སྡོང་རྩར་བསྡད་ནས་རི་བོང་སྒུག་པ།
ཀྲན་གོའི་དུས་རབས་སྐབས། སུང་གོར་ཞིང་པ་ཞིག་ཡོད། ཁོས་རྟག་པར་བསམ་བློ་སྐྱིད་པོ་ཤ་སྟག་བཏང་སྟེ་གནམ་ལས་ཤ་བག་ལེབ་འབབ་པའི་རེ་བ་བྱེད་ཀྱི་ཡོད།
ཐེངས་ཤིག་ལ་ཁོས་ཞིང་ལས་བྱེད་སྐབས་རི་བོང་ཞིག་རྒྱུགས་ཡོང་སྟེ་ལྗོན་ཤིང་གི་སྡོང་པོ་གཅིག་ལ་རྡུང་ཁ་ཐེབས་ནས་ཤི་བ་མཐོང།དེ་ནས་ཁོས“ཧ་ཧ། ང་ལ་ལམ་འགྲོ་བྱུང་སོང་། དེ་རིང་ང་ལ་གྲོག་ཡག་པོ་དེ་འདྲ་ཞིག་འཕྲད་སོང་།” ཞེས་ཤོད་བཞིན་ལག་ཐོགས་ཀྱི་ཞིང་ཆས་བཞག་སྟེ་དགའ་སྤྲོའི་ངང་རི་བོང་དེ་ཡར་བསྒྲུགས་པ་དང་སྦྲགས “ནང་ལ་ལོག་ནས་རི་བོང་གི་ཤ་བཙོ་བར་འགྲོ”ཞེས་ཤོད་བཞིན་དུ་ཁྱིམ་དུ་སོང། ཡུད་ཙམ་སོང་རྗེས་རི་བོང་གི་ཤ་བཙོས་ཚར་བས་ཁོས་ཨ་རག་འཐུང་བཞིན་རི་བོང་གི་ཤ་བཟས་ནས་སེམས་ཧ་ཅང་སྐྱིད་སྣང་འཆར། སྐབས་དེར་ཁོས་རྟག་པར་གྲོག་དེ་འདྲ་དང་འཕྲད་ན་ཡག་པོ་ག་ཚོད་ཡོད་པ་མ་རེད་དམ། དེ་རིང་རི་བོང་གཅིག་སྒུག སང་ཉིན་གཅིག་སྒྲུག གནངས་ཉིན་ཡང་་་་་་ཞེས་བསམ་བཞིན་སྐྱིད་སྣང་འཆར་ཏེ“གལ་ཏེ་དངོས་འབྲེལ་དེ་འདྲ་བྱུང་ན་ངས་ཉིན་ལྟར་ས་ལ་ཁ་གཏད་ཅིང་རྒྱབ་ནམ་མཁར་ཕྱོགས་ཏེ་སྡུག་ལས་བྱེད་དགོས་དོན་ཅི་ཡོད” སྙམ།
ཕྱི་ཉིན་ནས་བཟུང་ཁོས་ཞིང་ནང་དུ་ལས་ཀ་བྱེད་པར་མ་སོང་བར་ཉིན་ལྟར་རི་བོང་གིས་རྡུང་ཁ་རྒྱག་སའི་ལྗོན་ཤིང་དེའི་འོག་ཏུ་བསྡད་དེ་རི་བོང་རྡུང་ཁ་རྒྱག་པར་ཡོང་རྒྱུར་བསྒུགས་ནས་བསྡད། མཐར་ཁོར་རི་བོང་གཅིག་ཀྱང་བསྒྲུག་རྒྱུ་བྱུང་མེད།
འཇིག་རྟེན་ཐོག་བྱ་བ་མང་པོ་ཞིག་འཕྲད་སྲིད་ཀྱང་ཡོང་རེ་བྱ་ཐབས་བྲལ། གལ་ཏེ་གློ་བུར་དུ་ཐོབ་པའི་དངོས་གྲུབ་དེར་ཉིན་ལྟར་ཡོང་རེ་བྱས་ན་གང་ནས་ཡོང་། གྲོགས་པོ་ཆུང་ཆུང་ཚོ། རང་རེའི་བསམ་འདུན་དག་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་མངོན་འགྱུར་ཐུབ་པ་བྱེད་དགོས། གནམ་ལས་ཤ་བག་ལེབ་གཏན་ནས་འབབ་མི་སྲིད། གང་གི་དུས་སུའང་བྱ་བ་བཟང་པོས་ང་ཚོ་བསྒུགས་ནས་སྡོད་མི་སྲིད། གནས་ལུགས་འདི་ཁྱེད་ཀྱིས་ཤེས་སམ།
རྩོམ་ཡིག་གི་དཔྱད་མཆན།
གོང་གི་རྩོམ་ཡིག་དེ་ནི་གཏམ་གླེང་དང་སེམས་ཁམས་འབྲི་ཚུལ་སྤྱད་དེ་བྲིས་པའི་དོན་བརྗོད་པ་གཙོ་བོར་བྱས་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཅིག་ཡིན། དོན་དག་ཅི་ཞིག་ཡིན་ཡང་འབྱུང་རྐྱེན་དང་བྱུང་རིམ། མཇུག་འབྲས་བཅས་ཡོད་པར་མ་ཟད། བྱུང་ས་དང་དོན་དག་དང་འབྲེལ་བའི་མི་ཡང་ངེས་པར་དུ་ཡོད་པ་ཡིན། དེ་དག་རྩོམ་ཡིག་ཏུ་གོ་རིམ་ལྡན་པའི་ངང་ནས་བྲིས་ན་བརྗོད་བྱ་ཁ་གསལ་ལ་གསོན་ཉམས་ལྡན་པ་ཞིག་ཡོང་ཐུབ།
རྩོམ་ཡིག་འདིར་བཀོད་པའི་གཏམ་གླེང་དང་སེམས་ཁམས་འབྲི་ཚུལ་གྱིས་ལེ་ལོ་ཆེ་ཞིང་སྟོང་འདང་ལ་མོས་པའི་མི་སྣ་ཞིག་གི་གཤིས་ཀ་མངོན་པར་མཚོན་ཡོད། མཇུག་ཏུ་གསལ་བཤད་ཀྱི་ཚུལ་གྱིས་སྤེལ་བའི་གཏམ་དེ་ནི་སྒྲུང་གིས་བསྟན་པའི་གནས་ལུགས་ཀློག་པ་པོར་ངོ་སྤྲོད་བྱས་པ་ཞིག་རེད། སྤྱིར་བཏང་ངོ་སྤྲོད་འདིའི་རིགས་མ་བྲིས་ནའང་ཆོག
ཞིང་པས་ངང་པ་བགོས་པ།
དབུལ་པོ་ཞིག་ལ་འབྲུ་རིགས་ཟ་རྒྱུ་མེད་པར་གྱུར་བས། ཁོས་ཐབས་བཀོད་ཅིག་དྲན་པ་སྟེ། ཞིང་བདག་གི་ཁྱིམ་ནས་འབྲུ་རིགས་ཅུང་ཟད་སློང་བར་བྱ་བསམ་སྟེ། ལག་སྟོང་མིན་པའི་ཆེད་དུ་ངང་པ་ཞིག་བཟུང་ནས་མེར་བསྲེགས་ཏེ་ཁྱེར་ནས་སོང་། ཞིང་བདག་གིས་ངང་པ་སྲེག་མ་དེ་བླངས་ནས། དབུལ་པོ་ལ། ཨ་གྲོགས་པོ། ཁྱོད་ཀྱིས་ངང་བ་ཁྱེར་འོངས་པར་ཐུགས་རྗེ་ཆེ། ཡིན་ནའང་བདག་ལ་བཟའ་ཟླ་དང་། བུ་ཚ་གཉིས་དང། བུ་མོ་གཉིས་བཅས་མཆིས་ཕྱིར་ཅི་ལྟར་བགོས་ན་ད་གཟོད་ཚང་མའི་སེམས་ཐོག་ཏུ་འབབ་ཐུབ་བམ་ཞེས་དྲིས་པ་ན། ཞིང་པས་ངས་ཁྱེད་ལ་བགོད་པར་བྱེད་ཅེས་ཟེར་ཞོར་དུ། གྲི་ཞིག་གིས་ངང་པའི་མགོ་བཅད་དེ་ན་རེ། སྐུ་ངོ་ལགས། ཁྱེད་ནི་ཁྱིམ་ཚང་གི་འགོ་བ་ཡིན་པས། ངང་པའི་མགོ་འདི་ཁྱེད་ལ་སྟེར་ཞེས་བཤད། དེ་ནས་ཡང་ཁོས་ངང་པའི་ཨོང་ཤ་དྲས་ཏེ་ཞིང་བདག་གི་རྒན་མོ་ལ་སྤྲད་དེ། ཁྱེད་རྒྱུན་དུ་སྒོར་མི་འགྲོ་བར་ཁྱིམ་ནས་བསྡད་དེ་ཁྱིམ་གཞི་སྐྱོང་བ་ཡིན་པས་ཁྱེད་ལ་ངང་པའི་ཨོང་ཤ་སྟེར་ཟེར། དེ་ནས་ཁོས་ངང་པའི་སྡེར་མོ་གཉིས་བཅད་དེ་སྲས་གཉིས་ལ་བྱིན་ཏེ། རྐང་པ་གཉིས་སྤོས་ཏེ་ཕ་ཡི་རྗེས་སུ་འབྲང་བར་བྱ་ཞེས་ཟེར། དེ་ནས་གཤོག་པ་གཉིས་སྲས་མོ་གཉིས་ལ་སྤྲད་དེ། ཁྱེད་གཉིས་མི་འགྱངས་པར་གནས་ལ་འཕུར་དགོས་པས། ཁྱེད་གཉིས་ལ་མི་རེ་རེར་གཤོག་པ་རེ་རེ་སྣོན་པར་བྱེད་ཟེར། ལྷག་མ་རྣམས་ང་ལ་དབང་ངོ་ཞེས་བཤད་པས། ཞིང་བདག་ཧ་ཧ་ཧ་ཞེས་སྐད་ཆེན་པོས་བགད་དེ། དབུལ་པོ་ལ་འབྲུ་རིགས་དང་དངུལ་ཅུང་ཙམ་སྤྲད་དོ། །
ཞིང་པ་ཕྱུག་པོ་ཞིག་གིས་ཞིང་བདག་ལ་ངང་པ་ཞིག་ཐོབ་པས་ཞིང་པ་དབུལ་པོ་ལ་འབྲུ་རིགས་དང་དངུལ་བྱིན་པའི་གཏམ་ཐོས་པས། ངང་ཤ་ལྔ་བསྲེགས་ཏེ་ཞིང་བདག་གི་ཁྱིམ་དུ་ཁྱེར་འོངས།
ཞིང་བདག་གིས། ཁྱོད་ཀྱིས་ངང་པ་ཁྱེར་འོངས་པར་ཐུགས་རྗེ་ཆེ་ཞུ། ཡིན་ནའང་བདག་ལ་བཟའ་ཟླ་དང། བུ་ཚ་གཉིས་དང། བུ་མོ་གཉིས་བཅས་ཁྱིམ་མི་དྲུག་གདའ་ཕྱིར། ཁྱོད་ཀྱི་ངང་ཤ་ཅི་ལྟར་བགོས་ན་ད་གཟོད་ཆ་སྙོམས་པར་བགོ་ཐུབ་བམ་ཞེས་དྲིས།
ཞིང་པ་ཕྱུག་པོས་ཡུད་ཙམ་ལ་བསམ་བློ་བཏང་ནའང་ཐབས་དང་བཀོད་པ་ཅི་ཡང་ཡིད་ལ་མ་ཤར།
དེ་ཕྱིར་སྐུ་ངོས་མི་མངགས་ཏེ་ཞིང་པ་དབུལ་པོ་བོས་ཡོང་ནས་ཁོ་ལ་ངང་ཤ་བགོ་རུ་བཅུག དབུལ་པོས་སྐུ་ངོ་དང་ལྷ་ལྕམ་གཉིས་ལ་ངང་ཤ་གཅིག་སྤྲད་དེ། ཁྱེད་གཉིས་ཀྱི་ཐོག་ལ་ངང་པ་གཅིག་བསྣན་ན་གསུམ་ཡིན་ཟེར། ཡང་གཅིག་ཁྱེར་འོངས་ཏེ་སྐུ་སྲས་གཉིས་ལ་སྤྲད་དེ། ཁྱེད་གཉིས་ཀྱི་ཐོག་ལ་ངང་པ་གཅིག་བསྣན་ནའང་གསུམ་ཡིན་ཟེར། ཁོས་ཡང་གཅིག་ཁྱེར་འོངས་ཏེ་སྲས་མོ་གཉིས་ལ་སྤྲད་དེ། ཁྱེད་ཅག་ལྷན་དུ་བསྣན་ནའང་གསུམ་ཡིན་ཞེས་སྨྲས། ཤུལ་དུ་ལྷག་པའི་ངང་པ་གཉིས་ཁོ་རང་གིས་བདག་གིར་བྱས་ཏེ། ང་མི་གཅིག་གི་ཐོག་ལ་ངང་པ་གཉིས་བསྣན་ན་ཡང་གསུམ་ཡིན་པས། ཚང་མར་ཐོབ་པ་འདྲ་འདྲ་རེད་ཅེས་ཟེར་བ་ལ། ཞིང་བདག་ཧ་ཧ་ཧ་ཞེས་སྐད་ཆེན་པོས་བགད་དེ། ཡང་དབུལ་པོ་ལ་འབྲུ་རིགས་དང་དངུལ་ཅུང་ཙམ་སྤྲད་མོད། འོན་ཀྱང་ཞིང་པ་ཕྱུག་པོ་དེ་སྒོ་ཆེན་ཕྱི་ལ་བསྐྲད་པ་ཡིན་ནོ། །
རྩོམ་ཡིག་གི་དཔྱད་མཆན།
རྩོམ་ཡིག་འདི་ནི་གཏམ་གླེང་ངམ་མི་སྣའི་སྐད་ཆ་གཙོ་བོར་བྱས་ཏེ་བྲིས་པའི་བྱ་བ་གཙོ་བོར་བརྗོད་པའི་ཇི་བཞིན་བརྗོད་པའི་རྩོམ་ཡིག་ཅིག་ཡིན། འདིར་བཀོད་པའི་གཏམ་གླེང་གིས་མི་སྣ་རེ་རེའི་གཤིས་ཀ་མངོན་པར་མཚོན་ཡོད། ལྷག་པར་དུ་བློ་རིག་རྒོད་པའི་ཞིང་པ་དབུལ་པོ་ཞིག་དང་བློ་རིག་ཅན་ལ་དགའ་བའི་ཞིང་བདག་ཅིག ད་དུང་ཧམ་སེམས་ཀྱིས་མྱོས་པའི་ཞིང་པ་བླུན་པོ་ཞིག་བཅས་ཀྱི་གཤིས་ཀ་དེ་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱས་འདུག འདི་ནི་བྱ་བ་སྣ་གཅིག་གིས་མི་སྣ་དུ་མ་ཞིག་བརྗོད་པའང་ཡིན་ནོ། །
ངས་ཨ་ཕར་སྐར་གྲངས་ཤིག་རྒྱག
མི་ཞིག་གིས་ང་ལ“ཁྱོད་ཀྱི་ཨ་ཕ་ཅི་འདྲ་རེད་”ཅེས་དྲིས་ན། ངས་སྨིན་མ་བསྡུས་ཏེ་སྔམ་པ་ཞིག་འཐེན་ཁོ་ཐག་ཡིན། རྒྱུ་མཚན་ནི་དགེ་རྒན་གྱིས་ལས་བྱར་གཟིགས་པ་ནང་བཞིན་ཨ་ཕར་སྐར་གྲངས་ཤིག་རྒྱག་རྒྱུ་ནི་ཧ་ཅང་དཀའ་མོ་ཞིག་རེད།
ངའི་ཨ་ཕ་ནི་ལོ་ངོ་ཉི་ཤུར་གཞི་རིམ་བར་མའི་སློབ་གྲྭར་དཔེ་ཆ་ཁྲིད་མྱོང་བའི་དགེ་རྒན་དཀྱུས་མ་ཞིག་ཡིན། ངའི་ཨ་ཕ་ནི་ཚེ་རིང་གི་ཨ་ཕ་ནང་བཞིན་ཟོས་མི་ཚར་བའི་“ནང་ཚོང་”ཟས་རིགས་ཡོད་པ་ཞིག་མིན་ལ། ཡང་ལྷག་སྒྲོན་གྱི་ཨ་ཕ་ནང་བཞིན་ཉོས་མི་ཚར་བའི་དངོས་པོ་སླ་མོ་ཡོད་པ་ཞིག་ཀྱང་མིན། ཁོང་ལ་ཡོད་པ་ནི་བལྟས་མི་ཚར་བའི་སློབ་མའི་ནང་སྦྱོང་གི་འབྲི་དེབ་དང་གྲ་སྒྲིག་བྱས་མི་ཚར་བའི་སློབ་ཁྲིད་རེད།
ངས་དབྱར་ཁའི་མཚན་མོར་གཞན་གྱི་ཨ་ཕས་རང་གི་བྱིས་པ་ཁྲིད་དེ་སྲང་ལམ་གྱི་གློག་སྒྲོན་འོག་ཏུ་འཆམ་འཆམ་བྱེད་བཞིན་ཉན་སྤྲོ་བའི་གཏམ་རྒྱུད་བཤད་པ་སོགས་མཐོང་ཐེངས་རེར་ཅི་འདྲའི་སྐྱིད་པ་ལ་ཨང་ཞེས་ཡིད་སྨོན་ཤོར་མྱོང་། ངས་བསམ་ཤེས་པ་ནས་བཟུང་ཨ་ཕར་འདི་ལྟ་བུའི་རེ་བ་ཐེངས་ཅི་ཙམ་ལ་ཞུས་པ་མི་ཤེས་མོད། འོན་ཀྱང་ཨ་ཕས་ནམ་ཡིན་ཡང་“སང་ཉིན་སློབ་མ་བརྒྱད་ཅུ་ལྷག་གིས་ངའི་སློབ་ཁྲིད་ལ་སྒུག་ཡོད་པས། ངས་ཁོ་ཚོ་བསྐྱུར་ནས་ཁྱོད་དང་མཉམ་དུ་འཆམ་འཆམ་བྱེད་དུ་གང་ལ་འགྲོ”ཟེར། དགེ་རྒན་དུས་ཆེན་གྱི་རྗེས་སུ་ཨ་ཕ་སྔར་ལས་བྲེལ་བ་ཇེ་ཆེར་གྱུར་ནས་ཉལ་དུས་ཧ་ཅང་འཕྱིས་འདུག ང་སློབ་སྦྱོང་ཐད་ཀྱི་དཀའ་ཁག་ལ་ཐུག་ཚེ། ཨ་ཕས་ནམ་རྒྱུན་“དཀའ་ངལ་ལ་མ་སྐྲག དཔེ་ཆར་མང་ཙམ་ལྟོས་དང། རང་གི་ནུས་པ་ལ་བརྟེན་ནས་དཀའ་ཁག་ལས་རྣམ་པར་རྒྱལ་བ་ཞིག་གྱིས”ཞེས་གསུངས། ཨ་མས་ཐུགས་ཅུང་མ་དགྱེས་པའི་ངང“ཨ་ལ་ལ། ཁྱེད་ཀྱིས་རང་གི་བྱིས་པ་གཅིག་པུའི་སློབ་སྦྱོང་ལ་ཐུགས་ཁུར་ཅུང་ཙམ་བྱས་ན་མི་ཆོག་གམ”ཟེར་བ་ལ། “ང་ནི་མི་དམངས་ཀྱི་དགེ་རྒན་ཞིག་ཡིན་པས། ངས་རང་གི་སློབ་མར་སེམས་ཁུར་བྱེད་མི་དགོས་སམ། སློབ་མ་མང་ཤོས་ཀྱི་ཁྱིམ་མི་ལས་བཟོ་པ་ཡིན་པས་ཁོ་ཚོར་ཟུར་ཁྲིད་བྱེད་པའི་དུས་ཚོད་དང་ནུས་པ་མེད། ངས་ཁོ་ཚོར་སེམས་ཁུར་མ་བྱས་ན་སུ་ཞིག་གིས་ཁོ་ཚོར་སེམས་ཁུར་བྱེད་སྲིད། འུ་ཚང་གི་བྱིས་པར་ཁོ་མོའི་དགེ་རྒན་ཡོད་པས་བསླབ་འབྲས་ནི་གཞན་ལས་ཞན་མི་སྲིད། ”ཅེས་ནན་ལ་བླངས་ཏེ་གསུངས།
ད་ཐེངས་ཀྱི་བར་རྒྱུགས་ལ་མཚོན་ན་ངའི་སྐད་ཡིག་གི་རྒྱུགས་འབྲས་ཅུང་ལེགས། སློབ་གྲོགས་མང་པོ་ཞིག་ང་ལ་ཡིད་སྨོན་ཤོར་བའམ་ཕྲག་དོག་སྐྱེས་ནས་“ངའི་ཨ་ཕ་སྐད་ཡིག་དགེ་རྒན་ཞིག་ཡིན་རྒྱུ་ན་ངའི་རྒྱུགས་འབྲས་ཀྱང་དེ་ལས་ཞན་མི་སྲིད”ཟེར། ངས་དེ་གོ་རྗེས་སེམས་ཧ་ཅང་མི་བདེ་བར་གྱུར། དོན་དངོས་སུ་བཤད་ན་རྒྱུགས་ལེན་པའི་སྔུན་དགོང་མོའང་ཨ་ཕས་ངས་བསྐྱར་སྦྱོང་བྱེད་པར་ཟུར་ཁྲིད་ཙམ་ཡང་བྱེད་མ་ཐུབ། ངས་ཨ་མ་དང་མཉམ་འབྲེལ་བྱས་ཏེ། ཨ་ཕ་ལ་“ཕར་རྒོལ་”བྱས་མཐར་ཨ་ཕས་ད་གཟོད་ང་ལ་ཟུར་ཁྲིད་བྱེད་རྒྱུ་ཁས་བླངས། ཨ་ཕས་དཔེ་ཆ་ལག་ཏུ་བཟུང་མ་ཐག་ཏུ་མི་ཞིག་གིས་སྒོ་རྡུང་བ་དང་“ཧྲིན་དགེ་རྒན་ཁྱིམ་ན་ཡོད་དམ”ཞེས་བོས་བྱུང། ཨ་ཙི། ཅི་འདྲའི་སུན་སྣང་སྐྱེ་བའི་སྐད་སྒྲ་ཞིག་རེད་ཨང། ངའི་ཁ་ནས་“ཨ་ཕ་མེད”ཅེས་པའི་“མེད”མ་ཐོན་གོང་ལ་ཨ་ཕ་མྱུར་དུ་སྒོ་ཁར་བརྒྱུགས་ནས་“སུ་ཡིན་”ཞེས་སྒོ་ཕྱེ། སྒོ་ཁ་ན་བྱིས་པ་ཁྲིད་པའི་བུད་མེད་ཅིག་ལངས་འདུག བུད་མེད་དེས་དོགས་མི་བདེ་བའི་ངང“སང་ཉིན་རྒྱུགས་ལེན་རྒྱུ་རེད། ཡིན་ནའང་ངའི་བྱིས་པ་འདིས་ད་དུང་དྲི་ཚིག་འགའ་མི་ཤེས་པས། ཁྱེད་ལ་འོ་བརྒྱལ་མི་བྱེད་ཀ་མེད་བྱུང་སོང་།”ཟེར་བ་ན། ཨ་ཕས“ཤོག ནང་ལ་ཤོག”ཅེས་མ་བུ་དེ་གཉིས་ཀ་ནང་ལ་བོས་ཏེ་བྱིས་པ་དེར་ཟུར་ཁྲིད་བྱས། མ་བུ་དེ་གཉིས་ཀ་འགྲོ་སྐབས་དུས་ཚོད་བཅུ་གཅིག་ལ་བསླེབས་འདུག ཆེས་རིན་ཐང་ལྡན་པའི་དགོང་མོ་དེ་དེ་ལྟར་འདས་སོང་། ཨ་ཕས་ང་ལ“སང་ཉིན་ཁྱོད་ཀྱིས་རྒྱུགས་ལེགས་པོ་ཞིག་འཕྲོད་པར་ང་ལ་ཡིད་ཆེས་ཡོད། ད་དུས་ཚོད་ཀྱང་མི་སྔ་བས་ཁྱོད་རང་ཉོལ་ཅིག”ཅེས་གསུངས་རྗེས་སང་ཉིན་གྱི་བྱ་བ་གྲ་སྒྲིག་བྱེད་འགོ་བརྩམས།
ངས་དབུགས་ཐེངས་གཅིག་གིས་འདི་ལྟ་བུའི་དོན་དག་མང་པོ་ཞིག་བཤད་ཐུབ། ཁྱོད་ཀྱིས་བལྟས་ན་ངས་ཨ་ཕར་སྐར་གྲངས་དུ་བརྒྱབ་ན་འགྲིག
རྩོམ་ཡིག་གི་དཔྱད་མཆན།
མི་སྣས་སྐད་ཆ་བཤད་པ་བརྒྱུད་དེ་མི་སྣའི་གཤིས་ཀ་ཞིབ་འབྲི་བྱེད་པའི་ཐབས་ལམ་ལ་སྐད་ཆ་ཞིབ་བརྗོད་བྱེད་པ་ཟེར། སྐད་ཆ་ཞིབ་བརྗོད་བྱེད་པ་ལ་ཆིག་ལབ་རྒྱག་པའམ་མི་གཅིག་གིས་མི་མང་པོ་ལ་གཏམ་བཤད་པ། མི་གཉིས་ཀྱིས་ཁ་བརྡ་བྱེད་པ། མི་མང་པོས་སྦགས་བཤད་བྱེད་པ་སོགས་འདུས།
སྐད་ཆ་ནི་རང་སེམས་མཚོན་བྱེད་ཅིག་ཡིན། མི་སྣའི་ཁྱད་ཆོས་དང་མཐུན་པའི་སྐད་ཆ་ཞིབ་བརྗོད་བྱས་ན། མི་སྣའི་གཤིས་ཀའི་ཁྱད་ཆོས་མཚོན་ཐུབ་པར་མ་ཟད། སྐད་ཆ་ཞིབ་བརྗོད་བྱས་ན་གཏམ་རྒྱུད་ཀྱི་བྱུང་རིམ་སྤེལ་ཅིང་མི་སྣའི་བསམ་པའི་འགྱུར་བ་མཚོན་ཐུབ་པ་དང་། ཟུར་ཕྱོགས་ནས་མི་སྣ་གཞན་དག་མཚམས་སྦྱོར་རམ་སྐད་ཆ་བརྒྱུད་ནས་ཡུལ་ལྗོངས་ཀྱི་ཁོར་ཡུག་ཞིབ་བརྗོད་བྱེད་ཐུབ།
སྐད་ཆ་ཞིབ་བརྗོད་བྱེད་སྐབས་མི་སྣ་དེ་ཕོ་མོ་གང་ཞིག་ཡིན་པ་དང་ན་ཚོད་ཅི་ཙམ་ཡིན་པ། ལས་རིགས་གང་ཞིག་ཡིན་པ། བྱ་བ་ཅི་ཞིག་བརྒྱུད་མྱོང་བ། རིག་གནས་ཆུ་ཚད་ཅི་འདྲ་ཡིན་པ། དགའ་ཕྱོགས་གོམས་ཕྱོགས་གང་ཞིག་ཡོད་པ་བཅས་ལ་དོ་སྣང་བྱས་ཏེ། གང་ལ་གང་འཚམ་གྱི་སྐད་ཆ་བཤད་དུ་འཇུག་དགོས། གཞན་ཡང་མི་ཞིག་གིས་ཁོར་ཡུག་མི་འདྲ་བ་དང་དུས་ཚོད་མི་འདྲ་བ། སེམས་ཁམས་མི་འདྲ་བ་བཅས་ཀྱི་སྐབས་སུ་སྐད་ཆ་བཤད་ཚུལ་ཡང་མི་གཅིག དེ་བས་སྐད་ཆ་ཞིབ་བརྗོད་བྱེད་སྐབས་གདམ་གསེས་བྱེད་པར་མཉམ་འཇོག་བྱས་ཏེ། ཐོས་ཐོས་ཐམས་ཅད་ཟིན་བྲིས་ལ་འགོད་མི་རུང་བར་མ་ཟད། རྒྱས་བསྡུས་རན་པ་ཞིག་འབྲི་བ་ལས་ཉོག་གཏམ་རིང་བོ་གཏན་ནས་འགོད་མི་རུང་།
རྩོམ་ཡིག་འདིའི་ནང་གི་རྩོམ་པ་པོའི་ཨ་ཕ་ནི་ལོ་ངོ་ཉི་ཤུར་དཔེ་ཆ་ཁྲིད་པའི་སློབ་འབྲིང་གི་དགེ་རྒན་དཀྱུས་མ་ཞིག་རེད། རྩོམ་ཡིག་ཏུ་ཨ་ཕས་བསྒྲུབས་པའི་སྤྱིར་བཏང་གི་དོན་དག་ཆུང་ཆུང་འགའ་མ་གཏོགས་བྲིས་མེད་ནའང་། སྐད་ཆ་ཞིབ་བརྗོད་བྱས་པ་དེས་མི་སྣའི་གཤིས་ཀ་མཚོན་པར་ནུས་པ་ཆེན་པོ་བཏོན་ཡོད།
གནའ་མིའི་ཁ་དཔེར་“སྐད་ཆ་ནི་མིའི་སེམས་ཀྱི་རང་སྒྲ་ཡིན”ཞེས་པ་ནང་བཞིན་ཁ་བརྡ་ཚན་པ་གཉིས་བྱས་པ་ལས་ཨ་ཕ་ནི་སློབ་གསོའི་བྱ་བ་གཙིགས་སུ་འཛིན་མཁན་ཞིག་ཡིན་པ་དེ་རྟོགས་ཐུབ། རང་གི་བུ་མོས་རྒྱུགས་སྤྲོད་ཁའི་དགོང་མོ་དེ་ལ་ཡང་བུ་མོར་ཟུར་ཁྲིད་བྱེད་མ་ཐུབ་པར“སང་ཉིན་ཁྱོད་ཀྱིས་རྒྱུགས་ལེགས་པོ་ཞིག་འཕྲོད་པར་ང་ལ་ཡིད་ཆེས་ཡོད”ཅེས་གསུངས། སྐད་ཆ་དེ་ནི་བུ་མོར་སྐུལ་མ་བཏང་བ་ཞིག་ཡིན་ལ། རང་གི་བུ་མོར་སློབ་གསོ་གཏོང་བའི་ཐབས་ཤེས་ཤིག་ཀྱང་རེད།
རྩོམ་ཡིག་འདིས་སྐད་ཆ་ཞིབ་བརྗོད་བྱས་པ་བརྒྱུད་དེ་ཨ་ཕས་རང་དོན་རྒྱབ་སྐྱུར་བྱས་ཏེ་སློབ་གསོའི་བྱ་བར་འབད་འབུངས་དང་རང་གི་བུ་ཕྲུག་ལས་སློབ་མར་ཐུགས་ཁུར་བྱེད་པའི་གཤིས་རྒྱུད་བླ་ན་མེད་པ་དེ་རྡོ་བརྐོས་ཀྱི་རི་མོ་ཇི་བཞིན་ཡིད་ནས་བསུབ་དཀའ་བ་ཞིག་བཞེངས་སྐྲུན་བྱས་འདུག