བསྟན་འཛིན་མཐོ་རི། འབྲིང་རིམ་བོད་དགེ ཅོན་ཏ་ར་བོད་ཁྱིམ།

སྔོན་ཡིད་དུ་འོང་བའི་འབྲོག་པའི་རྩྭ་ཐང་ཞིག་ན་སྤོ་ལགས་གཅིག་དང་།རྨོ་ལགས་གཅིག་ཡོད། སྤོ་ལགས་ཀྱི་མཚན་ལ་བསམ་འགྲུབ་དང་རྨོ་ལགས་ཀྱི་མཚན་ལ་དབྱངས་སྒྲོན་ཟེར། ཁོང་གཉིས་ལ་བུ་ཕྲུག་བདུན་ཙམ་བྱུང་། སྤོ་ལགས་ནི་རྒྱུན་ལྡན་དཔེ་ཆ་ཀློག་རྒྱུ་ལ་དགའ་པོ་ཡོད་པ་མ་ཟད། མི་གཞན་ལ་ཕན་སེམས་བྱ་རྒྱུ་ཧ་ཅང་དགའ་པོ་ཡོད་པས་མི་ཚང་མས་སྤོ་ལགས་ཁོང་ལ་སྤོ་བྱང་སེམས་ལགས་ཞེས་འབོད་སྲོལ་ཡོད། རྨོ་ལགས་ནི་དུད་འགྲོ་སེམས་ཅན་ལ་ཧ་ཅང་དགའ་པོ་ཡོད་པ་མ་ཟད། དམིགས་བསལ་གྱིས་ར་ལུག་དང་། ཁྱི་ལ་དགའ་པོ་ཡོད་པའི་རྨོ་ལགས་ཤིག་ཡིན། ཁོང་གཉིས་ལ་འཚོ་གནས་སྦྲ་གུར་གཅིག་དང་རས་གུར་གཅིག་ལས་མེད། སྦྲ་ནག་ཆེན་པོ་དེ་ནི་ནང་མ་ཚོའི་བཞུགས་གནས་གཙོ་བོ་དེ་ཡིན་ལ། རས་གུར་དཀར་པོ་ཆུང་ངུ་དེ་ནི་བུ་ཆེ་བ་དང་འབྲིང་བའི་ཉལ་གུར་ཡིན། ཡུན་རིང་རྗེས་སུ་བུ་ཕྲུག་རྣམས་ལོ་ན་སོན་ཏེ། རང་རང་གི་འཚོ་བ་བསྐྱལ་བར་ཕྱིན་ཏེ། ནང་དུ་སྤོ་ལགས་དང་རྨོ་ལགས་དེ་བཞིན་བུ་ཆུང་བ་བཅས་ཁོང་གསུམ་ལས་མེད།
ཉིན་གཅིག་སྤོ་ལགས་ཞོགས་པ་སྔ་པོ་ནས་ལུག་འཚོ་བར་ཕྱིན་པ་དང་། ལུག་འཚོ་བའི་ས་ཆ་ནི་རང་ཉིད་སྡོད་ས་ནས་སྤྱི་ལེ་སུམ་ཅུ་ཙམ་གྱི་དབར་འགྲོ་དགོས་པའི་རྩྭ་ལྗང་གི་ཡུལ་ལྗོངས་ཤིག་ཡོད། སྤོ་ལགས་དགོང་མོ་ས་རུབ་གྲབས་ཙམ་དུ་ལུག་ཁྱུ་རྣམས་དེད་དེ་རང་སར་འབྱོར། དེའི་དགོང་མོར་སྤོ་ལགས་ཀྱིས་རྨོ་ལགས་ལ་གསུངས་དོན། དེ་རིང་ལུག་འཚོ་བར་དཀའ་ངལ་དམིགས་བསལ་འཕྲད་མ་བྱུང་། སང་ཞོགས་སྔ་ཙམ་ནས་མ་འགྲོ་ན་གྲོང་ཚོ་གཞན་གྱི་ར་ལུག་ཁྱུ་འཚོ་དེད་འགྲོ་བས། ང་ཚོའི་ར་ལུག་རྣམས་ལ་རྩྭ་མ་རག་པའི་ཉེན་ཁ་ཡོད། བྱས་ཙང་སང་ཞོགས་རྨོ་ལགས་ཁྱེད་ཀྱིས་ང་ལ་སྔ་ཙམ་ནས་གཉིད་བསད་རོགས་གནང་ཞེས་ཞུས། རྨོ་ལགས་ཀྱིས།  འོ་ཡིན་ད་ཡིན། སང་ཉིན་ངས་སྔ་ཙམ་གཉིད་བསད་ཆོག །དེ་རིང་དགོང་མོ་ནས་རྒྱག་ཕྱེ་རྣམས་གྲ་སྒྲིག་བྱས་ན་ལེགས་ཞེས་ཞུས།
སང་ཉིན་དེར་ལུག་འཚོ་སའི་ས་ཆ་དེར་མི་སུ་གཅིག་ཀྱང་མ་སླེབས་གོང་སྤོ་ལགས་ཀྱི་ལུག་ཁྱུ་རྣམས་འབྱོར། དུས་ཡུན་གང་མཚམས་ཕྱིན་པའི་སྐབས་དེར་གློ་བུར་དུ་འུར་སྒྲ་དང་ངུ་སྒྲ་ཆེན་པོ་ཞིག་ཐོས་འཕྲལ་སྤོ་ལགས་དངངས་སྐྲག་ངང་བལྟ་རུ་ཕྱིན། སྐབས་དེར་སྤྱང་ཀི་ཁྱུ་ཞིག་གིས་སྤོ་ལགས་ཀྱི་ར་ལུག་འགའ་ཞིག་རྨས་སྐྱོན་དང་། འགའ་ཞིག་བསད་ཡོད་པ་མཐོང་འཕྲལ་སྤོ་ལགས་བྱ་ཐབས་བྲལ་ཏེ་ལམ་སེང་ནང་དུ་ལོག་ཕྱིན། ནང་དུ་འབྱོར་མཚམས་སྤོ་ལགས་སེམས་སྐྱོ་ཐག་ཆོད་དེ་ནང་མི་སུ་གཅིག་ལ་སྐད་ཆ་ཡང་མ་བཤད་པར་བསམ་བློ་བཏང་ནས་བསྡད་པས། རྨོ་ལགས་ཀྱིས་སྤོ་ལགས་ལ་བཀའ་འདྲི་ཞུས། སྤོ་ལགས་དེ་རིང་རྣམ་རྒྱུན་དང་མི་འདྲ་བར་བསམ་བློ་ཞེ་དྲགས་བཏང་ནས་བཞུགས་འདུག་པས། ཡང་སྙིང་གནད་དོན་ཡག་སྡུག་གང་ཞིག་བྱུང་དྲིས་པས། སྤོ་ལགས་ཀྱིས་གསུངས་པར། དེ་རིང་ནི་ཧ་ཅང་བརྗེད་དཀའ་བའི་ཉིན་མོ་ཞིག་ཏུ་གྱུར་སོང་བས་ཧ་ཅང་སེམས་པ་སྐྱོ། རྨོ་ལགས་ཀྱིས་ག་རེ་བྱུང་བ་རེད་གསུངས་དང་ཞུས་པས། སྤོ་ལགས་སེམས་སྐྱོ་བཞིན་དུ་སྤྱང་ཀི་ཁྱུ་ཞིག་གིས་ང་ཚོ་ར་ལུག་འགའ་ཞིག་ལ་རྨས་སྐྱོན་དང་། འགའ་ཞིག་བསད་སོང་ཞུས། རྨོ་ལགས་ཀྱིས་སེམས་ཅན་སྙིང་རྗེ། ཡིན་ནའང་ང་ཚོས་སྡིག་ཅན་སྤྱང་ཀི་དེ་རྣམས་རིམ་པས་འཛིན་ཐུབ་པ་བྱ་དགོས། དེ་མིན་ང་ཚོའི་ར་ལུག་རྣམས་རིམ་པས་ཚང་མ་བཟའ་རྒྱུ་ཉག་ཅིག་རེད། དེ་ནས་གང་མཚམས་རིང་སྤོ་ལགས་དང་རྨོ་ལགས་གཉིས་སྤྱང་ཀི་འཛིན་རྒྱུར་གྲོས་མོལ་བྱས།
མཐར་ཉིན་གཅིག་གི་རིང་ར་ལུག་རྣམས་ལྷས་རའི་ནང་ངུ་བཅུག་ཏེ་བཞག་རྒྱུ་དང་། སང་ཞོགས་སྔ་པོ་ནས་བུ་ཆུང་ཤོས་དང་སྤོ་ལགས་གཉིས་སྤྱང་ཀི་འཛིན་པར་ཕྱིར་སོང་། གང་མཚམས་ཕྱིན་པའི་རྗེས་སུ་ལུག་ཁྱུ་དེད་འགྲོ་བའི་ལུག་རྫི་གཅིག་དང་འཕྲད་དེ། ཨ་ཁུ་ལུག་རྫི་ལགས། ལམ་དུ་སྤྱང་ཀི་ཁྱུ་གཅིག་འགྲོ་བཞིན་པ་མཐོང་ངམ་དྲིས་པས། ཨ་ཁུ་ལུག་རྫི་ཡིས། ངས་མ་མཐོང་འོན་ཀྱང་། ལུང་པ་འདའི་ནང་སྤྱང་ཀི་མང་པོ་ཡོད་པ་ཐོས་མྱོང་ཀྱང་ད་བར་ང་ལ་སྤྱང་ཀི་ཐུག་མ་སོང་ཞེས་ཟེར་ཏེ། གླུ་ལེན་བཞིན་ལུག་ཁྱུ་རྣམས་དེེད་དེ་སོང་། དེ་ཉིན་སྤྱང་ཀི་འཛིན་མ་ཐུབ། དེ་ནས་སང་ཞོགས་རང་གི་ལུག་ཁྱུ་རྣམས་དེད་དེ། རང་གི་ཉེ་འཁོར་ཁྱིམ་མཚེས་རྣམས་ལ་ཞུས་པས། གྲོང་མི་ཁྱིམ་མཚེས་རྣམས་དགོང་མོར་ཚང་འཛོམས་གནང་སྟེ་གྲོས་བསྡུར་བྱ་རྒྱུའི་ཁས་ལེན་བྱས་པ་བཞིན་དགོང་མོ་དེར་གྲོང་མི་རྣམས་འཛོམས་ནས་སྤྱང་ཀི་འཛིན་ཐབས་ཀྱི་གྲོས་མོལ་བྱས། མཐར་སྤྱང་ཀི་འཛིན་པ་ལ་དང་ཐོག་ས་དོང་རིང་པོ་ཞིག་དྲུད་དགོས་པ་དང་། དེ་ནས་ས་དོང་དེའི་ནང་ར་ལུག་གཅིག་མི་གཞག་ཀ་མེད་རེད་ཅེས་གྲོལ་མོལ་བྱུང་བ་བཞིན་ཚང་མས་མོས་མཐུན་བྱས་ཏེ་སང་ཉིན་ཞོགས་པ་དེར་ལས་འགོ་བརྩམས།
སང་ཉིན་དེར་ས་དོང་རིང་པོ་ཞིག་དྲུད་དེ་དེའི་ནང་ལུག་གཅིག་བླུགས་ཏེ་ཉིན་མཚན་གསུམ་ཙམ་བཞག ཉིན་གསུམ་རྗེས་སུ་སྤོ་ལགས་གཙོས་པའི་གྲོང་མི་ཁག་གཅིག་བལྟ་རུ་ཕྱིན་པས་ས་དོང་དེའི་ནང་སྤྱང་ཀི་གཅིག་ཀྱང་མཐོང་རྒྱུ་མེད་པ་མ་ཟད་། ས་དོང་ནང་དུ་ཡོད་པའི་ལུག་དེའང་གར་སོང་ཆ་མེད་ངང་མཐོང་རྒྱུ་མེད། ཚང་མ་ཧ་ལས་ཧོན་ཐོར་ཏེ། ས་དོང་རིང་པོ་འདི་ནས་ལུག་དེ་གང་འདྲ་བྱས་ནས་ཕྱི་རུ་ཐོན་ཐུབ་བམ་ཞེས་གྲོང་མི་ཚང་མ་ཧང་སང་སྟེ་དེའི་སྐོར་ཕན་ཚུན་དབར་ཤོད་རེས་བྱས། དེ་ཉིན་ཅི་བྱ་མ་ཤེས་ཏེ་རང་ཁྱིམ་དུ་ལོག་དགོས་བྱུང་། དགོང་མོ་དེར་སྤོ་བསམ་གྲུབ་མཚན་གང་བསམ་བློ་བཏང་སྟེ་གཉིད་ཀྱང་མ་ཁུག
དེ་ནས་སང་ཉིན་དེར་ཞོགས་པ་སྔ་པོ་ནས་ལངས་ཏེ་ས་དོང་ནང་དུ་བལྟ་རུ་སོང་། སྐབས་དེར་ས་དོང་ནང་སྤྱང་ཕྲུག་གཉིས་དང་། སྤྱང་རྒན་གཅིག་ལྷུངས་པ་མཐོང་ཕྲལ་ཉེ་འཁོར་གྱི་གྲོང་པ་ཁྱིམ་མཚེས་རྣམས་ལ་སྐད་ཤུགས་ཆེན་པོས་སྤྱང་ཀི་ཚོ་གཅིག་ས་དོང་ནང་དུ་ལྷུང་འདུག་ཅེས་གྲོང་པ་ཁྱིམ་མཚེས་རྣམས་སྐད་བཏང་བས། ཁྱིམ་མཚེས་རྣམས་བྲེལ་འཚུབ་ངང་རེ་འགའ་ཞིག་གི་དབྱུག་པ་དང་། རེ་འགས་རྡོ་བླངས་ཏེ་ཡོང་ནས། ས་དོང་ནང་དུ་ལྷུང་ཡོད་པའི་སྤྱང་ཀིར་བཞུས་ཏེ་དེ་དག་བསད་ཐབས་ལ་འབད་དེ་མཐར་ས་དོང་ནང་ཡོད་པའི་སྤྱང་ཀི་ཚོ་བསད་ཐུབ་པ་བྱུང་།
དེ་ནས་ཉིན་ཤས་སོང་བའི་རྗེས་སྤོ་ལགས་འགྱོད་པ་ཧ་ཅང་སྐྱེས་ཏེ། རྨོ་ལགས་ལ་ཁ་སྔོན་ང་ཚོས་བྱས་པའི་ལས་ཀ་དེ་ཡག་པོ་ཞིག་རྩ་བ་ནས་རེད་མི་འདུག གང་ཡིན་ཞེ་ན། སོ་སོའི་བདེ་བའི་དོན་དུ་གཞན་གྱི་སྲོག་གཅོད་པ་དེ་རྩ་བ་ནས་འགྲིག་མིན་འདུག རྨོ་རྨོ་ལགས་ཀྱིས་བྱས་ན་དེ་གང་དྲག་གམ་ཞེས་དྲིས་པས། རྨོ་ལགས་ཀྱིས་གསུངས་དོན་ལ་བྱས་ཚར་བའི་ལས་ལ་འགྱོད་པ་སྐྱེས་ན་ཕྱིས་དྲགས་པ་རེད། འོན་ཀྱང་ཐབས་ཤེས་གཅིག་ཡོད་པ་དེ་ནི། ང་ཚོའི་ལུང་པའི་དགེ་འདུན་པ་ཚོ་ལ་སྡིག་བཤགས་ཤིག་བསགས་གཅུག་ན་མ་གཏོགས་གཞན་ཐབས་ཤེས་ཡོད་མ་རེད། མ་འོངས་པར་སྲོག་གཅོད་རིགས་རྩ་བ་ནས་སྤོང་དགོས་རེད་བཅས་ཟེར་ཏེ། སྤོ་ལགས་དང་རྨོ་ལགས་གཉིས་དགོན་པའི་དགེ་འདུན་སར་བཅར་ཏེ་སྡིག་བཤགས་གསོག་ཆེད་དགོན་པའི་དགེ་འདུན་པ་ཚོར་སྐུ་འགྱེད་དང་། ཉིན་མ་དེ་རིང་ནས་བཟུང་སྲོག་གཅོད་རིགས་སྤོང་རྒྱུའི་ཁས་ལེན་ཞུས་ཏེ་ཕྱིར་ནང་དུ་ལོག དེ་ནས་བཟུང་སྤོ་ལགས་དང་རྨོ་ལགས་གཉིས་དགེ་སེམས་ལ་རོལ་ཏེ། མི་ཚེ་དོན་དང་ལྡན་པའི་ངང་སྐྱེལ་ལོ། །
ཕྱི་ལོ་༢༠༢༡ཟླ་༡༠ཚེས་༣༡ཉིན་རང་ཤག་ཏུ་བྲིས།