མེ་ཏོག་གསོ་བ། མེ་ཏོག་བཞད་པ། ནད་ཕོག་པ། རླུང་འཚུབ་པ། ཡིད་སྐྱོ་བ། དྲག་ཆར་འབབ་པ། འབད་རྩོལ་བྱེད་པ། ལྟ་རྟོག་བྱེད་པ། བདག་སྐྱོང་བྱེད་པ། སེམས་འཁུར་བྱེད་པ། ཆུ་ལྡུག་པ། གནས་སྤོ་བ།
ང་མེ་ཏོག་ལ་དགའ་ཞིང་། མེ་ཏོག་གསོ་བར་ཡང་དགའ། ངས་མེ་ཏོག་གསོ་བ་དེ་འཚོ་བའི་ནང་གི་དགའ་ཕྱོགས་ཤིག་ཏུ་རྩི་བཞིན་ཡོད་པས། མེ་ཏོག་གི་ཡག་བཙོག་ཆེ་ཆུང་སོགས་ལ་མ་བལྟས་པར། མེ་ཏོག་བཞད་པ་ན་ང་ཧ་ཅང་དགའ། ང་ལ་མེ་ཏོག་མང་པོ་ཡོད་ནའང། མེ་ཏོག་རྩ་ཆེན་ནམ་ངོ་མཚར་ཆེ་བའི་མེ་ཏོག་ནི་མེད། མེ་ཏོག་རྩ་ཆེན་དེ་རིགས་གསོས་ནས་སྐྱེ་རྒྱུ་ནི་ངོ་མ་ཁག་པོ་རེད། མེ་ཏོག་ཡག་པོ་དེ་ཚོར་ནད་ཕོག་ནས་སྐམ་ལ་ཉེ་བར་མཐོང་ན། དེ་ནི་ཡིད་སྐྱོ་བོ་ཞིག་རེད། བོད་དུ་དགུན་ཁར་གནམ་གཤིས་གྲང་ངར་ཆེ་ཞིང། དཔྱིད་ཀར་རླུང་འཚུབ་པ། དབྱར་ཁ་ཐན་པ་མིན་ན་དྲག་ཆར་འབབ་པར་དོགས་ནས། མེ་ཏོག་གསོ་བསམས་ནའང་ང་ལ་དེ་འདྲའི་འཇོན་ཐང་མེད། འོན་ཀྱང་། མེ་ཏོག་གིས་རང་ཉིད་སྐྱེ་བར་འབད་རྩོལ་བྱེད་པའི་དབང་དུ་བཏང་ནའང། ངས་ལྟ་རྟོག་མ་བྱས་པར་ཁོ་ཚོ་རང་སྐྱེས་རང་སྐམ་བྱེད་དུ་བཅུག་ན། ཕལ་ཆེར་སྐམ་འགྲོ་བ་རེད། ངས་ཉིན་ལྟར་མེ་ཏོག་བདག་སྐྱོང་བྱེད་པ་དང་། གྲོགས་པོ་བཟང་པོ་ནང་བཞིན་སེམས་ཁུར་བྱེད་ཀྱིིན་ཡོད། དེ་ལྟར་བྱེད་ཀྱིན་བྱེད་ཀྱིན་ང་ལ་མེ་ཏོག་གསོ་བའི་ཉམས་མྱོང་འགའ་ཐོབ་བྱུང། མེ་ཏོག་ལ་ལ་བསིལ་བར་དགའ་བས་ཉི་འོད་ཆེ་སར་འཇོག་མི་རུང། ལ་ལ་ཐན་པར་དགའ་བས་ཆུ་མང་པོ་ལྡུག་མི་རུང། སྒོ་རའི་ནང་དུ་སོང་ནས་མེ་ཏོག་ལ་ཆུ་ལྡུག་པ་དང་གནས་སྤོ་བ་སོགས་བྱས་རྗེས། གལ་ཏེ་རླུང་འཚུབ་དྲག་ཆར་རམ། གནམ་གཤིས་གློ་བུར་དུ་འགྱུར་ལྡོག་བྱུང་བ་དང་འཁེལ་ན། མེ་ཏོག་རྫ་བུམ་འཕྲལ་དུ་ཁང་པའི་ནང་དུ་བསྐྱལ་ནས་མྱུར་སྐྱོབ་བྱེད་དགོས། ཕྱི་ཉིན། གནམ་གཤིས་ཇེ་བཟང་དུ་གྱུར་ན། ཡང་མེ་ཏོག་ཕྱི་ལ་བསྐྱལ་དགོས། དེ་ལྟར་ངལ་རྩོལ་མ་བྱས་ན་མེ་ཏོག་རྐང་གཅིག་ཀྱང་གསོས་ནས་སྐྱེ་རུ་འཇུག་དཀའ་མོ་རེད། འདི་ནི་མེ་ཏོག་གསོ་བའི་དགའ་ཕྱོགས་ཡིན་ནོ།།
 
བྱ་ཚིག།
གསོ། རྩི། བལྟས། བཞད། དགའ། སྐྱེ། ཕོག སྐམ། མཐོང་། འཚུབ། དོགས། བསམས། བྱེད། སྐམ། ཐོབ། འཇོག ལྡུག སོང་། སྤོ། བྱུང་། འཁེལ། བསྐྱལ། གྱུར།