མཐོང་བ་རེད། དེ་ནས་ཡང་བུ་མོས་གླུ་འདི་ལྟར་བླངས་སོ། །
ཨ་ཁུ་ཁྱི་རྒན། ཨ་ཁུ་ཁྱི་རྒན། དུང་གི་ཁང་པ་ཀྲོང་སེ་ཀྲོང། དུང་གི་མི་གཅིག་ཅེར་སེ་ཅེར། དུང་གི་ཁྱི་གཅིག་འབའ་སེ་འབའ། དེ་ངེད་གཉིས་ཁང་པ་ཨེ་ཡིན་ན། ཞེས་དྲིས་པར།
ཨ་ཁུ་ཁྱི་རྒན་གྱིས། མ་རེད། ཅེས་ལབ་པ་རེད།
དེ་ནས་ཡང་གང་མཚམས་ཕྱིན་པའི་རྗེས་ལ། ཁྱི་སྐྱག་གི་ཁང་པ་གཅིག་མཐོང་བ་རེད། དེ་ནས་བུ་མོས། ཡང་གླུ་དེ་ལྟར་བླངས་སོ། ཨ་ཁུ་ཁྱི་རྒན། ཨ་ཁུ་ཁྱི་རྒན། ཁྱི་སྐྱག་ཁང་པ་ཀྲོང་སེ་ཀྲོང། ཁྱི་སྐྱག་མི་གཅིག་ཅེར་སེ་ཅེར། དེ་ངེད་གཉིས་ཁང་པ་ཨེ་ཡིན་ན། ཞེས་དྲིས་པར། ཨ་ཁུ་ཁྱི་རྒན་གྱི། འོ་་་ རེད། དེ་ངེད་གཉིས་ཀྱི་ཁང་པ་རེད། ཅེས་ཟེར་བ་དང་། ཁོ་གཉིས་ཨ་ཁུ་ཁྱི་རྒན་གྱི་ནང་ལ་འབྱོར་བ་རེད།
སང་ཉིན་སྔ་མོ་ནས་ཨ་ཁུ་ཁྱི་རྒན་གྱིས། ང་ལས་ཀ་ལ་འགྲོ་དགོས་ཡོད། ཁྱེད་རང་ནང་ལ་སྡོད་ཨང་། ཞེས་ཟེར་ནས་ཕྱིན་པ་རེད། དེ་ལྟར་ཉིན་གྲངས་མང་པོ་སོང་རྗེས། བུ་མོའི་བསམ་པར་ཁྱི་རྒན་ཞིག་ལ་ལས་ཀ་དེ་འདྲ་ག་རེ་ཡོད་ན་བསམས་ནས། དོ་སྣང་བྱས་པ་རེད།
ཉིན་ཞིག ཨ་ཁུ་ཁྱི་རྒན་གྱི་རྗེས་སུ་དེད་ནས། གང་ལ་འགྲོ་ཡི་ཡོད་པ་དང་། ལས་ཀ་ག་རེ་བྱེད་ཀྱི་ཡོད་མེད་ལྟ་ཞིབ་བྱས་པ་རེད། ས་ཆ་ཞིག་ཏུ་སླེབས་དུས་ཨ་ཁུ་ཁྱི་རྒན་གར་སོང་མི་ཤེས་པ་དང་། ས་དེར་མི་རྣམས་གར་དང་གླུ་གཞས་ལ་རོལ་བ་དང། རྟ་རྒྱུགས་དང་རྩེད་འགྲན་སྣ་ཚོགས་བྱས་ནས་སྣང་བ་སྐྱིད་པོའི་ངང་བསྡད་ཡོད་པ་མཐོང་། ཐེངས་མང་པོར་ཕོ་གསར་གཟུགས་སྟོབས་ཆེ་ལ་རྫིག་པོ་དང་། ཀུན་སྤྱོད་བཟང་བ་ཞིག་གིས་གླུ་དང་ཞབས་བྲོ། རྟ་རྒྱུགས་དང་རྩེད་འགྲན་གང་ལའང་ཨང་དང་པོ་ལེན་པ་མཐོང་བ་རེད།
ཐེངས་ཤིག་བུ་མོས་ཨ་ཁུ་ཁྱི་རྒན་གྱི་རྗེས་འདེད་སྐབས་ཁྱི་རྒན་ས་ཆ་གང་དུ་འགྲོ་ཡི་ཡོད་མིན་མཐོང་བ་རེད། བུ་མོས་ཁུ་སིམ་ངང་རྩིག་པའི་ཨི་ཁུང་ཞིག་ནས་ལྟ་སྐབས། ཨ་ཁུ་ཁྱི་རྒན་གྱིས་ཕར་ལྟ་ཚུར་ལྟ་ཞིག་བྱས་ནས། རང་གི་ཁྱི་ལྤགས་དེ་ཕུད་ནས་སྦས། ཁ་སང་གི་ཕྱི་རྫིག་ལ་ནང་ཀུན་སྤྱོད་བཟང་བའི་སྐྱེས་པ་དེ་ཨ་ཁུ་ཁྱི་རྒན་ཡིན་པ་ཤེས།
བུ་མོས་ཨ་ཁུ་ཁྱི་རྒན་རྩེད་འགྲན་དུ་ཞུགས་པར་བསྐྱོད་པ་དང་། ལམ་སེང་ཁྱི་ལྤགས་དེ་མེ་ལ་བསྲེགས་ནས་མོ་རང་ནང་ལ་ལོག་ཕྱིན་པ་རེད། ཕྱི་དྲོ་སྐྱེས་པ་དེ་ནང་ལ་ལོག་ནས། ཁྱེད་རང་གིས་ངའི་ཁྱི་ལྤགས་དེ་མེ་ལ་བསྲེགས་པ་སྔ་དྲགས་སོང་། ཞེས་ཟེར་བ་རེད།
སྐྱེས་པ་དེ་ནི་ཡུལ་དེའི་རྒྱལ་སྲས་ཡིན་པ་དང་། ཁོ་གཉིས་འཆམ་པོ་དང་མཐུན་པོའི་ངང་བདེ་ཞིང་སྐྱིད་པའི་འཚོ་བར་རོལ་ཏེ་མཐར་བུ་ཞིག་ཀྱང་བཙས་པ་རེད། རྒྱལ་པོས་རྒྱལ་སྲིད་མངའ་དབང་ཡོངས་རྫོགས་རྒྱལ་སྲས་དེར་བསྐུར་བ་དང་། རྒྱལ་ཁབ་མངའ་ཐང་ཡང་དར་རྒྱས་སུ་ཕྱིན།
ལོ་ཤས་སོང་རྗེས། བུ་མོས་རྒྱལ་པོ་ལ། ང་ཨ་མའི་སར་ཐུག་འཕྲད་ལ་འགྲོ་གི་ཡིན། ཞེས་ཞུས་པ་དང་། རྒྱལ་པོས་ཀྱང་བཀའ་འཁྲོལ་སྩལ་ཏེ། གཡོག་འཁོར་མང་པོ་ཞིག་དང་མཉམ་དུ་ཨ་མར་འབུལ་རྒྱུའི་ལེགས་སྐྱེས་གྱ་ནོམ་པ་ཞིག་སྩལ་ཏེ་བརྫངས་པ་རེད། བུ་མོ་ཨ་མ་དང་ཐུག་པས་དགའ་ཚོར་དང། རང་ཡུལ་དུ་སླེབས་པའི་སྐྱིད་སྣང་གི་དེར་ཉིན་མང་ཙམ་བསྡད་པ་རེད།
མོའི་ཨ་ཅག་གཉིས་ཀྱིས་བུ་མོ་ཆུང་བའི་བདེ་སྐྱིད་ཀྱི་འཚོ་བ་ལ་མིག་ཚ་ཞིང་ཕྲག་དོག་སྐྱེས་ཏེ། ཉིན་ཞིག བུ་མོ་ཆུང་བ་ཁྲིད་ནས་ལུག་འཚོ་རུ་ཕྱིན་པ་དང་། མོ་ལ་མགོ་སྐོར་བཏང་སྟེ་ཆུ་ཁར་ཁྲིད་ནས་ཆུའི་ནང་གཡུགས། ཨ་ཅག་རྒན་པ་དེས་བུ་མོ་ཆུང་བར་བརྫུས་ཏེ་བུ་མོ་ཆུང་བའི་གྱོན་གོས་རྣམས་གྱོན། རྒྱན་ཆ་རྣམས་རྣམས་བཏགས་ནས་རྒྱལ་པོའི་ནང་ལ་ཕྱིན་པ་རེད། ཡིན་ནའང་། ལས་རྒྱུ་འབྲས་ལ་གཡོལ་བ་མེད་པས། མོ་རང་རྒྱལ་པོའི་རྒྱལ་སྒོར་སླེབས་མ་ཐག་ས་འོག་ཏུ་ཤོར་ནས་ཤི་བ་རེད།
དེ་ནས་རྒྱལ་པོས་ཕྲུ་གུ་ཁྲིད་ནས། འཁོར་གཡོག་མང་པོ་དང་བཅས་བུ་མོ་ཆུང་བའམ་བཙུན་མོ་འཚོལ་དུ་ཕྱིན་པ་རེད། ཡུལ་ལུང་གཞན་ཞིག་གི་ཆུ་འགྲམ་གྱི་གྲོང་ཚོ་ཞིག་ནང། ཁོང་རང་གི་བཙུན་མོ་རྙེད་པ་དང། ཁོང་གཉིས་སླར་ཡང་བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པ་བྱུང་།
སྐྱིད་ཨར་ཁུ་མར་ཁུ་ཐིགས་ཐིགས། བུ་རམ་སྒོར་མོ་འཁྱིལ་འཁྱིལ། ཐུད་ཀྱི་སྒྱིད་པུ་རོག་རོག།