བྱམས་པ་བཀྲིས།
ཀོ་ལེ་གྷལ་སཾ་བྷོ་ཊ་ཉིན་སློབ། བོད་དགེ་།

ལོ་ཤས་རིང་སློབ་ཁྲིད་ཀྱི་ཉམས་མྱོང་ཚད་ལྡན་དུ་འགྱུར་ཐབས་སུ་འབད་འབུངས་རྣལ་མ་ཞིག་གིས་ངོ་བོ་ནས་མཆེད་པའི་བསླབ་ཐབས་དང་རྩོམ་འབྲིའི་ལམ་སྟོན་དེ་དག་གསར་གཏོད་དང་། དེང་རབས་དང་མཐུན་པའི་སློབ་ཁྲིད་ཀྱི་ཁ་ཕྱོགས་སུ་མདུན་བསྐྱོད་བྱེད་པ་ནི་ངའི་རང་གཤིས་སུ་གྱུར། ད་ལན་བསྐྱར་དུ་སློབ་ཁྲིད་ཐབས་ལམ་ཞིག་གསར་དུ་བསྣན་པ་ནི་སློབ་མ་ཚོའི་གནས་རིམ་དང་གོ་རྟོགས་ཤེས་ཚད་གཙོ་བོར་འཛིན་པའི་ཐོག་ནས་ངས་གསར་ཏུ་རྙེད་པའི་ཐབས་ལམ་ནི་(མིང་ཚིག་བརྗེ་ཚུལ་གྱི་ལམ་ནས་བརྗོད་པ་ཕུན་སུམ་ཚོགས་པ་ཡོངས་ཐབས་ཟེར་བ་འདི་ཡིན། ) འདི་ནི་སློབ་ཕྲུག་གི་འབྲི་རྩལ་ཡར་རྒྱས་དང་དཔེ་ཀློག་ཁྲོད་དུ་སྤྱད་པའི་ཐ་སྙད་ལ་རྨོངས་པ་སེལ་བའི་ཕྱིར་དུ་ཐབས་ཇུས་འདི་ལག་ལེན་དངོས་སུ་བསྟར་འགོ་བཙུགས་པ་ཡིན། ངའི་བསམ་དོན་བཞིན་གྲུབ་འབྲས་ཀྱང་མི་ཉུང་བ་ཞིག་ཉིན་རེ་ནས་ཉིན་རེ་བཞིན་ཐོན་པ་ནི་ངའི་ངོས་ནས་བཤད་ན་དགའ་འོས་པའི་གནས་སྟངས་དང་སྤོབས་སེམས་སྒྲེང་པའི་དར་ཆེན་ཞིག་དང་འདྲ།
དེ་བས་དགའ་ཚོར་སྐྱེས་འོས་པ་ནི་བརླག་ལ་ཉེ་བའི་སློབ་ཁང་ཆུང་ཆུང་ཞིག་གིས་བོད་གངས་ཅན་གྱི་རིག་གཞུང་དང་སྐད་ཡིག་ཉམས་གསོ་གང་ཐུབ་བྱུང་སོང་བསམ་པའི་བློ་སྟོབས་དང་༸མགོན་པོ་གང་གི་ཐུགས་རེ་བཞིན་སྒྲུབ་བཞིན་པའི་ཚོར་སྣང་འདི་ནི་ངས་ཀྱང་འགྲེལ་དུ་དཀའ་བའི་བདེ་སྐྱེིད་ཅིག་རེད།
བདག་གི་སློབ་ཁྲིད་ཀྱི་བརྒྱུད་རིམ་ཁྲོད་ནས་གསར་ཏུ་རྙེད་པ་ནི་ཐབས་ལམ་ཙམ་རེད། གལ་ཏེ་ང་ལ་ཡིད་ཆེས་དང་བློ་གཏད་བྱེད་མཁན་གྱི་སློབ་ཆུང་འདི་དག་མེད་ན་ང་ལ་འཇོན་ཐང་དང་ཤེས་ཚད་ཇི་ཙམ་ཡོད་ཀྱང་ཁྱེད་རྣམས་ཀྱི་མདུན་ཅོག་ཏུ་སྤུངས་དཀའ་བ་ཞིག་རེད། ད་ལན་ངས་ཡག་བྱུང་དང་བཀའ་དྲིན་ཆེ་ཞེས་ཞུ་སྙིང་འདོད་བྱུང་། མ་ཟད་ཐབས་ལམ་འདི་ཙམ་མིན་པར་ཕྱོགས་ཡོངས་ནས་གསར་གཏོད་ཀྱི་རྣམ་པ་མང་པོ་ཞིག་བྱུང་ཡོད་པ་ནི་གུས་པར་མཚོན་ན་ལེགས་སྐྱེས་ཤིག་དང་ཁྱེད་རྣམ་པར་མཚོན་ནའང་གསར་ཤེས་ཀྱི་ཡོན་ཏན་མཆོག་ཏུ་གྱུར་བ་ཞིག་རེད། འོ་ཡ་ད་ངས་མང་པོ་མི་བཤད། ངས་འདི་ན་འབྲི་འདོད་པ་ནི་ཐབས་བྱུས་གཙོ་འཛིན་བྱས་པའི་ཐོག་སློབ་མའི་གནས་ཚད་ཡར་རྒྱས་གོང་མཐོར་གཏོང་ཐབས་ཤིག་རེད། རེ་མདུན་དང་སྐྱབས་འཇུག་ཞུ་འོས་པ་ནི་བླང་དོར་གྱི་གནས་ལ་མ་འཁྲུལ་པའི་གཟུར་གནས་ཀྱི་མཁས་པ་ཚོ་དང་། བློ་རིག་བཀྲ་བའི་དགེ་རྒན་རྣམ་པའི་ལེགས་ཉེས་ཀྱི་མིག་རྒྱང་རིང་དུ་བསྲིངས་ནས་ཁྱེད་རྣམ་པའི་བཀའ་སློབ་གང་ཡོད་གུས་པས་སེམས་ཁོངས་སུ་གཅེས་ཉར་གྱིས་ཕྱིན་ཆད་ལེགས་ཉེས་སྤང་བླང་གིས་ཚུལ་དུ་ཡར་ངོའི་ཟླ་བ་བཞིན་རིམ་གྱིས་གོང་འཕེལ་དུ་འགྲོ་བར་ཐེ་ཚོམ་མེད་པར་དཔང་དུ་བཙུགས།
དངོས་གཞི། སློབ་ཁྲིད་ཐབས་ལམ་ངོ་སྤྲོད།
དང་པོ། མིང་ཚིག་བརྗེ་རེས་བྱས་ཏེ་བརྗོད་པ་ཕུན་སུམ་ཚོགས་པ་ཡོང་ཐབས་ཀྱི་དམིགས་དོན་དང་ཁེ་ཕན་གཙོ་བོ་ནི།
༡། མིང་ཚིག་དང་བྱ་ཚིག་ཡར་རྒྱས་འགྲོ་ཐུབ་པ།
༢། རྩོམ་ཡིག་འབྲི་བའི་སྐབས་ཐ་སྙད་བསྐྱར་འབྲི་ཡང་འབྲིའི་དཀའ་ངལ་སེལ་ཐུབ་པ།
༣། རྩོམ་ཡིག་འབྲི་བའི་སྐབས་མིང་ཚིག་གདམ་བསྲེས་བྱེད་ཐུབ་པ།
༤། དཔེ་ཀློག་སྐབས་སུ་ཐ་སྙད་ལ་མི་རྨོངས་པ།
༥། འབྲི་བའི་འདུན་པ་གོང་ནས་གོང་དུ་འཕེལ་བ།
༦། འབྲི་བའི་སྤོབས་པ་རྙེད་པ་བཅས་སོ།
སློབ་ཁྲིད་དངོས་གཞི་ཇི་ལྟར་སྤེལ་དགོས་ཟེར་ན། ཐོག་མར་དགེ་རྒན་ངོས་ནས་རྒྱུན་གཏན་སློབ་མ་ཚོའི་འབྲི་རྩོམ་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་པ་མ་ཟད་སྐྱོན་ཆའི་རིགས་ལ་ཐུགས་སྣང་དགོས་པ་དང་། མ་ཟད་ཟིན་བྲིས་སུ་བཀོད་དེ་བསམ་བློར་གཅེས་ཉར་བྱེད་པའི་གོམས་གཤིས་འཇགས་དགོས།
ད་ལན་ངས་དོ་སྣང་བྱུང་བ་ནི་མིང་ཚིག་ཕྱུག་ཏུ་གཏོང་དགོས་པའི་ཚོར་བ་ཤུགས་ཆེ་བྱུང་། དེར་བརྟེན་སློབ་ཁྲིད་ཀྱི་ཐབས་ལམ་ཞིག་གསར་གཏོད་དགོས་པའི་བརྡ་ལན་ཞིག་ངའི་བསམ་བློར་འཆར་བྱུང་། མིང་ཚིག་བརྗེ་རེས་བྱས་ཏེ་ཚིག་སྒྲུབ་ཀྱིས་ལམ་ནས་ཐ་སྙད་གསར་པ་ངོ་སྤྲོད་བྱེད་ཐུབ་ཀྱི་ཡོད་པར་གདེངས་ཚོད་ཆེན་པོ་ཡོད་ཙང་ངས་ཐབས་ལམ་འདི་བེད་སྤྱོད་བྱས་པ་ཡིན།
དཔེར་ན།
• དང་པོ། ཚིག་དཀྱུས་མ་འབྲི་བ། དགོང་དག་ཁ་ལག་བཟས་ནས་འཆམ་འཆམ་ལ་སོང་།
• གཉིས་པ། ཚིག་བཟང་དུ་གཏོང་བ། ཕྱི་དྲོ་ཞལ་ལག་མཆོད་ནས་སྤྲོ་འཆམ་ལ་སོང་།
དགོང་དག     ཕྱི་དྲོ།
ཁ་ལག        ཞལ་ལག
བཟས།        མཆོད།
འཆམ་འཆམ། སྤྲོ་འཆམ།
དོ་སྣང་དགོས་རྒྱུ། བར་གྱི་ཕྲད་རྣམས་ལ་བསྒྱུར་བཅོས་མི་དགོས། རང་སར་བཞག་དགོས།
འདི་ལྟར་བྱས་ན་ཚིག་སྒྲུབ་ལ་འགྲེལ་བརྗོད་གང་ཡང་མི་དགོས་པའི་ཐོག བརྗོད་པའི་དོན་བདེ་བརླག་ཏུ་གོ་བ་མ་ཟད་སློབ་མ་ཚོས་ཀྱང་། ནམ་བཞག་རྒྱུན་དུ་འབྲི་བའི་ཐ་སྣད་དེ་དང་དོན་མཚུངས་པའི་ཐ་སྙད་གསར་པ་དེ་ལ་དོ་སྣང་གནང་ན་མིང་ཚིག་གསར་བ་གང་ཡིན་ངོ་སྤྲོད་གསལ་བོ་ཆགས་ཐུབ། དེས་ན་དགེ་རྒན་ངོས་ནས་དཔེར་མཚོན་འཇོག་པའི་སྐབས་སུ་ཚིག་དཀྱུས་མའི་ནང་དུ་བྲིས་ན། སློབ་མ་ཚོའི་ཐ་སྙད་དང་བརྡ་ཆད་ཀྱི་གནས་བབས་ལ་གཟིགས་ཏེ་འབྲི་དགོས། ཚིག་བཟང་དུ་གཏོང་བའི་སྐབས་འདིར་དགེ་རྒན་རང་ཉིད་ཀྱིས་སློབ་ཕྲུག་ཚོར་ཐ་སྙད་བརྡ་ཆད་གང་ངོ་སྤྲོད་བྱེད་འདོད་པ་དེ་མངོན་དགོས།
དེ་ནས་སློབ་ཁྲིད་སྐབས་སྐར་མ་༡༠ ཡི་ནང་ཚུན་དུ་ངོ་སྤྲོད་བྱས་ཚར་དགོས་མ་ཟད་འཛིན་ཁང་དུ་འཛིན་ལས་བྱེད་བཅུག་པ་ནི་སློབ་ཁྲིད་ཀྱི་དགག་གནད་ཅིག་རེད། ངེས་པར་དུ་རང་ཉིད་ཀྱི་མདུན་དུ་སོ་སོས་གང་འདོད་ལྟར་འབྲི་རུ་བཅུག་དགོས། དེའི་ཆེད་དུ་རང་གིས་སྔ་ས་ནས་གྲ་སྒྲིག་དགོས། དཔེར་ན་གཤམ་དུ་གཟིགས་ཞིབ་གནང་རོགས་ཞུ།
༼གཤམ་འོག་ཏུ་མིང་ཚིག་ཁག་གཅིག་ངོ་སྤྲོད་བྱས་ཡོད། རང་འབྱུང་ཁོར་ཡུག་སྡེ་ཚན། ༽་
༡། གནམ། _ནམ་མཁའ། ༢། སྤྲིན་པ། _ ཆར་སྤྲིན། ༣། རི། _ རི་བོ། ༤། ཤིང་སྡོང་། _ ལྗོན་ཤིང་། ༥། ཆུ། _ཆུ་མོ། ༦། ཤིང་ནགས། _ ནགས་ཚལ། ༨། དྲོད། _ ཚ་དྲོད། ༩། གྲང་མོ། _ གྲང་ངར། ༡༠། ཆར་པ། _སྦྲང་ཆར། ༡༡། གངས། _ཁ་བ། ༡༢ལྡུམ་རྭ། _ སྐྱེས་ཚལ། ༡༣། རྒྱུག་ཆུ། _གཙང་པོ། ༡༤། ཤིང་ཏོག་རིགས། _ཤིང་འབྲས། ༡༥། ཞིང་ཁ། _ ས་ཞིང་། ༡༦། སྨུག་པ། _ ན་བུན། རླངས་པ།
དཔེར་ན། གནམ་ལ་ཉི་མ་ཤར་འདུག། ཁྱེད་ཀྱིས། ནམ་མཁའ་ལ་ཉི་མ་ཤར་འདུག་ལྟ་བུ། འདི་ལྟ་བུ་དགེ་རྒན་ངོས་ནས་མཐུན་སྦྱོར་གནང་དགོས་པ་མ་ཟད་སློབ་ཕྲུག་ཚོས་ཀྱང་བྱ་དངོས་ཀྱི་མིང་ཚིག་དང་བྱ་ཚིག་ཅི་རིགས་ཤིག་སྦྱོང་བའི་སྐབས་སུ་ངེས་པར་དུ་དོན་མཚུངས་ཤིང་ཚིག་ཐ་དད་ཡིན་པ་གཉིས་རེ་སྦྱོངས་ཐབས་གནང་དགོས་པའི་བཀའ་སློབ་དང་ལམ་སྟོན་ཡང་གནང་གལ་ཆེ།
གཉིས་པ། མིང་ཚིག་བརྗེ་རེས་བྱས་ནས་ཚིག་སྒྲུབ་གསར་པ་ཞིག་བཟོས་པ། མིང་ཚིག་བརྗེ་རེས་བྱས་ཏེ་ཚིག་སྒྲུབ་གསར་པ་ཟེར་བ་ནི་སྐབས་འདིར་མིང་ཚིག་གདམ་བསྲེས་བྱེད་སྟངས་གཙོ་བོ་གཞིར་བཟུང་ནས་བསླབ་དགོས་པ་ཞིག་རེད། མིང་ཚིག་ཕྱུག་ཀྱང་གདམ་བསྲེས་བྱེད་ཚུལ་མ་ཤེས་ན། ཤེས་པའི་ཐ་སྙད་རྣམས་བེད་སྤྱོད་མ་བྱས་ན་རིམ་བཞིན་བརྗེད་འགྲོ་བའི་ཉེན་ཁ་ཡོད། དེར་བརྟེན་ཐ་སྙད་གདམ་བསྲེས་བྱེད་ཚུལ་ལས་རང་གི་ཤེས་པའི་མིང་ཚིག་རྐང་གཅིག་དེ་རྩོམ་ཡིག་ཏུ་ཡང་ཡང་བེད་སྤྱོད་བྱེད་ཚུལ་དེ་ལ་བཀག་འགོག་བྱེད་དགོས་པ་དེ་ཡིན། གཤམ་འོག་ཏུ་དཔེར་བརྗོད་ཅིག་ངོ་སྤྲོད་བྱས་ཡོད།
• དང་པོ། མིང་ཚིག་དཀྱུས་མ། འཛམ་གླིང་གི་མི་རྣམས་བདེ་བ་འདོད་ཀྱི་ཡོད།
• གཉིས་པ། ཚིག་བཟང་དུ་གཏོང་བ། འཇིག་རྟེན་གྱི་སྐྱེ་བོ་དག་བདེ་སྐྱིད་འདོད་ཀྱི་ཡོད།
• གསུམ་པ། མཉམ་དུ་གསེས་ནའང་ཆོག འཛམ་གླིང་གི་སྐྱེ་བོ་རྣམས་བདེ་སྐྱིད་འདོད་ཀྱི་ཡོད།
འཛམ་གླིང། འཇིག་རྟེན།
མི།       སྐྱེ་བོ།
རྣམས།   དག
བདེ་བ། བདེ་སྐྱིད།
མིང་ཚིག་ཕྱུག་པོ་ཡོད་མཁན་ཞིག་བྱུང་ཐུབ་ན། ཚིག་གདམ་གསེས་བྱེད་ཐུབ་ཀྱི་ཡོད་པ་མ་ཟད་རང་ཉིད་ནས་ཚིག་སྦྱོར་གྱི་སྒྲོས་དང་བསྟུན་ནས་མིང་ཚིག་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད། སྐབས་འདིར་ཚིག་བཟང་ངན་ཅི་རིགས་ཤིག་བརྗོད་པའི་སྒྲོས་དང་འཁོད་སྙོམ་པ་ཞིག་བྱུང་ན་འགྲིག་གི་ཡོད། དགེ་རྒན་གྱིས་སྐབས་འདིར་ངོ་སྤྲོད་བྱས་པའི་ཐ་སྙད་ནི་སྐྱེ་བོ། དག བདེ་སྐྱིད་བཅས་གསུམ་ལས་མེད། སློབ་མ་ཚོས་ཚིག་སྒྲུབ་སྔ་མའི་གོ་རྟོགས་ལ་བརྟེན་ནས་ཚིག་གསར་རྣམས་རང་ཤུགས་ཀྱིས་ངོ་འཕྲོད་ཐུབ་པ་མ་ཟད་མིང་ཚིག་གདམ་ཀ་བྱེད་ཐུབ་པའི་ཕན་ཡོན་ཤིན་ཏུ་ཆེ། དེ་ནས་སླར་ཡང་ཐ་སྙད་ངོ་སྤྲོད་བྱེད་དགོས་པ་ནི་དོན་ཆེན་རེད།
དཔེར་ན། ༼གཤམ་གྱི་མིང་ཚིག་རྣམས་ངེས་པར་དུ་བློ་ལ་ངེས་དགོས། མི་གཤིས་དང་འབྲེལ་བའི་སྡེ་ཚན། ༽
༡། གཉིད་ལམ། རྨི་ལམ། ༢། མཉམ་འཛོམས། ལྷན་འཛོམས། ཚང་འཛོམས། འདུ་འཛོམས། ༣། སྐད་གྲགས། སྙན་གྲགས ཡོངས་གྲགས། ༤། མི། གང་ཟག སྐྱེ་བོ། ༥། དགའ་རོགས། བརྩེ་གྲོགས། གཏན་གྲོགས། ༦། གྲོགས་པོ། མཛའ་གྲོགས། བརྩེ་གྲོགས། མཛའ་བཅུག ༧། འཆམ་པོ། མཐུན་ལམ། འཆམ་མཐུན། མཐུན་འབྲེལ། ༨། བརྩེ་བ། གདུང་བ། བརྩེ་དུང ༩། རོགས་རམ། ཕྱག་རོགས། ༡༠། དངུལ། སྒོར་མོ། ༡༡། ཁ་རྩོད། ཞལ་རྩོད། ༡༢ མགོ་སྐོར། བསླུ་ཁྲིད། ༡༣། འཕྲོ་བརླག ཆུད་ཟོད། ༡༤། གུས་ཞབས། གུས་བཀུར། བརྩི་བཀུར། ༡༥། དབང་ཆ། གོ་ས། ༡༦། འགོ་ཁྲིད། དབུ་ཁྲིད། ༡༧། ཉན་པ། གསན་འཇོག ༡༨། སེམས་ཁྲལ། ཐུགས་ཁྲལ། ༡༩། འགྱོད་པ། གནོང་འགྱོད། ༢༠། ཁ་ཆེམས། ཞལ་ཆེམས། ༢༡། ཞེད་སྣང་། དངངས་སྐྲག ༢༢། གྲྭ་པ། བཙུན་པ། ༢༣ ཨ་ནེ། བཙུན་མ། ༢༤། འཕྱ་ལད། འཕྱ་སྨོད། ༢༥། འགྲོ་སྟངས། འགྲོ་ལུགས།
དཔེར་ན། དགེ་རྒན་དང་ཕ་མ་ལ་གུས་ཞབས་བྱེད་དགོས། དགེ་རྒན་དང་ཕ་མ་གཉིས་ལ་གུས་བཀུར་གནང་དགོས།
གསུམ་པ། མིང་ཚིག་བརྗེ་བའི་སྐབས་ཚིག་ཕྲད་རྣམས་རང་ཟོར་འཇོག་དགོས། མིང་ཚིག་བརྗེ་བའི་ཚུལ་དེ་གོང་དོན་བཤད་ཟིན་པ་ཞིག་རེད། འོན་ཀྱང་ཚིག་ཕྲད་རྣམས་རང་སོར་བཞག་དགོས་ཟེར་བའི་དོན་ནི་གལ་ཏེ་རང་ཉིད་ནས་མིང་ཚིག་བརྗེ་བའི་སྐབས་སུ་གང་བརྗེས་བའི་མིང་ཚིག་དེའི་རྗེས་འཇུག་དང་ཡང་འཇུག་གང་ཐོན་ངེས་པར་དུ་གཟིགས་དགོས། དེ་མིན་ཕལ་ཆེར་ཚིག་སྒྲུབ་དཀྱུས་མའི་ནང་ཚིག་ཕྲད་གང་ཐོབ་དེ་རང་ཟོར་འཇོག་དགོས་པ་ལས་དེ་ལ་བསྒྱུར་བཅོས་གང་ཡང་མི་དགོས། ཚིག་ཕྲད་ཀྱི་ནུས་པ་དང་དེའི་བྱེད་ནུས་ཀྱང་ཞར་དང་ཞོར་ལ་ཤེས་ཐུབ་ཀྱི་ཡོད།
དཔེར་ན།
ཚིག་ཕྲད། ཕྲད་རྣམས་ནི་མིང་ཚིག་སོགས་དང་མ་སྦྱར་བར་རང་ཉིད་གཅིག་པུས་དོན་གང་ཡང་སྟོན་མི་ནུས།
ཚིག་ཕྲད་ནི་ཚིག་སྦྱོར་བཟང་ངན་གང་ཡིན་ཡང་བེད་སྤྱོད་མཚུངས་པས་རང་བཟོ་འཇོག་དགོས་པ་ལས་བསྒྱུར་བཅོས་ཡོང་ཐབས་མེད། བསྒྱུར་བཅོས་ཡོང་ཐབས་མེད་པ་ནི་དོན་གྱི་ཆ་ལ་གོ་བ་བཞེས་རོགས།
དཔེར་ན། གྲོགས་པོའི་བརྩེ་བ་ནི་མཚོ་ལྟར་ཟབ། འབྲེལ་སྒྲ། འི། ནི་སྒྲ། ནི། མཚུངས་སྒྲ། ལྟར
ཚིག་བཟང་དུ་གཏང་ན། གྲོགས་པོའི་བརྩེ་དུང་ནི་མཚོ་མོ་ལྟར་ཟབ།
བརྩེ་བ། བརྩེ་དུང་།
མཚོ། མཚོ་མོ། ཡང་ན་རྒྱ་མཚོ།
དཔེར་ན། དགེ་ལགས་ཀྱིས་བཀའ་སློབ་གནང་སོང་། དགེ་རྒན་གྱིས་བཀའ་སློབ་གནང་སོང་། ཀྱིས་དང་གྱིས་གཉིས་ནི་རྗེས་འཇུག་ལ་བསྟུན་ནས་གཟུགས་འགྱུར་བ་ལས་དོན་ནི་བྱེད་སྒྲ་སྟོན་གྱི་ཡོད་ཙང་དེའི་ཐོག་ལ་གསལ་བཤད་མི་འཁྲུལ་བ་ཞིག་གནང་དགོས་པས་ཐུགས་དབྱིངས་སུ་ངེས་པར་འཚལ།
གོང་གི་ཡི་གེ་ཆེན་པོ་རྣམས་ནི་ཕྲད་ཡིན་ཙང་མིང་ཚིག་བཟང་ངན་ཅི་འདྲ་ཞིག་ཡིན་རུང་བསྒྱུར་བཅོས་མི་དགོས། ཡི་གེའི་སྲོག་ལྟ་བུ་ཡིན།
དེར་བརྟེན་དགེ་རྒན་ངོས་ནས་སློབ་ཁྲིད་བྱེད་པའི་དུས་སུ་ཚིག་གསར་བ་ངོ་སྤྲོད་བྱ་རྒྱུ་དེ་མ་མཉེས་པ་གནང་དགོས།
དཔེར་ན།
༼གཤམ་གྱི་མིང་ཚིག་རྣམས་ངེས་པར་དུ་ཐུགས་ལ་ངེས་དགོས། སྤྱོད་ལམ་དང་འབྲེལ་བའི་སྡེ་ཚན༽
༡། སྤྱོད་པ། སྤྱོད་ལམ། ཀུན་སྤྱོད། ༢། བསྟོད་ར། བསྟོད་བསྔགས། བསྔགས་བརྗོད། ༣། སེམས་ནག གདུག་སེམས། གནག་སེམས། ༤། མི་དགའ་བ། ཕྲག་དོག ཞེན་པ་ལོག ༥། རླུང་ལངས་པོ། ང་རྒྱལ། ཁོང་ཁྲོ། ༦། སྡུག་ཅག ངན་པ། ཐ་ཤལ། ༧། ཡག་པོ། ཡ་རབས། ཚུལ་མཐུན། བཟང་སྤྱོད་༨། རྣམ་འགྱུར་ངན་པ། གདོང་གཤིས་སྨུག་པོ། ངོ་རིས་སྐྱོ་མདོག ༩། འདོད་རྔམས། ཆགས་སེམས། ཞེན་ཆགས ༡༠། གད་མོ། བཞད་གད། འཛུམ་མདངས། ༡༡། སྐྱོན་བཤད་པ། སྐྱོན་འཛུགས། སྐྱོན་བརྗོད། ༡༢། ཡིད་ཆེས། དད་པ། ༡༣། ཉམས་མྱོང་། མྱོང་བ། མྱོང་ཚོར། ༡༤། དོ་སྣང་། ཐུགས་སྣང་།
དཔེར་ན། སློབ་ཕྲུག་གི་སྤྱོད་པ་ལ་དོ་སྣང་བྱ་དགོས། སློབ་ཕྲུག་གི་ཀུན་སྤྱོད་ལ་ཐུགས་སྣང་གནང་དགོས།
བྱ་དང་གནང་། བྱ་ཚིག།
བཞི་བ། མིང་ཚིག་བརྗེ་བ་ནང་བཞིན་སྐབས་རེ་བྱ་ཚིག་ཀྱང་བརྗེ་དགོས། བྱ་ཚིག་ཕྱུག་ཏུ་གཏོང་ཐབས་གོང་གི་མིང་ཚིག་བརྗེ་ཚུལ་བཞིན་ལག་བསྟར་གནང་ཆོག་པ་ཞིག་རེད། བྱ་ཚིག་ངོ་སྤྲོད་དགོས་པ་ནི་དངོས་སུ་གནད་དུ་གཟིགས་ནས། རྒྱག་དང་གཏོང་། བྱས། སོགས་ཀྱིས་བོད་ཀྱི་བྱ་ཚིག་མང་པོ་ཞིག་བེད་སྤྱོད་བྱ་ཡུལ་འགོག་རྐྱེན་དུ་བྱས་ནས་ཐ་སྙད་ཀྱི་ཕྱུག་ཚད་དང་བེད་སྤྱོད་བྱ་ཡུལ་དེ་རྗེས་སུ་བརྗེད་པའི་ཉེན་ཁ་ཧ་ཅང་ཆེ། དཔེར་ན། ཁ་གཅིག་གིས་ཆུ་རྒྱག་ག་འགྲོ་ཟེར་བ། རྐྱལ་ཟེར་བའི་ཚིག་དེ་ག་ལེར་བརླག་ཉེན་ཆེ། དེ་བཞིན། སྤྲང་པོ་ལ་ཁ་ལག་གཏོང་ཡིན་ཟེར་བ་ལྟ་བུ། སྦྱིན་དང་སྤྲད། མེད་པ་ལྟ་བུ། ངེས་པར་དུ་གཟབ་དགོས་པའི་གནས་སུ་ལྷུང་། དེས་ན།
• ཅ་ལག་དངོས་པོ་དང་བྱ་བྱེད་ཀྱི་མིང་ཚིག་དང་བྱ་ཚིག་གང་སྦྱང་བ་ཡིན་ནའང་དང་ཐོག་མིང་ཚིག་རེའི་དོན་འདྲ་བ་ཚིག་ཐ་དད་ཡིན་པ་གཉིས་རེ་ཉུང་མཐར་སྦྱོང་བའི་གོམས་གཤིས་སུ་སྦྱར་དགོས། དེ་བཞིན་བྱ་ཚིག་ལའང་དེ་ལྟ་ཡིན།
• དཔེར་ན། དགེ་ལགས་ཀྱིས་ལབ་མྱོང་། དགེ་རྒན་གྱིས་འཆད་མྱོང་། གསུངས་མྱོང་།
• མིང་ཚིག དགེ་ལགས། དགེ་རྒན།
བྱ་ཚིག། ལབ། བཤད། འཆད། གསུངས། གླེང་བ།
• ཕྲད། ཀྱིས། གྱིས།
• མིང་ཚིག་བསྒྱུར་བཅོས་དང་ལྷན་དུ་མིང་ཚིག་དེའི་རྗེས་འཇུག་ལ་འགྱུར་བ་ཡོད་ན། ངེས་པར་དུ་རྗེས་འཇུག་ལ་གཟིགས་ནས་ཕྲད་ཀྱང་གང་ཐོབ་སྐྱོན་དགོས།
གཤམ་དུ་བྱ་ཚིག་ངོ་སྤྲོད་ཁག་གཅིག་ཡོད་པས་བློ་ལ་ངེས་དགོས།
༡། འགྲོ། ཕྱིན། བསྐྱོད། ༢། སླེབས་པ། འབྱོར་བ། ༣། འཁྲབ་པ། འཆམ་པ། ༤། བཀལ་བ། དཔྱངས་པ། ༦། འཕྲོག་པ། བཅོམ་པ།
༧། བཟོ་བ། བསྐྲུན་པ། ༨། བརྗེ་བ། སྤོ་བ། ༩། ལེན་པ། བླངས་པ། ༡༡། ཤར་བ། འཆར་བ། ༡༢ བསྡད་པ། བཞུགས་པ།
༡༣། སྒྲུག་པ། འཐུ་བ། ༡༤ བཤད་པ། གླེང་བ། ༡༥། ཤོར་བ། ཕམ་པ། ༡༦། ཐོབ་པ། རྒྱལ་བ། ༡༧། སྐྱོབ་པ། སྲུང་བ། ༡༨། མཐོང་བ། རིག་པ། ༡༩། ཡིབ་པ། གབ་པ།
དཔེར་ན། ང་ཚོས་ས་ཆ་བརྗེ་བ་ཡིན། བདག་ཅག་གནས་སྤོ་བ་ཡིན།
ང་ཚོས། བདག་ཅག་གིས་
ས་ཆ། ས་གནས།
བརྗེ་བ། སྤོ་བ།
ཡིན། ཡིན། བྱ་ཚིག་རྗེས་མཐུན་པ་ཡིན།
ད་དུང་དུས་གསུམ་དང་སྦྲེལ་ནས་བྱ་ཚིག་ཁག་ངོ་སྤྲོད་བྱེད་ཐུབ་ཀྱང་དུས་གསུམ་གྱི་རྣམ་གཞག་གོ་བ་མེད་ན་དེའི་ཐད་དེ་ཙམ་གྱི་ཕན་ནུས་མི་ཐོན་པར་སེམས།
མཐའ་དོན། རྩོམ་ཡིག་གི་རྨང་གཞི་བརྟན་པོ་དང་བསམ་བློའི་ཕྱུག་ཚད་ཇི་ཡོད་ནི་ཐ་སྙད་ཀྱིས་མཚོན་ཐུབ་པར་དྲན་གྱི་ཡོད། འཇིག་རྟེན་གྱི་བྱ་དངོས་ཅི་རིགས་མཐའ་དག་ཐ་སྙད་ཀྱི་ངོ་བོའི་ཐོག་ནས་ངོ་སྤྲོད་བྱེད་ཀྱི་ཡོད་ཙང་དངོས་པོའི་གནས་ལུགས་དང་བྱ་དངོས་དེས་ཚུར་སྟེར་བའི་ཚོར་སྣང་དག་ཀྱང་ཐ་སྙད་ཀྱིས་མཚོན་པར་མ་བྱས་ན། སྒྱུ་རྩལ་དང་རྩོམ་རིག་ཅི་འདྲ་ཞིག་ཡིན་རུང་དོན་སྙིང་ལྡན་པའི་མཚོན་ཐབས་དང་བྲལ་བ་མཐོང་། དེས་ན་ཁྱེད་ཀྱི་སློབ་ཁྲིད་སྐབས་སུ་སློབ་དེབ་དང་སློབ་མའི་གནས་ཚད་བར་ཞིབ་བསྡུར་གནང་ནས་སློབ་དེབ་ཀྱི་གནས་ཚད་དང་མཉམ་པར་རང་གི་ངོས་ནས་ལོང་བར་སྣེ་ཁྲིད་པ་ལྟར་མདུན་ནས་མདུན་དུ་བསྐྱོད་ཐབས་ལ་འབད་དགོས་པ་ལས། སློབ་ཚན་གཙོ་བོ་འཛིན་པའི་ཐོག་ནས་སློབ་ཁྲིད་བྱས་ན་མ་འོངས་པར་བོད་ཕྲུག་འདི་དག་འབྲི་མི་ཤེས་པ་དང་ཀློག་མི་ཤེས་པའི་བོད་ཕྲུག་གི་བཟོ་ལྟ་ཡོད་པ་ཙམ་ལས་དོན་དངོས་དང་མཐུན་པ་ཞིག་ཆགས་མི་སྲིད་པ་མ་རེད། གང་ལྟར་ཀྱང་སློབ་ཕྲུག་ཚོའི་བོད་ཡིག་གི་སྤུས་ཚད་ནི་གཅིག་ནས་ནང་གི་ཁོར་ཡུག་ཁྲོད་ཀྱི་ལམ་སྟོན་གནང་ཕྱོགས་རེད། གཉིས་ནས་བོད་དགེ་ཚོས་སློབ་ཁྲིད་དང་འགན་ཁུར་ལ་རགས་ལས་པ་གསལ་པོ་ཡིན་ཙང་། ང་ཚོས་ཆུང་ས་ནས་ཐ་སྙད་གཅེས་འཛིན་གྱི་ལམམ་ནས་རྩོམ་འབྲི་དང་རིག་གཞུང་གཅེས་འཛིན་དགོས་པ་ནི་ཤིན་ཏུ་གལ་འགངས་ཆེ་བ་མཐོང་ངོ་། ལྷག་དོན་གོང་གསལ་ཁྲིད་ཐབས་ནི་བདག་གི་མྱོང་བ་དངོས་རྟེན་གྱི་ཁྲིད་ཐབས་ཡིན་ཙང་གུས་པ་ཤེས་བྱ་ཡོན་ཏན་ཐད་སྦྱངས་པ་མཐར་ཕྱིན་པ་མིན་པས་མཁས་ཤིང་གཙུག་ཏུ་བཀུར་འོས་པའི་མཁས་པ་དང་། དགེ་རྒན་ཚད་ལྡན་དག་གིས་བཀའ་སློབ་དང་། ནོར་བར་སྐྱོན་བརྗོད། བླང་དོར་གྱི་བཀའ་སློབ་བཟང་པོར་གཟིགས་ནས་ཡར་ཀླུང་གཙང་པོའི་ཆུ་བོའི་རྒྱུན་བཞིན་དུས་ནས་དུས་སུ་བཀའ་དྲིན་བསྐྱངས་པའི་འབོད་སྐུལ་དང་བཅས་བཀྲིས་བདེ་ལེགས། །