གློག་སྡོང་བཙུགས་པ། གློག་སྐུད་འཐེན་པ། དྲ་བ་འཐེན་པ། འོད་འཕྲོ་བ། ངལ་གསོ་བརྒྱབ་པ། འཚེམ་བཟོ་བྱེད་པ། གློག་བརྙན་བསྟན་པ།
གློག་བཟོ་མཁན་གྱི་མི་སྣ་སྐོར་ཞིག་སླེབས་སོང་། ཁོང་ཚོས་གློག་སྡོང་བཙུགས་པ་དང་གློག་སྐུད་འཐེན་ནས་གྲོང་གསེབ་ཀྱི་བར་སྣང་དུ་དྲ་བ་མང་པོ་ཕར་འཐེན་ཚུར་འཐེན་བྱས་སོང་། ད་དུང་ང་ཚོར་འདི་ནི་གློག་གི་ཨ་མ་ཡིན་པས་འདིའི་ཐོག་ཏུ་རྡོ་བས་རྒྱག་མི་ཉན་ཨང་ཟེར། གློག་ཡོད་པའི་ཉིན་མོ་དེ་ནས་བཟུང་། ང་ཚོའི་ཁང་པའི་ནང་སྐད་ཅིག་ལ་འོད་ཀྱིས་ཁེངས་སོང་། དེ་ལྟ་བུའི་འོད་གསལ་པོ་ཞིག་ཨང་། འོད་ཟེར་དེ་ནི་ཤེལ་གྱི་གློག་བཞུའི་ནང་གི་སྐུད་དྲ་དེའི་ཐོག་ནས་ལམ་མེར་འཕྲོས་ཡོང་། དེ་ནི་ཅི་འདྲའི་མཚར་བ་ལ་ཨང་། ད་ནི་ང་ཚོའི་སྣུམ་སྒྲོན་དེས་དུས་གཏན་དུ་ངལ་གསོ་བརྒྱབ་ཆོག་པ་འདྲ། ད་ནི་མཚན་གྱི་དུས་འདི་ཡང་ཉིན་དཀར་ལྟར་སྣང་སོང་ཨང་། གློག་ཡོད་པའི་མཚན་མོ་དེར། ངའི་མ་རྒན་གྱི་གློག་འོད་ཀྱི་འོག་ཏུ་འཚེམ་བཟོ་བྱས་སོང་། ཕ་རྒན་གྱིས་”གློག་གི་ནུས་པ་ནི་འོད་ཁོ་ན་འདོན་སྤྲོད་ཙམ་བྱེད་པ་མ་ཡིན་ལ། གློག་འཐེན་ཚར་ན། གློག་བརྙན་བསྟན་ཆོག ད་རུང་བརྙན་འཕྲིན་ཉོས་ཆོག ད་ལྟ་ལུང་ཁུག་འདིར་གློག་འཐེན་ཐུབ་པ་ནི་དངོས་གནས་དོན་དག་གལ་ཆེན་པོ་ཞིག་རེད། ད་ནི་ངའི་བསམ་པའི་དོན་ཡང་ཡོངས་སུ་འགྲུབ་སོང་ཟེར།
 
མཆན་འགྲེལ།
སྐོར་ཞིག། ཁག་གཅིག གློག་སྡོང་། གློག་གི་ཀ་བ། གློག་སྐུད། གློག་རྒྱུ་སའི་ལྕགས་རིགས་ཀྱི་སྐུད་པ། སྐད་ཅིག དུས་ཧ་ཅང་ཐུང་བ་ཞིག གློག་བཞུ། གློག་གི་ནུས་པར་བརྟེན་ནས་འོད་འབྱིན་པའི་སྒྲོན་མེ། སྣུམ་སྒྲོན། སྲོག་ཆགས་ལུས་ཀྱི་ཚིལ་དང་འོ་མའི་མར་ལས་བཟོས་པའི་སྒྲོན་མེ། ཉིན་དཀར། ཉིན་མོ། ཕ་རྒན། ཕ་ལོ་ན་མཐོན་པོ། མ་རྒན། ཨ་མ་རྒན་མོ། ལུང་ཁུག ལུང་པ་ཁུག་ཀྱོག