བསྟན་འཛིན་སྒྲོལ་མ།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། གཞི་རིམ་འོག་མའི་བོད་དགེ

འཛིན་གྲྭ་སྟངས་འཛིན་ཞེས་པ་ཚིག་འབྲུ་བཞི་ལས་གྲུབ་པའི་མིང་ཚིག་དེ་ལ་མི་སོ་སོས་གཟིགས་སྟངས་མི་འདྲ་བ་རེ་ཡོད་དེ། འགའ་ཞིག་གིས་འཛིན་གྲྭའི་ནང་སློབ་མ་ཡོད་ཀྱང་འཛིན་ཁང་ཁ་ཁུ་སིམ་པོའི་ངང་གནས་ཡོད་ཚེ། དགེ་རྒན་གྱིས་འཛིན་གྲྭ་སྟངས་འཛིན་ཡག་པོ་གནང་བ་ཞིག་ལ་ངོས་འཛིན་པ་དང་། ཅིག་ཤོས་ཀྱིས་འཛིན་གྲྭའི་ནང་སློབ་མ་རྣམས་འཁྲུག་ཆ་དོད་པོའི་ངང་སློབ་སྦྱོང་ལ་བརྩོན་བཞིན་པ་གཟིགས་དུས་དགེ་རྒན་གྱིས་འཛིན་གྲྭ་སྟངས་འཛིན་ཡག་པོ་གནང་འདུག་ཅེས་གསུངས་མཁན་ཡང་ཡོད། གང་ལྟར་ཐབས་ལམ་དེ་གཉིས་ལ་རྒྱུ་མཚན་ངེས་ཅན་ཞིག་ཞུ་དགོས་ཚེ་ང་ཚོས་འདི་ལྟར་སེམས་དགོས་ཏེ་དུས་ཀྱི་འགྱུར་བ་ལ་བརྟེན་ནས་མིའི་ལྟ་ཕྱོགས་ལ་འགྱུར་བ་འགྲོ་བས་ཡིན་པ་ལས་ཐབས་ལམ་འདི་བཟང་དང་དེ་ངན་ཟེར་ནས་ཚིག་ཐག་གཅོད་དཀའ་བར་སྣང་། གང་ལྟར་དུས་རབས་ཉི་ཤུ་རྩ་གཅིག་གི་མིས་བཤད་སྟངས་ལ་ཉན་ན། ཁ་ཁུ་སིམ་པའི་འཛིན་གྲྭའི་ནང་སློབ་སྦྱོང་ཤེས་དཀའ་བས་འཛིན་གྲྭ་ནི་དུས་ནམ་ཡང་འཁྲུག་ཆ་དོད་པོ་ཞིག་དགོས། འཁྲུག་ཆ་དེའི་ནང་སློབ་མས་རང་གི་བསམ་བློའི་ནུས་རྩལ་ཡོད་ཚད་སློབ་སྦྱོང་གི་ཕྱོགས་སུ་སྤུངས་ཐུབ་པའི་ཆ་རྐྱེན་ཞིག་དགེ་རྒན་གྱིས་བསྐྲུན་ཐུབ་པ་དགོས་པ་དེ་དགེ་རྒན་དེའི་རང་གིས་ལས་ཁུར་ལ་འགན་ཁུར་བའི་རྟགས་མཚན་ཡིན་པས། ངས་ཀྱང་དེ་འདྲ་ཞིག་ལ་འཛིན་གྲྭ་སྟངས་འཛིན་ཡག་པོ་ཐུབ་པ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། ཁ་ཁུ་སིམ་པའི་འཛིན་གྲྭའི་ནང་སློབ་མ་ཚོའི་བསམ་བློ་འཛིན་གྲྭའི་ཕྱི་དང་རྩེད་མོ་ལ་གཡེང་བ་དང་སློབ་སྦྱོང་ལ་ཉོབ་སྣང་གིས་འཛིན་གྲྭའི་ནང་གཉིད་དུ་ཡུར་བ་སོགས་ཀྱིས་དགེ་རྒན་གྱི་སློབ་ཁྲིད་ལ་དོ་སྣང་བརླག་སྟེ་གང་ཡང་ཤེས་ཀྱི་མ་རེད། དེ་ནི་འཛིན་གྲྭ་སྟངས་འཛིན་ཡག་པོ་མ་ཐུབ་པའི་སྐྱོན་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཚོས་འཛིན་གྲྭ་སྟངས་འཛིན་ཡག་པོ་ཡོང་བར་དེ་ལ་འགོག་རྐྱེན་བྱེད་མཁན་གྱི་རྒྱུ་གཙོ་བོ་རྣམས་སྔོན་ལ་ངོས་འཛིན་ཐུབ་པ་བྱ་དགོས། གུས་མོས་བསམ་ན། དེ་དག་ནི།
༡། རྣམ་གཡེང་དང་།
༢། སློབ་ཚན་ལ་ཉོབ་སྣང་གི་ཚོར་བ་གཉིས་དེ་ལ་རག་ལུས་ཡོད། རྒྱུ་འདི་གཉིས་བྱུང་བར་རྒྱུ་རྐྱེན་གཞན་མང་པོ་ལ་རག་ལུས་པས་ང་ཚོས་དེ་དག་ཚང་མ་ངོས་འཛིན་ཐུབ་པ་བྱ་དགོས། དེ་ཡང་རྒྱུ་རྐྱེན་གཞན་ནི།
༡། ཚོགས་ཐུན་བརྗེས་པ།
སློབ་མ་ཚོར་སློབ་ཚན་མང་བས་ཚོགས་ཐུན་གཅིག་རྗེས་གཉིས་མཐུད་ཀྱིས་དུས་ཚོད་རེའུ་མིག་བསྒྲིགས་ཏེ་ཡོད། སྐབས་དེ་དུས་དགེ་རྒན་གཅིག་གི་སློབ་ཚན་ཚར་རྗེས་དགེ་རྒན་རྗེས་མ་དེ་ལམ་སང་འཛིན་གྲྭའི་ནང་མ་ཕེབས་ན། སློབ་མ་ཚོར་སྣང་བ་གཡེང་རྒྱུའི་དུས་ཚོད་ཐོབ་སྟེ་ཁོ་ཚོས་ལམ་སང་འཛིན་གྲྭ་དང་ཁྱམས་རའི་ནང་ཡར་རྒྱུག་མར་རྒྱུག་དང་སྐད་ཅོར་བརྒྱབ་པ་སོགས་བསམ་བློ་ཆ་ཚང་སློབ་སྦྱོང་ནས་རྩེད་མོར་གཡེང་སྟེ་དགེ་རྒན་དངོས་འཛིན་གྲྭར་ཕེབས་ཏེ་སློབ་ཚན་འགོ་བཙུགས་ཀྱང་ཁོ་ཚོའི་སེམས་སློབ་སྦྱོང་ལ་ཚུར་བཀུག་ཁག་པས་འཛིན་གྲྭ་སྟངས་འཛིན་བྱེད་པར་དཀའ་ངལ་འཕྲད་ཀྱི་རེད། དེར་བརྟེན་ཚོགས་ཐུན་བརྗེ་པོ་རྒྱག་དུས་དགེ་རྒན་རྣམས་རྗེས་ལུས་མེད་པར་འཛིན་གྲྭར་དུས་ཐོག་ཏུ་ཕེབས་དགོས། དེ་ལྟར་གནང་ཚེ་འཛིན་གྲྭ་སྟངས་འཛིན་ཐུབ་པར་ཕན་ཐོགས་ཆེ།
༢། སློབ་ཚན་འགོ་ཚུགས་དུས།
འཛིན་གྲྭ་ཚོགས་པ་དང་དགེ་རྒན་གྱིས་ཉིན་མ་དེ་རིང་གི་སློབ་ཚན་ལ་ཤར་བསྐྱོད་བྱས་ཚེ། སློབ་མ་ཁག་ཅིག་གིས་སྔོན་གྱི་ཉིན་མོའི་སློབ་ཚན་དང་དེ་རིང་གི་སློབ་ཚན་གཉིས་མཐུད་བརྒྱབ་མ་ཐུབ་པའི་དཀའ་ངལ་གྱིས་སློབ་བཞིན་པའི་སློབ་ཚན་གྱི་ནང་དོན་རྟོགས་པར་དཀའ་ངལ་འཕྲད་ཀྱི་ཡོད། དེ་ལ་བརྟེན་སློབ་སྦྱོང་ལ་སྤྲོ་སྣང་བརླག་སྟེ་རྩེད་མོར་གཡེང་བ་དང་ཡང་ན་ཉོབ་སྣང་གིས་གཉིད་དུ་ཡུར་ཏེ་འཛིན་གྲྭ་སྟངས་འཛིན་བྱེད་པར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་སྲིད་པས་དགེ་རྒན་གྱིས་སློབ་ཚན་མ་ཁྲིད་གོང་སྔོན་གྱི་སློབ་ཚན་ཅུང་བསྐྱར་སྦྱོང་བྱས་རྗེས་སློབ་ཚན་གསར་པ་ཁྲིད་ཚེ་སློབ་མ་རྣམས་ཀྱིས་ཁ་སང་དང་དེ་རིང་གི་སློབ་ཚན་གཉིས་མཐུད་ཐུབ་པར་བརྟེན་སློབ་ཚན་ལ་སྤྲོ་སྣང་འཕེལ་ཏེ་དོ་སྣང་ཆེན་པོས་སློབ་ཚན་ལ་ཉན་གྱི་རེད། དེ་འདྲ་བྱུང་ཚེ་དགེ་རྒན་གྱིས་འཛིན་གྲྭ་སྟངས་འཛིན་བྱེད་པར་དཀའ་ངལ་འཕྲད་ཀྱི་མ་རེད།
༣། དུས་ཚོད་དམ་འཛིན་གནང་སྟངས།
དགེ་རྒན་གྱིས་སློབ་ཁྲིད་གནང་དུས་བྱེད་སྒོ་འདྲ་མིན་སྣ་ཚོགས་གོ་སྒྲིག་གནང་གི་ཡོད། ཡིན་ཡང་བྱེད་སྒོ་དེ་དག་གནང་པར་དགེ་རྒན་གྱིས་དུས་ཚོད་ལ་དམ་འཛིན་ངེས་པར་དུ་གནང་དགོས། དཔེར་ན། འཛིན་གྲྭའི་ནང་དྲི་རྩལ་དང་འབྲེལ་བའི་བྱེད་སྒོའི་རིགས་སྤེལ་སྐབས་དགེ་རྒན་གྱིས་དུས་ཚོད་བཀག་དགོས། སྐབས་རེ་སློབ་མ་ཚོས་ལན་མ་བརྒྱབ་པར་དུས་ཚོད་རིང་པོ་ཞིག་ཕར་གཡོལ་ཚུར་གཡོལ་བྱས་ཏེ་དགེ་རྒན་དང་སློབ་མ་གཞན་གྱི་དུས་ཚོད་ཆུད་ཟོས་སུ་བཏང་པ་མ་ཟད་བྱེད་སྒོ་སྤེལ་བ་བཞིན་འགྲོ་མ་ཐུབ་པའི་རྐྱེན་འཛིན་གྲྭར་འུར་སྒྲོག་ཆེ་བས་འཛིན་གྲྭ་སྟངས་འཛིན་ཡོང་བ་ལ་དཀའ་ངལ་འཕྲད་ཀྱི་ཡོད། དེར་བརྟེན་འཛིན་གྲྭ་སྟངས་འཛིན་ཡག་པོ་ཞིག་ཡོང་བར་དུས་ནམ་ཡང་དགེ་རྒན་གྱིས་བྱེད་སྒོ་གྲ་སྒྲིག་གནང་དུས་དུས་ཚོད་ལ་ངེས་པར་དུ་དམ་འཛིན་གནང་དགོས།
༤། སློབ་ཚན་འཆར་འགོད།
ཤེས་ཡོན་སྲིད་བྱུས་ནང་དགེ་རྒན་གྱིས་འཛིན་གྲྭའི་ནང་སློབ་ཕྲུག་རྣམས་ལ་དངོས་སུ་སློབ་ཁྲིད་བྱེད་སྐབས་སློབ་མ་དབུས་སུ་བཞག་པའི་ཐབས་ཚུལ་འཛིན་དགོས་ཞེས་གསུངས་པ་བཞིན། དེ་དག་བསྒྲུབ་པ་ལ་ཐོག་མར་དགེ་རྒན་གྱིས་འཛིན་གྲྭར་མ་ཕེབས་གོང་སློབ་ཚན་འཆར་འགོད་ཡག་པོ་བསྒྲིགས་གནང་དགོས། དེ་ཡང་འཆར་འགོད་བསྒྲིགས་པ་འདི་གཏན་འབེབས་མ་ཡིན་པར་འཛིན་གྲྭའི་ནང་སློབ་ཁྲིད་དངོས་གནང་དུས་སློབ་མའི་ཁམས་དང་མོས་པ་ལ་བསྟུན་ནས་བརྗེ་ཐུབ་མཁན་གྱི་འཆར་འགོད་སྒྱུར་བཅོས་བདེ་པོ་ཞིག་དགོས། དེ་འདྲ་བྱུང་ན། དགེ་རྒན་གྱིས་འཛིན་གྲྭ་སྟངས་འཛིན་ཡག་པོ་ཐུབ་པར་དཀའ་ངལ་ཅུང་ཙམ་ཞིག་ཀྱང་འཕྲད་རྒྱུ་མིན་པའི་ཡིད་ཆེས་ཡོད། སྐབས་རེ་དགེ་རྒན་གྱིས་འཆར་འགོད་ཡག་པོ་མེད་པའི་ཐོག་འཛིན་གྲྭའི་ནང་སློབ་ཁྲིད་དང་བྱེད་སྒོ་སྤེལ་དུས་སློབ་མས་བཏོན་པའི་རྣམ་དཔྱོད་འདྲ་མིན་ལ་སྟངས་འཛིན་བྱེད་མ་ཐུབ་པའི་གནས་སྟངས་ཤིག་གིས་སློབ་ཚན་ཡག་པོ་འགྲོ་མ་ཐུབ་པའི་དཀའ་ངལ་ཆེན་པོ་འཕྲད་ཀྱི་རེད། དེ་ནི་དགེ་རྒན་གྱིས་སློབ་ཚན་འཆར་འགོད་ཡག་པོ་མ་སྒྲིག་པའི་རྐྱེན་གྱིས་སློབ་མའི་བྱ་སྤྱོད་ལ་ལམ་སེང་གདོང་ལེན་བྱེད་མ་ཐུབ་པ་རེད། དེ་ལ་བརྟེན་ནས་འཛིན་གྲྭ་སྟངས་འཛིན་ཡག་པོ་བྱེད་མ་ཐུབ་པ་ཞིག་བྱུང་བ་རེད།
༥། དགེ་རྒན་དྲན་རྒྱུ་རྒོད་པོ།
འཛིན་གྲྭ་སྟངས་འཛིན་ཡག་པོ་ཐུབ་པར་དགེ་རྒན་འདི་དུས་རྟག་ཏུ་དྲན་རྒྱུ་རྒོད་པོ་དགོས། དེས་སློབ་མའི་ཁམས་དང་མོས་པ་ལ་བསྟུན་ནས་སློབ་ཚན་ཁྲིད་པ་དང་བྱེད་སྒོ་སྤེལ་ཐུབ་པ། སློབ་ཚན་འཆར་འགོད་ལ་སྒྱུར་བཅོས་བྱས་ཏེ་གང་ལྟར་འཛིན་གྲྭ་འདི་སྟངས་འཛིན་ཡག་པོ་ཐུབ་པར་ཡོང་གི་རེད། རང་ཉིད་ཀྱིས་བསྒྲིགས་པའི་སློབ་ཚན་འཆར་འགོད་འདི་རང་ལག་བསྟར་ཐུབ་པ་བྱ་རྒྱུར་དམིགས་ཏེ་འཛིན་གྲྭའི་ནང་ཕེབས་པ་ཡིན་ན་འཛིན་གྲྭ་སྟངས་འཛིན་བྱ་རྒྱུར་དཀའ་ངལ་འཕྲད་ངེས་རེད། དེར་སོང་སློབ་ཚན་འཆར་འགོད་སྒྲིག་པའི་སྐབས་གཅིག་རང་གཏན་འབེབས་མ་ཡིན་པར་བསམ་བློ་གཉིས་པ་དང་གསུམ་པ་བང་སྒྲིག་སྟེ་འཇོག་དགོས། དེ་ལྟར་གནང་ཚེ་འཛིན་གྲྭ་སྟངས་འཛིན་ཡོང་བར་དཀའ་ངལ་འཕྲད་ཀྱི་མ་རེད།
༦། སློབ་མ་སྡེ་ཚན་དུ་བགོ་སྟངས།
ཤེས་ཡོན་སྲིད་བྱུས་གཞིར་བཟུང་སློབ་མ་དབུས་བཞག་ཡིན་དུས། དགེ་རྒན་གྱིས་ནག་པང་མདུན་ནས་སློབ་ཁྲིད་བྱེད་པ་ལས་གཙོ་བོ་སློབ་མ་རྣམས་ལ་བྱེད་སྒོའི་ལམ་ནས་སློབ་ཁྲིད་བྱ་དགོས། དགེ་རྒན་གྱིས་བྱེད་སྒོ་མ་སྤེལ་གོང་སློབ་མ་རྣམས་སྡེ་ཚན་དུ་བགོ་སྟངས་སྐོར་བསམ་བློ་ཞིབ་མོ་ཞིག་བཏང་དགོས། དེ་ཡང་སྡེ་ཚན་རེ་རེའི་ནང་སློབ་སྦྱོང་བཟང་ཞན་འབྲིང་གསུམ་གྱི་སློབ་མ་གཅིག་མཚུངས་བགོས་ཐུབ་ཚེ། སྡེ་ཚན་ཁག་སོ་སོར་བྱེད་སྒོའི་ནང་དོན་གཉེར་ཆེན་པོས་མཉམ་ཞུགས་གནང་གི་རེད། གལ་ཏེ་སྡེ་ཚན་བགོ་སྟངས་ཡག་པོ་མ་བྱུང་ཚེ། སྡེ་ཚན་ནང་གི་སློབ་མའི་བར་འཆམ་མཐུན་མ་ཡོང་བ་དང་། གཅིག་གིས་གཞན་ལ་མཉམ་ཞུགས་ཡག་པོ་བྱེད་ཡོང་བསམ་པའི་ཡིད་ཆེས་མེད་པར་གྱུར་ཏེ་མཐོང་ཆུང་དང་། སྡེ་ཚན་གཞན་དང་མཉམ་དུ་ཁ་རྩོད་བརྒྱབ་པ་སོགས་དགེ་རྒན་གྱིས་སློབ་མ་སྟངས་འཛིན་བྱ་རྒྱུ་དང་བྱེད་སྒོ་སྤེལ་རྒྱུར་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་རེད། དེ་ལྟར་བྱུང་སོང་ན་འཛིན་གྲྭ་སྟངས་འཛིན་ཡོང་བར་ཧ་ཅང་དཀའ།
༧། བཀོད་བྱུས་དང་ལམ་སྟོན་ཁ་གསལ་པོ།
འཛིན་གྲྭའི་ནང་སློབ་མ་ཚང་མའི་རྣམ་དཔྱོད་མི་འདྲ་བ་ཡིན་དུས། དགེ་རྒན་གྱིས་དུས་རྟག་ཏུ་ནག་པང་མདུན་ནས་སློབ་ཚན་དང་འབྲེལ་བའི་བཀོད་བྱུས་དང་ལམ་སྟོན་ཅི་འདྲ་ཞིག་གནང་ཡང་གོ་བདེ་པོ་དང་ཐུང་ཐུང་ཞིག་གནང་དགོས། སྐབས་རེེར་དགེ་རྒན་གྱིས་བཀོད་བྱུས་རིང་བའི་དབང་གིས་སློབ་མ་རྣམས་མགོ་རྨོངས་ནས་སློབ་ཚན་ལ་ཉོབ་སྣང་སྐྱེས་ཏེ་སྣང་བ་གཡེང་འགྲོ་བའི་དཀའ་ངལ་འཕྲད་ཀྱི་རེད། དེ་བཞིན་བྱེད་སྒོའི་རིགས་སྤེལ་སྟངས་ཀྱི་ལམ་སྟོན་ཁ་གསལ་པོ་ཞིག་མ་བྱུང་ཚེ་སློབ་མ་རེ་རེས་དགེ་རྒན་ལ་བྱེད་སྒོ་ཇི་ལྟར་སྤེལ་དགོས་སམ་ཞེས་དྲི་བ་བཏང་སྟེ་འཛིན་གྲྭ་ལྷིང་འཇགས་པོ་མེད་པ་དང་ཅུང་མ་འགོར་བར་དགེ་རྒན་ཡང་སློབ་མ་རེ་རེའི་དྲི་བར་ལན་བཏབ་སྟེ་ཡིད་ཐང་ཆད་པར་གྱུར་གྱི་རེད། དེ་འདྲའི་གནས་སྟངས་ཤིག་གི་འོག་འཛིན་གྲྭ་སྟངས་འཛིན་བྱེད་ཐུབ་རྒྱུ་ཁག་པོ་རེད། དེར་སོང་། འཛིན་གྲྭ་སྟངས་འཛིན་ཡག་པོ་ཡོང་བར་བཀོད་བྱུས་དང་ལམ་སྟོན་ཁ་གསལ་པོ་དགོས།
༨། སློབ་ཚན་དང་འབྲེལ་བའི་མཁོ་ཆས་རིགས་སྔོན་ཚུད་ནས་གྲ་སྒྲིག
སྐབས་རེ་དགེ་རྒན་གྱིས་འཛིན་གྲྭའི་ནང་སློབ་ཁྲིད་དང་འབྲེལ་བའི་ཁྲིད་ཆས་རིགས་སྔོན་ཚུད་ནས་གྲ་སྒྲིག་ཡག་པོ་མ་བྱས་པའི་རྐྱེན་གྱིས་སློབ་ཁྲིད་བྱེད་ཀྱིན་ཁྲིད་ཆས་རེ་ལེན་དུ་གཞུང་དོན་ཁང་དུ་འགྲོ་རྐྱང་བྱས་ཚེ། སློབ་མ་རྣམས་ལ་འཕག་འཚག་རྒྱག་རྒྱུ་དང་སྐད་ཅོར་རྒྱག་རྒྱུའི་དུས་ཚོད་ཐོབ་སྟེ་འཛིན་གྲྭ་སྟངས་འཛིན་ཡག་པོ་ཡོང་བར་དཀའ་ངལ་འཕྲད་ཀྱི་རེད། དེ་འདྲ་ཡིན་དུས། དགེ་རྒན་གྱིས་སློབ་ཁྲིད་དང་འབྲེལ་བའི་ཁྲིད་ཆས་རིགས་སྔོན་ཚུད་ནས་ཐོ་བཀོད་བྱས་ཏེ་གྲ་སྒྲིག་ལེགས་པོས་འཛིན་གྲྭའི་ནང་འཁྱེར་རྒྱུ་མ་བརྗེད་པ་བྱ་དགོས།
༩། སློབ་ཁྲིད་ཐབས་ལམ།
འཛིན་གྲྭའི་ནང་སློབ་ཁྲིད་གནང་སྐབས་རྣམ་དཔྱོད་མི་འདྲ་བའི་སློབ་མ་ཡོངས་ལ་ཕན་པའི་ཐབས་ལམ་ཕྱག་བསྟར་གནང་དགོས། དེ་ཡང་། ནག་པང་མདུན་དུ་ཁ་ཐུག་བཞེངས་ཏེ་ཚོགས་ཐུན་གྱི་དུས་ཚོད་ཆ་ཚང་བཤད་ནས་མ་བསྡད་པར། སྐར་མ་ཁ་ཤས་ཤིག་སློབ་ཚན་འགྲེལ་བཤད་བརྒྱབ་རྗེས་སློབ་མ་རྣམས་ལ་བྱེད་སྒོ་སྤེལ་དགོས། དེ་ཡང་བྱེད་སྒོ་མཐའ་དག་སྡེ་ཚན་ནང་མ་ཡིན་པར་སྐབས་རེ་སློབ་མ་སྒེར་སོ་སོ་ལ་བྱེད་སྒོ་བྱ་རུ་འཇུག་རྒྱུ་དང་། སྐབས་རེ་སློབ་ཚན་དང་འབྲེལ་བའི་བརྙན་ཐུང་རིགས་སྟོན་པ་སོགས་ཐབས་ལམ་འདྲ་མིན་བེད་སྤྱོད་གནང་དགོས། དེ་ཡིས་སློབ་མ་རྣམས་ཀྱི་སེམས་སློབ་སྦྱོང་གི་ཕྱོགས་སུ་ཁུག་སྟེ་ཕར་རྒྱུག་ཚུར་རྒྱུག་དང་སྐད་ཅོར་མེད་པར་སྤྲོ་སྣང་ཆེན་པོས་སློབ་སྦྱོང་སྦྱངས་ཏེ་འཛིན་གྲྭ་སྟངས་འཛིན་ལ་དཀའ་ངལ་འཕྲད་ཀྱི་མ་རེད།
༡༠། དགེ་རྒན་ཁ་གཏན་ཚིག་ལ་གནས་ཐུབ་མཁན།
སློབ་མས་རང་གི་དགེ་རྒན་ལ་ཕ་མ་ལས་ཡིད་ཆེས་ཆེ་བ་གནང་གི་ཡོད་སྟབས། དགེ་རྒན་དེས་དུས་ནམ་ཡང་རྫུན་མ་བཤད་ཀྱི་མ་རེད་བསམ་པའི་ཡིད་ཆེས་བརྟན་པོ་ཞིག་ཡོད། འོན་ཀྱང་སྐབས་རེ། དགེ་རྒན་གྱིས་སློབ་མ་ཚོས་སློབ་སྦྱོང་ཡག་པོ་སྦྱངས་ན་བསམ་པའི་ཀུན་སློང་བཟང་པོ་ཞིག་གིས་ཁོ་ཚོར་ལེགས་སྐྱེས་ཀྱི་ཚུལ་དུ་སྤྲོ་འཆམ་ལ་འཁྲིད་རྒྱུ། གློག་བརྙན་སྟོན་རྒྱུ། རྔན་པ་ཉོ་རྒྱུ། བཅས་ཁས་ལེན་འདྲ་མིན་བྱེད་ཀྱི་ཡོད། སློབ་མས་དེར་ཡིད་ཆེས་ཆེན་པོ་གནང་སྟེ་སློབ་སྦྱོང་ལ་དོ་སྣང་བྱས་ཏེ་སྦྱོང་གི་ཡོད། འོན་ཀྱང་དགེ་རྒན་གྱིས་ཁ་གཏམ་ཚིག་ལ་མ་གནས་པར་ཁོ་ཚོར་ལེགས་སྐྱེས་མ་ཕུལ་སྟབས་ཁོ་ཚོས་རང་གི་དགེ་རྒན་ལ་ཡིད་ཆེས་བརླག་སྟེ་མཐོང་ཆུང་དང་མ་དགའ་བ་ཞིག་གིས་དགེ་རྒན་དེའི་སློབ་ཚན་ལ་སྤྲོ་སྣང་བརླག་པ་སོགས་བྱུང་གི་ཡོད། དེ་འདྲ་བྱུང་ཚེ། སློབ་མས་དགེ་རྒན་གྱིས་གསུངས་པར་བརྩི་འཇོག་མི་གནང་བའི་ཚོར་བ་ཞིག་གིས་དགེ་རྒན་དེར་འཛིན་གྲྭ་སྟངས་འཛིན་གནང་རྒྱུར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཀྱི་རེད། དེར་སོང་ང་ཚོས་སློབ་མ་ཚོ་ལ་སློབ་སྦྱོང་སྦྱངས་ན་བྱ་དགའ་དང་ལེགས་སྐྱེས་འབུལ་རྒྱུའི་ཀུན་སློང་བསྐྲུན་རྒྱུ་མེད་ལ་གལ་ཏེ་བསྐྲུན་ཚེ། ཁ་གཏམ་ཚིག་ལ་གནས་པ་བྱ་དགོས།
༡༡། འཛིན་གྲྭ་ཚོགས་སྟངས། དགེ་རྒན་འགའ་ཞིག་གིས་བདུན་ཕྲག་གཅིག་ནང་རང་གི་སློབ་ཚན་ཁྲིད་སྟངས་ཐོག་སྒྲིག་གཞི་བཟོས་གནང་གི་ཡོད། དེ་ཡང་དཔེར་ན། རེས་གཟའ་ཟླ་བ་ནས་ཕུར་བུ་བར་སློབ་དེབ་ནང་གི་སློབ་ཚན་འགྲེལ་བཤད་དང་དེ་དང་འབྲེལ་བའི་བྱེད་སྒོ་སྤེལ་རྒྱུ། གཟའ་པ་སངས་ལ་སློབ་དེབ་ཀྱི་སློབ་ཚན་དང་འབྲེལ་བའི་ཟུར་ལྟའི་དཔེ་དེབ་དཔེ་མཛོད་ནས་གཡར་ཏེ་བཀླག་རྒྱུ་དང་བརྙན་ཐུང་རིགས་ལ་གཟིགས་རྒྱུ། རེས་གཟའ་སྤེན་པ་ལ་ཚོད་རྒྱུགས་གཏང་རྒྱུ་བཅས་སྒྲིག་གཞི་བཟོས་ཡོད་ཚེ། དེ་དག་མ་བརྗེད་པར་ཕྱག་བསྟར་གནང་དགོས། གང་ཡིན་ཞུས་ན། སྒྲིག་གཞི་དེ་ལ་བརྟེན་ནས་སློབ་མས་རེས་གཟའ་སོ་སོར་གང་བྱ་དགོས་པ་བསམ་བློའི་ནང་སྔོན་ཚུད་ནས་གྲ་སྒྲིག་བྱས་ཏེ་སློབ་གྲྭར་བསྐྱོད་ཀྱི་རེད། འོན་ཀྱང་སྒྲིག་གཞི་བཟོ་མཁན་གྱི་དགེ་རྒན་དེ་རང་གིས་དེ་ལྟར་མ་གནང་ཚེ། སློབ་མས་གྲ་སྒྲིག་གནང་པ་དང་མ་མཐུན་པར་གྱུར་ཏེ་སློབ་མས་དགེ་རྒན་ལ་བསམ་འཆར་དང་དཀའ་ངལ་འདྲ་མིན་ཞུས་ཏེ་འཛིན་གྲྭ་སྟངས་འཛིན་ཡག་པོ་ཐུབ་པར་དཀའ་ངལ་ཆེན་པོ་འཕྲད་ཀྱི་རེད།
བྱས་ཙང་དགེ་རྒན་གྱིས་འཛིན་གྲྭ་སྟངས་འཛིན་ཡག་པོ་མ་ཡོང་བའི་རྒྱུ་རྣམ་གཡེང་དང་སློབ་སྦྱོང་ལ་ཉོབ་སྣང་གི་ཚོར་བ་ཡིན་པ་དང་དེ་དག་བྱུང་བར་གོང་དུ་བཀོད་པའི་རྐྱེན་མང་དག་ཅིག་ཡོད་པ་ཤེས་པའི་ཐོག་ང་ཚོས་ནོར་འཁྲུལ་དེ་རིགས་སླར་ཡང་མི་ཡོང་བ་དང་། སློབ་མ་རྣམས་ཀྱི་སེམས་སློབ་སྦྱོང་གི་ཕྱོགས་སུ་ཚུར་བཀུག་ཐུབ་པའི་ཐབས་ཤེས་དང་རྩལ་འདྲ་མིན་བཏོན་དགོས། དེ་ལྟར་གནང་པ་ཡིན་ན་ང་ཚོར་ལོ་འཁོར་མོར་རྣམ་དཔྱོད་མི་འདྲ་བའི་སློབ་མ་ཅི་འདྲ་ཞིག་དང་འཕྲད་ཀྱང་འཛིན་གྲྭ་སྟངས་འཛིན་ཡག་པོ་ཐུབ་པར་དཀའ་ངལ་ཅུང་ཟད་ཙམ་ཡང་འཕྲད་རྒྱུ་མིན་པའི་ཡིད་ཆེས་ཞིག་གིས་གུས་མོའི་རྩོམ་ཡིག་འདིར་མཇུག་བསྒྲིལ་རྒྱུ་ཡིན།