སློབ་ཁྲིད་ཐབས་ལམ།

བོད་དགེ་ལྷག་པ་ཚེ་རིང།
ཅོན་ཏ་ར་བོད་ཁྱིམ། བོད་དགེ

བདག་ཅག་མ་རིག་མུན་པས་གནས་ལ་རྨོངས། །
དེ་ཉིད་སེལ་བྱེད་དགེ་བའི་བཤེས་དང་འཕྲད། །
བླང་དོར་གནས་སྟོན་རྣམ་དཔྱོད་ཤེས་རབ་འཕེལ། །
དབྱེར་མེད་རྗེ་བཙུན་འཇམ་དབྱངས་ཁྱེད་ལ་བཏུད། །

མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་དེ་རིང་གི་བརྗོད་གཞི་”སློབ་ཁྲིད་ཐབས་ལམ་”ཞེས་པའི་སྐོར་ཕྲན་ལ་མྱོང་ཚོར་གང་ཡོད་པ་དང་བསམ་ཚུལ་རྣམས་ཅུང་ཟད་བཀྲོལ་ནས་ཞུ་ཆོག་པར་བགྱི། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་སངས་རྒྱས་ཟིན་ནས། འགྲོ་བ་གདུལ་བྱ་རྣམས་ལ་ཆོས་གསུངས་པའི་སྐབས་སུ་འགྲོ་བ་སོ་སོའི་ཁམས་དང་མོས་པར་འཚམས་པའི་ཆོས་གསུངས་ཡོད་པ་མ་གཏོགས་དང་པོ་ཉིད་ནས་གོ་དཀའ་བའི་རིགས་གསུངས་མེད་ཅིང། རང་ཅག་ཐ་མལ་པ་རྣམས་ཀྱང་སློབ་མ་ཚོ་ལ་སློབ་ཁྲིད་བྱེད་པའི་སྐབས་སུ་དགེ་རྒན་སོ་སོའི་རྣམ་དཔྱོད་བཏོན་ནས་གང་བསླབ་རྒྱུའི་སློབ་ཚན་འདི་སློབ་ཕྲུག་གིས་བདེ་བླག་ངང་དུ་ཤེས་པ་ཡོང་རྒྱུར་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ལ་འབད་དགོས་པ་ཡིན།
གནའ་སྔ་མོ་བོད་ནང་ལ་ཆ་བཞག་ན་སློབ་ཁྲིད་ཀྱི་མཐུན་རྐྱེན་དེང་སང་ནང་བཞིན་ཕུན་སུམ་ཚོགས་པ་མེད་སྟབས། སྐབས་དེ་དུས་ཀྱི་སློབ་ཁྲིད་ཐབས་ལམ་གཙོ་ཆེ་ཤོས་གཞུང་ཆེན་བློ་འཛིན་བྱས་པ་དང། ཡི་གེ་འབྲི་ཀློག་གཉིས་བཅས་ལ་ཤུགས་སྣོན་རྒྱབ་ཀྱི་ཡོད། དེའི་སྐབས་དགེ་རྒན་དབུས་བཞུགས་ཀྱིས་སློབ་ཁྲིད་ཐབས་ལམ་གཞིར་བཞག་འགྲོ་མུས་ཡོད་འདུག་ཅིང། ནང་ཆོས་ནང་གསུངས་པ་ལྟར་ན་སློབ་འཁྲིད་བྱེད་མཁན་དགེ་རྒན་འདི་ཡང་ལས་སླ་པོ་ཞིག་གཏན་ནས་མིན་པར་འོས་ཆོས་བཅུ་བཤད་ཡོད་པ་དང། དེ་བཞིན་དུ་སློབ་མ་ལའང་སྣོད་ཀྱི་སྐྱོན་གསུམ་དང་བྲལ་བ་ཞིག་ཡོད་ན་དེ་ལ་དུས་སུ་གདམས་ངག་སྟོན་པར་བགྱི་ཞེས་གསུངས་ཡོད།
དེང་དུས་སློབ་མར་སྣོད་ཀྱི་སྐྱོན་གསུམ་བྲལ་དང་མ་བྲལ་སྐད་ཆ་མེད་པར་ཚང་མར་སློབ་ཁྲིད་ཆ་སྙོམས་བྱེད་བཞིན་ཡོད། དེ་ཡང་སློབ་མ་དབུས་བཞག་གི་ལམ་ལུགས་འདི་ཡིན་ཞིང། དེ་ཐོག་མར་ནུབ་ཕྱོགས་རྒྱལ་ཁབ་ཏུ་དར་ཁྱབ་ཕྱིན་ཏེ་འཛམ་གླིང་གང་སར་ཁྱབ་པ་རེད། སློབ་མ་དབུས་བཞག་གི་སློབ་ཁྲིད་ལམ་ལུགས་འདི་ལ་ཕྱི་ནང་མཁས་པ་མང་པོས་ཡིད་རངས་དང་བསྔགས་བརྗོད་ཞུ་ཡུལ་ཞིག་ཏུ་འགྱུར་ཡོད། སློབ་མ་དབུས་བཞག་གི་སློབ་ཁྲིད་ལམ་སྲོལ་འདིའི་ནང་གཙོ་ཆེ་ཤོས་དགེ་རྒན་གྱིས་ལམ་སྟོན་འོག་སློབ་མ་ཚོས་དཔེ་དེབ་འཚོལ་ཞིབ་བྱས་ཏེ་བལྟ་རྒྱུའམ་དྲྭ་རྒྱར་གཟིགས་ནས་གནས་ཚུལ་འཚོལ་ཞིབ་བྱས་ཏེ་རང་ངོས་ནས་སྦྱོང་དགོས་པ་དང། ལྷག་པར་དུ་སློབ་མ་ནང་ཁུལ་ལ་ལས་རིམ་མང་དག་ཅིག་ནང་མཉམ་ཞུགས་གནང་སྟེ་དེའི་རྒྱུད་ནས་སྦྱོང་དགོས་པ་མང་པོ་ཞིག་ཡོད། སློབ་ཕྲུག་གི་འདོད་བློ་ཚིམ་པའི་སྐད་ཡིག་སློབ་ཁྲིད་ཐབས་ལམ་ཞིག་སྤེལ་དགོས། དཔེར་ན་གཞས་ཚིག་ཅིག་འཁྲིད་པ་ཡིན་ན་དགེ་མཚན་གཉིས་མཐོང། གཅིག་ནི་སློབ་མ་ཚོ་རྒྱུན་ལྡན་ནས་གཞས་གཏང་རྒྱུར་མ་དགའ་བ་ཧ་ལམ་མེད་ཅེས་ཞུ་ཆོག། གཉིས་ནས་གཞས་ཚིག་ལམ་ནས་སྐད་ཡིག་་དེ་ཤེས་སླ་བར་བྱུང་ངེས་ཡིན།
སྐད་ཡིག་སློབ་ཁྲིད་ཐབས་ལམ་འཇུག་པོ་ཞིག་ཡོང་བར་ཉིན་རེ་སློབ་ཁྲིད་འཆར་འགོད་གདིང་སྟངས་ལ་རག་ལས་ཡོད་པ་ཉག་ཅིག་ཡིན། སློབ་ཁྲིད་འཆར་འགོད་ནང་ཉིན་རེའི་ཆོགས་ཐེངས་གཅིག་ལ་ཆུ་ཚོད་གཅིག་ཡོད་པའི་དབང་དུ་བཏང་ན་དགེ་རྒན་གྱིས་བཤད་ཡག་དང་སློབ་ཁྲིད་བྱེད་ཡག་གང་ཉུང་ཉུང་དཔེར་ན་སྐར་མ་བཅོ་ལྔ་ཉི་ཤུ་བཞག་ན་འགྲིག སློབ་ཁྲིད་དུས་ཡུན་མང་ཆེ་བ་སློབ་ཕྲུག་ཚོ་ལ་གོ་སྐབས་ཕུལ་ཏེ་ལས་རིམ་མི་འདྲ་བ་སྣ་ཚོགས་སྤེལ་ཐབས་བྱ་རྒྱུ་ཡིན་ཞིང། སྐབས་འགར་སློབ་མ་ཚོགས་སྟེ་སོ་སོས་བསླབ་གཞིའི་སློབ་ཚན་འདིའི་ཐོག་ནང་དོན་གོ་རྟོགས་སླེབས་ཐབས་ཀྱིས་ཚང་མས་ཀློག་ནས་གྲོས་བསྡུར་བྱེད་དགོས་པ་དང། སྐབས་རེར་གཏམ་བརྗོད་གོ་སྒྲིག་བྱ་རྒྱུ། མཚམས་རེ་སྡེ་ཚན་གཉིས་དབར་བགྲོ་གླེང་དང་འདྲི་བརྩད་འགྲན་བསྡུར་བྱ་རྒྱུ། ལྷག་པར་དུ་བོད་ཡིག་བརྡ་སྤྲོད་ཕྲད་རྣམ་དབྱེའི་ཐོག་སློབ་པའི་སྐབས་སུའང་དངོས་སུ་ལག་བསྟར་ཁག་སློབ་མ་ཚོས་བསམ་བློ་བཏང་ནས་དཔེར་བརྗོད་གསར་བཟོ་དང་སྦྱང་ཤོག་ཕྲད་གང་ཡིན་འགེང་རྒྱུ། རྩེད་མོའི་ལམ་ནས་བོད་ཡིག་དག་ཆ་སློབ་ཐབས་གནང་ཐུབ་ན་སློབ་ཕྲུག་ཚོ་ལ་ཉོབ་སྣང་མེད་པར་སྟབས་བདེ་པོའི་ཐོག་ལ་གང་བསླབས་པ་རྣམས་ཤེས་ཐུབ་པ་ཡོང་ངེས་ཡིན།
དེང་སང་འཛམ་གླིང་གང་སར་འཕྲུལ་ཆས་ཀྱི་ཡར་རྒྱས་ཧ་ལས་པ་ཆེན་པོ་ཕྱིན་ཡོད་སྟབས། འཕྲུལ་ཆས་ཀྱི་སློབ་ཁྲིད་ཡོ་བྱད་གསར་པ་མང་པོ་ཞིག་ཐོན་ཡོད་པ་མ་ཟད། དྲ་ལམ་གྱི་ཐོག་ནས་ཀྱང་སློབ་ཁྲིད་ཐབས་ལམ་སྣ་ཚོགས་སྤེལ་ཐུབ་ཀྱི་ཡོད་ཅིང། དཔེར་ན། བསླབ་གཞིའི་སློབ་ཚན་དེ་ཉིད་ནག་པང་སྟེང་དུ་བྲིས་མི་དགོས་པར་སྔ་ནས་གྲ་སྒྲིག་བྱས་ཏེ་ཀློག་ཀླད་བརྒྱུད་སྦྱང་ཤོག་(power point)བཟོས་ཏེ་སློབ་ཁྲིད་བྱེད་པ་ཡིན་ན་སྟབས་བདེ་བ་དང། འགྲེལ་བཤད་བརྒྱབ་ཡོང་དུས་སློབ་མས་མགོ་ཚོས་བདེ་བར་ཡོང་ངེས་ཡིན། ལྷག་པར་དུ་དེའི་བརྒྱུད་ལམ་ནས་བསླབ་གཞིའི་སློབ་ཚན་དེ་ཁ་གསལ་དུ་གཏོང་བྱེད་དུ་ཐབས་ཤེས་གང་འཚམས་ཤིག་དེ་དང་འབྲེལ་བའི་དྲ་རྒྱའི་རྒྱུད་ནས་འཚོལ་ཞིབ་བྱས་ཏེ་ལམ་སྟོན་བྱེད་ཐུབ། དེང་སང་སློབ་ཕྲུག་རིགས་འགའ་ཤས་ཤིག་ནི་དགེ་རྒན་དངོས་སུ་བསྟེན་མི་དགོས་པར་དྲ་ཐོག་སློབ་ཚན་སྦྱངས་ནས་འཛིན་གྲྭའི་ཡིག་རྒྱུགས་ཏག་ཏག་བཏང་ནས་རྒྱུགས་འཕྲོད་མཁན་ཡང་མང་པོ་ཡོད་མོད་ཀྱིས། གློག་ཀླད་བརྒྱུད་སྦྱང་ཤོག་(power point) འཁྲིད་ཆས་འདྲ་མིན་སྣ་ཚོགས་བཟོས་ཐུབ་ཀྱི་ཡོད་པ་བརྟེན་ནས་དགེ་རྒན་ཕལ་མོ་ཆེ་བས་དེ་ལག་བསྟར་བྱས་ཏེ་སློབ་ཚན་འཁྲིད་རྒྱུར་དགའ་མོས་ཆེ་བར་བྱེད་ཀྱི་ཡོད་ཅིང། ལྷག་པར་དུ་དག་ཆ་འགྲན་བསྡུར་དང་བགྲོ་གླེང། གཏམ་བཤད། རྩོམ་ཡིག་འགྲན་བསྡུར་ལ་སོགས་པ་མང་པོ་ཞིག་ཀམ་པུར་དྲ་རྒྱའི་ལམ་ནས་ལས་རིམ་མང་དག་ཅིག་སྤེལ་ཐུབ་ཀྱི་ཡོད་པ་འདོན་མི་ཟ། གཞན་ཡང་ལས་འཆར་མང་པོ་ཞིག་གོ་སྒྲིག་ཞུ་དགོས་དུས་དྲ་ལམ་མཐུན་རྐྱེན་ནི་མེད་དུ་མི་རུང་བ་ཞིག་ཀྱང་ཆགས་ཡོད།
དེང་སང་སྔོན་མ་དང་མི་འདྲ་བར་གང་ཅིའི་ཐད་ལ་མཐུན་རྐྱེན་ཡག་ཏུ་ཕྱིན་ཡོད་སྟབས། སློབ་ཁྲིད་ཐབས་ལམ་ལའང་འགྱུར་བ་འགྲོ་བཞིན་ཡོད། སློབ་ཁྲིད་ཐབས་ལམ་དོན་སྨིན་ཡག་པོ་ཞིག་ཡོང་བར་སློབ་ཁྲིད་བྱེད་མཁན་དགེ་ལགས་སོ་སོའི་རྣམ་དཔྱོད་དང་ཐབས་བྱུས། ཉམས་མྱོང་སོགས་ལ་རག་ལས་ཡོད། དེ་ལ་བརྟེན་ནས་སློབ་ཕྲུག་གིས་ངོས་ནས་ཀྱང་རྣམ་དཔྱོད་ཀྱི་སྒོ་མོ་ཕྱེ་ནས་དཔྱད་ཞིབ་བྱེད་ཤེས་པ་དང། སློབ་ཁྲིད་ཐབས་ལམ་འདི་ཚགས་ཚུད་ཡོང་བར་གཙོ་བོ་ནི་ཉིན་རེའི་སློབ་ཁྲིད་འཆར་འགོད་བྱེད་སྟངས་ལ་རག་ལས་ཡོད་པ་སྨོས་མེད་ཡིན་པ་དང། ལྷག་པར་དུ་སློབ་ཚན་བོད་ཡིག་སྐད་ཡིག་བརྡ་སྤྲོད་ལྟ་བུ་འཁྲིད་པའི་སྐབས་སུ་རིགས་ལམ་གྱི་ཐབས་ལམ་བརྒྱུད་ནས་ཁྲིད་ཚེ་གོ་རྟོགས་སླ་བར་ཡོང་རྒྱུ་དང། སློབ་མ་ཚོ་ཉོབ་སྣང་མེད་པར་ཚང་མས་མཉམ་ཞུགས་ཐུབ་པའི་དགེ་མཚན་རླབས་ཆེན་ཞིག་ཡོད་པ་འདོན་མི་ཟ། ཇི་ཙམ་སློབ་ཁྲིད་ཐབས་ལམ་བཟང་བ་ཡོད་པ་དེ་ཙམ་གྱིས་སློབ་ཁྲིད་འདོད་བློ་ཚིམས་པ་ཞིག་དང། སློབ་མར་ཕན་འབྲས་དངོས་མཐོང་ལག་ཟིན་ཡོང་ངེས།།