ཐོག་མའི་གླེང་གཞི།
རྡོ་རྗེ་རིན་ཆེན།
སྤྱིར་མདོ་རྒྱུད་དུ་མར་བོད་ཡུལ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་1དང་། བོད་ཀྱི་ལྷ་སྐལ་ནི་འཕགས་མཆོག་སྤྱན་རས་གཟིགས་དབང་ཡིན་ཚུལ་བོད་ཀྱི་གསུང་རབ་གླེགས་བམ་དག་ཏུ་མི་ལོ་ཆིག་སྟོང་ལྷག་གི་གོང་རོལ་ནས་བཀོད་པ་ལྟར། གངས་རིའི་ལྷ་སྐལ་འཕགས་མཆོག་ཐུགས་རྗེ་ཆེན་པོ་དེ་ཉིད་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་ཆོས་རྒྱལ་མེས་དབོན་རྣམ་གསུམ་2དང་། ༸རྒྱལ་མཆོག་སྐུ་ཕྲེང་ན་རིམ་སོགས་སྐུའི་རོལ་པ་སྣ་ཚོགས་པས་གང་ལ་གང་འདུལ་གྱིས་བོད་ཁམས་བསྐྱངས་པ་དང་། ལྷག་པར་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་དགུང་ལོ་བཅུ་དྲུག་དུས་ནས་ཆོས་སྲིད་ཀྱི་ཐུགས་འགན་ལེགས་པར་བཞེས་ཏེ། བོད་བསྟན་སྲིད་མི་རིགས་ལ་ཕན་བདེ་བླ་ལྷག་ཏུ་བསྒྲུབས་དང་སྒྲུབ་བཞིན་པའི་བཀའ་དྲིན་ནི། རང་ཅག་གངས་ཅན་ལྷ་མི་ཡོངས་ཀྱིས་སྟོང་གསུམ་རིན་ཆེན་གསེར་གྱིས་བཀང་ནས་ཕུལ་ཀྱང་གཞལ་བར་ག་ལ་ནུས།
ཡིན་ནའང་ད་ལན་རང་རེའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལུགས་༢༠༢༠ ལོ་འདི་བཞིན་མགོན་པོ་གང་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ལོ་ཞིག་ལ་སྲུང་བརྩི་ཞུ་བཞིན་པ་དང་། ཤེས་རིག་ལས་ཁུངས་ཀྱིས་དེ་ཡི་ཆ་ཤས་སུ་ཁྱབ་ཁོངས་སློབ་སྡེ་ཁག་གི་དགེ་རྒན་ཚོར་ཤེས་ཡོན་གྱི་ཉམས་མྱོང་བརྗེ་རེས་ཆེད་རྩོམ་ཡིག་འབྲི་རྒྱུའི་ལས་འགུལ་ཞིག་གོ་སྒྲིག་མཛད་པའང་མགོན་པོ་གང་ཉིད་ལ་བཀའ་དྲིན་གཏང་རག་གི་དངོས་པོ་ཞིག་ཏུ་ཅི་ལ་མི་འགྱུར་སྙམ་སྟེ། དགའ་བཞིན་སྤྲོ་བཞིན་རྩོམ་ཡིག་གི་བརྗོད་གཞི་གཉིས་བཀོད་སྒྲིག་བྱས་པ་ལས་དང་པོ་སྟེ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཇི་ལྟར་བྱེད་ཚུལ་ཞེས་པ་བདམས་ཤིང་དེ་སྐོར་རོབ་ཙམ་གླེང་བར་བྱའོ། །
༸གོང་ས་མཆོག་གི་བོད་ཀྱི་སྐད་ཡིག་ཐད་ཀྱི་བཀའ་དགོངས་ངོས་འཛིན་པ།
ལོ་རབས་དྲུག་ཅུ་ནས་བཟུང་དུས་ད་ལ་ཐུག་གི་བར་བོད་མིའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་སྐད་ཡིག་འདི་ཉིད་འཛམ་གླིང་གི་སྐད་ཡིག་འདྲ་མིན་ཁྲོད་ནས་ཁྱད་ཐོན་གྱི་རིན་ཐང་ངོས་འཛིན་3དང་། མི་རིགས་ཤིག་གི་ངོ་བོ་ཟུར་གསལ་4གྱི་ཆ། སྐབས་སུ་བབས་པའི་ཆབ་སྲིད་འཐབ་རྩོད་5ཀྱི་ཆ། ས་སྒང་འདིའི་སྟེང་བཟང་སྤྱོད་ལྡན་པའི་མི་རིགས་ཤིག་ཡུན་རིང་འཚོ་གནས་6ཀྱི་ཆ། ཆོས་ལུགས་འདྲ་མིན་ལས་ཚན་རིག་མཉམ་མདུན་སྐྱོད་ཐུབ་པ་དང་། ཐེག་པ་ཆེན་པོའི་སངས་རྒྱས་ཆོས་ཀྱི་རྣམ་གཞག་ཚང་ལ་མ་ནོར་བ་སྟོན་ཐུབ་མཁན་གྱི་སྐད་ཡིག་ཁོ་ན་7ཡིན་པའི་ཆ་སོགས་ཕྱོགས་དང་སྒོ་ཐམས་ཅད་ནས་བོད་ཀྱི་སྐད་ཡིག་ནི། དུས་སྐབས་གཉན་འཕྲང་ཅན་འདིའི་ནང་འཚོ་སྡོད་གྲངས་ཉུང་མི་རིགས་བོད་མིར་ལྟོས་ཏེ་ཧ་ཅང་གལ་ཆེན་གྱི་རང་བཞིན་སྔ་ཕྱིར་གསལ་སྟོན་གོ་སྐོན་གནང་ཡོད། དེ་ལྟ་བུའི་སྐད་ཡིག་འདི་ཉིད་སྐྱ་ཟད་སྔོ་གཏུགས་ཀྱི་མཚམས་འདིར། སྲུང་སྐྱོབ་ཀྱི་ཁུར་འགན་གཙོ་བོ་བོད་མི་སྤྱི་ལ་འཁྲི་ཡོད་8ཀྱང་། ཡུལ་དུས་གནས་བབ་ཀྱི་དབང་གིས་རང་དབང་ལུང་པར་གནས་སྡོད་བོད་མི་ཚོར་དམིགས་བསལ་འགན་ཁུར་ཆེན་པོ་ཡོད་སྐོར་གསུངས་9ཡོད།
དེས་ན་འདིར་སྐབས་སུ་བབས་པའི་གླེང་བར་བྱ་བ་ཡང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་བཞིན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཇི་ལྟར་བྱེད་ཚུལ་སྐོར་ཡིན་ཞིང་། རྒྱལ་བའི་ཐུགས་དགོངས་དེ་ཉིད་ལེགས་འགྲུབ་ཡོང་བ་བྱེད་རྒྱུ་ནི། སྡེ་ཚན་བྱེ་བྲག་པ་ཁོ་ན་ཞིག་ལ་དམིགས་བཙུགས་འགན་སྐུར་བྱེད་རྒྱུ་དེ་མ་ཡིན་པར། བོད་མིའི་སྤྱི་ཚོགས་ཁྲོད་སྐད་ཡིག་གི་ལས་དོན་དང་ཐད་ཀར་འབྲེལ་བ་ཡོད་པའི་སྤྱི་སྒེར་ཚང་མར་འགན་ཁུར་ཡོད་པ་ཞིག་དང་། སྤྱི་སྒེར་ཐམས་ཅད་ཀྱིས་མི་རིགས་ཤིག་ཆག་འཇིག་གི་གནས་སྟངས་གཞི་རྩར་བཞག་སྟེ། རང་རང་གི་སྐབས་འབྲེལ་ལས་དོན་དེ་ཉིད་འཆར་གཞི་དང་དམིགས་ཡུལ་ལྡན་པའི་ཐོག་ལག་ལེན་དོན་འཁྱོལ་ཡོང་བ་བྱེད་རྒྱུ་དེ་ཡིན། དེ་ལྟར་བྱེད་པར་སྐད་ཡིག་ལས་དོན་དང་ཐད་ཀར་འབྲེལ་བ་ཡོད་པའི་འཛིན་སྐྱོང་སྡེ་ཁག་དང་། ཁྱབ་ཁོངས་གཞི་རིམ་གོང་འོག་བར་གསུམ་གྱི་སྐད་ཡིག་དགེ་རྒན་རྣམ་པ། དེ་བཞིན་སློབ་ཕྲུག་ཚོ་དང་འབྲེལ་ཆགས་ཕ་མ་བཅས་ངོས་གསུམ་སོ་སོ་ནས་རང་ནུས་ཅི་ལྕོགས་ཀྱིས་འགན་ཁུར་རྐང་ལེན་དང་འཕྱར་གྲུ་མཉམ་འདེགས་བྱ་རྒྱུ་དེ་རེད། འོ་ན་ཚུལ་ཇི་ལྟར་འགན་ཁུར་ཅིང་ནུས་པ་འདོན་དགོས་པ་ཡིན་ནམ་ཞེ་ན། གཤམ་དུ་རེ་རེ་བཞིན་བརྗོད་པར་བྱའོ། །
གཅིག སྐད་ཡིག་སྲུང་སྐྱོབ་ཐད་འཛིན་སྐྱོང་སྡེ་ཁག་གི་འགན་ཁུར།
དེ་ཡང་གོང་གསལ་ཚན་ཁག་གསུམ་གྱི་གནས་བབ་མི་འདྲ་ཞིང་། དེར་བརྟེན་སྐད་ཡིག་སྲུང་སྐྱོབ་བྱེད་ཐབས་དང་དེར་ནུས་པ་འདོན་སྟངས་ཀྱང་སོ་སོར་འཁྲི་བའི་ལས་འགན་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་གཉིས་ཀའི་སྟེང་ནས་བསྒྲུབ་དགོས། འཛིན་སྐྱོང་ཤེས་རིག་ལས་ཁུངས་ལྟ་བུར་མཚོན་ན། ཁྱབ་ཁོངས་སློབ་སྡེ་ཁག་གི་ཤེས་ཡོན་ལམ་ལུགས་ལ་ཁ་ཕྱོགས་བཟོ་རྒྱུའི་འགན་དབང་གཙོ་བོ་ཡོད་པ་ལྟར། སྔ་ཕྱིར་རིག་གསར་གྱི་ཤེས་བྱ་ཇི་སྙེད་ཅིག་རང་སྐད་ཐོག་གཏན་འབེབས་གནང་སྟེ་སྐད་ཡིག་མ་གཏོགས་གཞི་རིམ་འོག་མའི་སློབ་ཚན་ཚང་མ་བོད་སྐད་བརྒྱུད་ལམ་ནས་སློབ་ཁྲིད་བྱེད་ཐུབ་པ་10བཟོས་ཤིང་། གཞི་རིམ་བར་མའི་སློབ་ཚན་ཁག་ཅིག་ཀྱང་རང་སྐད་ཐོག་གཏན་འབེབས་བྱས་དང་བྱེད་བཞིན་པ་ནི། དངོས་ནས་མི་རིགས་ཤིག་འགྱེལ་ས་ནས་ལངས་ཐབས་སམ་སྒོ་འཕར་དང་པོ་དེ་ཕྱེས་པ་རེད། ཡིན་ནའང་ད་དུང་ང་ཚོས་བྱས་པ་ལས་བྱེད་རྒྱུ་མང་བ་བསྡད་ཡོད་སྟབས། བསླབ་གཞིར་གྱུར་པའི་རིག་གསར་གྱི་ཤེས་ཡོན་གང་ཡོད་རང་སྐད་ཐོག་སྟོང་ཆར་གྱུར་པ་རྣམས་ཕབ་སྒྱུར་གནང་སྟེ་བོད་སྐད་ཀྱི་སྤྱོད་སྒོ་ཕྱོགས་ཐམས་ཅད་ནས་རང་བཙན་ལྟ་བུར་བྱས་ཚེ། ད་གཟོད་ང་ཚོར་སྐད་ཡིག་གི་རང་དབང་ཐོབ་པ་རེད། དེ་ལ་ཡང་༸གོང་ས་མཆོག་གིས་11ང་ཚོས་མཐོ་རིམ་སློབ་གྲྭའི་གནས་ཚད་བར་དུ། སློབ་ཚན་ཚང་མ་བོད་ཡིག་ནང་བསླབ་ཐུབ་པ་བྱེད་དགོས། ཅེས་དང་། 12བོད་པའི་སྐད་ཡིག་ཡར་རྒྱས་ཀྱང་བེད་སྤྱོད་བྱས་ནས་གཏོང་དགོས་པ་ལས་བེད་སྤྱོད་མ་བྱས་པར་ཡར་རྒྱས་ཇི་ལྟར་བྱས་ཏེ་གཏོང་ཐུབ་བམ། ང་ཚོར་མིང་ཚིག་མ་ལྡེང་བ་གཅིག་བྱུང་ན་ལམ་སང་མིང་ཚིག་གསར་པ་ཞིག་བཟོས། ཆབ་སྲིད་དང་། ཁྲིམས་ལུགས། དཔལ་འབྱོར་ལོངས་སྤྱོད། ཚན་རིག་དང་འཕྲུལ་ཆས་སོགས་ཀྱི་མིང་ཚིག་རིམ་བཞིན་གསར་བཟོ་དང་བེད་སྤྱོད་ལེགས་པར་བྱས་ཚེ་ཡར་རྒྱས་དང་། མིང་ཚིག་ལྡེང་ངེས་ཤིག་ཡོང་ངེས་ཡིན། ཞེས་དང་། 13བོད་པའི་ཡི་གེ་ཕྱུག་པོ་བཟོ་བ་ལ་བོད་པའི་ཡི་གེ་བེད་སྤྱོད་གང་སར་བྱེད་ཐུབ་པ་ཞིག་ང་ཚོས་བཟོ་ཐུབ་པ་མ་བྱུང་ན། དཀའ་ངལ་མུ་མཐུད་འཕྲད་རྒྱུ་རེད། ཅེས་ལམ་སྟོན་མཛད་ཡོད་པ་དང་། ལམ་སྟོན་འདི་དག་མགོན་པོ་གང་གིས་ང་ཚོའི་མི་རབས་འདིའི་ཐོག་གནང་བ་ཡིན་སྟབས། ང་ཚོས་མི་རབས་འདིས་གཞུང་སྒེར་ཚོགས་པ་གསུམ་གང་ནས་ཀྱང་འཐུས་མ་ཤོར་བ་ཞིག་བྱུང་ན། རྒྱལ་བ་དགྱེས་པའི་14མཆོད་སྤྲིན་དང་། བོད་མིའི་མངོན་འདོད་སྒྲུབ་ཐབས་ཀྱི་བྱ་གཞག་རླབས་ཆེན་ཡང་འདི་ལས་ལྷག་ཅིག་ཧ་ལམ་མེད་པར་སྙམ།
དེས་ན་རྒྱ་གཞུང་གིས་བསམ་བཞིན་བོད་ཡུལ་གཅིག་གྱུར་གྱི་ས་ཁོངས་བཅད་བགོས་དང་། ས་མིང་རི་མིང་སོགས་བཅོས་བསྒྱུར། སྐད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་ཉུང་འཕྲི་15ནས་མེད་པར་བཟོས་16ཏེ་རིམ་བཞིན་མི་རིགས་རྩ་མེད་གཏང་རྒྱུའི་སྲིད་ཇུས་ལ་སྒོ་ཀུན་ནས་འབད་བརྩོན་རྒྱུན་འཁྱོངས་བྱེད་བཞིན་པའི་སྐབས་འདིར། རང་རེའི་འབྲེལ་ཡོད་ཤེས་ཡོན་འཛིན་སྐྱོང་གི་ལས་ཀྱི་སྣེ་མོར་གཏོགས་པ་ཚོས། བོད་མིའི་འཕྲལ་ཕུགས་རྒྱང་གསུམ་གང་ཐད་ནས་སྐད་ཡིག་ནི་མི་རིགས་ཀྱི་ཚེ་སྲོག་ཡིན་པ་དང་། ཚེ་སྲོག་དེ་ཅི་ཙམ་ཞིག་ཏུ་མི་རིགས་གཞན་དག་དང་འདྲ་མཉམ་ངང་ས་སྒང་རིལ་པོ་འདིའི་སྟེང་འཚོ་སྡོད་བྱེད་ཐུབ་མིན་ཡང་། སྐད་ཡིག་འཕེལ་རྒྱས་ཡོད་མེད་ཉིད་ལ་རག་ལས་པའི་གནད་དོན་འདི་ཉིད་ངེས་འདྲོངས་གཙིགས་འཛིན་གནང་སྟེ། རང་སྐད་ཀྱིས་ཐ་སྙད་གང་འདྲ་ཞིག་གསར་བཟོ་དགོས་ཀྱང་མིང་ཚིག་གིས་མ་ལྡེང་བ་མེད་པའི་17སྐད་ཡིག་གི་ནུས་པ་དང་། རང་དབང་གི་ཁོར་ཡུག་ཏུ་འཚོ་བའི་གོ་སྐབས་གཉིས་ཅིས་ཀྱང་དམ་འཛིན་བརྒྱུད། དེང་དུས་རིག་གསར་གྱི་ལས་རིགས་གང་གི་སྟེང་ལའང་བོད་སྐད་ཀྱིས་མགོ་འདྲོངས་ནུས་པ་ཞིག་དང་། འབྱུང་འགྱུར་ལ་དཀའ་ངལ་མི་འཕྲད་པ་ཞིག་གནང་བ་ཡིན་ན། ང་ཚོའི་སྐད་ཡིག་ཡར་རྒྱས་དང་མི་རིགས་སྲ་བརྟན་ལ་ཕན་ཐོགས་ཆེན་པོ་འབྱུང་ངེས་སོ། །
གཉིས། སྐད་ཡིག་སྲུང་སྐྱོབ་ཐད་འབྲེལ་ཡོད་དགེ་རྒན་ཚོའི་འགན་ཁུར།
དགེ་རྒན་ནི་གཡུལ་ས་ཤིག་ལ་མཚོན་ན་དམག་མི་དང་སློབ་ཕྲུག་ནི་མཚོན་ཆ་ལྟ་བུ་རེད། ད་ལྟའི་བོད་མིའི་གནས་བབ་ཀྱི་ཆ་ནས་གཞིགས་ཚེ། མཚོན་ཆ་དེ་དག་ངེས་པར་ཡོད་གོ་ཆོད་པ་ཞིག་བྱེད་དུ་འཇུག་རྒྱུར་དགེ་རྒན་ཚོར་དམིགས་བསལ་ལས་འགན་ཆེན་པོ་ཡོད། སྐད་ཡིག་དགེ་རྒན་ཞིག་ལ་མཚོན་ན། རང་གི་བྱ་བ་དེ་ཉིད་འཚོ་ཐབས་དོན་གཉེར་ཙམ་ཞིག་ཏུ་དམིགས་ལྟོས་མི་བྱེད་པར། མི་རིགས་ཤིག་18གི་འགན་ཁུར་དང་དུ་བླངས་ནས་ཉིན་རེའི་སློབ་ཁྲིད་དེ་ཉིད་མ་འོངས་སོན་རྩ་སློབ་ཕྲུག་ཚོའི་སེམས་སུ་སྨིན་པོ་ཞིག་དང་འཇུག་པོ་ཞིག་ཡོང་ཐབས་ལ་བརྩོན་དགོས་པ་ཡིན། དེ་ལྟར་ཡོང་ཐབས་ཀྱང་༸གོང་ས་མཆོག་གིས་19དགེ་རྒན་ཚོའི་ཐོག་ནས་ཕྲུ་གུ་ལ་སྐབས་དོན་སློབ་ཚན་འགྲེལ་བཤད་བརྒྱབ་པ་ཙམ་མ་ཡིན་པར། ཕྲུ་གུའི་མ་འོངས་པའི་མི་ཚེའི་མདུན་ལམ་ཐོག་སེམས་ཁུར་ལེན་པའི་རྣམ་འགྱུར་དེ་ངེས་པར་དུ་ཐོན་པ་བྱེད་དགོས། དེ་འདྲའི་ཐོག་ནས་ཕྲུ་གུའི་བསམ་བློའི་ནང་ལ་ངའི་དགེ་རྒན་ལགས་ཀྱིས་དུས་རྒྱུན་དུ་ཐུགས་ཁུར་བཞེས་ཀྱི་ཡོད། དངོས་ནས་སེམས་ཁུར་གནང་གི་ཡོད་བསམ་པའི་བསམ་བློ་ཞིག་བསླེབས་པ་ཡིན་ན། ཕན་ཚུན་གཅིག་གཅིག་ལ་གུས་བརྩི་ཡོང་རྒྱུ་དང་། དེ་འདྲའི་འབྲེལ་བའི་ཐོག་ནས་ཕྲུ་གུའི་བསམ་བློའི་ནང་འཛིན་གྲྭའི་ནང་ཡོང་རྒྱུར་དགའ་ཚོར་སྐྱེ་བ་ཡོང་གི་རེད། ཅེས་དང་། དེ་ལྟར་ན་དགེ་རྒན་ཚོ་དང་། དེ་བཞིན་ཕ་མ་སྤུན་མཆེད་ཚང་མས་ཕྲུ་གུའི་བསམ་བློའི་ནང་ང་ལ་བྱམས་པོ་བྱེད་མཁན་ཡོད་བསམ་པ་དང་། ང་ལ་ག་དུས་ཡིན་ཡང་ལྟ་རྟོག་བྱེད་མཁན་ཡོད་བསམ་པའི་བློ་སྐྱེས་ཐུབ་པའི་སྐྱོང་མཁས་བྱས་ན། ཕྲུ་གུ་ཚོ་སློབ་སྦྱོང་ཡག་པོ། གཟུགས་པོའི་འཚར་ལོངས་བཟང་བ། བསླབ་བྱ་རྣམས་སེམས་ལ་ཟུག་པ་བཅས་ཡོང་གི་རེད། ཕྲུ་གུ་དེ་ཕྱིན་ཆད་མི་རྒན་པ་ཆགས་སྐབས་རང་ཉིད་ལ་ཆུང་དུས་མི་གཞན་གྱིས་བྱམས་བརྩེའི་ཐོག་ནས་བསྐྱངས་པའི་ཚོར་སྣང་ཤུགས་ཆེན་པོ་ཡོད་པའི་དབང་གིས། མི་གཞན་དག་དཀའ་ངལ་ཅན་ཞིག་མཐོང་ན། ལམ་སང་དེར་སེམས་ཁུར་དང་ཤ་ཚ་བྱེད་སེམས་སྐྱེས་ཡོང་གི་རེད། ཅེས་གདམས་ཡོད། དེ་ལྟར་ན་དགེ་རྒན་གྱིས་སློབ་ཕྲུག་སྐྱོང་སྟངས་ནི་ཧ་ཅང་གལ་ཆེན་ཡིན་པ་དང་། དགེ་རྒན་གྱི་ལྷག་བསམ་དང་བྱམས་བརྩེ། ཧུར་བརྩོན། བཟོད་སེམས། ཀུན་སྤྱོད་བཟང་པོ་བཅས་ཀྱིས་སློབ་ཕྲུག་གི་ཤེས་ཡོན་དང་སེམས་རྒྱུད་གཉིས་ཀར་ཤུགས་རྐྱེན་20ཐེབས་ཏེ། མི་ཚེ་བཟང་པོ་ཞིག་གི་ལམ་དུ་ཁ་ལོ་བསྒྱུར་ཐུབ་ཀྱི་ཡོད་ན། ཅིས་ཀྱང་དགེ་རྒན་ཞིག་གིས་ངོས་ནས་སློབ་ཁྲིད་བྱེད་རྒྱུ་གཅིག་པུ་ཙམ་གཙོ་བོ་མིན་པར་༸གོང་ས་མཆོག་གི་ཐུགས་བཞེད་འདི་ཉིད་ནམ་ཞར་ཡང་། སེམས་ཀྱི་གཏིང་རིམ་ལ་ཉར་ནས་ཉིན་རེ་བཞིན་ལག་ལེན་དུ་བསྟར་བར་རྒྱུན་འཁྱོངས་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་ཡིན།
དེ་ལས་ལྡོག་ན་དགེ་རྒན་གྱི་བྱ་བ་ནི་ཧ་ཅང་ཉེན་ཁ་ཆེན་པོ་སྟེ། སློབ་ཕྲུག་མང་པོ་ཞིག་གི་མི་ཚེའི་མདུན་ལམ་རབ་རིབ་ཅིག་ཏུ་བསྒྱུར་སྲིད་པ་རེད། དེ་ཡང་༸གོང་ས་མཆོག་གིས་21དེ་མིན་དགེ་རྒན་གྱིས་སློབ་ཚན་ཞིག་འཁྲིད་པ་ཙམ་ལས་རྩ་བའི་མིའི་བརྩེ་བའི་རྣམ་པ་གང་ཡང་མེད་པར། སྐད་འཁོར་བཏང་བ་ལྟ་བུར་ཕྱིན་པ་ཡིན་ན། གང་འཚམ་ནས་ཕྲུ་གུ་ཚོ་ཡང་འཛིན་གྲྭའི་ནང་ལ་གྲང་ཤུར་ཤུར་ཞིག་མ་གཏོགས་ཚོར་བ་གང་ཡང་མེད་པ་ཞིག་ཡོང་རྒྱུ་རེད། དེ་འདྲའི་མུར་ལོ་མང་པོ་འགྲོ་དུས་ཕྲུ་གུའི་བསམ་བློའི་ནང་ལ་སྐྱོན་ཆེན་པོ་ཤོར་གྱི་མེད་དམ་བསམ་པ་འདུག ཅེས་གསུངས་ཡོད་སྟབས། དགེ་རྒན་ལ་སློབ་ཕྲུག་ཅིག་ཤེས་ཡོན་གྱིས་སྐྱེད་སྲིང་བྱས་ཏེ་ལེགས་པའི་ལམ་དུ་འཇུག་པ་དང་། ཁ་གསབ་དཀའ་བའི་གྱོང་གུན་བསྐྲུན་རྒྱུའི་གོ་སྐབས་གཉིས་ཀ་ཡོད། དེར་བརྟེན་དགེ་རྒན་ཚོས་ངེས་པར་ལམ་ནོར་ཟློག་ཤེས་ཀྱིས་རང་སེམས་ལ་བྱ་ར་དུས་ནས་དུས་སུ་བྱས་ཏེ་ཡང་དག་པའི་སྐད་ཡིག་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་བཟང་པོ་ཞིག་བྱས་ན། བོད་མི་རིགས་ཀྱི་འདས་མ་ད་གསུམ་ལ་ཕན་ཐོགས་རྒྱ་ཆེར་འབྱུང་རྒྱུ་མ་ཟད།་༸གོང་ས་མཆོག་གིས་བོད་གྱི་སྐད་ཡིག་ཡར་རྒྱས་ལ་བཅངས་པའི་རླབས་ཆེན་གྱི་དགོངས་གཞི་ཡང་དེས་བསྒྲུབ་ཐུབ་བོ། །
གསུམ། སྐད་ཡིག་སྲུང་སྐྱོབ་ཐད་འབྲེལ་ཆགས་ཕ་མ་ཚོའི་འགན་ཁུར།
མི་རིགས་གང་ཞིག་ཡིན་ཡང་མི་རིགས་དེའི་ངོ་བོའམ་རྣམ་པ་འབུར་དུ་དོད་བྱེད་ནི་སོ་སོའི་སྐད་ཡིག་དེ་ཡིན་ཞིང་། སྐད་ཡིག་ཉམས་ན་མི་རིགས་ཤིག་ཉམས་པའམ་འཆི་བཞིན་ཡོད། དེར་བརྟེན་རང་ཉིད་བོད་མི་ཞིག་ཡིན་གཤིས་དེང་གི་གཉན་འཕྲང་སྐབས་འདིར་མི་རིགས་ཀྱི་དོན་དུ་དམིགས་བསལ་འགན་ཁུར་རམ་ནུས་པ་འདོན་པའི་བྱ་བ་རླབས་ཆེན་ཞིག་བསྒྲུབ་མ་ཐུབ་ཀྱང་། མི་རིགས་ཤིག་འཆི་མི་འཇུག་རྒྱུའི་འགན་དེ་སུ་ཞིག་གིས་ཀྱང་བསྐུལ་བ་ལ་ལྟོས་པ་མེད་པར་རང་དོན་རང་གཅེས་བྱེད་དགོས་པ་ཡིན། དེས་ན་ཕ་མ་ཚོས་དེ་ལྟར་བྱེད་པར་འགན་ཇི་ལྟ་བུ་ཞིག་འཁུར་དགོས་པ་ཡིན་ནམ་ཞེ་ན། ༸གོང་ས་མཆོག་གིས་22འཕྲལ་སེལ་བཙན་བྱོལ་བའི་མི་ཚེ་གཅིག་གི་ལྟོ་གོས་འཚོལ་སྟངས་ཐོག་ནས་བཤད་ན་བོད་ཡིག་སློབ་དགོས་དོན་མི་འདུག ཧིན་དྷི་བསླབས། ཨིན་ཇི་བསླབས་ན་རྒྱ་གར་ནང་ལ་མི་ཚེ་སྐྱེལ་རྒྱུ་ལས་སླ་པོ་རེད། གང་ལྟར་མི་ཚེ་འཁྱོལ་འགྲོ་གི་རེད། ཅེས་དང་། ང་ཚོ་བོད་མི་རྣམས་ཆབ་སྲིད་ཀྱི་བཙན་བྱོལ་བ་རེད། ཅེས་གསུངས་པ་ལྟར23། ང་ཚོ་བོད་རིགས་ཕ་མ་མི་རེ་ངོ་རེས་རང་གི་ཕྲུ་གུའི་མི་ཚེ་འཁྱོལ་རྒྱུ་དང་། མི་ཚེའི་བདེ་སྐྱིད་འཚོལ་རྒྱུ་ཙམ་གཙོ་བོ་མ་ཡིན་པར། རང་གི་ཕྲུ་གུ་དེ་བོད་མི་རྣལ་མ་ཞིག་གི་ཚབ་མཚོན་བྱ་འཇུག་རྒྱུ་དེ་ཨང་དང་པོར་འཇོག་དགོས། དེ་ལྟར་འཇོག་པར་རང་ཉིད་ལ་ཕྲུ་གུ་ཅི་ཙམ་ཞིག་ཡོད་ཀྱང་། དེ་དག་ཚང་མ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་འོག་ཡོད་པའི་སློབ་སྡེ་ཁག་ནང་སློབ་འཇུག་བྱས་ཏེ། འདབ་གཤོག་གཉིས་ལྡན་ཏེ་རང་ཅག་བོད་ལ་གནའ་རབས་ནས་ཡོད་པའི་སྐད་དང་ཡི་གེས་གཙོས་སངས་རྒྱས་ཆོས་ཀྱི་ལྟ་གྲུབ་རྣམ་གཞག་དང་འབྲེལ་བའི་ཤེས་ཡོན་དང་། འཛམ་གླིང་སྤྱི་སྐད་དུ་གྱུར་པའི་ཨིན་ཡིག་གཙོས་དེང་དུས་རིག་གསར་གྱི་ཤེས་ཡོན་གཉིས་གཅིག་ཕན་གཅིག་གྲོགས་ལག་ལེན་བསྟར་ཐུབ་མཁན་གྱི་མི་རབས་གསར་བའི་ཤེས་ཡོན་པ་ཞིག་སྐྱེད་སྲིང་བྱ་རྒྱུ་དེ་གཅིག་རེད།
ཕྱོགས་གཞན་ནས་ད་ལྟ་ང་ཚོ་བཙན་བྱོལ་ནང་གི་བོད་མི་ཚོ་མི་རབས་སྔ་མ་ཕལ་ཆེར་རྫོགས་ནས་མི་རབས་གཉིས་པ་དང་གསུམ་པར་མཐུད་ཡོད། མི་རབས་སྔ་མ་ཚོ་བོད་ནས་ཡོང་མཁན་ཞེ་གཅིག་ཡིན་སྟབས། ཡི་གེ་ཤེས་དང་མ་ཤེས་གཉིས་ཆ་ཡོད་ཀྱང་། རང་སྐད་ཀྱི་གྲ་ཆག་གྲུ་ཉམས་མེད་པར་དག་མོ་ཤོད་ཐུབ་པ་མ་ཟད། ཡུལ་སྲོལ་གོམས་གཤིས་བཟང་པོ་རྣམས་ཀྱང་མ་ཉམས་པར་སྲུང་སྐྱོབ་ཐུབ་ཡོད། ད་ཆ་ཁོར་ཡུག་སོགས་ཕྱི་ནང་གི་རྐྱེན་མང་པོ་ཞིག་གིས་བོད་མིའི་ཁྲོད་རང་སྐད་དག་མོ་ཚད་ལྡན་ཞིག་ཤོད་པར་དཀའ་ངལ་གྱི་དུས་ཤིག་ལ་བསླེབས་ཤིང་། དེ་དང་ཆབས་ཅིག་མི་གཤིས་ཀུན་སྤྱོད་ཀྱང་སྔ་མོ་དང་བསྡུར་ན་རྒྱང་དུ་གྱེས་ཡོད། དེར་བརྟེན་ཕ་མ་ཚོས་རང་ཉིད་ཀྱི་ཕྲུ་གུ་ཚོར་རང་ཁྱིམ་དུ་བོད་སྐད་གཙང་མ་བཤད་ནས་བོད་སྐད་ཀྱི་བག་ཆགས་འཇོག་རྒྱུ་དང་། ཆེ་ས་ནས་བོད་ཀྱི་ལོ་རྒྱུས་དང་ཆུང་ས་ནས་རང་ཉིད་ཀྱི་ཕ་མེས་ཡང་མེས་ཀྱི་སྐྱེས་ས་འཚར་སའི་ལོ་རྒྱུས་བཤད་ནས་རང་གི་སྐད་ཡིག་དང་། མི་རིགས་ལོ་རྒྱུས་བཅས་ལ་དགའ་སྣང་བསྐྲུན་དགོས།
དེ་མཚུངས་༸གོང་ས་མཆོག་གིས་24བོད་ཀྱི་སྐད་ཡིག་ཤེས་པ་ཙམ་དང་། བོད་པའི་ལོ་རྒྱུས་ཕྲན་བུ་བཤད་རྒྱུ་ཡོད་པ་ཙམ་དང་། དེ་བཞིན་བོད་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་གྱི་སེམས་ཤུགས་ཡོད་པ་ཙམ་གྱིས་བོད་མི་རིགས་ཀྱི་ཁྱད་ཆོས་འཛིན་ཐུབ་ཀྱི་རེད་དམ་ཞེས་བརྗོད་ན་ཕལ་ཆེར་འཛིན་ཐུབ་ཀྱི་མ་རེད་བསམ་གྱི་འདུག བོད་མི་རིགས་ཀྱི་ཁྱད་ཆོས་དངོས་གནས་དེ་བསམ་པ་བཟང་པོ་བྱེད་པ་དང་། གཞན་ཕན་སྒྲུབ་པའི་ལྷག་བསམ་དང་། གལ་ཏེ་གཞན་ལ་ཕན་གདགས་མ་ཐུབ་ཀྱང་། གནོད་པ་མི་བྱེད་པའི་བསམ་བློ་དང་། བསམ་པ་འདི་དང་འབྲེལ་བའི་སྦྱོར་བ་ལག་ལེན་བྱེད་པ་འདི་དག་ཆོས་ལྡན་ཞིང་གི་བོད་མི་རིགས་ཀྱི་ཁྱད་ཆོས་ངོ་མ་དེ་ཡིན། ཞེས་པ་ལྟར། འབྲེལ་ཆགས་ཕ་མ་རྣམས་ཀྱིས་རང་གི་ཕྲུ་གུ་རང་སྐད་ཀྱི་ལམ་དུ་འཇུག་པ་དང་མཉམ་དུ། བསམ་པའི་ཡོན་ཏན་ཏེ་ཕ་མེས་ཡང་མེས་ནས་རྒྱུད་འཇགས་སུ་ཡོད་པའི་བོད་མིའི་ཡ་རབས་བཟང་སྤྱོད་ཀྱི་མི་གཤིས་བཟང་པོ་དེ། རང་གི་བུ་རབས་ཚ་རྒྱུད་ལ་སྦྱོར་འཇགས་ཐུབ་ན། ཕ་མ་ཞིག་གིས་ངོས་ནས་༸རྒྱལ་བ་དོན་གྱི་བདག་པོའི་ཐུགས་དགོངས་དང་། བོད་མིའི་མངོན་འདོད་ཐད་ཀྱི་བྱ་གཞག་ཚང་མ་དེས་འགྲུབ་པས། མདོར་ན་ཕ་མ་25ཞིག་གིས་ངོས་ནས་རང་གི་ཕྲུ་གུ་བོད་པའི་སློབ་གྲྭར་འཇུག་རྒྱུ་དང་། རང་སྐད་དག་མོའི་བག་ཆགས་འཇོག་རྒྱུ། ཡ་རབས་བཟང་པོའི་སློབ་གསོས་སྨིན་པར་བྱ་རྒྱུ་དེ་གསུམ་ལ་འབད་བརྩོན་གནང་དགོས་སོ། །
མཇུག་བསྡུའི་གཏམ།
སྤྱིར་བོད་ཀྱི་སྐད་ཡིག་ཡར་རྒྱས་སུ་གཏོང་རྒྱུའི་ལས་འགན་ནི་བོད་མིའི་སྤྱི་ཚོགས་ཧྲིལ་པོར་འཁྲི་ཡོད་ཀྱང་། ཐད་ཀར་གྱི་འགན་ནི་གོང་བརྗོད་བཞིན་འཛིན་སྐྱོང་སྡེ་ཁག་དང་། སྐད་ཡིག་གི་དགེ་རྒན་རྣམ་པ། འབྲེལ་ཡོད་ཕ་མ་རྣམ་པ་བཅས་ལ་འཁྲི་ཡོད། ཚང་མས་རང་རང་གི་ཐད་སོ་ནས་རང་འཁྲིའི་ལས་འགན་འཐུས་ཤོར་མེད་པ་ཞིག་བྱུང་ན། དེ་ནི་འཕྱར་གྲུ་མཉམ་འདེགས་གནང་ཚུལ་ཞིག་ཡིན་པ་དང་། ཕྱོགས་གཅིག་ནས་ཀོ་ཐག་གློད་ཚེ་ཕྱོགས་གཞན་གཉིས་ནས་ཅི་ཙམ་ཤུགས་བསྐྱོན་ནའང་དེ་ཙམ་ནུས་པ་འདོན་དཀའ་བའང་སྨོས་མ་དགོས་པ་ཞིག་ལགས་ན་ཚང་མས་འཕྱར་གྲུ་མཉམ་འདེགས་གནང་རྒྱུ་ནི་ཧ་ཅང་གིས་གལ་ཆེའོ། །
གནས་ཚུལ་གཞན་ཞིག་ནི་རང་རིགས་ཕལ་མོ་ཆེས་སྣང་མེད་དུ་གྱུར་ནས་རང་སྐད་ཀྱི་ཚེ་སྲོག་འཕྲོག་བཞིན་ཡོད། དེ་ནི་སྦྲགས་སྐད་ཤོད་བཞིན་པ་དེ་རེད། སྦྲགས་སྐད་ནི་གོང་རིམ་ཞིག་ལ་མཚོན་ན་གཏམ་བཤད་སོགས་ཀྱི་སྐབས་དང་། དགེ་རྒན་ཞིག་ལ་མཚོན་སློབ་ཁྲིད་སོགས་ཀྱི་སྐབས། ཕ་མ་ཞིག་ལ་མཚོན་ན་ཕྲུ་གུ་དང་མཉམ་འདུག་མཉམ་གཤིབས་བྱེད་པའི་སྐབས་སོགས་སུ་ཤོད་ཀྱི་ཡོད། ཅི་ཙམ་གྱིས་རང་སྐད་ཀྱི་གོ་ས་སྦྲགས་སྐད་ཀྱིས་བཟུང་ན། དེ་ཙམ་གྱིས་རང་སྐད་འཆི་བཞིན་པ་དང་། རང་སྐད་ཤི་ན་རང་རིགས་ཤི་བ་དང་གཅིག་མཚུངས་ཡིན་སྟབས། བརྒྱ་ལ་འུ་ཐུག་ཀྱང་ཚང་མས་སྦྲགས་སྐད་མི་ཤོད་པར་རང་སྐད་གཙང་མ་ཤོད་པར་འབད་བརྩོན་བྱ་དགོས། དེ་ནི་སྐད་ཡིག་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ཡག་ཤོས་ཤིག་རེད།
དེ་ཡང་༸གོང་ས་མཆོག་གིས་26ང་རང་ཚོར་སོ་སོ་བོད་པའི་མིང་ཚིག་ཡོད་དང་ཡོད་བཞིན་པ་དེ་དག་ཕར་བཞག་ནས། སྐད་རིགས་གཞན་ཞིག་བསྲེས་ནས་བརྗོད་ན་སྙིང་པོ་གང་ཡང་མེད། ཅེས་དང་། ང་ཚོ་བོད་པའི་སྐད་ཡིག་གི་ཐོག་ལ་བརྙས་བཅོས་ཇི་ཙམ་ཞིག་ཤོད་ཀྱི་མི་འདུག་གམ། རྒྱ་མིའི་མིང་བཏགས་ནས་བོད་པའི་མིང་བརྗེས་དང་བརྗེ་མུས་མ་ཟད། མིའི་མིང་དང་། ས་ཆའི་མིང་ལ་བོད་པའི་མིང་ཡོད་མུས་དེ་དག་ཕར་བཞག་ནས་རྒྱ་མིའི་མིང་གསར་འདོགས་པ། ཤན་དང་ཆུས་ཟེར་བ་སོགས་སྤྱིར་བཏང་བོད་པའི་མིང་ཚིག་ནང་རྒྱ་མིའི་ཚིག་མང་པོ་ཞིག་བླུགས་ཡོང་གི་ཡོད། ཕར་ཙམ་དེར་རྒྱ་མིས་ང་ཚོ་བོད་པའི་སྐད་ཡིག་ལ་མཐོང་ཆུང་ཁྱད་གསོད་དེ་ལྟར་བྱས་ཏེ། འཆར་གཞི་དང་ལྡན་པའི་ཐོག་ནས་བོད་པའི་སྐད་ཡིག་མེད་པ་བཟོ་རྒྱུའི་བསམ་བློ་བཏང་བ་དང་། ཚུར་ཙམ་འདིར་ང་ཚོ་རང་དབང་ལུང་པར་ཡོད་མཁན། སོ་སོའི་སྐད་དང་ཆ་ལུགས་དེ་དག་གཅེས་འཛིན་བྱེད་རྒྱུའི་ཁུར་བབས་ཡོད་མཁན་རྣམས་ཀྱིས། རང་གི་འདོད་པས་དང་དུ་བླངས་པའི་ཐོག་ནས་སོ་སོའི་སྐད་ཡིག་ལ་ཞེ་ལྷོད་བྱས་ཏེ། མི་རིགས་གཞན་དང་གཞན་གྱི་སྐད་ཡིག་སྣོན་མ་རྒྱག་གང་ཐུབ་དང་། མཉམ་བསྲེས་གང་ཐུབ་བྱས་ན་དགོས་པ་གང་ཡང་མེད། ཅེས་པའི་བཀའ་སློབ་འདི་ཉིད་ང་ཚོ་བོད་མི་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱིས་ཉིན་རེའི་འཚོ་བའི་ནང་ཉམས་སུ་ལེན་ཐུབ་པ་ཞིག་བྱུང་ན། རང་སྐད་མི་ཉམས་རྒྱུན་འཛིན་ལ་ཕན་ཐོགས་རྒྱ་ཆེན་འབྱུང་ངེས་ཡིན། མདོར་ན་མགོན་པོ་གང་ཉིད་ཀྱིས་རང་རེའི་སྐད་ཡིག་ཡར་རྒྱས་ཐད་བཀའ་དགོངས་གང་ཡོད་པ་རྣམས། གོང་བརྗོད་བཞིན་ཕྱོགས་ཚང་མའི་ངོས་ནས་རང་དོན་རང་གཅེས་ཀྱིས་འགན་ཁུར་བླངས་པ་ཡིན་ན། ༸གོང་ས་༸རྒྱལ་བའི་དབང་པོ་མཆོག་གི་ཐུགས་བཞེད་ལྟར་བོད་ཀྱི་སྐད་ཡིག་ཡར་རྒྱས་ལ་ངོ་ཐོག་ཞབས་འདེགས་ཡག་པོ་ཞིག་བསྒྲུབ་ཐུབ་རྒྱུར་གདོན་མི་ཟའོ། །
མཆན།
1 དམ་ཆོས་པདྨ་དཀར་པོའི་མདོ་དང་འཇམ་དཔལ་རྩ་རྒྱུད་སོ་སོར་གསལ།
2 སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་༸རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པ་མཆོག་གི་འཁྲུངས་རབས་གསོལ་འདེབས་བྱིན་རླབས་བདུད་རྩིའི་སྤྲིན་ཞེས་བྱ་བར་གསལ།
3 སྐད་ཡིག་ལ་ཆ་བཞག་ན། ཤར་ཕྱོགས་ཀྱི་སྐད་ཡིག་གི་ནང་ལེགས་སྦྱར་གྱི་སྐད་རྩ་ཤོས་ལ་བརྩི་གི་ཡོད་ཅིང་། ཤེས་གསལ་ལྟར་འཛམ་གླིང་ཆོས་ལུགས་ཀྱི་ནང་ནས་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་རྒྱ་ཤོས་དང་གཏིང་ཟབ་ཤོས་ཆགས་ཡོད། དེའི་གནས་ལུགས་འགྲེལ་བཤད་ཆ་ཚང་རྒྱག་ཐུབ་པའི་སྐད་ཡིག་ནི་བོད་པའི་སྐད་ཡིག་ཙམ་ཡིན། དེས་ན་ང་ཚོ་བོད་པ་ཉམས་དམའ་པོ་བྱེད་དགོས་དོན་གང་ཡང་མེད། ཅེས་ཕྱི་ལོ་༡༩༩༣ ཟླ་༤ ཚེས་༡༠ ཉིན་རྡོར་གླིང་གཏན་སློབ་ཀྱི་དགེ་ལས་ཡོངས་ལ་སྩལ་པའི་བཀའ་སློབ་ཏུ་གསལ།
4 མིའི་ཁ་རིས་ངོ་གདོང་མི་འདྲ་བ་ཕྲན་བུ་ཕྲན་བུ་ཡོད་ན་ཡང་གཙོ་བོ་བོད་མི་རིགས་ཀྱི་ཁྱད་པར་ག་རེའི་ཐོག་ནས་ཡོང་གི་ཡོད་ཟེར་ན། སྐད་ཡིག་དང་། ཆོས་དང་འབྲེལ་བའི་རིག་གཞུང་། གོམས་གཤིས་དེ་རྣམས་ཀྱི་ཐོག་ནས་སོ་སོའི་མི་རིགས་ཀྱི་རྣམ་པ་ཟུར་གསལ་ཐོན་ཡོང་གི་ཡོད། ཅེས་ཤེས་ཡོན་སྐོར་གྱི་གལ་ཆེའི་བཀའ་སློབ་ལམ་སྟོན་པོད་གཉིས་པའི་ཤོག་གྲངས་༣༦༧ ནས་༣༦༨ བར་གསལ།
5 ཕར་ངོས་རྒྱ་མིས་རྩ་མེད་ཅིག་བཟོས། ཚུར་ངོས་སུ་ང་ཚོས་དོ་སྣང་མེད་པར་གཡུག་བཞག་ན་ཡག་པོ་གཏན་ནས་མིན། ཞེས་ཕྱི་ལོ་༡༩༨༤ ཟླ་༩ ཚེས་༡༡ ཉིན་ཤེས་རིགས་ཀྱི་ཚོགས་འདུར་སྩལ་པའི་བཀའ་སློབ་ཏུ་གསལ།
6 ང་རང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་འདི་དག་ནང་པ་སངས་རྒྱས་པའི་ཆོས་དང་འབྲེལ་བའི་རིག་གཞུང་ཞིག་རེད། རིག་གཞུང་འདི་ཅི་ཙམ་ཉར་ཚགས་ཐུབ་པའི་ཚོད་ཀྱིས་བོད་པ་ཟེར་བའི་མིང་ལོགས་སུ་ཡོད་པའི་མི་རིགས་འདི་གནས་ཐུབ། ཅེས་ཤེས་ཡོན་སྐོར་གྱི་གལ་ཆེའི་བཀའ་སློབ་ལམ་སྟོན་པོད་གཉིས་པའི་ཤོག་གྲངས་༢༠༠ ནས་༢༠༡ བར་གསལ།
7 ང་ཚོ་བོད་པའི་བོད་ཡིག་ནང་ལ་ཡོད་པའི་སངས་རྒྱས་པའི་ཆོས་དེ་འཛམ་གླིང་འདིའི་སྟེང་ཕལ་ཆེར་ལྟ་གྲུབ་ཀྱི་རྣམ་གཞག་སྟོན་པའི་སངས་རྒྱས་པའི་གཞུང་ཡག་ཤོས་ཤིག་ཆགས་ཡོད་སྟབས། ང་རང་ཚོའི་ཡི་གེ་དེར་སྤོབས་པ་ཞིག་སླེབས་ཡོང་གི་འདུག ཅེས་ཕྱི་ལོ་༢༠༠༩ ཟླ་༡༢ ཚེས་༢༧ ཉིན་ཤེས་རིག་ཚོགས་ཆེན་ཐེངས་ལྔ་པར་སྩལ་པའི་བཀའ་སློབ་ཏུ་གསལ།
8 བོད་པའི་མིས་བོད་པའི་སྐད་ཡིག་ལ་བདག་པོ་མ་བརྒྱབ་ན་སུས་རྒྱག་གི་རེད། ཅེས་ཕྱི་ལོ་༡༩༧༧ ཟླ་༣ ཚེས་༥ ཉིན་ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་དགེ་སློབ་རྣམས་སྩལ་བའི་བཀའ་སློབ་ཏུ་གསལ།
9 ང་ཚོ་རྒྱ་གར་ནང་ཡོད་པ་ཚོས་བོད་ནང་མི་རིགས་རིག་གཞུང་དང་བཅས་རྩ་བརླག་འགྲོ་རྒྱུའི་ཉེན་ཁ་འདུག་ཅེས་ཤོད་ཀྱི་ཡོད། བཙན་བྱོལ་དུ་ཡོད་པ་ཚོར་དམིགས་བསལ་གྱི་འགན་ཞིག་ཡོད་པའི་ཁུལ་རེད། ཅེས་ཕྱི་ལོ་༡༩༩༥ ཟླ་༡ ཚེས་༡༢ ཉིན་བོད་ཕྲུག་ཁྱིམ་སྡེའི་དུས་དྲན་མཛད་སྒོའི་ཐོག་སྩལ་ཡོད།
10 ད་ལྟ་བར་དུ་བོད་ཡིག་བེད་སྤྱོད་བྱེད་མ་མྱོང་སའི་སྡེ་ཚན་མང་པོ་ཞིག་གི་ནང་ལ་ཚན་རིག་ལ་སོགས་པའི་རིག་གནས་ཀྱི་བརྗོད་བྱ་གསར་པ་མང་པོ་ཞིག་གཞི་ནས་བེད་སྤྱོད་པའི་འགོ་ཚུགས་ཀྱི་ཡོད། འདི་ནི་སློབ་གྲྭ་འགའ་ཞིག་གི་ཕྲུ་གུ་སྟོང་ཕྲག་ཁ་ཤས་ཤིག་གི་གནས་ཚུལ་མ་ཡིན་པར། བོད་མི་ས་ཡ་དྲུག་ལ་འབྲེལ་བ་ཡོད་པ་དང་། མདོར་ན། བོད་གངས་ཅན་ལྗོངས་ཀྱི་བོན་གྱི་ལོ་རྒྱུས་བཤད་པ་ཡིན་ན་ཧ་ལམ་ལོ་སྟོང་ཕྲག་བཞི་ལྔ་དང་། དེ་ནས་ཡར་དེད་ན་ཧ་ལམ་ལོ་ཆིག་ཁྲི་ཉིས་སྟོང་སྐོར་ཕྱིན་པའི་མི་རིགས་ཤིག་གི་སྐད་ཡིག་ཡར་རྒྱས་འགྲོ་བའི་ལམ་པོ་ཆེ་ཆགས་ཡོད། སྐད་ཡིག་རྒྱས་འགྲོ་བའི་ས་བོན་ལྟ་བུ་ཡིན་པས་ཧ་ཅང་བྱས་རྗེས་ཆེན་པོ་རེད། ཅེས་ཕྱི་ལོ་༡༩༩༧ ཟླ་༡༠ ཚེས་༢༦ ཉིན་དྷ་སྟེང་བོད་ཁྱིམ་དུས་དྲན་ཐོག་སྩལ་ཡོད།
11 ཤེས་ཡོན་སྐོར་གྱི་བཀའ་སློབ་གཅེས་བཏུས་ཤོག་གྲངས་༡༠༤ ཐོག་གསལ།
12 ཕྱི་ལོ་༡༩༧༧ ཟླ་༣ ཚེས་༥ ཉིན་ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་དགེ་སློབ་རྣམས་སྩལ་བའི་གསུང་བཤད་ལས་དྲངས།
13 ཕྱི་ལོ་༡༩༨༥ ཟླ་༦ ཚེས་༢༣ ཉིན་ཤེས་རིག་ཚོགས་ཆེན་ཐེངས་གསུམ་པར་སྩལ་པའི་གསུང་བཤད་ལས་དྲངས།
14 ང་རང་ཚོ་སོ་སོའི་ལུང་བ་བྲལ་ཏེ་གཞན་ཡུལ་དུ་གྱར་ཏེ་བོད་མི་རིགས་ཆག་འཇིག་གི་མཚམས་ལ་སླེབས་པའི་དུས་ཚོད་གཉན་འཕྲང་གི་སྐབས་འདིར། རང་གི་སྐད་ཡིག་རིག་གཞུང་ཐོག་བྱས་རྗེས་འཇོག་མཁན་ཁྱེད་རང་ཚོའི་མིང་ནམ་ཡང་བརྗེད་ཀྱི་མ་རེད། ངས་མ་ཐུབ་པའི་ལས་ཀ་རེད། དངོས་ནས་བྱས་རྗེས་ཆེན་པོ་རེད། ཅེས་ཕྱི་ལོ་༡༩༩༧ ཟླ་༡༠ ཚེས་༢༦ ཉིན་དྷ་སྟེང་བོད་ཁྱིམ་དུས་དྲན་ཐོག་སྩལ་ཡོད།
15 ཉེ་ཆར་ཕྱི་ཟླ་༤ ནང་སི་ཁྲོན་ཞིང་ཆེན་རྔ་པ་ས་གནས་སྲིད་གཞུང་གི་དེ་ཁུལ་གྱི་བོད་རིགས་སློབ་གྲྭ་ཁག་ཏུ་བོད་ཀྱི་སྐད་ཡིག་མ་གཏོགས་གཞན་སློབ་ཚང་མ་རྒྱ་ཡིག་ཐོག་སློབ་ཁྲིད་བྱ་དགོས་པའི་སྲིད་བྱུས་གསར་པ་ཁྱབ་བསྒྲགས་བྱས་ཡོད།
16 བོད་ཕྲུག་རྒྱ་ནག་ལ་སློབ་སྦྱོང་དུ་ཕྱིན་པ་དེ་ཚོའི་གྲས་ལ་དེང་སང་བོད་ཡིག་རྩ་བ་ནས་སློབ་ཀྱི་མེད་པ་དང་། ལྷ་ས་ཁུལ་ལ་ཡོད་པའི་སློབ་གྲྭ་ཚོའི་ནང་ལ་བོད་ཡིག་སློབ་ཚན་ཉུང་དུ་བཏང་འདུག དཔེར་ན། ཉེ་ཆར་ཨ་མའི་རི་ཀར་བོད་ནས་ལས་ཀ་བྱེད་མཁན་གྱི་མི་ཞིག་ཐུག་བྱུང་བས་གསལ་པོ་བཤད་རྒྱུ་འདུག དེ་སྔ་ཡིན་ན་ལྷ་སའི་མཐོ་སློབ་ནང་བཤེས་སྤྲིངས་དང་། དངོས་རིགས་སྐོར། ཚད་མའི་སྐོར་དེ་འདྲ་ཁྲིད་ཀྱི་ཡོད་པ་རེད། དེ་འདྲའི་སློབ་ཚན་དྲུག་ཙམ་ཞིག་ད་ཆ་མཚམས་འཇོག་གིས་ཁྲིད་མི་ཆོག་པ་བཟོས་འདུག ཅེས་དང་། གང་ལྟར་བོད་པ་ཟེར་བའི་རྣམ་པ་ཞིག་བསྡད་ཕྱིན་ཆད་ལ་བོད་པས་ཉན་པ་མི་འདུག བསམ་བློ་བཏང་སྟེ་གྲངས་ཀའི་ཆ་ནས་ཡིན་ནའང་བོད་པའི་གྲངས་ཀ་ཉུང་བ་བཟོ་ཐབས་དང་། ལུས་བོད་པ་ཡིན་ནའང་བསམ་བློ་དེ་བོད་པའི་བསམ་བློ་མེད་པར་རྒྱ་མིའི་ལྟ་བ་དང་སྤྱོད་པ་སླེབས་ཐུབ་ཐབས་ལ་རྒྱ་མིས་འབད་བརྩོན་བྱེད་ཀྱི་འདུག ཅེས་ཤེས་ཡོན་སྐོར་གྱི་གལ་ཆེའི་བཀའ་སློབ་ལམ་སྟོན་པོད་གཉིས་པའི་གཉིས་པའི་ཤོག་གྲངས་༤༢༨ ཐོག་གསལ།
17 ཕྱིས་སུ་དར་རྒྱས་ཕྱིན་པའི་ཚན་རིག་དང་ལམ་ལུགས་གསར་པའི་ཆབ་སྲིད་ཀྱི་མིང་ཚིག་དེ་དག་བོད་སྐད་ནང་བེད་སྤྱོད་དང་སྦྱོང་བརྡར་བྱེད་པའི་གོ་སྐབས་མ་བྱུང་བར་བརྟེན་སྐབས་གཅིག་རིང་ཡར་རྒྱས་འགྲོ་མ་ཐུབ་པ་ཙམ་ལས་གོ་སྐབས་བྱུང་ཕྱིན་ལས་རིགས་སྡེ་ཚན་གང་གི་ནང་དུའང་བོད་པའི་སྐད་ཡིག་འདིས་མ་ལྡང་བ་ཕལ་ཆེར་མེད། ཅེས་ཕྱི་ལོ་༡༩༩༣ ཟླ་༡༠ ཚེས་༢༡ ཉིན་བོད་ཕྲུག་ཁྱིམ་སྡེའི་དུས་དྲན་ཐོག་སྩལ་ཡོད།
18 བོད་ཡིག་ཐོག་དོ་སྣང་བྱ་རྒྱུ་དེ་རྒྱལ་ཁབ་གཅིག་གི་ངོ་བོའི་ཐོག་ཐུག་ཡོད་པས་གལ་ཆེན་པོ་ཡིན། ཞེས་བོད་ཕྲུག་ཁྱིམ་སྡེ་དུས་དྲན་༣༣ ཐོག་སྩལ་ཡོད།
19 ཕྱི་ལོ་༡༩༩༧ ཟླ་༡༡ ཚེས་༢༢ ཉིན་མ་སུ་རི་སློབ་ཕྲུག་ཚོར་སྩལ་པའི་བཀའ་སློབ་ལས་བཤུས།
20 སློབ་ཚན་ཁྲིད་པ་གཅིག་པུ་མ་ཡིན་པར་སོ་སོའི་སྒོ་གསུམ་ཡ་རབས་ཀྱི་སྤྱོད་པ་དང་། ངག་གི་སྐད་ཆ་ཤོད་སྟངས་དེ་རྣམས་ཕྲུ་གུའི་བསམ་བློའི་ནང་ངོ་སྤྲོད་བྱེད་དགོས། དེ་ཡང་སོ་སོའི་སྤྱོད་ལམ་ཐོག་ནས་ངོ་སྤྲོད་བྱེད་རྒྱུ་གལ་ཆན་པོ་རེད། སོ་སོའི་སྤྱོད་པ་མ་རབས་ཤེ་གཅིག་བྱས། ཁ་ནས་ཡ་རབས་བྱེད་དགོས་བརྗོད་ན་གང་འདྲ་ཡོང་གི་རེད། ཡ་རབས་ཞེས་པ་ཚིག་གི་ཐོག་ནས་ངོ་འཕྲོད་ཐུབ་པ་ཞིག་མིན་པས་རྒྱུན་གྱི་སྤྱོད་ལམ་ཐོག་ནས་ངོ་སྤྲོད་བྱེད་དགོས། ཞེས་པའི་༸གོང་ས་མཆོག་གི་གསུང་འདི་བོད་ཀྱི་དུས་བབ་དྲ་ཚིགས་ཀྱི་ཤེས་ཡོན་སྲིད་བྱུས་གསར་བར་ཕྱིར་མིག་ལྟ་བ་ཞེས་པའི་རྩོམ་ཡིག་ལས་བཤུས།
21 ཕྱི་ལོ་༡༩༩༧ ཟླ་༡༡ ཚེས་༢༢ ཉིན་མ་སུ་རི་སློབ་ཕྲུག་ཚོར་སྩལ་པའི་བཀའ་སློབ་ལས་བཤུས།
22 ཕྱི་ལོ་༡༩༩༧ ལོར་དམའ་རིམ་དགེ་རྒན་ཟབ་སྦྱོང་ལ་སྩལ་པའི་བཀའ་སློབ་ལས་དྲངས།
23 རྒྱ་གར་ནས་མི་ཚེ་སྐྱེལ་མཁན་ཞིག་ཡིན་ན་མཐའ་གཅིག་ཏུ་བོད་པའི་སྐད་ཡིག་ཐོག་ཤུགས་རྒྱག་དགོས་དོན་མེད་ཀྱང་། ང་ཚོ་འགྱེལ་ས་ནས་ལངས་རྒྱུའི་དམིགས་ཡུལ་ཡོད་པ་ཡིན་དུས་བོད་པའི་སྐད་ཡིག་ཡོན་ཏན་ཐོག་ཤུགས་རྒྱག་རྒྱུ་དཔེ་མ་སྲིད་པའི་གལ་ཆེན་པོ་ཆགས་ཡོད། ཅེས་ཤེས་ཡོན་སྐོར་གྱི་བཀའ་སློབ་ལམ་སྟོན་པོད་གཉིས་པའི་ཤོག་གྲངས་༡༩༡ ཐོག་གསལ།
24ཤེས་ཡོན་སྐོར་གྱི་བཀའ་སློབ་ལམ་སྟོན་པོད་གཉིས་པའི་ཤོག་གྲངས་༥༤༡ ཐོག་གསལ།
25 ཉིན་སློབ་ཅིག་ལ་མཚོན་ན། ལོ་གཅིག་ལ་ཉི་མ་སུམ་བརྒྱ་དང་དྲུག་བཅུ་ནས་ཉིན་བདུན་ཅུ་དབྱར་ཁ་དང་། དགུན་ཁའི་གུང་སེང་དུ་ཁེལ། ཡང་བདུན་ཕྲག་ཞེ་བརྒྱད་རིང་གི་རེས་གཟའ་ཉི་མ་སོགས་ཕུད་ན། སློབ་གྲྭ་ཚོགས་པའི་ཉིན་གྲངས་༢༢༠ ཡས་མས་ཤིག་དང་། ཉིན་གྲངས་༡༤༠ བཞི་ཙམ་ཕྲུ་གུ་ཕ་མ་མཉམ་སྡོད་ཀྱི་ཡོད། དེ་བཞིན་ཉི་མ་གཅིག་གི་དབང་དུ་བྱས་ན། སློབ་ཕྲུག་སློབ་གྲྭའི་ནང་སྡོད་པའི་དུས་ཡུན་ཆུ་ཚོད་༧ ཙམ་རེད། ལྷག་མ་ཆུ་ཚོད་༡༧ ཙམ་ཕ་མ་མཉམ་དུ་སྡོད་ཀྱི་ཡོད། དེར་བརྟེན་སློབ་ཕྲུག་གི་ཤེས་སྤྱོད་གཉིས་ཀྱི་ཐོག་ཕ་མའི་འགན་ཁུར་ནི་ཤིན་ཏུ་གལ་ཆེན་པོ་ཞིག་རེད་བསམས།
26 ཕྱི་ལོ་༡༩༧༧ ཟླ་༣ ཚེས་ ༥ ཉིན་ཝཱ་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་གི་དགེ་སློབ་རྣམས་ལ་སྩལ་པའི་བཀའ་སློབ་ལས་དྲངས།