༄༅། །བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་བཞུགས་སོ།།
ཞ་ལུ་ལོ་ཙཱ་བ་རིན་ཆེན་ཆོས་སྐྱོང་བཟང་པོ།(༡༤༤༡-༡༥༢༧)
༄༅། །རྒྱ་གར་སྐད་དུ། སུབྷཱཥིཏ་རཏྣ་ཀརཎྜབྱཱུཧ་ནཱམ་བྷོཊསྱ་སངྐེཏ་ཤཱ་སྟྲ། བོད་སྐད་དུ། བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།་།གང་གི་གསུང་ཟེར་ཆ་ཙམ་གྱིས་ཀྱང་སེང་གེ་(ཁྱབ་འཇུག)འཕྲོག་བྱེད་(དབང་ཕྱུག)ནོར་གྱི་གཉེན་(ཚངས་པ)སོགས་ཀྱི། །གཞུང་ལུགས་ཀུན་དའི་ཚལ་རྣམས་ཟུམ་མཛད་གསེར་མངལ་ཅན་(ཚངས་པ)དང་དཔལ་མགྲིན་ལ་(དབང་ཕྱུག)སོགས་(བརྒྱ་བྱིན་དང་ཁྱབ་འཇུག་དང་སྨིན་དྲུག་བུ་དང་ལུས་ངན་དང་ཚོགས་བདག་སོགས)པ། །འཇིག་རྟེན་འདི་ན་ཆེ་བར་རབ་གྲགས་ལྷ་མཆོག་ཀུན་གྱིས་གང་གི་ཞབས་པད་ལ། །གུས་པས་བཏུད་པའི་ལྷ་མིའི་བླ་མ་ཟས་གཙང་སྲས་པོས་རྟག་ཏུ་དགེ་ལེགས་མཛོད། །དེ་སྲས་ཐུ་བོ་འཇམ་པའི་དཔལ། །འཇིག་རྟེན་དབང་ཕྱུག་ལ་(ཕྱག་རྡོར་སོགས)སོགས་པའི། །བསྟན་པ་སྡུད་མཛད་སེམས་དཔའ་ཆེ། །རྣམས་ལའང་གུས་པས་ཕྱག་འཚལ་ལོ། །ངེས་པར་རྒྱལ་བའི་འཕྲིན་ལས་པ། །གངས་ཅན་ཁྲོད་པའི་བླ་མ་མཆོག །སམྦྷོ་ཊ་ཞེས་རབ་གྲགས་པའི། །བསྟན་པ་སྡུད་མཛད་(དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་ཁྲི་ཉིས་སྟོང་པ་ལས་སྡུད་པ་པོ་རྣམས་ཀྱིས་ཐེག་པ་གསུམ་བོད་ཀྱི་ཡུལ་དུ་ནི་བོད་སྐད་ཀྱིས་བྲིས་ཞེས་གསུངས་པས་འདི་སྡུད་པ་པོར་བསྟན་གསུངས)ཞབས་ལ་འདུད། །མཁན་པོ་འདི་ཡིས་མཛད་པའི་བརྡ། །གསུང་རབ་བདེ་བླག་རྟོགས་པའི་སྒོ། །བླང་དོར་གསལ་བར་སྟོན་པའི་ཚུལ། །འབད་པ་དུ་མས་བསྒྲུབ་པར་རིགས། ། མཁས་པ་དུ་མས་མང་བཤད་ཀྱང༌། །ཐམས་ཅད་བརྗོད་པར་མི་ནུས་པས། །འདི་ནི་འཁྲུལ་གཞི་ཅན་གྱི་བརྡ། །འགའ་ཞིག་རང་གཞན་དོན་དུ་འགོད། །(འཁྲུལ་གཞི་མེད་པ་རྣམས་ཀྱང་སྐད་ཀྱི་འཇུག་པ་ཤེས་པའི་ཕྱིར་བསྟན་ནའང་སྐྱོན་མེད་མོད་ཀྱང་དེ་དག་ནི་གོ་སླ་བ་དང་འདིར་ཡི་གེ་ཉུང་ངུར་བྱ་བའི་ཕྱིར་རོ།།) སྡོམ་ལ། (སྔོན་འཇུག་དང་མགོ་གསུམ་མེད་པའི)རྐྱང་པ་(ག་དང་བ་མ་འའི་)འཕུལ་ཅན་(ར་ལ་སའི)མགོ་ཅན་ནོ། །རེ་རེའང་(བོད་ཀྱི་ལུགས)གསལ་བྱེད་ཐ་མ་(ཨ་ཡིག་གོ་)དང༌། །ཨི་ཨུ་ཨེ་ཨོ་ཡ་ར་ལ། །ཝ་ཡིག་རྗེས་འཇུག་བཅུ་ཡིས་བརྒྱན། །དཔེར་ན།(ཀ་ཡིག་ལ་སྔོན་འཇུག་མགོ་གསུམ་མེད་པ། གསལ་བྱེད་ཐ་མ་དང་དབྱངས་བཞི་དང་ཡ་ར་ལ་ཝ་དང་རྗེས་འཇུག་གིས་ཕྱེ་བའི་བརྡ་སྡེ།)
ཀ༽ ཀ་བ་ཀ་ཏན་ཀ་ར་དང༌། །ཀ་མ་ལ་(པདྨ)དང་ཀ་པཱ་ལ(ཐོད་པའི་སྣོད)། །ཀ་ལཱ་པ་གནས་ཀལྤ་དུས། ། (དུས་ཀྱི་བསྐལ་པ་ལ་འདི་ལྟར་བྱེད་པ་ལོ་ཙཱ་བ་མ་ཏི་ཤྲཱིས་(ཇོ་ནང་ལོ་ཙཱར་གྲག)སྐད་སོར་བཞག་ཡིན་པའི་དབང་གིས་མཛད་དེ་འགལ་བ་མེད་དོ)ཀེ་ཀེ་རུ་དང་ཀེང་རུས་དང༌། །ཀ་ལ་པིངྐ་ཀོ་བ་དང༌། །གླང་ཆེན་ཐལ་ཀར་ཡུངས་ཀར་ཟ། །ཀྲོག་ཀྲོག་སྒྲ་སྐད་ལྷམ་ཀྲད་དང༌། །འོན་ཀྱང་ཁྱོད་ཀྱིས་ལྕགས་ཀྱུས་བཏབ། །ཀྱེ་ཀྱེ་ཀྱལ་ཀ་ཀླན་ཀ་སྤོངས། ། ཤིང་ཀུན་སྨན་ཡིན་མང་ཚིག་ཀུན། །ཀོའུ་ཤི་ཀ་(ཀཽའུ་ཤི་ཀ་སྟེ་མཁས་པ་སོགས་མང་པོ་ལ་འཇུག་གོ)སོར་བཞག་སྒྲ།། ཀྱི་ཧུད་ཀླ་ཀློ་དུད་འགྲོ་ཀླུ། །ཀླད་པ་ཀླད་ཀོར་(སྟོད་ཀོར་སོགས་ཀྱང་མཚོན)ཀླད་ཀྱི་དོན། །འབྱམ་ཀླས་མཐའ་ཀླས་ཆུ་ཀླུང་དུ། །རུས་ཀྲང་(ཀྲོང་ངེར་བསྡད་པ་སོགས)སྐྱིལ་ཀྲུང་བཅས་ཀློག་འདོན། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས། །འདིར་ནི་ཀྭ་ཡེ་བོད་པའི་ཚིག །
ཁ༽ ཁང་པ་ཁམས་བདེ་ཁོན་འཛིན་མེད་(འདི་རྣམས་སྔོན་འཇུག་དང་ཕ་ལ་ར་བཏགས་སྤང་བར་བྱའོ)། །ཁོང་ཁྲོ་ཁྲོན་པ་ཁྲ་བོ་མདོག །ཁྲག་ཁྲིག་ཁྲི་གྲངས་ཤ་ཁྲག་དང༌། །ཁྲུང་ཁྲུང་ཁྲལ་འཇལ་སེང་གེའི་ཁྲི། །གོ་ཁྲབ་རི་མོའི་ཁྲམ་ཁ་དང། །སྣ་ཁྲིད་ཚུལ་ཁྲིམས་ཁྲིས་འཇགས་དང། །ཁྲུ་གང་ཁྲེལ་ཡོད་ཁྲུན་རིང་གོས།། ཁྲུམས་སྟོད་ཁྲུམས་སྨད་(འདི་གཉིས་སྐར་མའོ)ཁྲག་ཁྲུག་དང(འཐབ་ཀྲོལ་དང་དཔེ་ཆ་འཛིངས་པ)། །ཁྲུས་བྱ་ཁྲོ་བོ་དུར་ཁྲོད་ཁྲོས། །ཆུ་ཁྲེམས་ཁྲོམ་ནས་ཁྲོལ་ཚགས་ཉོས། །ལྕགས་ཀྱི་སིལ་ཁྲོལ་(རོལ་མོའི་བྱེ་བྲག)ཁྲེ་ནི་འབྲུ།། འདིར་ནི་ཁྭ་ནི་འདབ་ཆགས་སོ། །
ག༽ གྲོང་ཁྱེར་གྲངས་མེད་གྲགས་པས་ཁྱབ། །ཆོས་གྲྭར་གྲུལ་བུམ་གྲིབ་གནོན་བསྲུངས། །གྲུབ་ཐོབ་རིམ་གྲོ་གྲལ་རིམ་བཞིན། །གྲིབ་དང་གྲིབ་མའི་གནོད་ལས་གྲོལ། །གྲུང་པོ་(རིག་པ)གྲོས་མཁས་གྲུ་(སྐར་མ་ནམ་གྲུའང་ངོ)ནང་ཞུགས། །གྲང་བའི་ནད་མེད་ཤིན་ཏུ་གྲིམས(རིག་པ་ཤ་སྐུད་པ་སོགས)། །རྩེ་མོའི་གྲ་མ་(ཤིང་གྲ་མ)འབྲུ་ཡི་གྲོ། །ངམ་གྲོག་(གཅོང་རོང)གྲོན་ཅན་(ཟས་གྲོན་ཆེ)གྲོད་པ་ཅན། །རལ་གྲི་གོས་ཀྱིས་གྲིལ་ཞེས་གྲག །གྲུམ་བུའི་ནད་ཀྱིས་གྲོངས་པ་མེད། །གླེགས་བམ་(པུ་སྟི་ཀ)གླུ་དབྱངས་གླིང་བུ་དང། །གློ་བུར་གཏམ་གླེང་(གླེང་གཞི་གླེང་མོ་སོགས)གླང་པོ་ཆེ། །གླིང་(གླིང་བཞི་སོགས)དང་གློ་འབུར་(གཞོགས་ཀྱི་གློ་དང་ནང་ཁྲོལ་གློ་བ་དང་ནད་ཀྱི་གློའང་འདི་དང་ཚིག་དོན་མཐུན་ནོ)སྲོག་གི་གླུད། །གཡལ་བའི་གླལ་(སེང་གེ་རྣམ་བསྒྱིངས། སེང་གེ་གླལ་ཞེས་འགྱུར་གྱི་ཁྱད་དོ)དང་ལེབ་མོར་གླེབས། །གླ་རྔན་གླ་(རི་དྭགས་གླ་བའང་ངོ)རྩི་རིག་པ་གླེན། །གླ་གོར་(ཤིང་གི་སྨན)ཞོ་ཤ་གློག་འཁྱུག་གློང་(ནམ་མཁའི་གློང་ཆུའི་རྦ་གློང་ཞེས་སོ)། །
ཅ༽ ཅ་ཅོ་ཐོར་ཅོག་མུ་ཅོར་དང། །ཅོད་པན་བེ་ཅོན་ཅིག་ཅར་སྤང། །ཅང་ཤེས་ཅོང་(རོལ་མོ)དང་ཅང་ཏེའུ་བརྡུང་(ཌ་མ་རུ)། །སེམས་ཅན་སྤྱི་ཅེར་(སྐྲ་མེད་པའོ)ཡིན་ནོ་ཅོག(ཅོག་བུའང་འདིའོ) །ག་ད་བ་ཡི་རྗེས་ཀྱི་ཅིང་(རྟག་ཅིང་བཤད་ཅིང་ཟབ་ཅིང་སོགས)། །ཅེས་དང་(རྟག་ཅེས་བསད་ཅེས་རྒྱབ་ཅེས་ལྟ་བུ)འདྲི་བའི་ཚིག་གི་ཅི་(ཅི་སླད་ཅི་ཕྱིར་ལྟ་བུ)། །ཉུང་བའི་ཅུང་ཟད་ཁ་ཅིག་དང། །སྐད་ཅིག་ལ་སོགས་སུམ་ཅུ་(དྲུག་ཅུ་བདུན་ཅུ་བརྒྱད་ཅུ)སོགས། །ཅིག་ཤོས་དང་ནི་གྱུར་ཅིག་(ཤོག་ཅིག་སྟོན་ཅིག་ཉོན་ཅིག་ཤོད་ཅིག)སོགས། །དཀོན་ཅོག་(དཀོན་མཆོག་དང་རིན་ཆེན་ཡང་འཐད)རིན་ཅེན་ཅེ་སྤྱང་དང། །
ཆ༽ (འདི་རྣམས་ཆ་རྐྱང་པ་ལས་གཞན་དུ་འཕུལ་ཅན་དང་ཕྱ་བྱས་ན་འཁྲུལ་པར་སྟོན)ཆིབས་པ་ཆ་དེ་ཆུ་ཞེང་གབ། །ཆུ་བོ་དར་གྱི་ཆུན་པོ་དང། །རིན་པོ་ཆེ་དང་འབྲུ་ཡི་ཆན། །རྒྱལ་པོའི་ཆད་པ་མྱོས་འགྱུར་ཆང༌། །
ཇ༽ ཇོ་བོ་ཇ་སིགས་ཇི་སྙེད་དང། །ཇི་སྐད་ཇི་སྲིད་ཇི་ལྟར་དང། །ཇེ་ཆེར་སོང་ནས་ཇག་པ་བྱས། །
ཉ༽ (འདི་རྣམས་ལ་མ་མྱ་སྤོང་བར་སྟོན)ཉོན་མོངས་ཅན་གྱིས་ཉ་ཤ་ཉོས། །
ཏ༽ གཙུག་ཏོར་དཀོན་ཅོག་ཏ་ལ་ལ(སྒྲོན་མེ་དང་ཡེ་ཤེས་སྒྲོན་མེ་ཞེས་པའང་འཇུག)། །ཏིང་འཛིན་རྒྱལ་པོ་མེ་ཏོག་དང། །མུ་ཏིག་ཆུན་པོ་ཏིང་ཤགས་དང། །ལོ་ཏོག་ཏ་ལའི་འདབ་མ་ཏིལ། །སླེ་ཏྲེས་ཏིག་ཏས་ནན་ཏན་དུ། ། ཡོན་ཏན་རིན་ཆེན་ཏོག་ཕྱིར་མཆོད། །ཏུག་རིང་ཏུག་ཆོམ་ཏོག་ཏོག་སྒྲ། །རྟག་ཏུ་ནན་ཏུར་ཤིན་ཏུ་བྱས། ། རྒྱབ་ཏུ་གལ་ཏེ་ཕ་རོལ་ཏུ། །བརྟགས་ཏེ་བསྟན་ཏེ་ལེགས་བསྟར་ཏེ། །སྩལ་ཏོ་གྱུར་ཏོ་ཕྱིན་ཏོ་སོགས། །
ཐ༽ ཐྲིག་ཐྲིག་(འདུལ་བ་ལས་འབྱུང)ལྷམ་གྱི་སྒྲ་སྐད་དོ། །
ད༽ ཤིང་དྲུང་དྲང་སྲོང་དྲང་པོར་བཞུགས། །མ་དྲོས་(ཀླུའི་རྒྱལ་པོ་མ་དྲོས་པ་ལའང)མཚོ་རུ་གཡུང་དྲུང་བརྙེས། །ཕྱི་དྲོ་སྔ་དྲོའི་དུས་དྲུག་(སྨིན་དྲུག་སོགས)ཏུ། །དྲི་བ་ཀུན་གྱི་དྲིས་ལན་འདེབས། །དྲག་པོ་དྲག་ཤུལ་ནོར་གྱིས་དྲེགས། །གཞན་དྲིང་མི་འཇོག་དྲིལ་བུ་དང། །དྲི་མཆོག་དྲ་བ་དྲ་ཕྱེད་དང། །བཀའ་དྲིན་དྲན་དང་དྲེད་ལྤགས་དང། །དྲེའུ་རྔོག་དང་དྲི་མས་སྦགས། །དྲོད་དང་དྲོ་བ་ས་ལ་དྲུད། །ཁྲིམས་སོགས་དྲལ་(ལྕམ་དྲལ་ལའང་ངོ)དང་ཟས་དྲངས་དྲོངས། །ཚེམ་དྲུབ་དང་ནི་ཐལ་བའི་དྲགས། །ཡ་རབས་དྲ་མ་ལ་སོགས་པ། །ད་ཡིག་ར་བཏགས་ཅན་དུ་བྲི། །
པ༽ པང་པའི་པར་བུ་(སྣོད)པ་ཝ་སངས། །གཅིག་པུར་པིར་གྱིས་པི་ཝང་བྲིས། །པུ་ཤུའི་(མདའ་ཡབ)པུ་ཤུད་(བྱ)པི་པི་ལིང་(དྲོད་སྨན)། །པྲ་ཕབ་(མེ་ལོང་སོགས་ལ)སྟག་གི་པགས་པ་སོགས། །
ཕ༽ (འདི་རྣམས་ལ་འཕུལ་ཡིག་སོགས་སྤང)ཕྲ་མ་ཕྲག་དོག་ཕྲག་པ་(ལུས་ཀྱི)དང། །ཕྲན་ཚེགས་བརྒྱ་ཕྲག་མི་ཕམ་མགོན། །ཕྲ་ཞིབ་རྡུལ་ཕྲན་ཕྲུག་གུ་དང། །ཚིག་ཕྲད་རྒྱན་གྱི་ཕྱང་ཕྲུལ་ཕྱལ། །ཕྱང་ངེ་བ་དང་ཕྲུ་མ་(མངལ་གྱི་ཕྲུ་མ་དང་དམག་གི་ཕྲུ་མ་བཏབ་ཅེས་པའོ)དང། །ཕྲུ་བ་ཤུར་བུ་ཕྲེའུ་(སྐ་རགས་ཀྱི་བྱེ་བྲག)དང། །ཕྱོགས་བཅུར་ཙན་དན་ཕྱེ་མ་འཐོར། །གནས་སུ་ཕྱིན་དང་ཤུགས་ནས་ཕྱུང། །ཕྱག་དར་འགྲོ་དོན་ཕྱད་པར་བྱེད། །ཕྱག་ཏུ་ཕྱེད་ཕུལ་ནོར་གྱིས་ཕྱུག །མི་གཙང་ཕྱི་ས་ཕྱི་རོལ་དོར། །
བ༽ བྱིན་རླབས་གནས་སུ་བླ་བྲེ་བྲེས། །བྱི་བྲུན་ས་ཡི་དོང་དུ་བྲུབས། །བྲག་རིའི་བྱང་གི་བྲམ་ཟེ་རྣམས། །ཡི་གེར་བྲིས་ལ་བསོད་སྙོམས་བྲིམས། །བྱེས་ནས་བྱོན་ལ་བྱུག་པ་བྱིན། །བྱིས་པས་བྲན་གྱི་བྱ་བ་བྱོས། །བྲང་(ལུས་ཀྱི་བྲང་ཡང་ངོ)འགྲོའི་དུག་རྣམས་བྱམས་པས་ཐུལ། །བྲེ་ཡིས་བཤར་བའི་བྱེ་མས་བྲབ།། བྱད་དང་བྱུར་རྣམས་བྱབས་པས་བྱེར། །བྱོལ་སོང་བྱག་མཁན་ཤིན་ཏུ་བྲེལ། །བྲོ་གར་བྲོ་བོར་(མནའ་བསྐྱལ་བའི་མིང)བྲོ་ནད་(ནད་ཀྱི་མིང)དང། །ཆུ་བྲུག་(ཆུ་བྲུག་པར་སྣང)པ་དང་བྲུ་བ་ཚ་(ལྟོགས་པའོ)། །ཐབས་བྲལ་འདམ་བྱིང་བྲང་ངེར་སྣང། །རིན་ཆེན་བྱུ་རུ་བྱི་ལ་དང། །བླ་མའི་བླ་དྭགས་བདེ་བླག་(འདིར་ངེས་པར་ཞེས་པའམ་ཐེ་ཚོམ་མེད་པའམ་ཟབ་མོ་ཞེས་པའི་དོན)དང། །བློན་པོ་བློ་གྲོས་རྣ་བ་བླགས་(རྣ་བ་གཏོད་པའི་དོན)། །བླུན་པོ་རིན་གྱིས་བླུས་ཀྱང་བླ་(རུང་ཞེས་སམ་ཆོག་གམ་བཟོད་ཅེས་པའི་དོན་ནོ)། །བླ་མེད་བླ་གོས་བླ་གབ་(སྟེང་གཡོགས་པའོ)དང། །སྨན་བླ་སྤྱི་བླུགས་བླ་ན་(གོང་ན་ཞེས་པའོ)གཉན། །སོས་བླད་ལན་བླན་ཆུ་བླུད་སོགས། །(རིག་པ་མི་གསལ་བའི་བློང་བློང་དང་ཚོན་རྩི་བ་བླ་སོགས)བ་ཡིག་ཡ་ར་ལ་ཡིས་བརྒྱན། །
མ༽ མྱུར་བར་རོ་མྱགས་འདམ་ལས་རྒོལ། །མྱང་འདས་རོ་མྱང་བདེ་བ་མྱོང། །ནགས་མྱུལ་མྱུ་གུའི་ཆང་གིས་མྱོས། །
ཙ༽ ཙུག་ཙུག་(ཟས་ཟ་བའི་ཁའི་སྒྲ)མི་བྱ་ཙོག་ཙོག་པུར། །འདུག་པ་དེ་ཙམ་དེ་ཙུག་ལགས། །ནེ་ཙོ་ཙམ་པ་ཀ་མེ་ཏོག །
ཚ༽ ནགས་ཚལ་སྐྱེད་ཚལ་ཚོན་གྱི་བཀྲ། །ལང་ཚོ་ལྡན་པའི་སྡེ་ཚན་ཚོགས། །ལན་ཚྭའི་ཆུ་སོགས་འཕུལ་མེད་ཅན། །
ཝ༽ ཝ་ནི་དུད་འགྲོའི་བྱེ་བྲག་སྟེ། །
ཞ༽ ཞྭ་ཞ་མགོ་གཡོགས་ཡན་ལག་ཉམས། །
ཟ༽ ཟྭ་ནི་སྔོ་ཚོད་ཚེར་མ་ཅན། །མཁའ་ཡི་ཟླ་བ་ཟླ་གྲོགས་དང། །དུས་ཀྱི་ཟླ་བ་མྱ་ངན་ཟློ། །སྔགས་ཟློས་ཟློས་གར་གཞན་ལ་ཟློ། །ཟླ་གམ་ཟླུམ་པོ་ཟླས་དབྱེ་དང། །འགྲན་ཟླ་མེད་དང་ཟློག་པ་སོགས། །
འ༽ དེའི་རྒྱན་ཚིག་ལེའུར་བྱས་པ་དག །ཀོའུ་ཤི་ཀ་གོའུ་ཏ་མ། །དཔལ་བེའུ་རྔེའུ་ཆུང་དུད་འགྲོ་སྤྲེའུ། །
ར༽ རྭ་ནི་དུད་འགྲོའི་མགོ་ལ་སྐྱེས། །རླབས་ཆེན་དབའ་རླབས་བྱིན་རླབས་རློབས། །མངོན་རློམ་རློམ་སེམས་རློམ་པ་ཅན། །ཁ་རླངས་རློན་པ་རྡུལ་དུ་རློག །རླུང་གིས་དགྲ་བོ་རླག་པར་བྱེད། །ཁུང་བུའི་རླུབས་དང་མདོམས་ཀྱི་རླིག །
ཤ༽ ཤར་ཕྱོགས་ཤེལ་གྱི་གནས་ཤིག་ན། །འདབ་ཆགས་ཤང་ཤང་ཤིང་ཁར་ཤི །ཤུལ་དུ་ཤིང་ཟན་གྱིས་ཤེས་འཛེར། །ཤེས་ལྡན་ཤམ་ཐབས་ཤུར་བུས་བཅིངས། །ཤེད་བུ་ཤེད་བདག་ཤེད་ལས་སྐྱེས། །ཤུན་ལྤགས་དང་ནི་ཤུབ་བུས་ཟློས། །
ས༽ འདི་རྣམས་ཀྱང་ས་ཡིག་སྔོན་འཇུག་མེད་པའི་སྡེ་ཚན་ཡིན)སངས་རྒྱས་སོར་མོ་སེ་མོ་དོ། །སིལ་སིལ་སྒྲ་ལྡན་སིལ་སྙན་དང། །སེན་མོ་ཟངས་མདོག་སོ་རྣམས་དཀར། །འོད་སྲུངས་སྲས་བཅས་ལམ་སྲང་དུ། །སྲ་མཁྲེགས་སྲིད་པ་སྲུལ་བོའི་ཕྱིར། །སྲིན་པོ་ལུས་སྲུལ་ཚེ་སྲོག་ཟ། །རྣམས་ལའང་སྲོད་དང་ས་སྲོས་ཚེ། །དྲང་སྲོང་ལམ་སྲོལ་བརྩེ་བས་སྟོན། །དུད་འགྲོ་སྲམ་དང་སྲེག་པ་སོགས། །ཡིད་སྲུབས་(འདི་འདོད་པའི་མིང་ཡིན་ལ་སྲུབ་ཤིང་སྲུབ་ཐག་སོགས་ཀྱང་ངོ)ལས་བྱུང་སྲེ་ནག་རྣམས། །ཡེ་ཤེས་མེས་སྲེག་སྲབ་མོར་མཛད། །ཅེས་པ་རྐྱང་པའི་བརྡ་བྱེ་བྲག་ཏུ་བཤད་པ་སྟེ་རྣམ་པར་བཅད་པ་དང་པོའོ།། །།
ན་མཿསམྦྷོ་ཊཱ་ཡ། དེ་ཡང་འཇམ་དབྱངས་སྤྲུལ་པ་ཡིས། །(རྟགས་ཀྱི་འཇུག་པ་ལས)ཕོ་ཡི་ཡི་གེ་འབའ་ཞིག་ལ། །སྡེ་པ་ཕྱེད་དང་བརྒྱད་གནས་པའང༌། །སྡེ་ཚན་ལྔ་རུ་དྲིལ་བྱས་ལ། །ཕོ་དང་མ་ནིང་མོ་དང་ནི།། ཤིན་ཏུ་མོ་དང་བཞི་བཞི་རུ། །སྡེ་པ་བཞི་པ་ཡན་ཆད་དབྱེ། །ལྷག་མ་བཅུ་བཞི་གནས་པ་ལ། །ཙ་སོགས་གསུམ་ནི་(ཙ་ཚ་ཛ་དང)ཅ་སོགས་(ཅ་ཆ་ཇ་དང)སྦྱར། །ཝ་ནི་བ་དང་སྦྱར་བར་བྱ། །ལྷག་མ་དྲུག་ནི་(ཞ་ཟ་འ་ཡ་ཤ་ས་དང)མོ་རུ་སྦྱར། །ར་ལ་ཧ་ནི་མོ་གཤམ་སྟེ། །མ་ནིང་མཚན་མེད་ཅེས་ཀྱང་བྱ། །ཞེས་གསུང་དེ་ཡང་འདི་ལྟར་དབྱེ། །ཕྱོགས་སུ་ལྷུང་བ་ཉི་ཤུ་དགུ། །(ཨ་ཡིག)སུམ་ཅུ་པ་ནི་ཕྱོགས་ལྷུང་མེད། །ཀ་ཅ་ཏ་པ་ཙ་རྣམས་ཕོ༑ ༑ཁ་ཆ་ཐ་ཕ་ཚ་མ་ནིང། །ག་ཇ་ད་བ་ཛ་ཝ་ཞ །ཟ་འ་ཡ་ཤ་ས་རྣམས་མོ། །ང་ཉ་ན་མ་ཤིན་ཏུ་མོ། །ར་ལ་ཧ་ནི་མོ་གཤམ་མོ། །མོ་གཤམ་དང་ནི་ཤིན་ཏུ་མོ། །གཉིས་ཀྱང་མོ་ལས་གཞན་དུ་མིན། །(ཡང་དེ་ཉིད་ལས)མོ་ཡི་ཡི་གེའི་ནང་ནས་ནི། །འཇུག་པའི་ཡི་གེ་བཅུ་དབྱུང་བྱ། །ག་ང་ད་ན་བ་མ་འ། །ར་ལ་ས་རྣམས་རྗེས་འཇུག་གོ །འཇུག་པ་བཅུ་ཡི་ནང་ནས་ནི། །སྔོན་འཇུག་ཡི་གེ་ལྔ་དབྱུང་བྱ། །ག་ད་བ་མ་འ་རྣམས་སོ༑ ༑སྔོན་འཇུག་ཡི་གེ་ལྔ་པོ་ལ། །ཕོ་དང་མ་ནིང་མོ་དང་ནི། །ཤིན་ཏུ་མོ་དང་བཞི་རུ་དབྱེ། །བ་དང་ག་ད་འ་དང་མ། །རིམ་པ་བཞིན་དུ་སྦྱར་བར་བྱ། །དེ་དག་རེ་རེའང་བཞི་བྱེད་དེ། །གང་ལ་འཇུག་བྱེད་གང་གིས་བྱེད། །ཇི་ལྟར་འཇུག་བྱེད་ཅི་ཕྱིར་བྱེད། །ཕོ་ནི་ཕོ་དང་མོ་ལ་འཇུག །མོ་ནི་མོ་དང་མ་ནིང་ལའོ། །མ་ནིང་ཡང་ནི་ཕོ་མོ་ལའོ། །ཤིན་ཏུ་མོ་ནི་མ་ནིང་དང། །མོ་དང་ཤིན་ཏུ་མོ་ཉིད་ལའོ། །ཞེས་པའི་ཚིག་ཀྱང་འདི་ལྟར་དབྱེ། །བ་ཡིག་སྔོན་འཇུག་(འདིར་ཡང་ཀ་ག་ས་གསུམ་རྐྱང་བརྩེགས་གཉིས་ཀ་འཕུལ། ར་ལ་གཉིས་བརྩེགས་པ་ཁོ་ན་འཕུལ་གཞན་རྣམས་རྐྱང་པ་ཁོ་ན་འཕུལ་ལོ། །མཁས་པ་དག་གིས་ཀྱང་བརྩེགས་པ་འཕུལ་བ་ལས་མེད་ཅེས་བཤད་དོ)ཕོ་ཡིན་པས། །མིང་གཞིའི་ཕོ་ཡིག་ཀ་ཅ་དང། །ཏ་ཙ་(བཞི་དང)མོ་ཡིག་ག་ད་ཞ། །ཟ་ཤ་ས་ན་ར་ལའོ་(དགུ་ལའོ)། །མོ་ཡིག་འ་ནི་མིང་གཞི་ཡི། །མོ་ཡིག་ག་ཇ་ད་བ་ཛ། །མ་ནིང་ཁ་ཆ་ཐ་ཕ་ཚ། །མ་ནིང་ག་དང་ད་གཉིས་ནི། །ཕོ་མོའི་ཡི་གེ་ལ་འཇུག་སྟེ། །ག་ནི་ཕོ་ཡིག་ཏ་ཅ་ཙ། །མོ་ཡིག་ད་ཞ་ཟ་ཡ་ཤ །ས་ཉ་ན་དང་བཅུ་གཅིག་ལའོ། །ད་ནི་ཕོ་ཡིག་ཀ་པ་དང། །མོ་ཡིག་ག་ང་བ་མ་ལའོ། །མ་ཡིག་འཕུལ་བྱེད་ཤིན་ཏུ་མོ། །དེ་ནི་མ་ནིང་ཁ་ཆ་དང།། ཐ་ཚ་མོ་ཡིག་ག་ཇ་ད། །ཛ་ཉ་ང་ན་བཅུ་གཅིག་ལའོ། །མི་འཇུག་པ་ནི་འདི་དག་སྟེ། །(སྔོན་འཇུག)ཕོ་(བ་ཡིག)ནི་(མིང་གཞིའི)མ་ནིང་(ཁ་ཆ་ཐ་ཕ་ཚ་རྣམས)ལ་ནི་མི་འཇུག །(སྔོན་འཇུག)མོ་(འ་ཡིག)ནི་ཕོ་(ཀ་ཅ་ཏ་པ་ཙ་རྣམས)ལ་འཇུག་པ་མིན། །མ་ནིང་(ཁ་ཆ་ཐ་ཕ་ཚ)རང་(མིང་གཞིའི་ག་ད་གཉིས་པོ་སྔོན་འཇུག་གི་མ་ནིང་ཡིན་པས)ལ་རང་མི་འཇུག།། རང་གི་སྡེ་དང་ཕྲད་པ་ན། །(སྔོན་འཇུག)ཕོ་(བ་ཡིག)ཡང་(མིང་གཞིའི་མ་ཡིག་ལྟ་བུ)མོ་ལ་འཇུག་མི་འགྱུར། །(ག་ད་གཉིས་པོ་སྔོན་འཇུག་གི)མ་ནིང་(ཡིན་པས་མིང་གཞིའི་ཕོ་མོ་ལ་སྤྱིར་འཇུག་ཀྱང་རང་སྡེ་དང་ཕྲད་པའི་ཚེ། ཀ་དང་ང་གཉིས་མིང་གཞིའི་ཕོ་མོ་ཡིན་ཀྱང་གས་མི་འཕུལ། ཏ་དང་ན་གཉིས་དས་མི་འཕུལ་བ་སོགས་ཤེས་པར་བྱའོ)མོ་ཡང་དེ་བཞིན་ནོ། །ཇི་ལྟར་འཇུག་པར་བྱེད་ཅེ་ན། །ཕོ་ནི་དྲག་པོའི་ཚུལ་གྱིས་ཏེ། །མ་ནིང་རན་པར་འཇུག་པ་ཡིན། །མོ་ནི་ཞན་པའི་ཚུལ་གྱིས་འཇུག །ཤིན་ཏུ་མོ་ནི་མཉམ་པས་སོ། །(སྒྲ་དྲག་ཞན་བར་མ་གསུམ་དང་སྒྲ་མཉམ་པར་འབྱུང་ཞེས་པ་སྟེ། དཔེར་ན་བཀས(དྲག)། གདའ(རན)། འགའ(ཞན)། མཁའ་(མཉམ)ཞེས་པ་ལྟ་བུའོ)ཅི་ཕྱིར་འཇུག་པར་བྱེད་ཅེ་ན། ཕོ་ནི་(བ་ཡིག)འདས་དང་གཞན་བསྒྲུབ་ཕྱིར(གོས་བཀབ་ལམ་བསྟན་ལྟ་བུའོ)། །མ་ནིང་(ག་ད)གཉིས་ཀ་ད་ལྟར་ཆེད(གཞོན་ནུ་ཆོས་ལ་གཞོལ། དགའ་བས་དགོད)། །མོ་ནི་བདག་དང་མ་འོངས་ཕྱིར(འབྱང་བར་འགྱུར། འབྱུང)། །ཤིན་ཏུ་མོ་(མ་ཡིག)ནི་མཉམ་ཕྱིར་རོ(མཁྱེན་པ་མངའ་མཉམ་པར་གཞོག་མངོན་སུམ་མཇལ)།
།ཞེས་པར་སྔོན་འཇུག་གཏན་ལ་ཕབ། །ད་ནི་དེ་དག་སོ་སོ་ཡི། །བརྡ་ཡི་འཇུག་པ་བསྟན་པའི་ཕྱིར། །རིམ་པ་བཞིན་དུ་སྤྲོ་བར་བྱ། །ཐོག་མར་(སྔོན་འཇུག་གི་ཕོ)བས་འཕུལ་བཤད་པ་ལ། །རྐྱང་འཕུལ་དང་ནི་བརྩེགས་འཕུལ་ལོ། །ཀ་ཅ་ཏ་ཙ་ག་ད་ཞ། །ཟ་ཤ་ས་(བཅུ་པོ)རྣམས་རྐྱང་འཕུལ་ཏེ། །དཔེར་བརྗོད་རིམ་བཞིན་བསྟན་པར་བྱ། །གནང་བཀག་(འགྲོ་བ་བཀག་སོགས་ནི)སྣོད་བཀང་(ཐུགས་དམ་བསྐང་སོགས)བཀད་ས་(ཟས་ཀྱི་གཡོ་ཁང)དང༌། །ལག་པ་བཀན་དང་གོས་སོགས་བཀབ། ། བཀའ་བསྒོ་ལོགས་སུ་བཀར་བ་དང། །ཁལ་དང་ཁྲལ་དང་སྲད་བུ་བཀལ། །དུམ་བུར་བཀས་དང་མདུན་དུ་བཀུག །སྲོག་བཀུམས་པ་དང་(མང་པོས་བཀུར་སོགས)བཀུར་སྟི་དང། །(ཁུ་བ་འབྱིན་པའི)སྨན་བཀུ་བ་དང་(ཁུ་བ་བཏོན་པའི་སྨན)བཀུས་ཏེ་བོར། །བདེ་ལ་བཀོད་དང་ཟུར་དུ་(སྣོད་སྤྱད་སོགས་བཀོལ་བ)བཀོལ། །བཅིངས་པའི་བཀྱིགས་དང་ཕོ་ཉ་བཀྱེ་(སྤྲུལ་པ་བཀྱེ་འོད་བཀྱེ་ལྟ་བུ)། །རྣམ་བཀྲ་བཀྲ་ཤིས་བཀྲག་མདངས་ཅན། །རྒྱལ་པོས་བཀྲབས་དང་མེ་ཏོག་བཀྲམ། །ཁྲལ་སོགས་(དགོངས་པ་བཀྲལ)བཀྲལ་དང་ཁྲིད་པའི་བཀྲི(གཞན་གྱིས་བཀྲི་བར་མི་བཏུབ་ལྟ་བུ)། །ཁྲུས་ཀྱིས་བཀྲུ་བཀྲུས་དབུལ་བའི་བཀྲེན། །ལྟོགས་པའི་བཀྲེས་དང་བསད་པའི་བཀྲོངས། ། མདུད་པ་དགོངས་པ་བཅིངས་པ་བཀྲོལ། །མདོ་སྡེ་བཀླགས་སོགས་བས་འཕུལ་ཀའོ། །
བཟའ་བཅའ་(དམ་བཅའ་དང༌ཁྲིམས་བཅའ་སོགས)ཞབས་ཀྱིས་བཅགས་པ་དང། །ལག་ཏུ་བཅངས་(ནོར་བཅངས་པ་སོགས)དང་ཤིང་སོགས་བཅད། །ཉེས་པ་བཅབས་དང་མིག་སོགས་བཅར། །ནོར་བཅོལ་ཁྲིམས་བཅས་ཕྱིར་བཅིལ་དང། །བཅིང་བས་བཅིངས་དང་ནང་དུ་བཅུག །བཅུད་ལེན་(རས་ནང་དུ་ཟས་ཀྱི་བཅུད་སོགས)ནང་དུ་བཅུམ་པ་དང། །བཅུ་དང་བཞི་བཅུ་ལྔ་བཅུ་དང། །དགུ་བཅུ་(བཅུ་ཚན་བཞི་པོ་འདི་ལ་བས་འཕུལ་ཡོད་པ་ཡིན་ནོ)དང་ནི་ཆུ་བཅུ་དང། །བཅོ་ལྔ་བཅོ་བརྒྱད་བཅོམ་ལྡན་འདས། །དགྲ་བཅོམ་བསྟན་བཅོས་རས་བཅོས་བུ(བཅོས་མ་ལའང་ངོ)། །ལས་བཅོལ་ལ་སོགས་བས་འཕུལ་ཅའོ། །
མིང་བཏགས་བློས་བཏང་སྤྱིར་བཏང་དང། །རི་བོ་བཏང་བཟུང་བཏང་སྙོམས་དང། །ས་བོན་བཏབ་དང་གདན་བཏིངས་དང། །སྔགས་བཏུ་ཀུན་ལས་བཏུས་དང་བཏུད་(ཞབས་ལ་བཏུད་སོགས)། །རུང་བའི་བཏུབ་དང་དགྲ་བོ་བཏུལ། །སྐོམ་གྱི་བཏུང་བ་བྱེས་སུ་བཏེག །དེ་སོགས་བ་ཡིས་འཕུལ་བའི་ཏ། །
དམར་བའི་བཙག་དང་(ཚགས་ཀྱིས་བཙགས་ཞེས་པའང་ངོ)བཀའ་བཙན་དང། །ལྕགས་ཀྱི་བཙའ་དང་ནོར་སོགས་བཙལ། །བུ་བཙས་ཀོ་བཙས་(གྲུ་བཙས་ལ་བཙས་ཀྱང)བཙན་དུག་དང། །འཚིར་བའི་བཙིར་དང་ཤིང་སོགས་བཙུགས། །ནང་དུ་བཙུད་དང་བཙུན་པ་དང། །བཙུན་མོ་མིག་བཙུམས་གོས་བཙེམས་དང། །བཙོ་བླག་མཁན་(ཚོས་མཁན་ནོ)དང་བཙོ་མའི་གསེར། །ངན་པའི་བཙོག་(རྡེག་བཙོག་ཀྱང)དང་སྒོག་བཙོང་དང། །ཚོས་ཀྱི་བཙོད་དང་བཙོན་དུ་བཟུང། །ཟོང་དུ་བཙོངས་དང་ཚོས་ཀྱིས་བཙོས། །དེ་རྣམས་ཙ་ཡིག་བས་འཕུལ་ཅན། །
ལམ་བགགས་པ་དང་གད་མོ་བགད། །སད་པའི་བགམ་དང་གེགས་བྱེད་བགེགས། །བགོ་བ་བགོས་དང་དུས་སོགས་བགྱངས་(འགྱངས་ཞེས་པའང་འཐད)། །བྱ་བའི་བགྱི་དང་བྱེད་པའི་བགྱིད། །བྱས་པའི་བགྱིས་དང་གྲངས་ཀྱི་བགྲངས་(བགྲང་ཕྲེང་ཡང་ངོ)། །མིག་སོགས་བགྲད་(བསྒྲད་ཅེས་པའང་འཐད)དང་རྒན་པའི་བགྲེས། །གྲོས་བྱེད་བགྲོ་སོགས་(བགྲོ་གླེང་ལྟ་བུ)བས་འཕུལ་གའོ། །
བདག་གཞན་བདག་པོ་བདའ་(འདེད་པའི་བདའ་བ་དང་བདའ་དེད་བྱེད་པ)བའི་ཟས། །མདུན་དུ་བདར་དང་ཕྱུགས་སོགས་བདས། །བདུག་སྤོས་(ཤུག་པ་སོགས)བདུད་དང་བདུད་རྩི་དང། །གྲངས་ཀྱི་བདུན་དང་སིམ་པའི་བདེ། །བདེ་གཤེགས་བདེན་གཉིས་བདོག་པའི་ནོར། །(གཞུ་བདུངས་ཞེས་པའང་བས་འཕུལ་ཡིན་ནོ)དར་བའི་བདོ་སོགས་བས་འཕུལ་དའོ། །
གནས་སུ་བཞག་ཟིན་(ནང་ཁྲོལ་བཞག་ཀྱང་ངོ)གད་མོ་བཞད། །བཞབས་ནས་འགྲོ་དང་བཞམས་བསྒོ་བྱེད། །བརླན་པའི་བཞའ་(བཞེར་བ་དང)དང་སྐྲ་སོགས་བཞར། །གྲངས་ཀྱི་བཞི་དང་དེ་བཞིན་ཉིད། །སྐར་མ་མེ་བཞི་གྲོ་བཞིན་དང། །བྱི་བཞིན་དཔང་པོའི་ཆེ་བཞི་(གྲངས་ཀྱི་བཞི་མིན་ནོ)དང། །བྱད་བཞིན་མར་བཞུ་སྟན་ལ་བཞུགས། །འབྱོན་བཞུད་བཞུན་(ནོར་བཞུན་གཡོག་བཞུན་སོགས)དང་སྟན་ལས་བཞེངས། །དགོངས་བཞེད་ཟས་བཞེས་འོ་མ་བཞོ། །བཞོན་པ་(རྟ་སོགས)ཞོན་སོགས་བས་འཕུལ་ཞའོ། །
བཟའ་བ་(བཟའ་མི་དང་རྒྱ་མོ་བཟའ་བལ་མོ་བཟའ་སོགས)བཟང་པོ་བཟབས་ནས་(གཟབས་ཞེས་ཀྱང་འཐད)སྦྱིན། ། ཟས་བཟས་མྱོས་པའི་བཟི་བ་དང༌། །གཏུམ་པའི་མི་བཟད་ལག་པས་བཟུང༌། །ལྷུང་བཟེད་(སྣོད་ཁ་བཟེད་པའང)བཟོད་ཞལ་བཟོ་བོ་དང༌། །བཟོད་པ་ཚོགས་བཟླུམས་གཅིག་ཏུ་བཟླུམས། །གཟུངས་སྔགས་བཟླ་བཟླས་མྱ་ངན་བཟླ། །མི་བཟློག་པ་དང་གཡུལ་བཟློག་སོགས། །ཟ་ཡིག་སྔོན་དུ་བ་ཞུགས་ཅན། །
སྡིག་བཤགས་བཤང་གཅི་ཆོས་སོགས་བཤད། །བཀོད་པ་བཤམས་དང་བྲེ་ལ་བཤར(འཕྲང་ལ་བཤར་བའང)། །ཆུས་བཤལ་གསད་བྱའི་བཤས་དང་ནི། །མཁར་སོགས་བཤིག་དང་ཀོ་ལྤགས་བཤུས། །བཤེར་མལ་བྱེད་དང་མཛའ་བཤེས་དང༌། །བཤེས་གཉེན་གཡོ་བའི་བཤོ་བ་དང༌། །གཡོས་པའི་བཤོས་དང་ལྷ་བཤོས་དང༌། །ཕྱི་བཤོལ་ལ་སོགས་བས་འཕུལ་ཤའོ། །
ཚོགས་བསགས་དྲི་མས་སྦགས་པ་བསངས། །སེམས་ཅན་བསད་དང་དྲིན་ལན་བསབས། །བསམ་པ་བསམ་བྱ་བསམས་པ་དང༌། །བཀག་པ་བསལ་དང་དམིགས་བསལ་དང༌། །མདུན་ནས་བསུ་དང་དྲི་བསུང་དང། །རི་དྭགས་བསེ་རུ་ཀོ་བའི་བསེ། །ནོར་བསོགས་བསོད་ནམས་བསོད་སྙོམས་དང༌། །བསོད་པའི་ཟས་སོགས་བས་འཕུལ་སའོ། །
དེ་རྣམས་རྐྱང་པ་བརྩེགས་པ་ཡི། །ས་ར་ལ་རྣམས་འཕུལ་ཚུལ་ནི། །རིམ་པ་བཞིན་དུ་དགོད་བྱ་སྟེ། །རོ་བསྐ་བ་(ཨ་རུ་རའི་རོ་ལྟ་བུ)དང་ཁ་བསྐངས་(མ་ཚང་བ)དང༌། །ཆུ་བོ་བསྐམས་དང་ཡུལ་གྱིས་བསྐལ་(བསྐལ་དོན་ཤ་ཟའང)། །བསྐལ་པ་དུས་ཡིན་སྦས་པའི་བསྐུངས། །བྱུག་པ་བསྐུ་བསྐུས་ཡན་ལག་བསྐུམས། །འཕྲིན་དང་དབང་བསྐུར་ཆོས་ལ་བསྐུལ། །དྲིན་གྱིས་བསྐྱངས་དང་བསྐྱད་དུ་མེད་(དཔག་ཏུ་མེད)། །འཇིགས་ལས་བསྐྱབས་དང་སྣོད་མི་བསྐྱམ་(ལྷུང་བཟེད་མི་བསྐྱམ་ཞེས་པ་ལྟ་བུ)། །སླར་ཡང་བསྐྱར་དང་གནས་སུ་བསྐྱལ། །འཕོས་པའི་བསྐྱས་དང་ནོར་བསྐྱི་(བསྐྱིས་པའང)དང༌། །བསྐྱིན་པ་འཇལ་དང་འཁྱིལ་བའི་བསྐྱིལ། །གཅོམ་བསྐྱུངས་པ་དང་བྱ་བ་བསྐྱུངས། །བརྗེད་པའི་བསྐྱུད་དང་བྱ་བ་བསྐྱུར། །སེམས་སོགས་བསྐྱེད་དང་མི་བསྐྱོད་དང༌། །བསྐོར་བ་གོས་བསྐོན་རྒྱལ་སར་བསྐོས། །གནས་ནས་བསྐྲད་དང་ཟས་ལ་བསྐྲུ། །བསྐྱེད་པའི་བསྐྲུན་དང་རྟ་ལ་བསྐྱོན། །དེ་རྣམས་བས་འཕུལ་ས་མགོའི་ཀའོ། །
མནའ་བསྒགས་པ་དང་བྱ་བའི་(དངོས་གཞི)བསྒང༌། །བུ་རམ་བསྒར་དང་འཕྲང་དུ་བསྒུགས། ། བག་ཆགས་བསྒོ་བསྒོས་བཀའ་བསྒོ་དང༌། །གཅིག་ཏུ་བསྒོངས་དང་ཏིང་འཛིན་བསྒོམས། །སེང་གེ་རྣམ་བསྒྱིངས་ཁ་དོག་བསྒྱུར། །ཆོག་བསྒྲགས་ཆུ་བསྒྲལ་ཕྱོགས་གཅིག་བསྒྲིགས། །བསྒྲིན་མི་ཕོད་དང་འོད་སོགས་བསྒྲིབས། །བློ་བསྒྲིམས་བསྒྲུབ་བྱ་བསྒྲུན་མི་ནུས། །(བྱ་བ)བསྒྲུབ་པ་རིགས་བསྒྲེ་རྒྱལ་མཚན་བསྒྲེང༌། །གཞན་གྱིས་མི་བསྒུལ་སྲད་བུ་བསྒྲིལ། །གན་རྐྱལ་བསྒྱེལ་སོགས་བས་འཕུལ་སྒའོ། །
སྡུག་བསྔལ་སྤང་ཕྱིར་དགེ་བ་བསྔོ། །བསྔགས་པ་བརྗོད་དང་ཁ་དོག་(རྣམ་པར་བསྔོས་པའི་འདུ་ཤེས་ཞེས)བསྔོས། །ཞེས་པ་བས་འཕུལ་སར་བཏགས་ངའོ། །
རྒྱུ་མཚན་བསྙད་དང་ཕར་ལ་བསྙབས། །ཕན་ཚུན་བསྙམས་དང་ཐང་ལ་བསྙལ། ལྷུང་བཟེད་བསྙིགས་དང་ཕྱིར་བསྐྲད་བསྙིལ། །ན་བའི་བསྙུན་(སྙུན་ཞེས་པ་ནད་ཀྱི་མིང་ཡིན་ལ་འདི་ནི་ཚ་བའི་སྙུན་གྱིས་བསྙུན་ཞེས་པ་ལྟ་བུ་སྟེ་ན་བའི་མིང་ངོ)དང་རྗེས་བསྙེགས་དང༌། །འཇིགས་པའི་བསྙེངས་དང་བསྙེན་བཀུར་དང༌། །དགེ་བསྙེན་བསྙེན་གནས་བསྙེན་རྫོགས་དང༌། །ཟས་བསྙོད་བསྙོན་ཏོལ་(བསྙོན་ཅན་བསྙོན་དོར་ཅན་སོགས་ཀྱང)ནས་སོགས་བསྙོར། །ཞེས་སོགས་(ཡོ་བྱད་བསྙངས་པ་ཞེས་པའང་ངོ)བ་ཡིས་འཕུལ་བའི་སྙའོ། །
བསྟི་སྟང་བསྟང་(མདོར་བསྡུས་རྒྱས་དང་སངས་རྒྱས་ཀྱི།།བསྟང་བས་ཡོངས་སུ་མ་བཟུང་དང་།།ཞེས་པའོ)བས་མ་བཟུང་དང༌། །སྣ་བསྟད་པ་དང་འགྲོ་ཆས་བསྟད། །བསྟན་བཅོས་དང་ནི་གཞན་ལ་བསྟན། །བྱིན་ལེན་བསྟབས་དང་བསྟི་གནས་(ངལ་གསོ་བའི་གནས)དང༌། །ཐུང་ངུ་བསྟུངས་དང་སླར་ཡང་བསྟུད། །གཞུང་དང་བསྟུན་(བྱ་བ་བསྟུན་པ་སོགས)དང་བཟབས་པའི་བསྟར། །འཕྱ་བའི་བསྟིང་དང་བསྟོད་པ་བྱེད། །མངོན་པར་བསྟོད་དང་མཁས་པ་བསྟེན། །དེ་སོགས་བས་འཕུལ་ས་ཏའོ། །
སྟན་ལ་བསྡད་དང་ཉེས་པ་བསྡམས། །བསྡུ་བྱ་བསྡུ་བ་ཕན་ཚུན་བསྡུར། །མདོར་བསྡུས་པ་དང་ཕན་ཚུན་བསྡེབས། །གྲབས་ཀྱི་བསྡོགས་དང་ཉེར་བསྡོགས་དང༌། །ཕྱོགས་གཅིག་བསྡོམས་དང་སྲོག་དང་བསྡོས། །གཞན་ལ་བསྡིགས་སོགས་བས་འཕུལ་སྡའོ། །
མང་དུ་བསྣན་དང་ཕྱག་ཏུ་བསྣམས། །གནད་(བསྣུན)དང་མཚོན་དང་ནུ་མ་བསྣུན། །སྲོལ་སོགས་བསྣུབས་དང་(བརྣུབས་ཞེས་ཀྱང་ངོ)དུས་སོགས་(གོང་འོག་སོགས)བསྣུར། །གོང་འོག་བསྣོལ་དང་བསྣོར་བ་སོགས། །བས་འཕུལ་ས་ལ་ན་བཏགས་པའོ། །
བཟོད་བསྲན་ཡོན་པོ་བསྲང་བ་དང༌། །བསྲབས་པའི་ས་དང་བྱ་བའི་(མི་བློ་བསྲལ་ཅན་ཞེས་པ)བསྲལ། །ནོར་བསྲི་བ་དང་ཡུན་དུ་བསྲིང༌། །བསྐུར་བའི་བསྲིངས་དང་བསྲུང་བ་དང་(བགེགས་སོགས)།། དུལ་བ་མ་ཡིན་མི་བསྲུན་དང༌། །གཅིག་ཏུ་བསྲེ་དང་བསྲེག་བྱ་དང༌། །རིང་བསྲེལ་དང་ནི་འཆང་བའི་བསྲེལ། །མེ་ལ་བསྲོ་དང་བསྲོ་ཁང་སོགས། །བས་འཕུལ་ས་ལ་ར་བཏགས་པའོ། །
གྱེན་དུ་བསླང་དང་སློང་མོ་བསླངས། །སྐྱོན་གྱིས་མ་བསླད་བསླབ་བྱ་དང༌། །ཟླ་ལ་བསླན་དང་བསླུ་བ་མེད། །ལ་སོགས་བ་ཡིས་འཕུལ་བའི་སླ། །
ནོར་(འདི་བྱ་བ་དང་འབྲེལ་བས་བས་འཕུལ་ཡོད)བརྐུ་བ་དང་བརྐུས་པ་དང༌། །འདོད་ལ་བརྐམ་དང་ས་བརྐོ་བརྐོས(བྱ་བ་དང་འབྲེལ)། །སྲ་བརྐྱང་དང་ནི་ཡན་ལག་བརྐྱངས། །ལ་སོགས་བས་འཕུལ་ར་མགོའི་ཀའོ། །
བརྒལ་ལན་(བརྒལ་བརྟག་ཀྱང་ངོ)བརྒྱ་ཕྲག་བརྒྱད་ཅུ་བརྒྱད། །བརྒྱུད་མར་འབྱུང་(བླ་མ་བརྒྱུད་པའང་ངོ)དང་རྒྱན་གྱིས་བརྒྱན། །དྲན་མེད་བརྒྱལ་དང་དབྱུག་པ་བརྒྱབ། །འོ་བརྒྱལ་ཆུ་བོ་ལས་བརྒལ་དང༌། ། འཕྲེང་སོགས་བརྒྱུས་དང་མྱུར་དུ་བརྒྱུགས། །སྨྲ་བའི་བརྒྱ་(ཁས་བརྒྱ་བར་ཟད་ཅེས་བཀའ་ཡང་དག་པའི་ཚད་མ་ལས་བཤད་ཅིང། དིང་སང་ཡང་ཞལ་བརྒྱ་བྱས་ཞལ་བརྒྱས་ཞེས་སོགས་འཕྲལ་(ཕལ)སྐད་ལ་སྣང་ངོ)དང་ལམ་བརྒྱགས་དང༌། །སྤྱོ་བའི་བརྒྱད་སོགས་བས་འཕུལ་རྒའོ། །བཙས་མ་བརྔས་པ་བས་འཕུལ་རྔའོ། །
ལྷུན་པོ་ལྟར་བརྗིད་གཟི་བརྗིད་ཅན། །བརྗིད་ཆགས་བརྗེད་ངས་(དྲན་པ་མི་གསལ་བ)བརྗེད་བྱེད་དང༌། ། མི་བརྗེད་གཟུངས་ཐོབ་བརྗོད་བྱ་(བརྗོད་པའང་ངོ)དང༌། །ཕན་ཚུན་བརྗེས་སོགས་བས་འཕུལ་རྗའོ། །
གཟུགས་བརྙན་སྒྲ་བརྙན་བརྙན་པའི་གོས། །(གཞན་ལ)བརྙས་ཐབས་སྤངས་པས་བདུད་རྩི་བརྙེས། ། གཡས་པའི་བརྙས་སོགས་བས་འཕུལ་རྙའོ། །
ཀུན་བརྟགས་མཚན་ཉིད་ལེགས་པར་བརྟགས། །བརྟག་དཔྱད་གནས་བརྟན་མི་འགྱུར་བརྟན། ། གློ་བུར་བརྟད་པ་(འདུལ་བ་ནས་བརྟད་པ་ལས་བྱུང་བའི་གོས་ཞེས་དང་བརྟད་པ་ལས་བྱུང་བའི་སྤང་ལྟུང་བཤད)ལུས་སེམས་བརྟས་(འདི་གཉིས་ལ་འཕུལ་མེད་རྟས་དང་རྟུན་ཞེས་པའང་འཐད)། །བརྟུན་(རྟུན་ཀྱང་འཐད)པ་བསྐྱེད་དང་བརྟུལ་ཞུགས་དང། །སྤྱི་བརྟོལ་ཅན་དང་རྣག་སོགས་(བུ་ག)བརྟོལ། །ལྗོན་ཤིང་ཡོངས་འདུ་ས་བརྟོལ་སོགས། །བ་ཡིས་འཕུལ་བའི་རྟ་ཡིག་གོ །
གོ་བྱེད་བརྡ་དང་ཆལ་བརྡབ་དང། །གྲི་སོགས་བརྡར་དང་ཆལ་མར་བརྡལ། །བརྡུང་བྱ་བརྡུངས་དང་གཞན་ལ་བརྡེག །བརྡེག་འཆོས་ལ་སོགས་བས་འཕུལ་རྡའོ། །
བསམ་པའི་བརྣག་པ་(བཀས་བཅད་ཆེན་མོའི་མཇུག་ཏུ་རང་གི་བརྣག་པ་རྫོགས་པར་བྱ་ཕྱིར་དང་ཞེས་བཤད་དོ)བཟོད་པའི་བརྣག(བཟོད་དཀའ་བ་ལ་བརྣག་དཀའ་བ་ཞེས་པའང་ཡོད)། །ཟས་ཀྱིས་བརྣངས་དང་ནན་ཏན་བརྣན། །བརྣབ་སེམས་མདུན་དུ་བརྣུ་བ་དང་(མདུན་དུ་འཐེན་པའི་མིང)། །སྦས་པའི་བརྣོགས་སོགས་བས་འཕུལ་རྣའོ། །བརྩད་ཅིང་བརྒལ་ནས་བརྩམ་བྱ་བརྩམས། །མཁར་སོགས་བརྩིགས་དང་སྙིང་བརྩེ་བ། །ཁང་བརྩེགས་ཧ་ཅང་བརྩེངས་(རྩེངས་ཞེས་པའང་འཐད)པའི་གོས། །བགྲང་བའི་བརྩིས་དང་ལེགས་པར་བརྩིས། །བརྩོན་འགྲུས་བརྩོན་པ་བརྩེ་བ་ཅན། །བས་འཕུལ་ར་ལ་བཏགས་པའི་ཙའོ། །
ནོར་གྱིས་བརྫངས་དང་སྲོག་ཆགས་(ཟན་བརྫིས་པ་དང་རྡོག་པས)བརྫིས། །གཞན་གྱིས་མི་བརྫི་སྲིན་པོར་བརྫུས། །རལ་པ་གྱེན་བརྫེས་བརྫུན་ཚིག་སྨྲ། །དེ་སོགས་རྫ་ཡིག་བས་འཕུལ་ཅན། །
བཅོམ་བརླག་ཡུལ་དུ་དགྲ་བོ་བརླག །རྩུབ་ཚིག་བརླང་པོ་ཆུ་ཡི་བརླན། །ལུས་ཀྱི་བརླ་ཤ་བྱིན་གྱིས་བརླབས། །གདོན་གྱིས་བརླམས་(བསྐྱོད་པའི)དང་ཡ་མ་བརླ་(སྙིང་པོ་མེད་པའི་དོན)། །དུལ་བའི་བརླིང་སོགས་བས་འཕུལ་རླའོ། །
བལྟ་བྱ་དང་ནི་གོས་སོགས་བལྟབ། །སྐུ་བལྟམས་ཡོན་ཏན་དུ་མས་བལྟམས(གང་བའི་དོན་ཏེ་གཏམས་ཞེས་པའང་འཐད)། །བལྟོས་ས་བལྟོས་ཆོས་བལྟར་རུང་བལྟས། །བས་འཕུལ་ལ་མགོ་ལྡན་པའི་ཏའོ། །
བལྡག་པ་བལྡག་དང་མུར་བའི་བལྡད། །ལ་སོགས་ལྡ་ཡིག་བས་འཕུལ་བཞེད། །ཅེས་པ་བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ་ལས། །བ་ཡིག་གི་འཇུག་པ་བྱེ་བྲག་ཏུ་(ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར་ཞེས་པའི་འཇུག་པ་གཙོ་བོར)བཤད་པ་སྟེ་རྣམ་པར་བཅད་པ་གཉིས་པ་རྫོགས་སོ།། །།
དེ་ནས་ག་དང་ད་གཉིས་ཀྱི། །འཇུག་ཚུལ་རིམ་པ་བཞིན་དུ་སྟེ། །ཅ་ཉ་ཏ་ད་ན་ཙ་ཞ། །ཟ་ཡ་ཤ་སའི་ཡི་གེ་རྣམས། །གས་འཕུལ་བཅུ་གཅིག་ཏུ་བཞེད་དཔེར། །ཡིད་ལ་གཅགས་དང་གཅད་བྱའི་ཤིང།། གཅན་གཟན་སྒྲ་གཅན་ལ་གཅན་པ། །གཅམ་བུའི་ཚིག་དང་གཅལ་དུ་བཀྲམ། །གྲངས་ཀྱི་གཅིག་དང་གཅིན་གཅི་བ(འདི་གཉིས་དྲི་ཆུའི་མིང)། །ཡིད་གཅུགས་ཁོན་གཅུགས་སྤུན་ཟླ་གཅུང་(རྗེས་སྐྱེས)། །གཅུད་ལ་བོར་དང་རྩད་ནས་གཅུན། །ཕག་ཏུ་གཅུར་དང་ལག་པ་གཅུས། །སྤུན་གྱི་གཅེན་(སྔོན་སྐྱེས་སོ)དང་གཅེར་བུ་དང། །གཅེས་འཛིན་གཅེས་སྤྲས་དུམ་བུར་གཅོག །ནད་གཅོང་ཤིང་གཅོད་གྲོས་གཅོམ་དང། །གཅོམ་བསྐྱུངས་ལ་སོགས་གས་འཕུལ་ཅའོ། །
གླང་སོགས་གཉའ་བའི་གཉའ་ཤིང་དང། །བཀའ་(བཙན་པའི)གཉན་(ས་བདག)གཉན་ནད་དུད་འགྲོ་གཉན། །གྲངས་ཀྱི་གཉིས་དང་གཉུག་མ་གཤིས(གནས་ལུགས)། །བཤེས་གཉེན་དཔུང་གཉེན་རྩ་ལག་གཉེན(ཉེ་དུའོ)། །སྤང་བྱའི་གཉེན་པོ་རྫས་ཀྱི་གཉེར(བཅོལ་གཉེར་བ་སོགས)། །གཉིད་ཉལ་ཁྲོ་གཉེར་ནང་ཁྲོལ་གྱི༑ ༑གཉེ་མ་ལ་སོགས་གས་འཕུལ་ཉའོ། །
གཏང་བྱའི་རྫས་དང་ལག་ཏུ་གཏད། །(དུས)གཏན་དུ་བསམ་གཏན་གཏན་ཚིགས་དང། །(སྒོ་གླེགས་སམ་སྒོ་གཏན)གཏན་པ་མེད་པའི་མཆོད་སྦྱིན་དང། །བརྡུང་གཏག་དང་ནི་གཏང་རག་དང། །སྦྱིན་གཏོང་གཏོར་མ་མེ་ཏོག་གཏོར། །གདམས་པའི་གཏམས་དང་ནོར་གྱི་གཏེར། །གྲངས་ཀྱི་གཏམས་དང་གླེང་བའི་གཏམ། །ནོར་གྱི་གཏའ་མ་(གཏེང་བ་དང་གཏའ་ཞེས་ཀྱང་ཟེར་ཏེ་འདུལ་བ་ལས་གཏའ་ཉིས་རིར་བླང་བར་བྱའོ་ཞེས་པ་ལྟ་བུ)ཁྲག་གཏར་དང། །ཟབས་ཀྱི་གཏིང་དང་མུན་པ་གཏིབས། །ཟད་པའི་(དེ་དག་ཡོངས་སུ་གཏུགས་པ་དང)གཏུགས་དང་གཞན་ལ་གཏུགས། །གཏུན་བུས་གཏུན་ཤིང་དུམ་བུར་གཏུབས་(གཏུབ་པའང)། །ཁྲོ་བའི་གཏུམ་དང་གཏུམ་མོ་(རླུང)དང། །སེ་གོལ་གཏོགས་དང་ཁོངས་སུ་གཏོགས། །ལྷ་ཆེན་གཏོགས་འདོད་གཞན་ལ་གཏོད། ། འབེམ་ལ་གཏོད་དང་དམིགས་པ་གཏོད། །རི་བོའི་གཏོས་(ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན)མཉམ་གས་འཕུལ་ཏའོ། །
མིང་གདགས་(གདགས་པའི་བསྟན་བཅོས)གདངས་སྙན་(གདངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ)བསྙུང་བ་གདངས། །གདན་ལ་བཞུགས་དང་ས་བོན་གདབ། །གདམ་ང་བྱེད་དང་(དིང་སང་འདམ་ཀ་བྱེད་ཟེར)གདམས་ངག་སྟོན། །སྐས་ཀྱི་གདང་བུ་གོས་འགེལ་གདང། །ཞེ་སའི་གདའ་དང་གདིང་བ་སྟན། །གདུག་པ་ཅན་དང་གདུང་བས་གདུངས། །སྐུ་གདུང་(ཁང་པའི་གདུང་ཞེས་པའང་མཚོན་པར་བྱ་སྟེ་ཤེས་པར་བྱའོ)གདུང་རྒྱུད་གདུང་འཛིན་དང། །སོར་གདུབ་གདུབ་ཀོར་གདུ་བུ་དང། །མཆོད་རྫས་གདུགས་དང་ཉིན་མོའི་གདུགས། ། རྙེད་ལ་གདུ་དང་གདུལ་བྱ་གདུལ། །སྲང་ལ་གདེག་དང་གདེང་ཐོབ་དང། །བྱད་ཀྱི་གདོང་དང་གདོད་མ་ནས། །གདོན་བགེགས་གདོལ་བ་(རིགས་ངན་པ)གདོས་པ་འཛིན(གྲུའི་དར་བོ་འཛིན་པའི་མིང)། །དེ་སོགས་ད་ཡིག་གས་འཕུལ་ཅན། །
བུང་བ་ལྟར་གནག་གནང་བ་མཛད། །ཆོས་ཀྱི་གནད་དང་མཁའ་ཡི་གནམ། །གནའ་དུས་གནས་མལ་གནོང་མི་བཀུར། །གནོད་བྱེད་གནོད་སྦྱིན་གྲིབ་གནོན་གདོན། །ཟིལ་གནོན་ལ་སོགས་གས་འཕུལ་ནའོ། །
ཁྲག་འདོན་གཙགས་བུ་གཙང་སྦྲ་དང། །དྲི་གཙང་ཁང་དང་ཆུ་གཙང་སོགས། །མཆེ་བ་གཙིགས་དང་གཙུག་ལག་དང། །གཙུག་ཏོར་སྤྱི་གཙུག་གཙུབ་ཤིང་དང། །གཙུབ་སྟན་གཙུབས་ལས་མེ་འབྱུང་དང། །གཙེར་བས་གཙེས་དང་གཙེ་བ་དང། །གཙོ་བོ་ལ་སོགས་(ཡུལ་གཙང་དང་ཆུ་གཙང་པོ་དང་མི་གཙང་བ་དང་གཙིགས་ཆེ་བ་སོགས་ཀྱང་ངོ)གས་འཕུལ་ཙའོ། །
རྣམ་གཞག་དྲན་པ་ཉེར་གཞག་དང། །མཉམ་གཞག་ལུས་ཀྱི་ཆ་ཤས་གཞང། །གཞན་དག་གཞའ་ཚོན་(འཇའ་ཚོན་ནོ)གཞར་ཡང་ལྟ། །གཞལ་བྱ་གཞལ་མེད་ཁང༌བཟང་དང། །ཀུན་གཞི་རྣམ་ཤེས་གནས་ཀྱི་གཞི། །བརྟག་གཞིག་གཞིབས་པ་(ཁུ་བ་འཇིབ་པ)བསྒྲིགས་པའི་མིང། །ཉོན་མོངས་གཞིལ་སླད་ཆོས་ལ་གཞུག །གཞུང་ལུགས་ཡིད་གཞུངས་གཞུར་མེད་(འོད་ཟེར་ཅན་མའི་མདོ་ལས་འབྱུང)དང། །མདའ་གཞུ་པགས་པའི་གཡང་གཞི་དང། །འཚོ་ཞིང་གཞེས་(དུས་ཀྱི་གཞེས་ཀྱང)དང་གཞོགས་སློང་(སྦོ་གཞོགས)དང། ། ལག་ན་གཞོང་ཐོགས་(ཤིང་གི་གཞོང་པ་སོགས)གཞོན་ནུ་དང། །དགྲ་བོ་གཞོམ་དང་ཆོས་ལ་གཞོལ། །ལ་སོགས་ཞ་ཡིག་གས་འཕུལ་ཅན། །
ཚེར་མ་གཟང་རིང་གཅན་གཟན་དང། །ཟས་ཀྱི་གཟན་དང་རྔུལ་གཟན་དང། །གཟན་སྟན་གཟན་ཆེ་སྟན་གྱི་གཟར(ཕྱིང་གཟར་སྲིན་གཟར་སོགས)། །དགང་གཟར་བླུགས་གཟར་གཟར་བུ་དང། ། གཟར་ཐག་(གོས་ཀྱི་གདང་བུའི་མིང)བླ་གོས་ཕྲག་པར་གཟར། །རི་གཟར་གཟའ་སྐར་གཟི་མདངས་དང།། བརྡེག་པར་གཟས་དང་གཟི་བརྗིད་དང། །གཟི་འོད་དང་ནི་ནོར་བུ་གཟི། །སྟག་གཟིག་སྤྱན་གྱིས་གཟིགས་ནས་གཟིམས། །གྲུ་གཟིངས་དྲང་བའི་གཟུ་བོ་དང། །གཟུགས་ཅན་སྙིང་པོ་གཟུགས་བརྙན་དང། །གཟུགས་སུ་རུང་དང་གཟུངས་སྔགས་དང། །གཟུངས་བཏབ་(དྲའོ་དྲུབ་བོ་གཟུངས་བཏབ་བོ་ཞེས་པ་ལྟ་བུ)གཟུང་འཛིན་དགེ་ལ་གཟུང། །མ་བརྟགས་(བབ་ཅོལ་སྨྲ་བ)གཟུ་ལུམས་གཟེགས་(གཟེགས་མའང་ངོ)ཟན་དང། །གཟེངས་བསྟོད་སྣོད་གཟེབ་འོད་གཟེར་དང། །ཤིང་སོགས་གཟེར་དང་དྲིན་དུ་གཟོ། །རྐོ་བའི་གཟོང་དང་གཟོད་མའི་དུས། །བསྒོ་བ་རྣར་གཟོན་(བསླབ་བྱ་ལ་མི་ཉན་པ་སྟེ་འདུལ་བའི་བརྡ)བྱས་ཆུད་གཟོན། ། དེ་སོགས་ག་ཡིས་འཕུལ་བའི་ཟའོ། །
དུད་འགྲོ་གཡག་དང་དཔལ་གྱི་གཡང། །གཡན་པ་དགབ་དང་གཡབ་མོས་གཡབས། །སྐྱི་གཡའ་བ་དང་ལྕགས་སོགས་གཡའ། །གཡར་ངོ་(བཅོལ་བའི་ངོ)གཡར་ཁྲལ་གཡས་ཕྱོགས་དང། །དྲུག་དམར་གཡུ་དང་གཡུང་དྲུང་དང༌། །གཡུལ་ནི་འཁྲུག་དང་འབྲུ་ཡི་ལས། །གཡུང་མོ་(རིགས་ངན་པ)རྣམ་གཡེང་ལོག་གཡེམ་དང། །མི་བརྩོན་གཡེལ་དང་གཡོ་སྒྱུ་དང། །ས་གཡོས་གཡོག་འཁོར་གཡོན་ཕྱོགས་དང། ། གཡང་ས་མི་གཡོ་གཡོར་མོ་(གྲུ་ལ་བཙུགས་པའི་ཤིང་དར་དང་བཅས་པ་ཞིག་གི་མིང)སོགས། །ག་ཡིས་ཡ་ཡིག་འཕུལ་བའོ། །
དུམ་བུར་གཤགས་དང་(གཤགས་འབྱེད་པའང་ངོ)རོལ་མོ་གཤང། །འགབ་ཀྱི་གཤམ་དང་མོ་གཤམ་དང། །ཆོས་ལུགས་གཤའ་མ་ཡིན་དུ་གཤའ། །གཤིན་རྗེ་གཤེད་པོ་ཞིང་ས་གཤིན(མཉེས་གཤིན་པ་ཞེས་པའང་ངོ)། །གཤིས་ལུགས་སྨོད་པའི་གཤུང་བ་དང། །གཤེ་བར་བྱེད་(ཁ་འཐབ་པ)དང་སོང་བའི་གཤེགས། །བརླན་གཤེར་འདབ་གཤོག་(ཤིང་གཤོག་པའང)དམའ་བའི་གཤོང། །ཡུར་བའི་གཤོར་(བྲེ་གཤོར་དང་འཕྲང་ལ་གཤོར་སོགས་ཀྱང)དང་ཐོང་གཤོལ་(གཤོལ་མདའ་འཛིན་ཀྱང་ངོ)ཏེ། །དེ་སོགས་ཤ་ཡིག་གས་འཕུལ་ལྡན། །
ཁ་གསག་གསང་སྔགས་གསད་བྱ་དང། །སྙན་གསན་འབེབས་དང་སྲོག་ཆགས་གསའ། །གསར་བུ་འོད་གསལ་རལ་པ་གསིགས། །ནེའུ་གསིང་འཁར་གསིལ་དུམ་བུར་གསིལ། །གསུང་རབ་གཉིས་མེད་གསུང་པས་གསུངས། །གསོན་ལུས་གསོག་གསོབ་གསོ་དཀའ་དང། །གསོང་པོར་སྨྲ་དང་སྦ་བྱ་གསོང།། སྲོག་ཆགས་གསོད་དང་གསོག་འཇོག་དང། །སྙན་དུ་གསོན་དང་འབིགས་བྱེད་གསོར། །གསོལ་བ་འདེབས་སོགས་གསོ་མའི་རས། །ལ་སོགས་ས་ཡིག་གས་འཕུལ་ཅན། །
ཀ་ག་ང་དང་པ་བ་མ། །དས་འཕུལ་དྲུག་ཏུ་བཞེད་དེ་དཔེར། །ལྕེ་རྩེ་དཀན་(རྐན་ཞེས་ཀྱང་འཐད)སྦྱར་ཁ་དོག་དཀར། །དཀར་ཆག་(ཐོ་ཡིག)དཀའ་ཐུབ་དཀའ་ཚེགས་དང། །དཀའ་འགྲེལ་དཀུ་ཟླུམ་དཀུ་སྐབས་ཕྱིན། །(དྲི)བསྣམ་ན་རབ་དཀུ་དཀོན་ཅོག་དཀོར(རྫས་ཀྱི་མིང)། །དཀྱིལ་འཁོར་དཀྱིལ་དང་དཀྱུས་(དཀྱུས་མ་དཀྱུས་སོགས)རིང་དང། །ཀུན་ནས་དཀྲིས་དང་(ཉོན་མོངས་ཀྱི་མིང)གོས་ཀྱིས་དཀྲིས། །བསྟན་པ་དཀྲུགས་དང་(གོང་འོག་དཀྲུགས་པ་ཞོ་དཀྲུགས་སོགས)རོལ་མོ་དཀྲོལ། །དཀྲོངས་བསྐྱེད་ལ་སོགས་དས་འཕུལ་ཀའོ། །
དགག་པ་བྱེད་དང་དགང་གཟར་དང། །གོས་དགབ་(འགེབས་པའི་དོན)དགའ་བ་གྲངས་ཀྱི་དགུ ། མང་ཚིག་དགུ་དང་(སྐྱེ་དགུ་ཡོད་དགུ་བཟང་དགུ་སོགས)དབྱིབས་དགུ་པ། །མདུན་དུ་དགུག་དང་མཚན་མོའི་དགོང། །དུས་ཀྱི་དགུན་དང་དགེ་སློང་དང། །དགེ་བཤེས་དགེ་བ་དགེ་ལེགས་སོགས། །དགོངས་པ་(བསམ་པའི)དང་ནི་ཕྱི་དྲོའི་དགོངས། །རྒྱན་དགོད་(བདེ་ལ་དགོད་གད་མོ་དགོད་ཡི་གེ་དགོད)དགོན་པ་དགོན་དུང་དང། །རི་དྭགས་དགོ་བ་དབྱིབས་དགྱེ་བ། །དགའ་བའི་དགྱེས་དང་མཛའ་མིན་དགྲ། །མེ་ཏོག་དགྲམ་དང་མདུད་པ་དགྲོལ(དགོངས་པ་དགྲོལ་བཅིངས་པ་དགྲོལ)། །ལ་སོགས་ག་ཡིག་དས་འཕུལ་ཅན། །
སྙན་དངགས་དང་ནི་དངངས་(སྔངས་ཞེས་ཀྱང་འཐད)སྐྲག་དང། །རིན་ཆེན་དངུལ་དང་འབབ་ཆུའི་དངོ་(ཆུ་ངོགས)། །གྲི་ཡི་དངོ་དང་དངོས་པོ་དང། །དངོས་མེད་དོན་དངོས་དངོས་གཞི་དང། །རོ་དངར་(མངར་ཞེས་ཀྱང་འཐད)དངོས་གྲུབ་ལ་སོགས་པ། །ང་ཡིག་དས་འཕུལ་ཅན་དུ་བྱ། །
དཔག་ཚད་རྗེས་དཔག་དཔག་ཏུ་མེད། །ཆེ་བཞིའི་དཔང་པོ་དཔའ་བོ་དང། །བྱང་ཆུབ་སེམས་དཔའ་དཔལ་ལྡན་དང། །ལུས་ཀྱི་དཔུང་པ་དམག་གི་དཔུང། །དཔེ་བྱད་དཔེར་ན་དཔེ་ཆ་དང། །དཔག་བྱ་དཔོག་དང་རྗེ་དཔོན་དང། །རྒྱལ་པོའི་དཔྱ་དང་དཔྱང་ཐག་དང། །གཡང་སའི་དཔྱང་དང་རྟག་དཔྱད་དང། །སྟ་ཟུར་དཔྱི་དང་དུས་ཀྱི་དཔྱིད། །རྣམ་དཔྱོད་ལ་སོགས་དས་འཕུལ་པའོ། །
སྐྱོན་གྱི་དབགས་དང་དབང་ལྡན་དང། །དབང་པོ་(ལྷའི་དབང་པོ)དབང་ཕྱུག་དབང་བསྐུར་དང། ། ཡེ་ཤེས་དབབ་དང་གཏན་ལ་དབབ། །ཞེ་སའི་དབའ་དང་ཆུའི་དབའ་རླབས། །དབལ་ནི་ཏོག་དང་རྩེ་མོ་དང། །ཤ་ཉམས་མེ་ཡི་དྲོད་ལའོ། །མགོ་བོའི་དབུ་དང་ཆུའི་དབུ་བ། །བུག་པ་དབུག་དང་ཁ་ནང་དབུགས། །དབུང་དང་དབུས་ནི་དཀྱིལ་གྱི་མིང། །དབུ་མའི་དོན་དང་གདུགས་སོགས་དབུབ། །བསོད་སྙོམས་དབུལ་བགྱི་བཀྲེན་པའི་དབུལ། །སྐར་མ་དབོ་དང་ཆུ་སོགས་དབོ། །ལུང་དབོག་ནོར་དབོག་དབོན་པོ་ལ། །དབྱངས་སྙན་དབྱར་དུས་དབྱིག་གཉེན་དང། །ཆོས་དབྱིངས་དབྱིབས་དང་དབྱེ་བ་དང། །དབྱིག་པ་དབྱུག་པ་བེར་ཀའི་མིང། །ཕྱིར་དབྱུང་བ་དང་རི་མོ་དབྱི(སུབ་པའི་དོན)། །འབྱེད་པའི་དབྱེན་དང་དབྱུ་གུ་དང། །ཞ་ཉེའི་དབྱར་འདབ་(སྣོད་ཀྱི་སྟེགས་བུ་དང་སེམས་ཅན་གྱི་དབྱི་ཞེས་པ)ལ་(དབྲལ་བར་དཀའ་དང་ནོར་དབྲོག་སོགས)སོགས་པ། །ད་ཡིས་འཕུལ་བའི་བ་ཡིག་གོ །
དམག་དཔོན་དམངས་རིགས་དམན་པ་(ཐེག་དམན་སོགས)དང། །མཐོ་མིན་དམའ་དང་ཁ་དོག་དམར། །དམིགས་མེད་(ཉེས་དམིགས་དམིགས་པ་ཞེས་པའང)བློ་དམུན་(བླུན་པོའི་རྣམ་གྲངས)འཛུམ་དམུལ་ཏེ། །དམུ་ཆུ་(འདྲེ་སྲིན་དམུ་ཞེས་པའང)དམུས་ལོང་དམེ་པོ་(རུས་གཅིག་པ་གསོད་པ་པོ)དང། །དམོད་པ་འདོར་དང་དམྱལ་བ་སོགས(བུ་གའི་དམིག་ཅེས་པའང)། །མ་ཡིག་ད་ཡིས་འཕུལ་བ་ཅན། །ཞེས་པ་བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ལས་ག་དང་དའི་འཇུག་པ་བྱེ་བྲག་ཏུ་བཤད་པ་སྟེ་རྣམ་པར་བཅད་པ་གསུམ་པའོ།། །།
དེ་ནས་འ་ཡིག་འཇུག་ཚུལ་ཏེ། །ཁ་ག་ཆ་ཇ་ཐ་ད་དང། །ཕ་བ་ཚ་ཛ་འས་འཕུལ་བཅུའོ། །དེ་དག་རིམ་བཞིན་བསྟན་བྱ་སྟེ། །གཞན་ལ་འཁང་དང་འཁར་རྔ་དང། །རྟེན་པའི་འཁར་བ་སྐུད་པ་འཁལ། །བློ་འཁུམས་པ་དང་གཞན་ལ་འཁུ། །ཟས་ཀྱི་འཁུར་བ་ཁུར་འཁུར་དང། །ཁྲལ་འཁུལ་བ་དང་བྱ་བའི་(ཁྱབ་པ་ལྟ་བུའི་དོན)འཁོབས། །གྲང་བའི་འཁྱགས་དང་ཡུལ་གཞན་འཁྱམ། །གཞན་དུ་འཁྱར་དང་ངག་འཁྱལ་དང། །བཅིང་བའི་འཁྱིག་དང་ཉི་མ་འཁྱིམས། །གདུགས་འཁྱིར་ཆུ་བོ་འཁྱིལ་བ་(གཡས་སུ་འཁྱིལ་སོགས)སོགས། །གློག་འཁྱུག་པ་དང་མགུལ་ནས་འཁྱུད། །བསྐྱུར་བས་འཁྱུར་དང་བྲོས་པའི་འཁྱུས། །གནས་སུ་འཁྱེར་དང་བརྟེན་པའི་འཁྲ། །བྲོ་འཁྲབ་གནས་སུ་འཁྲས་པ་དང། །ཁྲལ་སོགས་འཁྲི་དང་ཕོ་མོ་འཁྲིག །གནས་སུ་འཁྲིད་དང་བྲེད་ནས་འཁྲིམས། །འཁྱུད་པའི་འཁྲིལ་དང་འཁྲིས་པ་དང། །འཁྲུ་སྦྱོངས་འཐབ་འཁྲུག་བལྟམས་པའི་འཁྲུངས། །དྲི་མ་འཁྲུད་དང་ནོར་བའི་འཁྲུལ། །ཁྱིམ་ལ་འཁྲེན་དང་རོལ་མོ་འཁྲོལ། །དེ་སོགས་འ་ཡིས་ཁ་ཡིག་འཕུལ། །
སྐྱེ་འགག་འགའ་ཞིག་མི་མཐུན་འགལ། །འགན་འཁུར་ཤིང་འགས་གཡོ་འགུལ་དང། །འཆི་བའི་འགུམ་དང་ཐོག་མའི་འགོ །འགོག་བདེན་ལམ་འགོར་སེམས་མི་འགོང། །བདེ་ལ་འགོད་དང་དུས་སྐབས་འགོལ། །འགོ་བའི་ནད་འགོས་དུས་འགྱངས་དང། །སེམས་ཀྱི་འགྱུ་བ་འགྱུར་བ་དང། །འོད་འགྱེ་འགྱེད་དང་འགྱེལ་བ་དང། །འགྱོད་དང་ལྟོ་འགྲངས་ཕན་ཚུན་འགྲན། །འགྲམ་པ་རྩིག་འགྲམ་མི་མཐུན་འགྲས། །སྦྱར་བའི་འགྲིག་དང་འཕེལ་འགྲིབ་དང། །འགྲིམ་འགྲུལ་བྱེད་དང་ཐུར་དུ་འགྲིལ(འདྲིལ་ཞེས་པའང་འཐད)། །བརྩོན་འགྲུས་རིགས་འགྲེ་འགྲེང་སྟེ་འདུད། །རྐང་པ་འགྲེད་དང་ཆུ་སོགས་འགྲེམས། །ཕན་ཚུན་འགྲེལ་དང་གཞུང་དོན་འགྲེལ། །ལམ་དུ་འགྲོ་དང་གྲོགས་དང་འགྲོགས། །འཆི་བའི་འགྲོངས་དང་མདུད་པ་འགྲོལ། །དེ་སོགས་ག་ཡིག་འས་འཕུལ་ཅན། །
ཞབས་འཆག་འཆག་ས་ལག་ཏུ་འཆང༌། །ཆོས་འཆད་ཉེས་པ་སྦེད་པའི་འཆབ། །གར་འཆམས་གནས་འཆའ་གཏད་མེད་འཆལ། །ཉི་མ་འཆར་དང་སྲོག་འཆད་འཆི། །ཞགས་པས་འཆིང་དང་སྟོབས་ཀྱིས་འཆུན། །འདོད་ལ་ཞེན་པའི་འཆུམས་པ་དང༌། །གནས་སུ་འཆུར་དང་ཡོ་བའི་འཆུས། །ཞེན་པའི་འཆེལ་དང་གྲོས་འཆོམས་དང༌། །ཆུ་སོགས་འཆོར་དང་ལས་འཆོལ་སོགས། །འ་ཡིས་འཕུལ་བའི་ཆ་ཡིག་གོ །
ཁྲིས་འཇགས་དང་ནི་རྩྭ་འཇག་མ། །མ་ཚོར་འཇབ་བུ་རེག་ན་འཇམ། །མཁའ་ཡི་འཇའ་ཚོན་བློ་ཡིས་འཇལ། །འཇིག་རྟེན་འཇིག་དང་བྲེད་པའི་འཇིགས། །མཆུ་ཡིས་འཇིབས་དང་འཇིབ་པ་དང༌། །འདམ་གྱི་འཇི་བ་འཇིམ་པ་དང། །ཞི་འགྱུར་འཇིལ་དང་གོས་ལ་འཇུ། །ཁུང་དུ་འཇུག་དང་སེར་སྣའི་འཇུངས། །སྨད་འཚོང་མིང་གི་འཇུད་མཐུན་དང༌། །སྲད་བུའི་འཇུར་བ་ལག་པ་འཇུས།། སྙན་པའི་འཇེབས་དང་འོ་མ་འཇོ། །གནས་སུ་འཇོག་དང་དབྱིབས་འཇོང་དང༌། །ཡུལ་འཇོམས་བྱེད་སོགས་འས་འཕུལ་ཇའོ། །
ཞིབ་མོར་འཐག་དང་འོས་པའི་འཐད། །ནན་ཏན་འཐན་(མི་འཐན་པོ)དང་འཁྲུག་པའི་འཐབ། ། གྲོགས་སུ་འཐམས་དང་མཁྲེགས་པའི་འཐས། །སྨོད་ཚིག་འཐིང་སླད་མུན་པ་འཐིབས། །སྲབ་འཐུག་སྐོམ་འཐུངས་ཆད་པ་འཐུད། །འཐུན་པ་ཞེས་པ་སྔོན་གྱི་བརྡ། །དུམ་བུར་འཐུབ་དང་བློ་འཐུམས་དང། ། དུ་བ་འཐུལ་དང་ཟས་ལ་འཐུས། །རྐང་པ་འཐེང་དང་ཐག་པ་འཐེན། །གོས་འཐེབ་ཡོད་དང་ནན་ཆགས་འཐེམས། །ཆུ་ཡིས་ཤ་འཐོག་ནང་ནས་འཐོན། །བྲེད་འཐོམས་ཆུ་འཐོར་ཉེས་པ་འཐོལ(མཐོལ་ཞེས་པའང་རུང་ངོ)། །ལ་སོགས་ཐ་ཡིག་འས་འཕུལ་ཅན། །
ཆུ་དབུས་འདམ་དང་འགུལ་བའི་འདར། །སྐྱོ་མ་འདལ་དང་དུས་ཀྱི་འདས། །ཉེ་བའི་འདི་དང་གནས་སུ་འདུག །ཕྱག་འཚལ་འདུད་དང་བློ་འདུན་པ། །བང་འདུར་འདུལ་སྦྱོང་གྱེན་དུ་འདེགས། ། རྗེས་འདེད་གསོལ་འདེབས་གནས་སུ་འདོང། །བློ་ལ་འདོད་དང་གནས་ནས་འདོན། །ཕྱོགས་གཅིག་འཛོམས་པའི་འདོམ་པ་དང། །བོར་བའི་འདོར་དང་མཚུངས་པའི་འདྲ། །ཁྲིམས་སུ་བཅས་པ་འདྲལ་བ་དང། །ཡི་གེར་འདྲི་དང་གླེང་མོ་འདྲི། །སླུ་བའི་འདྲིད་དང་རུལ་འགྱུར་འདྲུལ། །ཁུང་བུ་འདྲུ་དང་ཤིང་སོགས་འདྲུད། །ལྷ་འདྲེ་གཅོད་བྱེད་འདྲེག་མཁན་དང། །གནས་ནས་འདྲེན་དང་ཕྱོགས་གཅིག་འདྲེས། ། དེ་སོགས་ད་ཡིག་འས་འཕུལ་ཅན། །
སྨོད་པའི་འཕྱ་དང་ཕྱག་དར་འཕྱག །ཐུར་དུ་འཕྱང་དང་ཡན་པའི་འཕྱན། །དར་འཕྱར་འཕྱ་སྨོད་དུས་འཕྱི་བ། །གྱེན་དུ་དུ་བ་འཕྱུར་བ་དང། །ལྟོ་འཕྱེ་རྐང་མེད་འཕྱེ་བོ་སྟེ། །རང་དགར་འཕྱོ་དང་སྤྲིངས་པའི་འཕྲིན། །འཕྲིན་ལས་རྣམ་འཕྲུལ་འཕྲེང་བ་དང༌། །འོད་འཕྲོ་ནོར་འཕྲོག་ལག་ཏུ་འཕྲོད། །དེ་སོགས་ཕ་ཡིག་འས་འཕུལ་ཅན། །
སྒྲིབ་པ་འབྱང་འགྱུར་རབ་འབྱམས་དང༌། །སྦྱར་བའི་འབྱར་དང་འདམ་དུ་འབྱིང༌། །འགྲེད་པའི་འབྱིད་དང་མི་ཚེ་འབྱིད། །མ་འོངས་འབྱུང་དང་སྒོ་འབྱེ་འབྱེད། །བྲོས་པའི་འབྱེར་དང་རྗེས་སུ་འབྲང།། བྲལ་བའི་འབྲལ་དང་དུད་འགྲོའི་འབྲི། །འགྲིབ་པའི་འབྲི་དང་བར་མའི་འབྲིང། །ལོ་ཏོག་འབྲུ་དང་སྐད་ཆེན་འབྲུག །ནད་ཀྱི་འབྲུམ་བུ་སྦྲེལ་བའི་འབྲེལ། །གྲོང་ལས་ཐག་རིང་འབྲོག་གི་གནས། །དུད་འགྲོ་འབྲོང་དང་རུས་ཀྱི་འབྲོམ། །དེ་སོགས་བ་ཡིག་འས་འཕུལ་ལྡན། །
འཛོམ་པའི་འཚག་དང་ལུས་སྟོབས་འཚག །ཆུ་སོགས་འཚག་དང་ནང་དུ་འཚངས། །བློ་འཚབས་དུས་འཚམས་ལོང་བའི་འཚར། །ཤེས་དང་ཆོག་པའི་འཚལ་ཞེས་དང༌། །མེས་འཚིག་ཏིལ་མར་འཚིར་བ་དང། །དུ་བ་འཚུབས་དང་གནོད་པའི་འཚེ། །རྒྱལ་བའི་འཚེངས་དང་ཟས་འཚེད་དང༌། །འོད་འཚེར་སྲོག་འཚོ་སྨན་འཚོ་བྱེད། །དུད་འགྲོ་འཚོ་དང་བརྡེག་འཚོག་དང། །ཡོ་བྱད་འཚོག་ཆས་ཚོང་དུ་འཚོང། །ནོར་འཚོལ་ལ་སོགས་འས་འཕུལ་ཚའོ། །
ཆུ་འཛག་ཟད་པའི་འཛངས་པ་དང། །བཟླས་པའི་འཛབ་དང་འཛམ་བུ་གླིང། །འཕྱངས་པའི་འཛར་དང་འདུ་འཛི་དང། །ཕན་ཚུན་འཛིངས་དང་ལག་པས་འཛིན། །ཟགས་པའི་འཛིར་དང་རང་སྲོལ་འཛུགས། །སྣོད་དུ་འཛུད་དང་བཞིན་གྱི་འཛུམ། །གཟུར་བའི་འཛུར་དང་འོག་ཏུ་འཛུལ། །གྱེན་དུ་འཛེག་དང་རྡོ་ཡི་འཛང། །སྣོད་དུ་འཛེད་དང་ངོ་ཚའི་འཛེམ། །ལོགས་སྐྱེས་འཛེར་བ་སྐད་འཛེར་དང། །འཁྲུགས་པའི་འཛག་འཛོག་བསགས་པའི་འཛོམ། །ནོར་བའི་འཛོལ་བ་ལ་སོགས་པ། །ཛ་ཡིག་འ་ཡི་སྔོན་འཇུག་ཅན། །ཞེས་པ་བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ལས་འ་ཡིག་གི་འཇུག་ཚུལ་བྱེ་བྲག་ཏུ་དཔྱད་པ་སྟེ་རྣམ་པར་བཅད་པ་བཞི་པ་རྫོགས་སོ།། །།
དེ་ནས་མ་ཡིག་འཇུག་ཚུལ་ནི། །ཁ་ག་ང་དང་ཆ་ཇ་ཉ། །ཐ་ད་ན་དང་ཚ་ཛ་རྣམས། །མས་འཕུལ་བཅུ་གཅིག་ཡིན་ཏེ་དཔེར། །མཁན་པོ་ནམ་མཁའ་མཁར་དུ་མཁས། །ནང་ཁྲོལ་མཁལ་མ་མཁོ་བའི་ནོར། །སེར་སྣ་དཔེ་མཁྱུད་མཁྱུད་སྤྱད་དང། །ཤེས་པའི་མཁྱེན་པ་སྲ་བའི་མཁྲེགས། །དེ་རྣམས་མ་ཡིས་ཁ་འཕུལ་བའོ། །
བཟོ་བོའི་མགར་བ་མགལ་མེ་དང། །མགལ་དུམ་དང་ནི་མགྲིན་པའི་མགུར། །མྱུར་བའི་མགྱོགས་དང་དགའ་བའི་མགུ། །མགུལ་དང་ལུས་ཀྱི་མགོ་བོ་དང། །སྐྱབས་མགོན་སེམས་ཅན་མགྲོན་དུ་གཉེར། ། དེ་སོགས་ག་ཡིག་མ་ཡིས་འཕུལ། །
བྲན་གྱི་མངག་གཞུག་ལན་མང་མངགས། །ཐུགས་ལ་མངའ་དང་མངའ་ཐང་དང། །མངའ་རིས་མངའ་འོག་མངའ་ཞབས་དང། །མངོན་པ་མངོན་ཤེས་མངའ་བདག་དང། །མངོན་མཚན་མངོན་སུམ་མངའ་མཛད་དང། །ལུས་ཀྱི་མངལ་སོགས་མས་འཕུལ་ལྡན། །
དུར་གྱི་མཆད་པ་ཡི་གེའི་མཆན། །འབྲུ་འཐག་མཆིག་(མས་གཏུན)དང་མཆིག་གུ་(ཡས་གཏུན)དང། །ནོར་བུ་མཆིང་བུ་རྒྱ་མཚོ་མཆིང་(དཀྱིལ་གྱི་དོན)། །འབེལ་བའི་བཀའ་མཆིད་ནང་ཁྲོལ་མཆིན།། རུས་ཀྱི་མཆིམས་དང་འགྲོ་བའི་མཆི(སྐྱབས་སུ་མཆི་སོགས)། །ཡོད་པའི་མཆིས་དང་མེད་མ་མཆིས། ། འཛུགས་པའི་མཆུ་དང་སྐྱེ་མཆེད་དང། །མེ་མཆེད་སྐུ་མཆེད་ལ་སོགས་དང། །ནང་ཁྲོལ་མཚེར་བ་རྩལ་གྱི་མཆོངས། །བཀུར་སྟིས་མཆོད་པ་ལ་སོགས་པ། །ཆ་ཡི་སྔོན་དུ་མ་ཡིག་འགྲོ །
ཕྲད་པའི་མཇལ་དང་གོ་བའི་མཇལ། །ལུས་ཀྱི་མཇིང་པ་མཇུག་མ་དང་(མཇེ)། །ཕོ་མཚན་དངོས་མིང་མི་མཇེད་ཞིང། །དེ་རྣམས་ཇ་ཡིག་མས་འཕུལ་ལྡན། །
རྣ་བས་མཉན་དང་མཉན་ཡོད་གནས། །མཚུངས་པའི་མཉམ་དང་ཉེད་པའི་མཉེད། །ཀོ་བ་མཉེས་དང་མཉེན་པ་དང། །དགྱེས་པའི་མཉེས་སོགས་མས་འཕུལ་ཉའོ། །
སྨད་ཀྱི་མཐང་དང་མཐང་གོས་དང། །མཐའ་འཁོབ་མཐའ་དང་མཐར་ཐུག་དང། །མང་ཚིག་མཐའ་དག་མཐའ་ཀླས་དང། །ཁ་དོག་མཐིང་ཁ་མཐོན་མཐིང་དང། །ལག་མཐིལ་ནུས་མཐུ་མཐུན་མི་མཐུན། །སོར་མོའི་མཐེ་བོང་མཐེའུ་ཆུང། །ཚད་ཀྱི་མཐོ་དང་དཔངས་ཀྱི་མཐོ། །མིག་གིས་མཐོང་རྣམས་མས་འཕུལ་ཐའོ། །
མེ་མདག་དང་ནི་དུས་ཀྱི་མདངས། །བཀྲག་མདངས་མདའ་གཞུ་དང་ནི་མདུང། །མདུན་དུ་བདར་དང་མདའ་ཡི་མདེའུ། །དཔྲལ་བའི་མདོངས་དང་མདུད་པ་དང། །གསུང་རབ་མདོ་དང་མདོར་བསྡུས་དང། །འདུན་པའི་མདོང་གསོལ་ཁ་དོག་མདོག །མིག་མདོངས་(ལྡོངས་ཞེས་པའང་རུང)ལ་སོགས་མས་འཕུལ་དའོ། །
འོག་ཏུ་མནན་དང་དྲི་མནམ་དང། །མནའ་བསྐྱལ་མནལ་གཟིམས་མནོ་བསམ་གཏོང། །ཟས་མནོག་མནོག་ཆུང་མན་ངག་མནོས། །ལས་ཀྱིས་མནར་བ་མནར་མེད་གནས། །དེ་སོགས་ན་ཡིག་མ་སྔོན་འགྲོའོ། །
སྐྱོན་གྱི་མཚང་དང་མིང་གི་མཚན། །མཚན་ཉིད་མཚན་མ་ཕྱོགས་མཚམས་དང། །དུད་འགྲོ་མཚའ་དང་མཛེས་པའི་མཚར། །ངོ་མཚར་མཚན་མོ་འདྲ་བའི་མཚུངས། །ཚོན་རྩི་མཚལ་དང་དུར་མཚེད་མཚུན། །རུས་ཀྱི་མཚུར་དང་ཁ་མཚུལ་དང། །ཆུ་བོའི་མཚོ་དང་མཚེའུ་དང། །གྲི་སོགས་མཚོན་ཆ་མས་འཕུལ་ཚའོ། །
འཕྲིན་ལས་མཛད་པ་མཐུན་པའི་མཛའ། །ལེགས་པའི་མཛེས་དང་ནད་ཀྱི་མཛེ། །ཡ་རབས་མཛངས་པ་དུད་འགྲོ་མཛོ། །དཀོར་མཛོད་ལས་མཛོད་མས་འཕུལ་ཛའོ། །ཞེས་པ་བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ལས་མ་ཡིག་གི་འཇུག་ཚུལ་བྱེ་བྲག་ཏུ་དཔྱད་པ་སྟེ་རྣམ་པར་བཅད་པ་ལྔ་པ་རྫོགས་སོ།། །།
ད་ནི་མགོ་ཅན་བཤད་བྱ་སྟེ། །ར་ལ་ས་ཡི་དབྱེ་བས་གསུམ། །དགའ་ཞིག་བས་འཕུལ་སྐབས་སུ་བཤད། །ལྷག་མ་རྣམས་ནི་འདིར་བརྗོད་བྱ། །ཀ་ག་ང་དང་ཇ་ཉ་ཏ། །ད་ན་བ་མ་ཙ་ཛ་རྣམས། །ར་མགོ་ལྡན་པ་བཅུ་གཉིས་ཏེ། །ཆོམ་རྐུན་རྐུས་ཤིག་རྐང་པ་རྐུབ། །ས་རྐོ་རྐོས་མཁན་རྐོ་བར་བྱེད། །ནད་ཀྱི་རྐོང་པ་ཆིག་རྐྱང་དང། །སྣོད་སྤྱད་རྐྱན་དང་རྐྱལ་པ་དང། །རྒྱུ་རྐྱེན་ཆུའི་རྐྱལ་ར་རྐའོ། །
ན་ཚོད་རྒན་པོ་རྒ་ཤིས་གཟིར། །རྒུད་པས་སྡུག་བསྔལ་བློ་རྒོད་དང། །བྱ་རྒོད་དང་ནི་སེམས་གཡེང་རྒོད་(བསམ་གཏན་གྱི་སྐྱོན)། །དུད་འགྲོ་རྒོད་མ་གྲུང་པོའི་རྒོད། །རྩོད་པའི་རྒོལ་བ་སྔ་ཕྱི་རྒོལ། །རྒྱ་མཚོ་ཕྱག་རྒྱ་རྒྱས་བཏབ་དང༌། །རྒྱ་ཆེ་རྒྱང་རིང་ནོར་སོགས་རྒྱས། །རི་དྭགས་རྒྱ་དང་སྐྱེད་བྱེད་རྒྱུ། །ཟས་ཀྱི་རྒྱགས་དང་རང་རྒྱུད་དང༌། །གཏམ་རྒྱུད་འཕྲེང་རྒྱུད་རྒྱུད་མངས་དང༌། །མཛེས་བྱེད་རྒྱན་དང་ལུས་ཀྱི་རྒྱབ། །ཆུ་རྒྱུན་རྒྱུ་མཚན་ཕན་ཚུན་རྒྱུག །ལུས་ཀྱི་རྒྱུས་པ་རྒྱུ་མ་དང༌། །བརྡེག་པའི་རྒྱོབ་དང་རྒྱལ་པོ་དང༌། །མི་ཕམ་རྒྱལ་སོགས་རར་བཏགས་གའོ། །
གཡག་རྔའི་རྔ་ཡབ་བརྡུང་བྱའི་རྔ། །གླ་རྔན་བྱིན་དང་བཀྲེས་རྔབ་དང༌། །ཧམ་པའི་རྔམས་དང་ལུས་ཀྱི་རྔུལ། །རྔུལ་གཟན་རོལ་མོ་རྔེའུ་ཆུང་དང༌། །དུད་འགྲོ་རྔ་མོ་རྔེའུ་དང༌། །དབུགས་རྔུབ་སྡུག་བསྔལ་ཟུག་རྔུ་དང༌། །རྟ་ཡི་རྔོག་མ་ནས་སོགས་རྔོད། །རི་དྭགས་གསོད་བྱེད་རྔོན་པ་དང༌། །རྔམ་བརྗིད་ཆེ་སོགས་རར་བཏགས་ངའོ། །
རྗེ་དཔོན་རྗེ་བཙུན་ལྷ་རྗེ་དང༌། །རྡོ་རྗེ་བཀུར་སྟིའི་རྗེད་པ་དང༌། །ཤ་རྗེན་རྗེས་འཇུག་རྒུད་པའི་རྗུད། །དེ་སོགས་ར་ལ་ཇ་བཏགས་པའོ། །
ནོར་རྙེད་པ་དང་སོ་ཡི་རྙིལ། །སྔོན་གྱི་ནོར་རྙིང་ཆུའི་རྙོག་མ། །རི་དྭགས་འཛིན་པའི་རྙོང་དང་རྙི། །དེ་སོགས་ར་འོག་ཉལ་བའི་ཉའོ། །
མི་འཇིག་རྟག་པ་བྲེད་པའི་རྟབ། །དབང་རྟུལ་རྟོགས་ལྡན་བློ་ཡིས་རྟོགས། །རྗེས་ཀྱི་རྟིང་དང་རྟུལ་ཕོད་དང༌། །རྐང་པའི་རྟིང་པ་མི་གཙང་རྟུག། །འཇིག་རྟེན་ལྷ་རྟེན་རྣམ་རྟོག་དང༌། །ཡིད་ཆེས་རྟོན་པ་ལ་སོགས་པ། །ཏ་ཡིག་ར་ཡི་མགོ་ཅན་བྲིའོ། །
གྲོང་རྡལ་ཐོག་རྡིབ་རྡུལ་ཕྲན་དང༌། །བུ་རམ་རྡོག་མ་རྡོ་རྗེ་རྡོ། །ལ་སོགས་ད་ཡིག་ར་མགོ་ཅན། །
རུལ་བའི་རྣག་དང་ཞིང་རྣང་མ། །ཚིག་ཕྲད་རྣམ་པར་རྣམ་པ་རྣམས། །རྣལ་འབྱོར་རྩེ་རྣོ་རར་བཏགས་ནའོ། །
ཁྱི་རྦད་རྦབ་སྒྲིལ་རྦོད་གཏོང་སོགས། །བ་ཡིག་ར་ལ་བཏགས་པའོ། །
འགྲམ་གྱི་རྨང་དང་ངོ་མཚར་རྨད། །རྨད་བྱུང་དང་ནི་དྲིས་པའི་རྨས(བརྡ་རྙིང་སྟེ་དྲི་བའོ)། །ལུས་ཀྱི་རྨ་དང་རྨི་ལམ་རྨི། །དུད་འགྲོའི་རྨིག་པ་གནོད་པའི་རྨུགས། །གནོད་སྦྱིན་རྨུགས་འཛིན་རྨུགས་པར་བྱེད། ། ཁྱིས་རྨུར་བ་དང་སུན་པའི་རྨུས། །རྨེག་མེད་བཅོམ་དང་སྒ་ཡི་རྨེད། །བལ་སོགས་རྨེལ་དང་གཉེར་རྨོ་མོ།། རྨོངས་པ་དབུ་རྨོག་གོ་ཆའི་རྨོག །ཞིང་སོགས་རྨོ་རྨོད་རྨོན་དོར་ཏེ། །དེ་སོགས་མ་ཡིག་ར་མགོ་ཅན། །
རྩ་བ་རྩེ་མོ་ཚེར་མའི་རྩང། །རྩད་ནས་གཅོད་དང་བཏུང་བའི་རྩབ། །སྔོ་ཡི་རྩྭ་དང་ལུས་ཀྱི་རྩ། ། རྩ་ལག་རྩི་ཤིང་རྩི་མར་དང། །ཚོན་རྩི་དང་ནི་སྟོབས་ཀྱི་རྩལ། །ཞིབ་རྩིང་སྤུ་ཡི་རྩིད་པ་དང། །རུས་པའི་རྩིབ་མ་འཁོར་ལོའི་རྩིབས། །རྩིས་མཁན་རྩིས་བྱེད་རེག་བྱ་རྩུབ། །རྩེད་མོ་རྩེ་དང་རྩེས་དང་རྩེན(ལྔས་རྩེན་དང་སུམ་རྩེན་སོགས)། །འཐབ་རྩོད་བྱ་བ་རྩོམ་རྩོམས་ཤིག །རྩོལ་བ་བསྐྱེད་སོགས་རར་བཏགས་ཙའོ། །
སྣོད་ཀྱི་རྫ་དང་འདམ་རྫབ་དང། །དངོས་པོའི་རྫས་དང་ཕྱུགས་རྫི་སོགས། །ཆུ་ཡི་རྫིང་བུ་རྫུ་འཕྲུལ་དང། །མི་བདེན་རྫུན་དང་ཟོག་གི་རྫུབ། །རྫུས་སྐྱེས་བྲག་རྫོང་འབུལ་བའི་རྫོངས། །བྱ་བ་ཟིན་པའི་རྫོགས་པ་དང། །ཀུན་རྫོབ་ལ་སོགས་རར་བཏགས་ཛའོ། །ཞེས་པ་ར་མགོ་ཅན་གྱི་བརྡ་བྱེ་བྲག་ཏུ་གཏན་ལ་ཕབ་པ་སྟེ་ལེའུ་དྲུག་པའི་དང་པོའོ།། །།
ལ་མགོ་ལྡན་པ་རྣམ་བཅུ་སྟེ། །ཀ་ག་ང་དང་ཅ་ཇ་ཏ། །ད་དང་པ་བ་ཧ་རྣམས་སོ། །ལུས་ཀྱི་ལྐོག་མ་ལྐོག་གྱུར་དང༌། །དུད་འགྲོའི་ལྐོག་ཤལ་ལྐུགས་པ་སོགས། །ལ་ལ་བཏགས་པའི་ཀ་ཡིན་ནོ། །
ལྒང་བ་སྨན་ལྒ་ལྒྱམ་ཚྭ་(རྒྱམ་ཚྭ་འཐད)ལའང༌། །འགའ་ཞིག་(སྔ་རབས་པའི)བཞེད་དེ་ལར་བཏགས་གའོ། །
གྲངས་ཀྱི་ལྔ་ཉིད་ལར་བཏགས་ངའོ། །
རིན་ཆེན་ལྕགས་དང་ལྕང་མ་ཤིང༌། །རལ་པའི་ལྕང་ལོ་ལྕམ་དྲལ་དང༌། །རེག་བྱ་ལྕི་ཡང་ཚ་ལྕིབས་དང༌། །མཉེན་ལྕུག་ལྕུག་མ་གྲི་ཡི་ལྕུགས། །ཁ་ནང་ལྕེ་དང་ལྕེ་འབབ་(གནམ་ལྕགས)འཇིགས། ། མེ་ལྕེ་འབར་དང་འཆི་ཕྱིར་ལྕེབ། །མེ་ཏོག་མགོ་ལྕོགས་བློ་ཡིས་ལྕོགས། །སྦལ་ལྕོང་ལ་སོགས་ལར་བཏགས་ཅའོ། །
ཞལ་ནས་ལྗགས་བརྐྱང་ཁ་དོག་ལྗང༌། །ལྗང་བུ་སྨན་ལྗོངས་ཡུལ་ལྗོངས་དང༌། །ལྗོན་ཤིང་ལྗན་ལྗིན་(མི་གཙང)ལར་བཏགས་ཇའོ། །
གྲུབ་མཐའི་ལྟ་བ་མིག་གིས་ལྟ། །ཇི་ལྟར་དེ་ལྟར་དེ་ལྟ་བུ། །གཉའ་ཡི་ལྟག་པ་ལྟད་མོ་ལྟ། །གོས་སོགས་ལྟབ་དང་མཚན་ལྟས་དང། །མདུན་གྱི་ལྟོ་བ་ལྟེ་བ་དང༌། །ལྟེང་ག་ལྟེང་རྒྱས་འོད་སྲུངས་དང༌། ། ལྟུང་བས་གོས་ན་མནར་མེད་ལྟུང༌། ལྟོ་འཕྱེ་ལྟོས་འགྲོ་ལྟོས་པ་དང༌། །མངལ་གྱི་གནས་སྐབས་ལྟར་ལྟར་སོགས། །ཏ་ཡིག་ལ་ཡི་མགོ་ལྡན་པའོ། །
ཉལ་ལས་ལྡང་དང་འཁོབས་པའི་ལྡང༌། །ཡོད་པའི་ལྡན་དང་ནམ་མཁའ་ལྡིང༌། །སྐད་ཀྱི་ལྡབ་ལྡིབ་འབྲུག་སྒྲ་ལྡིར། །ལྡེ་མིག་མཆོད་རྫས་ལྡ་ལྡི་དང༌། །བཏུང་བ་ལྡུད་དང་སྣོད་དུ་ལྡུགས། །མིང་གི་ལྡེ་དང་མེ་སོགས་ལྡེ། །ཤིང་གི་སེང་ལྡེང་ལོགས་ཀྱི་ལྡེབས། །དྲང་མིན་ལྡེམ་དང་ལྡེམ་དགོངས་དང༌། །སྨན་གྱི་ལྡེ་གུ་ལྡེར་བཟོའི་ལྷ། །ཕྱིར་མི་ལྡོག་དང་དྲིས་ལན་ལྡོན། །ལྡོབ་སྐྱེན་(ཤེས་སླ་བའི་མི)རོ་སྙོམས་ལྡོམ་བུ་དང༌། །ལྡན་པ་ལ་སོགས་ལར་བཏགས་དའོ། །
སེམས་ཅན་ཤུན་ལྤགས་ལར་བཏགས་པའོ། །
མགུལ་གྱི་ལྦ་བ་ཆུའི་ལྦུ་བ། །ལ་མགོ་ཅན་གྱི་བ་ཡིག་གོ །
རི་རྒྱལ་ལྷུན་པོ་ལྷོ་ཕྱོགས་དང། །ལྷ་དང་ལྷང་ཚེར་ལྷག་མ་དང༌། །ལྷག་པར་ལྷན་ནེ་ལྷང་ངེ་དང༌། ལྷམ་མེ་ལྷུན་གྲུབ་ལྷད་ཅན་དང༌། །ལྷན་ཅིག་ལྷབ་ལྷུབ་ལྷམ་སྒྲོག་ལྷོད། །གཞན་དང་འཁྲུལ་གཞི་མེད་པ་ཡིན། །ཞེས་པ་ལ་མགོ་ཅན་གྱི་བརྡའི་བྱེ་བྲག་ཏུ་དཔྱད་པ་སྟེ་དྲུག་པའི་ལེའུ་གཉིས་པའོ།། །།
ས་མགོ་ལྡན་པ་བཅུ་གཅིག་སྟེ། །ཀ་ག་ང་དང་ཉ་ཏ་ད། །ན་པ་བ་མ་ཙ་རྣམས་སོ། །སྐར་མ་སྐག་དང་སྒྲ་སྐད་དང༌། །འཛིན་སྤྱད་སྐམ་པ་སྐལ་བ་བཟང༌། །ལུས་ཀྱི་སྐུ་དང་རྒྱལ་གྱི་སྐུགས། །སྦས་སྐུངས་སྣུམ་སྐུད་སྐུད་པ་འཁལ། །སྐུར་བ་འདེབས་དང་སྐུལ་བྱེད་དང༌། །སྐ་རགས་སྐེད་ཆིངས་སྐེམ་བྱེད་དང༌། །རིད་པའི་སྐེམ་དང་སྐོར་བ་བྱེད། །ཐུགས་དམ་སྐོང་དང་རེ་བ་སྐོང༌། །གོས་སོགས་སྐོན་དང་ཟས་སྐོམ་དང༌། །ཇ་སོགས་སྐོལ་དང་ཁ་དོག་སྐྱ། །སྐྱབས་གནས་སྐྱབས་འགྲོ་ཆུ་སྐྱར་བྱ། །བདེ་སྐྱིད་བྱ་སྐྱིབས་སྐྱིལ་ཀྲུང་བཅས། །ཟས་སོགས་སྐྱུགས་པ་སྐྱུང་ཀས་ཟོས། །རོ་སྐྱུར་བ་དང་སྐྱུ་རུ་ར། ། ས་ནས་སྐྱེས་དང་རྩིས་ཀྱི་སྐྱེག །ཁ་སྐྱེངས་སྐྱེད་བྱེད་མགྱོགས་པའི་སྐྱེན། །ཤིང་གི་སྐྱེར་པ་ཁ་དོག་སྐྱེར། །གནས་སུ་སྐྱེལ་དང་སྐྱེས་པ་སོགས། །སེམས་སྐྱོ་འཚོ་སྐྱོང་སྒུལ་སྐྱོད་དང༌། །ཉེས་སྐྱོན་ལས་སྐྱོབས་སྐྱོབ་པ་དང༌། །སྐྱོབས་ཤིག་ཆུ་སོགས་སྐྱོམས་ཤིག་དང༌། །འདབས་པའི་སྐྱོར་དང་ས་སྐྱོར་དང༌། །གནས་སུ་སྐྱོལ་དང་སྐྱོས་ཤིག་སོགས། །ས་ཡིག་ཐོད་དུ་བཅིངས་པའི་ཀའོ། །
རྟ་སྒ་སའི་སྒང་བློ་སྒམ་དང། །ཤིང་གི་སྒམ་དང་ལུས་སྒལ་ཚིགས། །སྒུལ་སྐྱོད་མི་བྱ་སྒེའུ་གཤེར་སྨན། །སྒོ་ཁང་སྒོ་སྲུངས་སྒོས་ཀྱི་དཔོན། །མཛེས་པའི་སྒེག་པ་སྒེག་མོ་དང། །སྒོ་ང་སྒོག་པ་སྒོམ་ཆེན་དང། །སྒོམ་པར་བྱེད་དང་ལྷ་སྒོམས་ཤིག །ཟས་སོགས་སྒོངས་ཤིག་བུ་རམ་སྒོར། །དབྱིབས་ཀྱི་སྒོར་མོ་སྒྱིད་སྐྱུར་དང༌། །སྒྱིད་ལུག་(རྐང་པའི་སྒྱིད་པའང)གཉེན་གྱི་སྒྱུག་མོ་དང༌། །སྒྱུ་རྩལ་གཡོ་སྒྱུ་སྒྱུ་མ་མཁན། །འཁོར་ལོ་སྒྱུར་སོགས་སྒྱུར་བྱེད་དང༌། །སྣོད་ཕད་སྒྱེའུ་ཚུགས་ཐབ་སྒྱེད་པུ། །སྒྱེལ་ཅིག་སྒྲ་སྐད་ཆེར་སྒྲོགས་ཤིག །ཕྱོགས་གཅིག་སྒྲིག་དང་སྒྲིགས་ཤིག་དང༌། །མཁས་པའི་སྒྲིན་པོ་སྡིག་སྒྲིབ་དང༌། །ཡོལ་བས་སྒྲིབ་དང་བྱ་བ་སྒྲིམས། །ཕྱོགས་གཅིག་སྒྲིལ་དང་སྔོན་རབས་སྒྲུང༌། །འགྲན་པའི་སྒྲུན་དང་བྱ་བ་སྒྲུབས། །སྒྲུབ་ཐབས་ཇི་བཞིན་ལྷ་སྒྲུབས་ཤིག །ཟོས་པའི་སྒྲེགས་པ་གཅེར་བུའི་སྒྲེན། །བྱ་སྒྲོ་བཤད་སྒྲོས་ལྕགས་སྒྲོག་དང༌། །ཆོས་སྒྲོགས་པ་དང་ཆུ་ལས་སྒྲོལ། །སྣང་བྱེད་སྒྲོན་མེ་རུས་པའི་སྒྲོམ། ། སྒྲོལ་མ་སྒྲོལ་མཛད་ལ་སོགས་པ། །ས་ཡིག་གཙུག་ཏུ་བཅིངས་པའི་གའོ། །
སྔ་བའི་དུས་དང་སྔ་དྲོ་དང༌། །ཞལ་སྔ་སྤྱན་སྔ་སྔ་སོར་དང༌། །རིམ་པ་སྔ་མ་སྔ་ཕྱི་སོགས། ། གཟུངས་སྔགས་མལ་གྱི་སྔས་སྟན་དང༌། །མདུན་གྱི་སྔུན་དང་ཁ་དོག་སྔོ། །དགེ་བ་དེ་ལྟར་སྔོ་བར་བྱེད། །སྔོན་ཚེ་མདོག་སྔོན་སྔགས་པ་སོགས། །ང་ཡིག་ས་ཡི་ཞྭ་ཅན་ལགས། །
ཐ་སྙད་སྙན་ཚིག་ཇི་སྙམ་སེམས། །རྣ་བའི་ཞེ་ས་སྙན་གཏམ་སྙན། །རེག་བྱ་སྙི་བ་སྙིགས་མའི་དུས། །སྙིང་པོ་སྙིང་དང་གཉེན་སྙིད་མོ། །རི་རྩེ་སྙིལ་བྱེད་ནད་ཀྱི་སྙུན། །ང་རྒྱལ་སྙེམས་དང་སྔས་ལ་སྙེས། །སྙེ་མ་འབྲུ་ཡི་དོག་པའོ། །སྨན་གྱི་གོ་སྙོད་བཏང་སྙོམས་དང༌། །བསོད་སྙོམས་སྙོམ་ལས་སེམས་སྙོམས་དང༌། །སྤུ་སྙོལ་ཆང་སྙོལ་ལ་སོགས་པ། །ཉ་མགོ་ས་ཡིས་བརྒྱན་པ་བྱའོ། །
དུད་འགྲོ་སྟག་དང་གོམ་པའི་སྟབས། །ལུས་ཀྱི་སྟ་ཟུར་ཤིང་སྟག་པ། །མིག་གི་ལྟ་སྟངས་འདིངས་པའི་སྟན། །དངུལ་རྡོ་སྟང་ཟིལ་འཕྲེང་བའི་སྟར། །དགྲ་སྟ་སྟ་རེ་སྟེའུ་དང༌། །གོམ་པའི་སྟང་སྟབས་བཀུར་སྟི་དང༌། །བསྟི་སྟང་(འདིར་སྐབས་འདིའི་བརྡར་མི་བཟུང)དང་ནི་འཐུག་པའི་སྟུག །འཕྱར་གཡེང་གཞོགས་སྟེགས་སྟེང་གི་ཕྱོགས། །མཁས་པ་སྟེན་ཅིག་ཡོན་ཏན་སྟེར། །སྟེས་དབང་གྲངས་སྟོང་སྟོང་པ་ཉིད། །ཟད་པའི་སྟོངས་དང་ཆོས་སྟོན་དང༌། །སྟོན་མོ་སྟོན་དུས་སྟོན་པ་ལ། སྦྱིན་ལེན་སྟོབས་དང་རྩལ་གྱི་སྟོབས། །ཞལ་དུ་སྟོབ་དང་བོར་བའི་སྟོར། །མི་གཙང་འབབ་པའི་སྟོར་ཁུང་སོགས། །ས་ལ་བཏགས་པའི་ཏ་ཡིག་གོ །
ཞེ་སྡང་སྡང་སེམས་བྲེད་པའི་སྡར། །སྲོག་ཆགས་སྡིག་པ་དགེ་སྡིག་དང༌། །སྡིགས་མཛུབ་སྡིགས་དང་གནས་ཀྱི་སྡིངས། །སྡིག་ཏོ་ཅན་དང་སྡུག་བསྔལ་དང༌། །མཛེས་པའི་སྡུག་དང་ནོར་སོགས་སྡུད། །མང་པོའི་སྡེ་དང་སྡེ་ཚན་དང༌། །སྡེབ་སྦྱོར་ཕྱོགས་གཅིག་སྡེབ་པ་དང༌། །སྣོད་སྤྱད་སྡེར་མ་སྡེར་མོ་རྣོ། །ལྗོན་ཤིང་སྡོང་པོ་སྡོང་བུ་དང༌། །གནས་སུ་སྡོད་དང་སྡོད་ཅིག་དང༌། །སྡོམ་པ་བསྲུང་སྡོམ་སྲོག་དང་སྡོས། །ཞེས་སོགས་ད་ཡིག་ས་མགོ་ཅན། །
དྲི་འཛིན་སྣ་དང་འཇུ་བའི་སྣ། །རྣམ་པ་སྣ་ཚོགས་སྣ་མང་དང། །སྣག་ཚ་སྣང་བ་མཐོང་སྣང་དང༌། །མི་གཙང་སྣབས་དང་སྣམ་བུ་དང༌། །སྣམ་སྦྱར་རྒྱབ་ཀྱི་སྣམ་ལོགས་དང༌། །གོས་རྒྱུ་སྣལ་མ་འབྲུ་མར་སྣུམ། །སྣུར་ཤིག་སྣོམས་ཤིག་སྣྲེལ་ཞི་འཕྲེང༌། །སྐར་མ་སྣྲོན་དང་སྣྲུབས་ལ་སོགས། །ན་ཡིག་ས་མགོ་ལྡན་པར་བྲིའོ། །
མཛེས་པའི་སྤ་བ་གནས་ནས་སྤགས་(ཟས་ཀྱི་སྤགས་ཀྱང)། །སྤང་བྱ་སྤངས་དང་ཕ་སྤད་དང༌། །རྡུལ་གྱི་སྤབས་དང་གོ་འཕང་སྤར། །ལུས་ཀྱི་སྤུ་དང་བ་སྤུ་དང༌། །རིན་ཆེན་སྤུག་དང་ཕུང་པོར་སྤུངས། །རྒྱན་གྱིས་སྤུད་དང་གཉེན་གྱི་སྤུན། །མཁའ་ལ་བྱ་སྤུར་མཁར་གྱི་སྤེའུ། །རྩི་ཤིང་སྤེན་མ་གཟའ་སྤེན་པ། །རྒྱན་གྱི་སྤེན་ཏོག་ནོར་སོགས་སྤེལ། །སྤེལ་མར་བྱས་དང་གོས་སོགས་སྤོ། །མཐོ་བའི་སྤོ་དང་སྤང་གཤོངས་དང༌། །སྲེད་པ་སྤོངས་ཤིག་ཟས་ཀྱི་སྤོང༌། །མཁས་པའི་སྤོབས་པ་གོང་དུ་སྤོར། །བདུག་སྤོས་དངོས་སྤྱད་ཅེ་སྤྱང་དང༌། །མིག་གི་སྤྱན་དང་ལུས་སྤྱི་བོ། །དུ་མའི་སྤྱི་དང་སྣོད་སྤྱི་བླུགས། །ཆུ་ལ་སྤྱིང་དང་འབྱར་བྱེད་སྤྱིན། །རྩྭ་ཡི་སྤྱིལ་བོ་མཐའ་ལ་སྤྱུགས། །གཤེ་བའི་སྤྱོ་དང་ལོངས་སྤྱོད་སྤྱོད། །ཚུར་སྤྱོན་དགེ་བ་སྒྲོགས་པའི་སྤྱོམས(བདག་ཉིད་སྒྲོག་པའོ)། །དུད་འགྲོ་སྤྲ་དང་ནོར་མེད་སྤྲང༌། །ལག་ཏུ་སྤྲད་དང་རྒྱན་གྱིས་སྤྲས། །སྤྲང་པོའི་སྤར་མོར་སྦ་དབྱུག་འཆང༌། །འཕྲིན་སྤྲིང་བ་དང་ཆུ་འཛིན་སྤྲིན། །སྤྲུ་མ་(སྨན)སྤ་མ་(ཤིང)རྡུལ་སྤྲུགས་དང༌། །སྤྲུལ་པ་འགྱེད་དང་དུད་འགྲོ་སྤྲེའུ། །སེམས་སྤྲོ་བ་དང་འཐབ་མོ་སྤྲོད། །མང་དུ་སྤྲོས་པ་ལ་སོགས་པ༑ ༑ས་མགོ་ལྡན་པའི་པ་ཡིག་གོ །
གསང་བའི་སྦ་བ་ཕྱོགས་གཅིག་སྦགས། །འདྲེས་པའི་སྦགས་དང་དུད་འགྲོ་སྦངས། །ཆང་གི་སྦང་མ་ཆུ་ལ་སྦངས། །དུ་མ་ཕྱོགས་གཅིག་སྦམས་པ་དང། །མེ་སོགས་སྦར་དང་སྦོར་ཤིག་དང། །སྲོག་ཆགས་སྦལ་པ་སྦལ་དུ་འཇུག །གཏེར་དུ་སྦས་དང་སྦོས་ཤིག་དང། །སྟོབས་ཀྱི་སྦུངས་དང་མེ་ཆས་སྦུད། །ཤུན་པའི་སྦུན་པ་ཁུང་བུའི་སྦུབས། །སྲོག་ཆགས་གྲོག་སྦུར་ཆུ་ལ་སྦེངས། །མཛོད་དུ་སྦེད་དང་གསུས་པ་སྦོས།། སྦྱོར་བ་ལས་བཟློག་སྦོམ་པོ་དང། །སྦྱང་བྱ་སྦྱངས་དང་ལེགས་པར་སྦྱར། །ནོར་སྦྱིན་གནོད་སྦྱིན་སྦྱིན་པའི་བདག །དགེ་སྦྱོང་གསོ་སྦྱོང་སྦྱོར་བ་དང། །འབུབས་པའི་སྦྲ་དང་ཉིས་སྦྲག་དག། །ཤ་སྦྲང་སྦྲང་བུ་སྦྲང་རྩི་ཅན། །གཙང་སྦྲ་ཅན་དང་སྦྲང་མ་དང། །གྲོགས་སུ་སྦྲན་དང་ས་ལེ་སྦྲམ། །གཡལ་བའི་སྦྲིད་པ་སྲོག་ཆགས་སྦྲུལ། །ཟན་སོགས་སྦྲུས་དང་ཐག་པས་སྦྲེལ། །ར་མདའ་སྦྲོན་སོགས་ས་མགོའི་བའོ། །
མུན་པའི་སྨག་རུམ་ལུས་ཀྱི་སྨད། །ནད་གསོའི་སྨན་དང་སྨན་པ་དང། །ཟོང་མིན་སྨར་དང་སྐར་མ་སྨལ། །ཆུར་འཁྲུལ་སྨིག་རྒྱུ་སྨིན་དྲུག་བུ། །སྐར་མ་སྨིན་དྲུག་འབྲས་བུ་སྨིན། །ཁ་དོག་སྨུག་པོ་སྨེ་བ་དང། །འཕྱ་བའི་སྨོད་དང་སྨོན་ལམ་འདེབས། །མིང་ནས་སྨོས་དང་སྨན་བྱེད་དང། །ཤིང་གི་སྨྱིག་མ་སྨྱུག་མ་དང། །ཟས་བཅད་སྨྱུང་གནས་དུས་སྨྱུར་ཏེ། །སེམས་འཁྲུལ་སྨྱོ་བ་སྨྱོན་པ་དང། །གཏམ་སྨྲ་བ་དང་སྨྲས་པ་དང། །གདོང་གི་སྨ་ར་སྨིན་མ་དང། །སྨྲེང་འདོན་སྨྲེ་སྔགས་ངུར་སྨྲིག་སོགས། །ས་ཡིག་ཐོད་དུ་བཅིངས་པའི་མའོ། །
བཀའ་སྩལ་བ་དང་དངོས་གྲུབ་སྩལ། །དངོས་གྲུབ་སྩོལ་དང་སྩལ་དུ་གསོལ། །སྦྱིན་པ་ཚུལ་བཞིན་སྩལ་བགྱི་སོགས། །ས་མགོ་ལྡན་པའི་ཙ་ཡིག་གོ །ཞེས་པ་ས་མགོ་ཅན་གྱི་བརྡ་བྱེ་བྲག་ཏུ་དཔྱད་པ་སྟེ་དྲུག་པའི་གསུམ་པ་རྫོགས་ཏེ། དེ་ལྟར་བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ལས། མགོ་ཅན་གྱི་བརྡ་བྱེ་བྲག་ཏུ་དཔྱད་པ་སྟེ་རྣམ་པར་བཅད་པ་དྲུག་པ་རྫོགས་སོ།། །།
དེ་ལྟར་སྔོན་འཇུག་ལྔ་དང་ནི། །ར་ལ་ས་ཡི་མགོ་ཅན་བརྡ། །ངེས་པར་དཀའ་བ་རྣམས་བཤད་པས། །བརྡ་རྣམས་ཕལ་ཆེར་དེ་ཡིས་རྟོགས། །ད་ནི་སྔ་མའི་མིང་ཤུགས་ཀྱིས། །ཕྱི་མ་ཇི་ལྟར་ཐོབ་པའི་ཚུལ། །དཔེར་བརྗོད་འཕྲེང་བ་དང་བཅས་པ། །ཅུང་ཟད་གསལ་བར་བཤད་པར་བྱ། །མཁན་པོ་ཐོན་མི་སམྦྷོ་ཊས། །སུམ་ཅུ་པ་ལས་རྗེས་འཇུག་གི །ཨི་དང་མཐུན་ལུགས་འདི་ཞེས་བྱ། །དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །ལྷག་མ་རྣམས་ལ་གྱ་དང་སྦྱར། །དེ་དག་ཨི་སྦྱར་འབྲེལ་བའི་ས༑ ༑ཞེས་གསུངས་དེ་ཡི་ངོ་བོ་ནི། །ད་བ་ས་ཀྱི་ག་ང་གི །ན་མ་ར་ལ་གྱི་སྟེ་དཔེར། །བདག་གི་རྐང་གི་ཁོང་ནས་ནི། །ཁྱོད་ཀྱི་རྒྱབ་ཀྱི་གཡས་ཀྱི་ཆར། །ཞེས་དང། དོན་གྱི་ཚུལ་དང་གཏམ་གྱི་གཞི། །ཤར་གྱི་ཕྱོགས་དང་དཔལ་གྱི་བདག །ཅེས་པ་ལྟ་བུའོ། །འ་དང་རྐྱང་པ་འདོགས་ཅན་གྱི། །རྗེས་སུ་འི་ཐོབ་ཚིགས་བཅད་ཀྱི༑ ༑ཡི་གེ་མ་ཚང་མི་ཐོབ་དཔེར། །རྩེ་དགའི་དགའ་བ་བདེ་བའི་དཔལ། །ས་ཡི་བདག་པོ་དེ་ཡི་བཞིན། ། ག་དང་བ་ཡི་རྗེས་སུ་ཏུ། །ང་ད་ན་མ་ར་ལ་དུ། །ས་སུ་འ་དང་འདོགས་ཅན་དང། །རྐྱང་པ་རུ་སྟེ་དཔེ་རིམ་བཞིན། །རྟག་ཏུ་རབ་ཏུ་འབྱུང་དུ་རེ། །སྣོད་དུ་རྒྱུན་དུ་ཞིམ་དུ་ཟོ། །མྱུར་དུ་མཇལ་དུ་འོང་དུས་སུའང།། བཟའ་རུ་ཡོད་པའི་གནས་འདི་རུ། །ཁ་རུ་ཞིམ་རྒྱུའི་ཟས་འདི་སྦྱིན། །ད་དེ་ན་ར་ལ་ས་ཏེ། །བཏུད་དེ་བཟླན་ཏེ་བྱིན་པ་ཡིས། །བསྐྱར་ཏེ་ཐུལ་ཏེ་འཛགས་ཏེ་བྱུང༌། །ག་ང་བ་མ་འ་རྣམས་དང། །འདོགས་ཅན་རྐྱང་མཐར་ས་སྟེ་སྟེ། །སྐྲག་སྟེ་གསང་སྟེ་གནས་པ་ཡིས། །ཐུབ་སྟེ་འཛུམ་སྟེ་དཔའ་སྟེ་གདའ། །བདེ་སྟེ་ཤ་ཆང་ཟ་སྟེ་སྣང། །ག་ད་བ་སའི་རྗེས་སུ་ཀྱང། །སྐབས་འགར་ན་ཡི་རྗེས་སུའང་ཀྱང། །བདག་ཀྱང་འབད་ཀྱང་འབྲས་མེད་ཀྱང། །བྱ་བ་ཐོབ་ཀྱང་དེས་ཀྱང་ཅི། །འོན་ཀྱང་འཕྲལ་གྱི་འཚོ་བ་འབྱུང། །ང་འ་ན་མ་ར་ལ་ཡང། །ཡང་ཡང་སྐྱེས་བུ་འགའ་ཡང་ནི། །བྱོན་ཡང་ནམ་ཡང་མ་ཕྲད་དེ། །སླར་ཡང་མཇལ་ཡང་སྤྱན་མ་འདྲོངས། །འདོགས་ཅན་རྐྱང་མཐར་ཕལ་ཆེར་འང། ཚེག་བར་མ་ཚང་ཡང་སྟེ་དཔེར། །ཅི་ཡང་ཡོད་པའི་ཕྱུག་པོ་ཡང། །དེ་འདྲ་བདག་ལ་འབྱུང་དུའང་རེ། །ག་ད་བ་ཅིང་ས་མཐར་ཤིང། །ཕྱུག་ཅིང་བླུན་པ་རྒུད་ཅིང་འགྲོ། །སློབ་ཅིང་ནུས་པ་མཁས་ཤིང་ཕྱུག །ང་འ་ན་མ་ར་ལ་དང། །འདོགས་ཅན་རྐྱང་པ་རྣམས་ཞིང་དཔེར། །དྲང་ཞིང་བདེ་བ་རབ་དགའ་ཞིང། །སྙན་ཞིང་འགྱུར་བ་འཇམ་ཞིང་མཛེས།། དར་ཞིང་རྒྱས་པར་འཚལ་ཞིང་བདག །བདེ་ཞིང་སྐྱིད་ནས་ཟ་ཞིང་སྣང། །ག་ད་བ་ཅེས་ང་འ་དང། །ན་མ་ར་ལ་ས་དང་ནི། །རྐྱང་པ་འདོགས་ཅན་ཞེས་ཏེ་དཔེར། །རྟག་ཅེས་བྱ་བའི་བདག་ཡོད་ཅེས། །སྨྲ་བ་ཟབ་ཅེས་འབྱུང་ཞེས་ཐོས། །གདའ་ཞེས་འདི་ལྟ་ཡིན་ཞེས་པའམ། །འདི་ཙམ་ཞེས་པར་འགྱུར་ཞེས་པར།། འཁྲུལ་ཞེས་སྟོན་པས་ལེགས་གསུངས་ཞེས། །མི་མཁས་པ་ཞེས་སྨྲ་ཞེས་བཤད། །ཁ་ཅིག་(སྔོན་གྱི་མཁས་པ)ས་མཐར་ཤེས་ཞེས་ཟེར། །མི་འཐད་པར་མཐོང་(ལོ་ཆེན་བློ་ལྡན་ཤེས་རབ་དང་དཔང་ལོས་ཀྱང་བཀག་པས)ཁོ་བོས་དོར།། ག་ད་བ་ཅིག་ས་མཐར་ཤིག །རྐྱང་པའི་རྗེས་སུའང་ཅིག་འཐོབ་དཔེར། །ཤོག་ཅིག་སོད་ཅིག་རྒྱོབ་ཅིག་ཅེས། །གྱིས་ཤིག་ཅེས་ནི་ཁ་ཅིག་སྨྲ། །ང་འ་ན་མ་ར་ལ་དང། །འདོགས་ཅན་རྣམས་ཀྱི་མཐར་ཞིག་དཔེར།། ཅུང་ཞིག་སྡོད་ལ་འགའ་ཞིག་ལ། །འཕྲིན་ཞིག་ནམ་ཞིག་བསྐུར་ཞིག་ཅེས། །ངལ་ཞིག་བསོས་ལ་མདོ་ཞིག་སྒྲོགས། །ན་ར་ལ་གསུམ་རྗེས་སུ་ནི། །སྒྲ་བསྒྱུར་སྔ་མས་ད་དྲག་བཞེད། །ཕྱི་མ་རྣམས་ཀྱིས་ད་དྲག་དོར། །དེས་ན་ན་ར་ལ་གསུམ་གྱི། །རྗེས་སུ་ཞིང་ཞེས་ཞིག་ཡིན་ནའང། །ད་དྲག་ངེས་པར་ཐོབ་པ་དེར།། ད་དྲག་སྦྱོར་རམ་མི་སྦྱོར་ཀྱང། །ཅིང་ཅེས་ཅིག་ཅེས་ལེགས་ཏེ་དཔེར། །མཁས་པར་མཁྱེན་ཅིང་ཡོན་ཏན་གྱིས། །བརྒྱན་ཅེས་ཐོས་ཀྱི་སྟོན་ཅིག་ཅེས། །ཟེར་ཅེས་མཐོང་ནས་འཚལ་ཅེས་ཏེ། །བདག་ཀྱང་འདི་འདྲར་གྱུར་ཅིག་ཅེས། །སྨོན་ལམ་སྩལ་ཅིང་སློབ་པར་ནི། །འཚལ་ཅེས་
ཟེར་གྱིས་མྱུར་སྩོལ་ཅིག །ག་ད་བ་མཐར་ཅེ་ན་དང། །ས་མཐར་ཤེ་ན་སྦྱར་ཏེ་དཔེར། །སུ་འདུག་ཅེ་ན་བླ་མ་བཞུགས། །ཅི་འཆད་ཅེ་ན་གདམས་པ་སྟེ། །གང་ཟབ་ཅེ་ན་སྤྲོས་བྲལ་ཆོས། །སུས་ཐོས་ཤེ་ན་བདག་གིས་སོ། །ང་འ་ན་མ་ར་ལ་དང།། འདོགས་ཅན་རྐྱང་པ་ཞེ་ན་དཔེར། །གང་བྱུང་ཞེ་ན་ཧོར་འདྲ་སྟེ། །དུ་གདའ་ཞེ་ན་མང་པོའོ། །སུ་ཡིན་ཞེ་ན་དབེན་པ་སྟེ། །ཁྲིམས་ཀྱིས་དབེན་ནམ་ཞེ་ན་དབེན། །ཅི་བསྐོར་ཞེ་ན་རྒྱལ་ཁམས་ཏེ། །གང་བཙལ་ཞེ་ན་ནོམ་པའོ། །ཅི་སྐྱེ་ཞེ་ན་བུ་སྐྱེ་སྟེ། །སུ་ལ་ཞེ་ན་མ་ལའོ། །ག་ད་བ་ས་ན་མ་པ། །ཟག་པ་མེད་པའི་བདེ་བ་ནི། །ཐོབ་པ་ཉེས་པ་ལས་གྲོལ་ནས། །འགྲོ་ལ་ཕན་པའི་བསམ་པའི་གནས། །ང་འ་ར་ལ་འདོགས་ཅན་དང། །རྐྱང་པའི་རྗེས་སུ་བ་ཕྱེད་ཝར། །འབོད་པ་རྣམས་ལ་བ་སྦྱར་ཞིང། །གཞན་ལ་པ་ཉིད་སྦྱར་ཏེ་དཔེར། །བཏུང་བ་བདའ་བ་མྱུར་བར་འཐུངས། །མཇལ་བར་ཞུ་བ་ཚ་བ་འདོད། །ལུང་པ་མདའ་པ་འབྱོར་པ་ཆེ། །ཡུལ་པ་ཕུ་པ་བྱ་བ་མང། །དྲི་བའམ་དགག་ཚིག་སྐབས་སུ་ནི། །མཐའ་རྟེན་རྣམས་ལ་མ་སྦྱོར་ཞིང། །སྐབས་འགར་ར་ལ་ཏ་དང་ནི། །འདོགས་ཅན་རྐྱང་པ་འམ་སྟེ་དཔེར། །འདུག་གམ་འབྱུང་ངམ་ཡོང་ངམ་དང། །ཡིན་ནམ་གྲུབ་བམ་སྒོམ་མམ་དང། །དགའ་འམ་འགྱུར་རམ་འཚལ་ལམ་དང། །ཤེས་སམ་ཟེར་རམ་གོ་འམ་དང། །ཁ་འམ་ཞེས་པ་ལྟ་བུའོ། །རྫོགས་ཚིག་སྐབས་སུ་ན་ར་གཉིས། །མ་གཏོགས་མཐའ་རྟེན་བརྒྱད་པོ་ལ། །རང་ལ་ན་རོ་སྦྱར་ཏེ་དཔེར། །ཁྱོད་ནི་ཕྱུག་གོ་གཤིས་བཟང་ངོ། །གཏོང་ཡང་ཕོད་དོ་ཆོས་གྲུབ་བོ། །འཁོར་ཡང་འཛོམ་མོ་བཞུགས་གདའ་འོ། །ཐུགས་ཀྱང་དལ་ལོ་ཞེས་ཐོས་སོ། །ན་ར་གཉིས་ལ་ན་རོ་དང། །ཏོ་ཞེས་རྣམ་པ་གཉིས་འགྱུར་དཔེར། །བཞིན་ནོ་ཞེས་ནི་ངས་བསྟན་ཏོ། །ངོ་མཚར་རོ་ཞེས་གཞན་འཛེར་ཏོ། །རྐྱང་པ་འདོགས་ཅན་འོ་སྟེ་དཔེར། །ཤ་ནི་ཟ་འོ་སྐྱིད་འདིའོ། །དེ་དག་རྣམས་དང་ཚིག་རྐང་མཐར། །ཉིས་ཤད་ལེའུ་མཚམས་བཞི་ཤད་ཐོབ། །ག་ཡིག་རྗེས་སུ་ཆིག་ཤད་བྱ། །ཤད་གོང་ཕལ་ཆེར་(ང་ཡིག་མ་གཏོགས)ཕྱི་ཚེག་སྤང། །རྐྱང་ཤད་དང་ནི་ཚེག་ཤད་དག །ཐོབ་ཚུལ་སྐབས་དང་སྦྱར་ལ་དཔྱད། །གཞན་ཡང་འཕུལ་དང་མཐའ་རྟེན་དག །སྦྱར་དུ་རུང་དང་མི་རུང་བའི། །རྣམ་པར་དབྱེ་བའང་ཅུང་ཟད་བསྟན། །ཚོགས་དང་ཚོམས་དང་མྱོས་འགྱུར་ཆང། །མངོན་སུམ་ཕུན་སུམ་རིམ་འགྲོ་དང། །སྐུ་ཁམས་ཁྲོས་དང་ཁྲོ་བ་དང། །ཕྲ་མ་ཁོན་འཛིན་ཕྲག་པ་སོགས། །མང་པོར་འཕུལ་ཡིག་སྤང་བར་བྱ། །ལྷ་བཙུན་བཟའ་བཏུང་རྗེ་བཙུན་དང། །ལྷ་རྗེ་ང་རྒྱལ་བྱ་རྒོད་དང། །རྡོ་རྗེ་རྒྱ་མཚོ་ལ་སོགས་པ། །མང་པོར་མཐའ་རྟེན་མེད་ཕྱིར་སྤང། །པུས་མོའི་ལྷ་ང་སྒོ་ང་དང། །སླ་ང་སོགས་ལ་ང་མཐའ་སྤང། །ཡི་གེ་ལུ་གུ་རྒྱུད་དང་ནི། །མྱུ་གུ་སོགས་ལ་ག་མཐའ་སྤང། །གསུང་རབ་མཁྱེན་རབ་རིག་སྔགས་དང། །མཁའ་སྤྱོད་ས་སྤྱོད་གོ་འཕང་དང། །ཉམ་ང་ཉམ་ཆུང་ཉམ་ཐག་དང། །ལོ་ཏོག་སོགས་ལ་ས་མཐའ་སྤང། །ལྷས་བྱིན་ཀླུས་བྱིན་མིས་བྱིན་སོགས། །མང་པོ་ཞིག་ལ་མེད་ན་ནོར། །ཡི་གེ་ཞལ་ཏ་ཐ་དད་དང། །ལ་སོགས་ད་ལྟ་ཞེས་རྣམས་ལ། །བར་ཚེག་མི་བྱེད་བླུན་པོའི་ལུགས། །དེ་ལྟར་དུག་ལ་རྨ་ཡི་ཕྱོགས། །བསྟན་པ་བཞིན་དུ་མཁས་རྣམས་ཀྱིས། །རྒྱ་ཆེན་གསུང་རབ་མཐོང་བ་དང། །རང་གི་རྣམ་པར་དཔྱོད་པས་བརྟག །ཅེས་པ་བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ་ཞེས་བྱ་བ་ལས། །སྔ་མའི་མིང་ཤུགས་ཀྱིས་ཕྱི་མ་ཇི་ལྟར་ཐོབ་ཚུལ་སོགས་གཅེས་པ་སྣ་ཚོགས་པ་ཐུན་མོང་དུ་དཔྱད་པ་སྟེ་རྣམ་པར་བཅད་པ་བདུན་པ་རྫོགས་སོ།། །།
བོད་ཡུལ་དབུས་ཀྱི་རྒྱལ་པོ་མཆོག །གནམ་རི་སྲོང་བཙན་ཡན་ཆད་ལ། །བོད་ལ་ཡི་གེ་མེད་ཅེས་གྲག །ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས། །མཁན་པོ་ཐོན་མི་སམྦྷོ་ཊས། །(ཁ་ཆེའི་ཡི་གེ་ལ་དཔེ་མཛད་ནས་ལྷ་སའི་སྐུ་མཁར་མ་རུ་བྱ་བར་རྗེ་བློན་མཚམས་བཅད་ནས་བརྩམས་པར་གྲགས།)ལཱཉྫའི་ཡི་གེར་དཔེར་མཛད་ནས། །དབྱངས་ཡིག་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་མཛད། །དེ་ལས་རྗེས་སུ་འཇུག་པ་བཅུ། །དེ་ལས་ཀྱང་ནི་སྔོན་འཇུག་ལྔ། །ར་ལ་ས་ཡི་མགོ་གསུམ་དང། །ཡ་ར་ལ་ཡི་སྨད་འདོགས་གསུམ། །ད་དང་ས་ཡི་ཡང་འཇུག་སོགས། །སྟོན་པའི་བསྟན་བཅོས་རྣམ་བརྒྱད་མཛད། །(ཅེས་གྲགས་ནའང་བསྟན་པ་འཕེལ་འགྲིབ་ཀྱི་དབང་གིས་དེང་སང་སུམ་ཅུ་པ་དང་རྟགས་འཇུག་གཉིས་ལས་མི་སྣང་ངོ)བཀའ་སྲོལ་དེ་ཉིད་ལ་བརྟེན་ནས། །ལོ་པཎ་སྐྱེས་མཆོག་དུ་མ་ཡིས། །རྒྱ་གར་རྒྱ་ནག་ཁ་ཆེ་དང། །ལི་དང་བལ་པོའི་ཡུལ་སོགས་ནས། །ཐུབ་པའི་གསུང་རབ་སྣ་ཚོགས་བསྒྱུར། །བརྡ་ཡང་མི་འདྲ་སྣ་ཚོགས་གྱུར། །ཆོས་རྒྱལ་རལ་པ་ཅན་གྱི་དུས། །སྐ་ཅོག་ཞང་སོགས་མཁས་མང་གིས། །རྒྱལ་པོའི་བཀས་བསྐུལ་གསར་བཅད་ཀྱི། །སྐད་ཀྱིས་བརྡ་སྦྱར་གཏན་ལ་ཕབ། །སླད་ནས་རིན་ཆེན་བཟང་པོ་དང། །བློ་ལྡན་ཤེས་རབ་ལ་སོགས་པ། །མཁས་མཆོག་རྣམས་ཀྱང་དེ་ལ་བརྟེན།། ཁོ་བོས་མཁན་པོ་ཐོན་མིའི་གཞུང། །སུམ་ཅུ་པ་དང་རྟགས་འཇུག་གི(འདི་གཉིས་ཀ་ལ་ཊཱིཀྐ་རེ་བྱས་ཡོད་ཅིང་འདི་ཡང་དེ་དག་དབང་དུ་བྱས་ནས་བཤད་པས་སོ)། །དོན་ཡང་ལེགས་པར་གཏན་ལ་ཕབ། །སྐ་ཅོག་རིན་ཆེན་བཟང་པོ་དང། །བློ་ལྡན་ཤེས་རབ་ཤོང་དཔང་སོགས། །མཁས་མང་ལེགས་བཤད་བཅུད་མྱངས་ཏེ། །འཕགས་ཡུལ་སྐད་དང་གངས་ཅན་གྱི། །གསུང་རབ་བརྡ་ལ་འདྲིས་པའི་བློས། །དོན་འདི་ལེགས་པར་བཀོད་པ་ཉིད། །གང་ཞིག་གསུང་རབ་རྣམས་ཀྱི་དོན། །གཏན་ལ་འབེབས་ན་སྨོས་ཅི་འཚལ། །འཇིག་རྟེན་ཕལ་པའི་རྣམ་གཞག་ཅིག །བྱེད་ཀྱང་ཚིག་གི་སྦྱོར་བ་གཅེས། །འདི་ནི་མཁས་རྨོངས་འབྱེད་པ་སྟེ། །དོན་འདི་ཁོང་དུ་ཆུད་པའི་མི། །མང་པོ་འདུས་པའི་ནང་དག་ཏུ། །མཁས་པའི་སྟན་ལ་འདུག་པར་དབང༌། །འདི་ལ་ནོངས་པའི་ཆ་མཆིས་ན། །མཁས་པ་དག་གིས་བཅོས་པར་གསོལ། །ལེགས་པར་བཤད་པའི་དགེ་ཚོགས་ཀྱང། །ཐུབ་བསྟན་གསལ་བའི་འོད་དུ་གྱུར། །ལེགས་སྦྱར་བརྡ་སྤྲོད་ཀ་ལཱ་ཙནྡྲ་པ་ཎི་ནི། །སཱ་ངྷུ་ཀཱརྟི་རབ་འབྱོར་ཟླ་བ་དྲག་འབྱོར་དང། །བགྲོད་དཀའ་སེང་གེ་ཆོས་འབངས་འཆི་མེད་སེང་གེ་སོགས།། ཤོང་དཔང་བརྒྱུད་པའི་བླ་མས་ལེགས་བཤད་གང་ཡིན་དང། །བོད་ཀྱི་མཁན་པོ་ཐོན་མིའི་སུམ་རྟགས་བསྟན་བཅོས་དང། །སྐ་ཅོག་སོགས་ཀྱི་གསར་བཅད་སྒྲ་སྦྱོར་བམ་གཉིས་དང༌། །དག་བྱེད་མཁན་པོའི་གངྒཱ་(སྙེ་ཐང་པ་གྲགས་པ་སེང་གེ)བདུད་རྩིའི་ཆུ་རྒྱུན་(གཙང་ནག་ཕུག་པ་ཐུགས་རྗེ་སེང་གེའི)དང། །(སྟག་སྟོན་གཞོན་ནུ་དཔལ)འོད་ཟེར་བརྒྱ་པ་(བུ་སྟོན་སེང་གེ་འོད)སྒྲ་དོན་རྒྱ་མཚོའི་མེ་ལོང་དང། །(རྗེ་བྱམས་པ་གླིང་པའི)སྨྲ་བའི་བརྒྱན་དང་(བསམ་སྡིངས་པ་ཀུན་བསམ་གྱི)འཁྲུལ་པ་སྤོང་བ་ལ་སོགས་པའི། །ལེགས་བཤད་སྙིང་པོ་གཅེས་སོ་འཚལ་རྣམས་འདིར་བསྡུས་ཏེ། །ཡི་གེར་འབྲི་དང་སྨྲ་དང་འཆད་དང་རྩོམ་པ་སོགས། །ཀུན་ལ་ཕན་ཕྱིར་རྣམ་དཀར་བསམ་པས་འདི་བརྩམས་སོ།། །།
ཞེས་པ་བོད་ཀྱི་བརྡའི་བསྟན་བཅོས་ལེགས་པར་བཤད་པ་རིན་པོ་ཆེའི་ཟ་མ་ཏོག་བཀོད་པ་ཞེས་བྱ་བ། ལེགས་པར་སྦྱར་བའི་སྐད་ཀྱིས་བརྡ་སྤྲོད་པའི་བསྟན་བཅོས་དག་ཐོས་ཤིང་ཆ་ཤས་ཙམ་རིག་ལ། གངས་ཅན་གྱི་བདེ་བར་གཤེགས་པའི་གསུང་རབ་མཐའ་དག་གི་བསྒྱུར་ཚུལ་རྗེས་སུ་དཔག་པ་ལས་རྟོགས་ཤིང་བརྡ་གསར་རྙིང་གི་རྣམ་དབྱེ་ལེགས་པར་ཕྱེད་པའི་ལོ་ཙཱ་བ་ཤཱཀྱའི་དགེ་སློང་ཞ་ལུ་བ་རིན་ཆེན་ཆོས་སྐྱོང་བཟང་པོ་ཞེས་བྱ་བས། དངོས་པོའི་(ཤིང་ཕོ་ཁྱི་སྟེ་རང་ལོ་དོན་བཞི་པའི)ལོ་ས་ག་ཟླ་བའི་ཚེས་ཉེར་ལྔ་ལ་ཆོས་གྲྭ་གྲྭ་ཐང་དུ་གྲུབ་པར་བགྱིས་པའོ། །འདི་ནི་གསུང་རབ་སྣང་བྱེད་སྒྲོན་མེ་སྟེ། །གངས་ཅན་སྐད་སྨྲ་སྤྱི་ཡི་ཡིད་བཞིན་ནོར། །སྐྱེ་དགུ་དགའ་བྱེད་ཡར་ངོའི་ཟླ་བ་སྟེ། །མཁས་རྣམས་སྙིང་ལ་འབབས་པའི་ཚིག་གི་གཏེར། །ལེགས་སྦྱར་རྒྱ་མཚོ་རི་བྱིའི་ཁྱོར་ཆུ་བཞིན། །གངས་ཅན་སྐད་ཚུལ་ནོར་འཛིན་ཁྱོན་ཡངས་པ། །རྣམ་དཔྱོད་གོམ་གཅིག་གིས་གནོན་སྲེད་མེད་བུ། །མི་ཤེས་སྟོབས་ལྡན་ས་འོག་འཆིང་འདི་སུ། །ཞེས་ཀྱང་སྨྲས་སོ། །
སླར་ཡར་སྟོད་རབ་བརྟན་ལྷུན་པོ་སྒང་དུ་པར་དུ་བཞེངས་པའི་ཚེ། ཆོས་ལ་འཇུག་པའི་སྐད་གཉིས་ཤན་སྦྱོར་བ་དང་མཆན་བུ་འདེབས་པའང་གྱིས་ཤིག་ཅེས་བཀས་བསྐུལ་ཏེ། སྐད་དོད་དང་བརྡ་གསར་རྙིང་སྦྱོར་འོས་སོགས་ཀྱི་མཆན་བུ་འགའ་ཞིག་འདེབས་པ་དང། སྔར་གྱི་རྩོམ་པ་ལ་སྣོན་འབྲིད་དང་བསྒྱུར་བ་ཅི་རིགས་པའང་ཞ་ལུ་ལོ་ཙཱ་བ་རང་ཉིད་ཀྱིས། མི་ཟད་པའི་(མེ་ཕོ་ཁྱི་སྟེ་རང་ལོ་བརྒྱད་ཅུ་རྩ་དྲུག་པའི)ལོ་ལ་བསམ་གྲུབ་སྡེ་ཆེན་དུ་བགྱིས་པ་ནི་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བསྒྲུབས་པའོ། ། སརྦ་མངྒ་ལཾ།།
མཆན། དག་ཡིག་འདི་ནི་ཞ་ལུ་ལོ་ཆེན་གྱིས་མི་ཟད་པ་ཞེས་པ་བོད་རབ་བྱུང་དགུ་པའི་མེ་ཁྱི་ལོ་སྟེ། ཕྱི་ལོ་༡༥༢༦ ལོར་ལྗགས་རྩོམ་མཛད་པ་ཞིག་ཡིན་ལ། ཞ་ལུ་ལོ་ཆེན་རང་ནས་མཆན་འགྲེལ་མདོར་བསྡུས་ཏེ་མཛད་ཡོད་དོ། །དག་ཡིག་འདི་ནི་སྡེ་དགེའི་ཤིང་པར་གཞིར་བཟུང་ནས་བསྒྲིགས་པ་ཡིན།
རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།
༄༅། །ཞ་ལུ་ལོ་ཆེན་ཆོས་སྐྱོང་བཟང་པོ་ནི། རབ་བྱུང་བདུན་པའི་ལྕགས་མོ་བྱ་ཕྱི་ལོ་༡༤༤༡ ལོར་གཙང་ཞ་ལུ་གསེར་ཁང་གི་ཁང་གསར་གོང་མ་ཞེས་བྱ་བར་འགོས་ཀྱི་རིགས་སུ་ཡབ་བསམ་འགྲུབ་དཔལ་བཟང་དང༌། ཡུམ་རིན་ཆེན་ཆོས་འཛོམས་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། མཚན་ལ་ཆོས་སྐྱོང་འབུམ་ཞེས་གསོལ། སྐུ་ཆུང་ངུའི་དུས་སུ་སྔོན་གྱི་བག་ཆགས་ཀྱི་དབང་གིས་དད་བརྩོན་ཤེས་རབ་སྙིང་རྗེ་ཅན་ཞིག་ཡིན་སྟབས། དགེ་བའི་བཤེས་གཉེན་བཀྲ་ཤིས་དཔལ་ལྡན་དྲུང་ནས་བོད་ཡིག་འབྲི་ཀློག་གསན་སྦྱོང་མཛད། དགུང་ལོ་བརྒྱད་ལ་ཕེབས་སྐབས་རྒྱལ་རྩེ་སྡེ་པ་དང་རིན་སྤུངས་པ་གཉིས་དམག་འཁྲུག་བྱུང་སྟེ་ཡབ་ཀྱང་རྒྱལ་རྩེའི་དམག་གི་འགོ་བྱེད་དུ་ཕེབས་ནས་དམག་ཐོག་ཏུ་འདས། དེ་ནས་རྒྱལ་རྩེ་ཆོས་རྒྱལ་བཀྲ་ཤིས་འཕགས་པའི་ཞབས་འབྲིང་དུ་མངགས། དེའི་རིང་རིག་གནས་དག་ལ་ཐོས་པ་རྒྱ་ཆེར་མཛད། དགུང་ལོ་བཅོ་བརྒྱད་བཞེས་པའི་ཚེ་ཆོས་རྒྱལ་བཀྲ་ཤིས་འཕགས་པས་གནང་བ་ཐོབ་པ་ལྟར་རྒྱལ་རྩེ་དཔལ་འཁོར་ཆོས་སྡེར་མཁན་ཆེན་དཀོན་མཆོག་བཟང་པོའི་དྲུང་དུ་རབ་ཏུ་བྱུང༌། མཚན་རིན་ཆེན་ཆོས་སྐྱོང་བཟང་པོ་ཞེས་གསོལ། དགུང་ལོ་ཉེར་དྲུག་པར་རྗེ་དོན་གྲུབ་གྲགས་པས་མཁན་པོ་དང༌། དཀའ་བཅུ་པ་བསོད་ནམས་གྲགས་པས་ལས་སློབ། མཁར་གྲགས་པ་བསོད་ནམས་བློ་གྲོས་ཀྱིས་གསང་སྟོན་གནང་སྟེ་དཔལ་འཁོར་ཆོས་སྡེར་བསྙེན་པར་རྫོགས།
སྐུ་ཞང་མཁན་ཆེན་ཆོས་གྲུབ་པ་དང༌། བྲག་དམར་རབ་འབྱམས་པ་བླ་དོན་རིན་པ། སྟག་ཚང་ལོ་ཙཱ་བ་སོགས་བླ་མ་བཅུ་ཕྲག་ལྔ་ཙམ་བསྟེན་ནས་མདོ་སྔགས་རིག་གནས་སྒྲ་དང་བཅས་པར་གསན་བསམ་ལེགས་པར་གནང་སྟེ་མཁས་པ་ཆེན་པོར་གྱུར། དེ་ལྟར་རིག་གནས་ཀུན་ལ་མཁྱེན་པ་རབ་ཏུ་རྒྱས་པས། དུས་འཁོར་འགྲེལ་ཆེན་དང་དཔག་བསམ་འཁྲི་ཤིང་ལ་སོགས་པའི་བསྟན་བཅོས་བརྒྱ་ཕྲག་ཙམ་རྒྱ་གར་གྱི་དཔེ་དང་བོད་དཔེ་ལེགས་པར་སྦྱར་ཏེ་གཟིགས་རྟོགས་དང་གཞན་ལ་འདོམས་པར་ཡང་མཛད། དགུང་ལོ་བཞི་བཅུ་པར་དབུས་སུ་ཕེབས་ནས་སྟག་ལུང་ཆོས་རྗེ་དང༌། ཀརྨ་པ་ཞྭ་དམར་ནག་གཉིས་བཅས་བླ་ཆེན་གསུམ་ལ་སྒྲ་དང་སྙན་ངག་གི་བཤད་ཁྲིད་ལེགས་པར་གནང༌། དགུང་ལོ་ང་གསུམ་པར་རྒྱ་སྟོན་ལྕགས་རི་བའི་གདན་སར་དབང་བསྐུར། དགུང་ལོ་ང་ལྔ་པར་གྲྭ་ཐང་གཙུག་ལག་ཁང་གི་གདན་སར་དབང་བསྐུར་བ་ནས་བཟུང་ཕྱིས་སུ་བཞུགས་ཡུལ་གཙོ་བོ་དེར་མཛད། དགུང་ལོ་དོན་བཞི་པར་བུ་སྟོན་ཐམས་ཅད་མཁྱེན་པས་ཞལ་སྐུལ་བཞིན་ཞ་ལུར་ཕེབས་ཏེ་མདོ་སྔགས་སྤྱི་དང༌། ལྷག་པར་ཐུན་མོང་གི་རིག་གནས་བཤད་རྒྱུན་རྒྱ་ཆེར་སྤེལ། དགུང་ལོ་དོན་དྲུག་པར་སྡེ་པ་ཡར་རྒྱབ་པས་གདན་ཞུས་ལྟར་སློབ་གྲྭ་ཐང་དུ་ཕེབས། མཐར་དགུང་ལོ་གྱ་བདུན། རབ་བྱུང་དགུ་པའི་མེ་མོ་ཕག་ཕྱི་ལོ་༡༥༢༧ ལོར་སྐུ་གཤེགས།
ཁོང་གི་གསུང་རྩོམ་ནི་《བྱེད་པ་ཅན་གྱི་འགྲེལ་པ་》དང༌། 《ཀ་ལཱ་པའི་བཤད་སྦྱར།》 《ཀ་ལཱ་པའི་ཊིཀྐ།》 《ཀ་ལཱ་པའི་སྤྱི་དོན།》 《སྒྲའི་བསྟན་བཅོས་མུན་པའི་སྒྲོན་མེ།》 《སྐད་གཉིས་མཁས་པའི་རྣམ་བཤད།》 《སྙན་ངག་མེ་ལོང་གི་གནད་བསྡུས།》 《དག་ཡིག་ཟ་མ་ཏོག》 《རྟགས་འཇུག་གི་འགྲེལ་པ།》 《ལུང་སྟོན་པ་བརྡའི་བསྟན་བཅོས་》བཅས་དང༌། བསྒྱུར་རྩོམ་ནི་《བསྟན་འགྱུར་》ལས་《རྡོ་རྗེ་འཆང་ཆེན་པོའི་བསྟོད་པ།》 《དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ།》 《སྐྱེས་རབས་ཀྱི་བསྟོད་པ།》 《ས་དང་ཤིང་དང་རྡོའི་ཆོ་ག》 《སྐྱེས་རབས་ཀྱི་དཀའ་འགྲེལ།》 《རིགས་གསུམ་གྱི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།》 《བདེན་པ་བརྗོད་པ་རྒྱལ་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ།》 《སྒྲ་གཅིག་དོན་མང་ནོར་བུའི་ཕྲེང་བ།》 《དུས་ཀྱི་འཁོར་ལོའི་རྩིས་ཀྱི་མན་ངག་》བཅས་ཆོས་ཚན་བཞི་བཅུ་ཞེ་གཉིས་བཞུགས་སོ། །