ལྷག་པ་དོན་གྲུབ།
སྦེལ་ཀོབ་བོད་ཁྱིམ་འབྲིང་རིམ་གོང་མའི་བོད་དགེ

ཕྱོགས་མཚམས་བྲལ་བའི་འཛམ་གླིང་འཛིན་མའི་ཁྱོན་འདིར་མིའི་སེམས་ཁམས་ཀྱི་ནུས་པ་གོང་ནས་གོང་དུ་འཕེལ་བར་ཤེས་ཡོན་གྱིས་ཞབས་འདེགས་ཧ་ཅང་ཆེན་པོ་སྒྲུབ་ཐུབ་པ་སྨྲ་བསམ་བརྗོད་མེད་ལགས། ཤེས་ཡོན་གྱིས་སྤྱི་ཚོགས་མིག་དཔེར་འོས་པ་ཞིག་ཏུ་ཁྲིད་ཐུབ་ལ་དེ་མཚུངས་དམའ་འབེབས་ཀྱི་གནས་སུའང་ལྷུང་དུ་འཇུག་ཐུབ། ཤེས་ཡོན་གྱིས་གང་ཟག་ཅིག་བསྟོད་པའི་གནས་སུ་འདྲེན་ཐུབ་ལ་གང་ཟག་ཅིག་སྨད་པའི་གནས་སུའང་བསྐྱལ་ཐུབ་པ་སོགས་ནི་བདེན་པའི་གནས་ཚུལ་སྐྱུར་མོ་ཞིག་ལགས། ཤེས་ཡོན་གནས་ཚད་ཇི་ཙམ་ཆེ་བའི་ཚོད་ཀྱིས་སྒོ་གསུམ་སྤྱོད་པའང་ཞི་དུལ་དུ་གྱུར་ནས་འགྲོ་བ་ཀུན་ལ་མིག་དཔེར་འོས་པའི་ལམ་སྟོན་བཟང་པོ་སྤེལ་མཁན་མཁས་དབང་གྲངས་ལས་འདས་པ་བྱུང་བ་བདེན་མོད། ཤེས་ཡོན་ཅན་གྱི་མི་སྣས་འཛམ་གླིང་ངོ་གནོང་དགོས་པ་ཞིག་ཏུ་བཟོས་པའང་ང་ཚོར་ལྐོག་གྱུར་གྱི་གནས་ཤིག་ནམ་ཡང་མ་ལགས།
སྐབས་འདིར་འཛིན་གྲྭ་ཞེས་པ་སྒྲོག་རྩེ་དང་ཞབས་བཀྱག་གིས་ཁེངས་པའི་ཁང་སྟོང་ཞིག་ལ་མི་འཇུག་པར་དུས་ཚོད་དང་སློབ་ཚན་ངེས་ཅན་ཞིག་གི་ཐོག་སློབ་དགེ་དང་སློབ་ཕྲུག་ལྷན་འཛོམས་ཀྱིས་སློབ་ཁྲིད་བྱ་བའི་བརྒྱུད་རིམ་སྤེལ་སའི་གནས་ཤིག་ལ་གོ་ཞིང་། དེ་ལྟའི་འཛིན་གྲྭའི་ནང་དུ་ཤེས་ཡོན་སློབ་སྦྱོང་ཚད་དང་ལྡན་པ་ཞིག་འཐོབ་པར་སློབ་དགེའི་སྟངས་འཛིན་གྱི་བྱ་རིམ་ནི་ཆེས་གལ་འགངས་ཤིག་ཡིན་པ་ནི་སློབ་གྲྭར་འགྲིམས་མྱོང་མཁན་ཤེས་ལྡན་ཀུན་ལ་མངོན་སུམ་གྱིས་གྲུབ་སྙམ། འཛིན་གྲྭ་སྟངས་འཛིན་ཞེས་པ་ནི་གཙོ་བོ་སྒྲིག་འཛུགས་དང་འབྲེལ་བ་དམ་ཟབ་ཡོད་ཅིང་། དེ་ཡང་སྒྲིག་འཛུགས་མེད་ན་ཡོན་ཏན་མི་ཐོབ་པ་ལྟར་འཛིན་གྲྭ་སྟངས་འཛིན་ལེགས་པོ་མེད་ཚེ་དེ་མཚུངས་སློབ་ཕྲུག་རྣམས་ལ་ཤེས་ཡོན་སྦྱོར་རྒྱུའི་རེ་བའང་དཀའ། སྤྱིར་འཛིན་གྲྭར་སློབ་ཕྲུག་རྣམས་ལ་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུའི་བརྒྱུད་རིམ་ནང་དུ་དགེ་རྒན་ནི་གལ་ཆེ་ཤོས་སུ་བརྩིས་པའི་རྒྱུ་མཚན་ཡང་དེར་ཐུག་སྙམ། དགེ་རྒན་ལ་ཤེས་ཡོན་ཕུན་སུམ་ཚོགས་པ་ལྡན་ཡང་འཛིན་གྲྭ་སྟངས་འཛིན་ལུགས་མཐུན་དུ་གནང་མ་ཐུབ་ཚེ་ཐོབ་ངེས་ཀྱི་འབྲས་བུ་བཟང་པོ་ནི་ཉིན་མོར་སྐར་མའི་རེ་བ་དང་མཚུངས། དེས་ན་འཛིན་གྲྭ་སྟངས་འཛིན་བྱེད་སྟངས་ཀྱི་གནས་ཚུལ་རང་གི་ཉམས་མྱོང་དང་སྤེལ་ནས་ཞུ་རྒྱུར།
དགེ་རྒན་གྱིས་འཛིན་གྲྭའི་སློབ་ཕྲུག་རྣམས་ལ་སྙིང་རྗེས་ཀུན་ནས་བསླངས་ཏེ་བསྐྱངས་མ་ཐུབ་པ་ཡིན་ནའང་། དགེ་རྒན་ཕལ་མོ་ཆེ་ཕ་མར་གྱུར་གཤིས་རང་ཉིད་ཀྱི་བུ་ཕྲུག་ལ་གཟིགས་ཚུལ་ཇི་ཡོད་ལྟར་འཛིན་གྲྭའི་སློབ་ཕྲུག་རྣམས་ལ་ཡང་དེ་བཞིན་བསྐྱངས་ཐུབ་པ་ཡིན་ན་རིམ་པས་སྐྱོང་སའི་སློབ་ཕྲུག་གི་གཤིས་རྒྱུད་ཇི་ལྟར་རྩུབ་ཀྱང་ནམ་ཞིག་ཞི་འཇམ་དུལ་བར་གྱུར་ནས་མཛུབ་མོ་གར་སྟོན་ཤར་ལ་ངོས་འཛིན་གྱིས་དགེ་རྒན་གྱི་ལམ་སྟོན་ཇི་བྱས་དོན་ལྡན་དུ་གྱུར་པ་མ་ཟད་དགེ་རྒན་ལ་ཡིད་ཆེས་ཀྱང་དམིགས་བསལ་སླེབས་ངེས་ལགས།
འཛིན་གྲྭའི་སློབ་ཕྲུག་རྣམས་ནི་ཁོར་ཡུག་འདྲ་མིན་ནས་འཚར་ལོངས་བྱུང་ཞིང་ཁམས་མོས་སྣ་ཚོགས་པ། སེམས་ཁམས་ཀྱི་གནས་སྟངས་ཐ་དད་པ། རྒྱབ་ལྗོངས་ཀྱི་ལོ་རྒྱུས་མི་གཅིག་པ་སོགས་ཀྱིས་ཁེངས་པའི་སྤྱི་ཚོགས་ཆུང་ཆུང་ཞིག་ཡིན་སྟབས། དེ་དག་སྟངས་འཛིན་བྱེད་སྟངས་ཀྱང་ཀུན་ལ་སྙོམས་པ་གཅིག་མཚུངས་ལྟ་བུ་མིན་པར་ནད་འདྲ་མིན་ལ་སྨན་གཅིག་གིས་མི་ཕན་པ་ལྟར། སྐབས་མཚམས་ཡུལ་གྱི་གནས་བབས་ལ་བལྟས་ནས་སྟངས་འཛིན་གནང་རྒྱུ་ནི་ཤིན་ཏུ་གལ་ཆེར་མཐོང་། དེ་ཡང་སློབ་ཕྲུག་ཚོའི་གནས་བབས་ཇི་བཞིན་རྟོགས་པ་ལ་དགེ་རྒན་དང་སློབ་ཕྲུག་དབར་མཐུན་མིན་གྱི་འབྲེལ་བ་བཟང་པོ་དང་བརྟན་པོ་ཞིག་ཚུགས་དགོས་རྒྱུ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་དགོས་ངེས་ཅན་ཞིག་ཏུ་མཐོང་། ལྷག་པར་སློབ་ཕྲུག་ཚོའི་སེམས་ཁོངས་སུ་དགེ་རྒན་ལ་འཇིགས་སྣང་གིས་བརྩི་བཀུར་ཞུས་པ་ཙམ་མིན་པར་དགའ་ཞེན་དང་བརྩེ་ཞེན་གྱིས་བརྩི་བཀུར་སྐྱེད་སྲིང་ཐུབ་སླད་སློབ་དགེས་དུས་རྒྱུན་བཀའ་མོལ་དང་བྱ་སྤྱོད་བརྒྱུད་ནས་མིག་དཔེ་སྟོན་ཐབས་ངེས་པར་གནང་གལ།
འཛིན་གྲྭའི་ནང་དུ་སློབ་ཕྲུག་རྣམས་ལ་དྲི་བ་འགོད་དུས་འཇིགས་སྣང་དང་ལན་འདེབས་བྱེད་སྐབས་ཞུམ་སེམས་མེད་པར་རང་དབང་གི་ཁོར་ཡུག་ཅིག་ངེས་པར་བསྐྲུན་དགོས། དེ་མིན་སློབ་ཕྲུག་གི་སེམས་སུ་དགེ་རྒན་གྱི་དྲི་བར་ལན་འདེབས་བྱེད་འདོད་ཡོད་པ་དང་། དྲི་བ་འགོད་འདོད་ཡོད་རུང་ལན་འདེབས་ནོར་བ་དང་དྲི་བའི་རང་བཞིན་སོགས་ལ་བལྟས་ནས་རང་ཉིད་དམངས་ཀྱི་མདུན་སར་དམའ་འབེབས་དང་ཁྱད་གསོད་ཀྱི་གནས་སུ་ལྷུངས་ཉེན་གྱི་འཇིགས་པས་ལན་འདེབས་མ་ཐུབ་པ་དང་དྲི་བ་བཀོད་མ་ཐུབ་པར་ལུས་ན། སློབ་ཕྲུག་གི་ནང་གི་ནུས་པ་ཕྱི་རུ་འདོན་སའི་སྡིངས་ཆ་བརླགས་པའི་རྐྱེན་གྱིས་ཤེས་ཡོན་ལ་དོ་དབྱིངས་ཇེ་ཞན་དུ་གྱུར་པ་ནི་འཛིན་གྲྭ་སྟངས་འཛིན་ཡག་པོ་མེད་པའི་མཚོན་རྟགས་ཤིག་ལགས། ལྷག་དོན་འཛིན་གྲྭར་སློབ་ཕྲུག་རྣམས་ཁ་ཁུ་སིམ་པོ་ཡོད་པ་ཙམ་གྱིས་འཛིན་གྲྭའི་སྟངས་འཛིན་ལེགས་པོ་ཡོད་པའི་ངོས་འཛིན་མི་ཐུབ། འཛིན་གྲྭ་ཞེས་པ་སློབ་ཕྲུག་ལ་སྒྲོ་འདོགས་གཅོད་སའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པའི་གནས་ཁྱད་པར་ཅན་ཞིག་ཏུ་ངོས་འཛིན་བྱེད་དགོས་པས། དེར་ཕྲན་བུ་ནོར་འཁྲུལ་དང་། དྲི་བ་དྲིས་ལན་གྱི་སྐད་ཅོར་རམ་ཕན་ཚུན་གོ་བསྡུར་གྱི་སྐད་སྒྲ་ཡོད་ན་དོན་དམ་དུ་ཤེས་ཡོན་སྤྲོད་ལེན་བྱེད་སའི་གནས་ཤིག་ཏུ་ངོས་འཛིན་དང་འཛིན་གྲྭའི་སྟངས་འཛིན་ཡོད་པ་ཞིག་ཏུ་བརྩི་དགོས་སྙམ། དེས་ན་སློབ་ཕྲུག་རྣམས་ལ་དུས་ནམ་ཡང་རང་གི་རྣམ་རྟོག་ལས་འཁྲུངས་པའི་དྲི་བ་འགོད་རྒྱུ་དང་འགྲིགས་ནོར་གང་བྱུང་ཡང་ལན་འདེབས་བྱ་རྒྱུའི་རང་དབང་གི་ཁོར་ཡུག་ཅིག་བསྐྲུན་ཐུབ་ན་འཛིན་གྲྭ་སྟངས་འཛིན་ཡོད་པའི་མཚོན་རྟགས་སུ་མངོན།
འཛིན་གྲྭའི་ནང་དུ་སློབ་ཕྲུག་ཕན་ཚུན་ཚིག་རྩུབ་དང་། དམའ་འབེབས། ཁྱད་གསོད། མཐོང་ཆུང་སོགས་ཀྱི་ཚིག་ངན་བེད་སྤྱོད་མི་ཆོག་པའི་ཚུལ་ཁྲིམས་བསྲུང་རྒྱུ་ཇི་ཙམ་གལ་ཆེར་འཛིན་པ་དེ་ལས་ལྡབ་ཀྱིས་དགེ་རྒན་ཚོས་ཚུལ་ཁྲིམས་བསྲུང་རྒྱུ་ཤིན་ཏུ་གལ་འགངས་ཆེ། དེ་མིན་སློབ་ཕྲུག་ཚོར་བྱེད་མི་ཆོག་པའི་ཁྲིམས་བསྡམས་ཀྱང་སློབ་དགེ་ཚོས་སློབ་ཕྲུག་དམངས་ཀྱི་མདུན་དུ་དེ་ལྟའི་ཚིག་ངན་བེད་སྤྱོད་བྱས་པ་ནི་སློབ་ཕྲུག་ཚོ་ཆེས་དམའ་འབེབས་ཀྱི་ཡུལ་མཐར་བསྐྱལ་བ་དང་མཚུངས་ཤིང་། སློབ་དགེ་རང་ཉིད་ཀྱི་ཆེ་མཐོང་ཡང་སློབ་ཕྲུག་གི་སེམས་ཁམས་ལས་ཆེས་དམའ་སར་ཟགས་ཤིང་ཡིད་ཆེས་ཀྱང་བརླགས་ངེས། དེས་ན་འཛིན་གྲྭར་བྱེད་མི་ཆོག་པའི་བྱ་སྤྱོད་ནི་དགེ་སློབ་ཐུན་མོང་གིས་བསྲུང་དགོས་པ་ལས་སློབ་དགེར་འབྲེལ་མེད་དོན་གཞན་དུ་བསམས་པ་ནི་ཆེས་མ་འོས་པའི་སྟངས་འཛིན་བྱེདསྟངས་ཤིག་ཡིན་པ་ནི་བདེན་པའི་གནས་ཚུལ་ཞིག་ལགས།
འཛིན་གྲྭ་ཞེས་པ་གོང་མས་གཏན་འབེབས་བྱས་པའི་དེབ་ཀྱི་སློབ་སྦྱོང་བསླབ་རྒྱུ་ཙམ་མིན་པར་སློབ་ཕྲུག་རྣམས་ཀྱི་མ་འོངས་པའི་མི་ཚེར་ཕན་ཕྱིར་མ་རུངས་པའི་སེམས་འཆོས་སའི་གནས་ཤིག་ཀྱང་ཆགས་ཀྱི་ཡོད་ན། འཛིན་གྲྭའི་སློབ་ཕྲུག་ཁྲོད་ནས་རྩིང་པོར་སྤྱོད་པ་རྣམས་ལ་ཐད་ཀར་ཁོང་ཁྲོའི་རྣམ་འགྱུར་གྱིས་བཀའ་བཀྱོན་གཏོང་བ་ནི་ཀུན་སློང་བཟང་ཡང་མེའི་སྟེང་དུ་ས་སྣུམ་བླུགས་པའི་བྱ་བ་དང་མཚུངས། དེ་ལས་ལྡོག་སྟེ་འཛིན་གྲྭ་གྲོལ་རྗེས་ཐུག་འཕྲད་དགོས་པའི་ལམ་སྟོན་ཞུས་ནས་སྒེར་དང་སྒེར་གཏུགས་ཀྱིས་བཀའ་མོལ་གནང་རྒྱུ་ནི་ཆེས་ཕན་རླབས་ཆེ་བ་ཡོད་པ་ནི་མངོན་སུམ་མཐོང་ཆོས་སུ་གྲུབ། དེ་མིན་སློབ་ཕྲུག་དམངས་ཀྱི་མདུན་དུ་ཁོང་ཁྲོས་བཀའ་བཀྱོན་གཏོང་བ་ནི་སློབ་ཕྲུག་གི་སེམས་ཚོར་ལ་གནོད་དེ་དགེ་སློབ་ཀྱི་འདུ་ཤེས་བརླགས་ནས་འཛིན་གྲྭའི་སློབ་དམངས་ཀྱི་མདུན་དུ་སློབ་ཕྲུག་གིས་དགེ་རྒན་ལ་ཁ་ལན་བསློགས་ཏེ་གཉིས་ཀའི་ཁོང་ཁྲོའི་མེ་ཤུགས་ཆེ་ཆེར་བསྐྱེད་དེ་དཀའ་ངལ་ཆེན་པོར་གྱུར་པའང་ཡོད། དེས་ན་དཀའ་ངལ་ཅན་གྱི་སློབ་ཕྲུག་ཟུར་དུ་ཆེད་བཀུག་གིས་སློབ་གསོ་ལམ་སྟོན་ཐུབ་ན་དེས་དགེ་ཕན་ཆེ་བར་ཐོན།
འཛིན་གྲྭར་སྟངས་འཛིན་བྱེད་སྐབས་ནང་སྦྱོང་དུས་ཐོག་མི་གནང་མཁན་དང་། སློབ་ཁྲིད་བྱ་བར་འགོག་རྐྱེན་བཟོ་བ། འཛིན་གྲོགས་ལྷན་དུ་འཆམ་མཐུན་མེད་པ། སློབ་དགེའི་ཞལ་ལ་མི་ཉན་མཁན་སོགས་ཀྱི་སློབ་ཕྲུག་གཅུན་སྐབས་སློབ་དགེ་རྣམ་པས་རང་གི་འདོད་པ་གཙོ་བོར་བཟུང་ནས་འཕྲལ་མར་སློབ་ཕྲུག་དོ་བདག་ལ་ཉེས་ཆད་དགལ་རྒྱུའི་ཚབ་ཏུ་སློབ་ཕྲུག་དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་སྔོག་འདོན་དང་སློབ་སྦྱོང་གནང་རྒྱུ་གལ་ཆེ། དེ་མིན་སྒྲིག་འགལ་སློབ་ཕྲུག་དེར་ནང་དུ་ཕ་མའི་བྱམས་བརྩེ་ཚུལ་མཐུན་མ་ཐོབ་པ་དང་། ཕ་མ་ཡ་བྲལ། ཕ་མས་ཆང་རག་ཚད་མེད་སྤྱད་དེ་ཕྲུ་གུར་ཉེས་རྡུང་ཤ་སྟག་བཏང་ནས་སེམས་ཁམས་སོགས་ལ་དཀའ་ངལ་ཅན་གྱི་སློབ་ཕྲུག་ཀྱང་གྲངས་མི་ཉུང་བ་ཞིག་ཡོད་སྟབས་རྒྱབ་ལྗོངས་ཀྱི་གནས་ཚུལ་དེ་དག་མཁྱེན་རྟོགས་ཡོད་ཚེ་སློབ་ཕྲུག་དེར་གོ་སྐོན་སློབ་གསོ་བྱེད་སྟངས་མི་འདྲ་བ་ཞིག་བློ་ངོར་འཆར་ངེས།
མཐའ་དོན་དགེ་རྒན་དང་སློབ་ཕྲུག་དབར་འཛིན་གྲྭའི་ཚོགས་དུས་ཙམ་ལས་གཞན་དུ་ཐུག་འཕྲད་ཀྱི་གོ་སྐབས་དཀའ་བས་སློབ་དགེ་ཚོས་འཛིན་གྲྭ་སྟངས་འཛིན་གནང་སྐབས་ངེས་པར་ཡིད་བཅངས་དགོས་པ་ནི། སློབ་གྲྭར་སློབ་ཕྲུག་དུ་མའི་དཀྱིལ་ནས་ཕ་མས་གཅེས་ལངས་སུ་བཏང་བ་དང་དགོས་ངེས་ཀྱི་ཕ་མའི་བྱམས་བརྩེ་མ་ཐོབ་པའི་སློབ་ཕྲུག་རྣམས་དང་སློབ་དགེའི་དབར་འཁོན་ཉེན་ཆེ་བ་ཡོད་སྟབས། དུས་རབས་ཉེར་གཅིག་གི་སློབ་ཕྲུག་རྣམས་ལ་དྲག་པོའི་ཐོག་ནས་ཉེས་རྡུང་བཀལ་ཏེ་བཅུན་ཐབས་བྲལ་བས་དུས་ནམ་ཡང་ཞི་བས་འདུལ་ཐབས་གནང་རྒྱུ་ནི་སྐབས་བབ་དགེ་རྒན་གྱི་འོས་འགན་ཆེ་ཤོས་ཤིག་ཏུ་མཐོང་། མཐའ་དོན་སློབ་ཕྲུག་དང་དགེ་རྒན་དབར་མཐུན་པའི་འབྲེལ་བ་སྔར་ལྷག་བརྟས་ཏེ་ད་ཡོད་སློབ་ཕྲུག་རྣམས་ཀྱིས་༸གོང་ས་མཆོག་གི་ཐུགས་དགོངས་དང་ཕ་མའི་རེ་བ་ཇི་བཞིན་ཤེས་ཡོན་སློབ་སྦྱོང་ལ་འབད་པ་ལྷུར་ལེན་གྱིས་གྲུབ་འབྲས་ཡར་རྒྱས་ཕྱོགས་སུ་གོམ་སྟབས་བསྒྱུར་ཏེ་གང་མྱུར་གཞིས་བྱེས་བོད་མི་མཉམ་འཛོམས་ཐུབ་པའི་ཉིན་བཟང་སྐྲུན་མཁན་གྱི་བོད་མི་ཚད་ལྡན་ཤ་སྟག་ཐོན་པར་གྱུར་ཅིག། །