བསྟན་འཛིན་ལྷ་རྒྱལ།
མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ།

འཛིན་གྲྭ་དྲུག་པ།

ཞོགས་པ་ཡར་ལངས་ནས་སོ་དང་ངོ་གདོང་གཙང་མ་བཀྲུས་ཚར་རྗེས་ཨ་མ་ལགས་ཀྱིས་ཞོགས་སྔ་ལངས་ཀྱིས་བཟོས་གནང་པའི་ཞིམ་ཟས་ལ་རོལ། དེ་ནས་ཤུགས་ཀྱིས་སློབ་གྲྭའི་ཕྱོགས་སུ་བསྐྱོད་དེ་འཛིན་ཁང་ནང་དུ་འཛུལ། དེར་ཟླ་བ་གཉིས་ཙམ་མ་ཐུག་པའི་རང་གི་འཛིན་གྲོགས་རྙིང་པ་ཚོ་དང་འཕྲད་དུས་སེམས་ནང་བརྗོད་མི་ཤེས་པའི་ཚོར་སྣང་ཞིག་སྐྱེས། ཁོ་ཚོ་དང་ལྷན་དུ་ངོ་གདོང་འཛུམ་གྱིས་ཁེངས་ཏེ་སྐད་ཆར་གཡེང་པའི་སྐབས་གློ་བུར་དུ་འཛིན་གྲྭའི་སྒོའི་ནང་རྒན་བློ་ཚེ་ལགས་འཛུལ་ཕེབས། ཁོང་ནི་ངའི་ཆེས་དགའ་ཤོས་ཀྱི་དགེ་རྒན་ཞིག་ཡིན་པས་ངའི་ངག་ནས་རྒན་ལགས་ཁྱེད་རང་ང་ཚོའི་འཛིན་གྲྭའི་རྒན་ལགས་ཡིན་ནམ་ཞེས་དགའ་ལྷང་ལྷང་གིས་དྲིས། ཁོང་གིས་མགོ་བོ་གཡུགས་གཡུགས་ཀྱིས་འོ་འོ་ཞེས་གསུངས་ཞོར་སློབ་མ་རྣམས་སོ་སོའི་བཞུགས་གདན་སྟེང་བཞུགས་དང་ཞེས་གསུངས། སློབ་ཕྲུག་རྣམས་བྲེལ་བ་འཚུབ་འཚུབ་ཀྱིས་རང་གི་གྲོགས་པོ་གྲལ་མཚེས་སུ་བདམས་ཏེ་ཅོག་ཙེ་རེ་རེའི་སྟེང་དུ་སློབ་མ་བཞི་རེ་ལྔ་རེ་མཉམ་དུ་བསྡད། དེ་ནས་རྒན་ལགས་ཀྱིས་ཚང་མར་འཚམས་འདྲི་ཞུས་རྗེས་གུང་གསེང་གི་སྐོར་ལ་དྲིས། སློབ་མ་ཚང་མས་མཉམ་རུབ་ཀྱིས་སོ་སོའི་གུང་གསེང་གི་སྐོར་བཤད་དུས་ལམ་སང་རྒན་ལགས་ཀྱིས། འོ་ཡ། བྱས་ན་འགྲིག་སོང་། ཚང་མ་ལ་སོ་སོའི་གུང་གསེང་སྐོར་མང་པོ་ཤོད་རྒྱུ་ཡོད་པ་འདྲ། དེ་ང་ཚོས་དེབ་ནང་བྲིས་ན་ག་འདྲ་འདུག་ཅེས་འདྲི་ཞོར་ཁྱེད་ཚོ་ཚང་མས་ཟླ་བ་གཉིས་གུང་གསེང་སྐོར་ལ་རྩོམ་ཞིག་བྲིས་གསུངས་བྱུང་།
ངས་མགྱོགས་མྱུར་པ་ལགས་ཀྱིས་ཉོས་གནང་པའི་སྨྱུག་སྒམ་གསར་པ་དེ་ནས་བོད་སྨྱུག་ཡག་པོ་ཞིག་བཏོན་ཏེ་གུས་པ་ང་རང་ནང་མི་དང་ལྷན་དུ་བོད་ལ་ཕྱིན་པའི་སྐོར་རྩོམ་ཞིག་འབྲི་འགོ་ཚུགས་པ་ཡིན། དེ་ཡང་ཕྱི་ལོ་༢༠༡༤ ལོར་གུས་པ་ང་རང་ཕ་མ་གཉིས་དང་གཅེན་མོ་མཉམ་དུ་བོད་ལ་སྤོ་ལགས་དང་རྨོ་ལགས། དེ་བཞིན་ཕ་མ་གཉིས་ཀྱི་གཅེན་གཅུང་ཚོ་ཐུག་ཏུ་ཕྱིན་པ་ཡིན།
ཐོག་མར་དཔེ་སྟོན་ནས་ཐོན་སྐབས། སློབ་གྲྭའི་དགེ་ལས་ཡོངས་ཀྱིས་བོད་ལ་འགྲོ་རྒྱུ་ཡིན་པ་ཤེས་ཏེ་ཚང་མས་ཁ་བཏགས་བསྣམས་ཏེ་སློབ་གྲྭའི་རྒྱལ་སྒོ་བར་ཕེབས་སྐྱེལ་དུ་ཕེབས། ཁོ་ཚོས་ང་ཚོ་ནང་མི་བཞི་པོར་ཁ་བཏགས་གཡོགས་གིན་ལམ་ལ་ཐུགས་ཅག་གནང་དགོས་པ་དང་བོད་ནང་བསླེབས་ཚར་རྗེས་བོད་དོན་དང་འབྲེལ་བའི་སྐད་ཆ་གང་བྱུང་མ་ཤོད་ཅེས་ནན་གྱིས་མངགས།
ང་ཚོ་བོད་པ་ཚང་ས་ཕྱོགས་ཐག་རིང་སར་ག་པར་བསྐྱོད་ཀྱང་མཉམ་དུ་དོ་བོ་ཁ་ཤས་ཤིག་འཁྱེར་རྒྱུ་ཡོད་པ་ནི་བོད་པ་ཡིན་པའི་ངོ་བོ་ཞིག་ཀྱང་ཡིན། གཅེན་མོ་ང་གཉིས་ལ་མཚོན་ན། རྡ་རམ་ས་ལ་ནས་ས་ཐག་རིང་པོར་བསྐྱོད་པ་དང་པོ་ཡིན། དེར་བརྟེན་ངས་མོ་ཊའི་ནང་གཉིད་མ་ཁུག་པར་སྒེའུ་ཁུང་ནས་ཕར་ལྟ་ཚུར་ལྟ་བྱས་ཏེ་རྡ་རམ་ས་ལའི་མཛེས་པའི་ཡུལ་ལྗོངས་ལ་རོལ། ཆུ་ཚོད་གསུམ་ཙམ་མོ་ཊའི་ནང་བསྐྱོད་རྗེས་མེ་འཁོར་བབ་ཚུགས་ཆེན་པོ་ཞིག་ལ་བསླེབས། ངས་མེ་འཁོར་དངོས་སུ་མཐོང་པ་ཡང་དང་པོ་ཡིན། སེམས་ནང་བརྗོད་མི་ཤེས་པའི་ཚོར་བ་ཞིག་གིས་བལ་ཡུལ་བར་འགྲོ་མཁན་གྱི་མེ་འཁོར་ཞིག་ཡུན་རིང་སྒུག འགྲམ་གྱི་མི་ཞིག་གིས། ད་བར་མེ་འཁོར་དུས་ཚོད་ལ་ནམ་ཡང་འབྱོར་མྱོང་མེད་ཅེས་བཤད། ངས་དེ་གོ་བ་དང་ལམ་སེང་ཟུར་གྱི་ལྕགས་ཀྱིས་བཟོས་པའི་རྐུབ་སྟེགས་སྟེང་དལ་གྱིས་བསྡད། དེ་འདྲ་ཞིག་ལ་བརྙན་འཕྲིན་ནང་ཐོས་པའི་མེ་འཁོར་གྱི་སྒྲ་གཅིག་མཚུངས་ཤིག་ངའི་རྣ་ལམ་དུ་ཐོས། པ་ལགས་ཀྱིས། ལྷ་རྒྱལ་མགྱོགས་པོ་ཤོག མེ་འཁོར་སླེབས་སོང་། དོ་བོ་རྒྱབ་ཏུ་འཁུར་ཞེས་དངངས་ཚབས་ཀྱིས་བཤད། ངས་ལམ་སང་དོ་བོ་བཀྱག་སྟེ་པ་ལགས་ཕྱོགས་སུ་རྒྱུག ཁོང་གིས་མེ་འཁོར་སྐར་མ་ལྔ་ལས་སྒུག་གི་མ་རེད། བྱས་ཙང་མཉམ་དུ་མཉམ་དུ་ཤོག དེ་མིན་ལུས་ཀྱི་རེད་ཅེས་གསུངས། ངས་དེ་ཐོས་པ་དང་དངངས་སྐྲག་གིས་པ་ལགས་ཀྱི་ལག་པ་ནས་དམ་པོར་བཟུང་སྟེ་བསྡད། མེ་འཁོར་རིང་པོ་ཞིག་ང་ཚོའི་མདུན་ན་ཚལ་སླང་ཚ་པོའི་སྟེང་ཆུ་གཏོར་བ་ལྟར། ཚོསསས། ཞེས་འགག པ་ལགས་ཀྱིས་ཨ་མ་ལགས་དང་གཅེན་མོ་ང་གཉིས་མེ་འཁོར་ནང་འཛུལ་མ་ཚར་བར་མེ་འཁོར་གྱི་སྒོ་བཀག་སྟེ་རྒྱ་གར་བ་སུ་ཡང་འཛུལ་དུ་མི་བཅུག པ་ལགས་ཀྱི་ངོ་གདོང་སྟེང་ང་ཚོ་རྗེས་སུ་ལུས་ཡོང་བསམ་པའི་ཞེད་སྣང་དང་དངངས་སྐྲག་ཅིག་མངོན། མཐར་ང་ཚོ་ཚང་མ་བློ་བདེ་པོའི་ངང་མེ་འཁོར་ནང་འཛུལ་ཐུབ་སོང་ལ་སྡོད་ས་ཡང་ཧ་ཅང་ཡག་པོ་འདུག མེ་འཁོར་དེའི་ནང་རྒྱ་གར་བ་སྣ་མིན་སྣ་ཚོགས་འདུག ཁོ་ཚོ་ཁ་ཤས་ཀྱིས་ང་ཚོར་ཡ་མཚན་ཆེན་པོས་མིག་གིས་ཅེ་རེར་བལྟས་པ་དང་ཡང་ཁ་ཤས་ཀྱིས་གཤིབ་འདྲིས་ཆེ་མདོག་གིས་ག་པར་འགྲོ་རྒྱུ་ཡིན་ནམ་ཞེས་སྐད་ཆ་འདྲ་མིན་དྲིས་པ་མ་ཟད་བཟའ་བཏུང་ཡང་འདྲེན་སོང་། མེ་འཁོར་ནང་སྤྱི་སྤྱོད་རླངས་འཁོར་དང་མི་འདྲ་ཡར་རྒྱུག་མར་རྒྱུག་བྱེད་ས་དང་ཉལ་ས། གསང་སྤྱོད་དང་ཐབ་ཚང་ཆ་ཚང་འདུག མེ་འཁོར་བབ་ཚུགས་ཆེ་ས་ཁག་ལ་མེ་འཁོར་བཀག་གི་འདུག་ལ་མི་ཚོ་མེ་འཁོར་ནས་བབས་ཏེ་བཟའ་བཏུང་རིགས་ཉོ་ཆ་བརྒྱབ་ཀྱི་འདུག་ལ་ཡང་ཕྱི་ལོག་ནས་མི་ཡར་འཛུལ་ཏེ་རྔན་པ་རིགས་བཙོང་གི་འདུག ངས་དེ་ཚོ་ཚང་མ་ཐེངས་དང་པོ་མཐོང་པས་ཡ་མཚན་ཆེན་པོ་བྱུང་། ཉིན་གཉིས་དང་མཚན་གཅིག་མེ་འཁོར་ནང་བསྐྱོད་རྗེས་རྒྱ་གར་དང་བལ་ཡུལ་གྱི་ས་མཚམས་སུ་འབྱོར། དེར་ཉེན་རྟོག་པས་མི་དང་དོ་བོ། རླངས་འཁོར་ཚང་མ་བཀག་སྟེ་བསྔོགས་བཤེར་མང་པོ་བྱེད་ཀྱི་འདུག འོན་ཀྱང་ང་ཚོ་ལ་ཁྲིམས་འགལ་གྱི་ཅ་ལག་གང་ཡང་འཁྱེར་རྒྱུ་མེད་པས་བཀག་སྡོམ་མེད་པར་ལས་སླ་པོའི་ངང་བལ་ཡུལ་ནང་འཛུལ་ཐུབ།
བལ་ཡུལ་གྱི་ས་མཚམས་ནས་ཆུ་ཚོད་བཅུ་གཉིས་ཙམ་སྤྱི་སྤྱོད་རླངས་འཁོར་ནང་བསྐྱོད་རྗེས་སྙན་གྲགས་ཆེ་བའི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་མདུན་ན་འབྱོར། དེར་ཨ་མ་ལགས་ཀྱི་གྲོགས་མོ་ང་ཚོ་བསུ་བར་ཕེབས་འདུག ཉིན་གསུམ་ཙམ་འགྲིམ་འགྲུལ་བྱེད་པའི་ལམ་བར་དུ་རྒྱ་གར་བ་ཤ་སྟག་ཐུག་ཙང་མཐར་བོད་པ་མང་པོ་ཞིག་མཆོད་རྟེན་ལ་བསྐོར་བ་བརྒྱབ་པ་མཐོང་དུས་སེམས་ལ་བདེ་སྐྱིད་ཅིག་བྱུང་། ཉིན་གསུམ་ཙམ་བལ་ཡུལ་དུ་ཡོད་པའི་གནས་རྩ་ཆེན་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་མཇལ་དུ་ཕྱིན། དངོས་གནས་སྔར་གྱི་དགོན་པ་རྙིང་པ་ཁག་གི་བཟོ་བཀོད་དང་དེའི་ནང་གི་རྟེན་གཙོ་རྣམས་དེ་འདྲའི་བརྗིད་ཉམས་དོད་པ་ལ། མཇལ་བ་དང་དད་མོས་སྐྱེས་འོས་པ་ཞིག་འདུག
ཉིན་གསུམ་རྗེས་སྤྱི་སྤྱོད་རླངས་འཁོར་ནང་འཛུལ་ཏེ་བོད་ཀྱི་འགྲམ་ས་མཚམས་བརྒྱུད་ནས་བོད་སྟོད་ཕྱོགས་སུ་བསྐྱོད། དང་པོ་ང་ཚོ་པ་ལགས་ཀྱི་ནང་ལ་ཕྱིན་པ་ཡིན། ལམ་བར་དུ་ང་ཚོ་རྡ་རམ་ས་ལ་ལ་མཐོང་རྒྱུ་ཡོད་པའི་སྔོ་ལྗང་ལྗང་གི་ཤིང་སྡོང་དེ་འདྲའི་དཀོན་པ་ལ། ཕར་ཚུར་ག་པར་བལྟས་ཀྱང་བྱེ་མའི་རི་ལས་ཕལ་ཆེར་མཐོང་རྒྱུ་མེད་ལ་རླུང་བུ་རེ་ལྡང་དུས་ཚག་ཚག་གི་སྒྲ་ཞིག་གིས་སྐྲ་དང་མིག སོའི་བར་བྱེ་མ་འཛུལ་ཏེ་རས་ཀྱིས་ངོ་གདོང་བཀབ་དགོས་བྱུང་། དེ་ནས་རིམ་བཞིན་འདམ་བག་གིས་བཟོས་པའི་ཁང་པར་ས་རྩིས་དཀར་པོ་བཏང་པ་དེ་འདྲ་རེ་ཟུང་ཞིག་མཐོང་རྒྱུ་ཡོད་པར་གྱུར། ངས་རླངས་འཁོར་གྱི་སྒེའུ་ཁུང་ནས་མིག་ཅུང་ཙམ་གདངས་ཏེ་ཨུ་ཚུགས་ཀྱིས་རླུང་བུའི་གསེབ་ཏུ་མགོ་བོ་བརྐྱངས་ནས་ཡུལ་ལྗོངས་ལ་རྒྱང་ལྟ་བྱས། ཨ་ཙི་དེར་པ་ལགས་ཀྱི་གཅུང་པོ་ཚོ་ནང་གི་སྒོ་འགྲམ་ན་སྒུག་ནས་བསྡད་འདུག ཁོ་ཚོས་ང་ཚོ་མཐོང་པ་དང་ལམ་སང་ལག་པ་གཡུགས་གཡུགས་ཀྱིས་ང་ཚོའི་ཕྱོགས་སུ་རྒྱུགས་བསླེབས་ཏེ་པ་ལགས་ལ་དམ་པོར་འཐམ་འཁྱུད་བྱས། ཚང་མའི་མིག་ནས་དགའ་སྐྱོ་འདྲེས་མའི་མིག་ཆུ་ལྷུང་ལྷུང་དུ་བཞུར་འགོ་ཚུགས། ངས་པ་ལགས་ཀྱིས་མིག་ཆུ་བཏང་པ་ཐེངས་དང་པོ་མཐོང་། ཨ་ཁུས་ང་ཚོནང་ལ་བསུས་ཏེ་གྲལ་མགོར་བཞག་སྟེ་བོད་ཇ་དང་གཡག་ཤ་རིགས་སྒྲོག་ཙེའི་མདུན་དུ་བཤམས་རྗེས་གཅེན་མོ་ང་གཉིས་ལ་ཡག་པོ་གཟིགས་ཏེ། ཨ་ཙི་གཅེན་པོ་ཁྱེད་ལ་ཕྲུ་གུ་རྒྱགས་པ་དཀར་རིལ་རིལ་སྙིང་རྗེ་མོ་གཉིས་འདུག་ཅེས་གསུངས་སོང་། རྒྱ་གར་དུ་ཡོད་པའི་བོད་ཕྲུག་གཞན་དང་བསྡུར་ན་ང་གཉིས་དཀར་པོ་མ་རེད། འོན་ཀྱང་། ཁོ་ཚོ་ཉི་མ་དང་རླུང་ངར་པོ་འདི་ཡིས་མི་ཕལ་མོ་ཆེ་ནག་པོ་དང་ངོ་གདོང་སེར་ཁ་གས་པ་མང་བས་ང་གཉིས་མཛེས་པོ་མཐོང་། ཨ་མལགས་ཀྱིས་ང་ཚོ་ཁོ་ཚོ་ལྟར་ནག་པོ་འགྱུར་ཡོང་སྙམ་སྟེ་གཅེན་མོ་ང་གཉིས་ཀྱི་ངོ་གདོང་སྟེང་ཞག་ཚིལ་རྒྱགས་ཚད་བྱུགས། ཞག་ཚིལ་གྱིས་སྐབས་རེ་ངར་ལྕགས་ལྟར་ཐལ་བ་ཚུར་བསྡུས་ཏེ་ངོ་གདོང་ཐལ་བས་ཁེངས།
སང་ཞོགས་དེར་ངས་ཨ་ཁུའི་ཕྲུ་གུ་གཞན་དང་མཉམ་དུ་ནང་གི་གཡས་གཡོན་ལ་རྩེད་མོ་རྩེ་བར་ཕྱིན། ཁོ་ཚོས་འདམ་བག་དང་རྩྭ་སྐམ་པོ་གཉིས་བསྲེས་ཏེ་ཁང་པ་དང་སྐས་འཛེགས་སོགས་བརྒྱབ་འདུག དེ་ནས་གཅིན་པ་གཏང་དུ་གསང་སྤྱོད་ལ་ཕྱིན་པས་དེ་ནི་འདམ་བག་གིས་བཟོས་པའི་ཁང་པ་ཞིག་གི་སྐས་འཛེགས་ནས་ཡར་འཛེགས་དགོས་པ་དང་དེའི་ནང་འཛུལ་དུས་ང་རང་ཞེད་སྣང་སྐྱེསདགོས་པའི་ཚོར་སྣང་ཞིག་བྱུང་། དེ་ཡང་ངས་རྒྱུན་གཏན་ནས་མཐོང་བཞིན་པའི་གསང་སྤྱོད་དང་མི་འདྲ་བ་པང་ལེབ་ཆེན་པོ་ཞིག་གི་དཀྱིལ་ན་ཨི་ཁུང་ཆེ་ཙམ་ཞིག་འདུག ང་ཚོས་དེའི་ནང་བཙོག་གཅིན་ཁ་ཐུག་གཏོང་དགོས་པ་དང་ཚར་རྗེས་གཡས་གཡོན་དུ་ཆུ་མེད་པར་གོ་ཐལ་གཏོར་ཏེ་བཀབ་དགོས་འདུག ངས་ཡ་མཚན་ཆེན་པོས་དེའི་སྐོར་སྐད་ཆ་དྲིས་པ་ན། དེ་ནི་ཁོ་ཚོས་ཞིང་ཁ་ལ་ལུད་ཀྱི་ཆེད་དུ་བེད་སྤྱོད་བྱེད་ཀྱི་ཡོད་པ་ཤེས་བྱུང་།
ཉིན་ཤས་རྗེས་ཨ་མ་ལགས་ཀྱི་ནང་ལ་སྲུ་མོ་དང་ཨ་ཞང་ཐུག་ཏུ་ཕྱིན་པ་ཡིན། ཁོང་གི་ནང་གི་སྒོ་ཁར་གཟུགས་སྟོབས་ཆེ་ལ་སྤུ་རིང་ཞིང་འཇམ་པའི་འབྲོག་ཁྱི་རྫིག་པོ་ཞིག་འདུག ངས་དེའི་མིང་དྲིས་པ་ན་སེང་གེ་ཡིན་པ་ཤེས། དངོས་གནས་བོད་ཀྱི་རྒྱལ་དར་སྟེང་གི་སེང་གེ་བཞིན་བརྗིད་ཉམས་དོད་པ་ཞིག་འདུག
ད་ལན་གྱི་དགུན་ཁའི་གུང་གསེང་ནི་ངས་དུས་ནམ་ཡང་བརྗེད་མི་སྲིད་པའི་ཆེས་སྐྱིད་ཤོས་ཀྱི་གུང་གསེང་ཞིག་ཏུ་གྱུར། ངས་དུས་ཚོད་འདི་སླར་ཡང་འཆར་རྒྱུ་ཡོང་བའི་རེ་བ་ཆེན་པོས་རྩོམ་མཇུག་སྒྲིལ་རྒྱུ་ཡིན།