བྱམས་པ་ཆོས་སྒྲོན།
དེ་རིང་ངོ་དེབ་བརྒྱུད་གསལ་བསྒྲགས་ཤིག་མཐོང་འཕྲལ་བདག་གིས་མིག་ཧྲིག་ཧྲིག་བྱས་ནས་བལྟས་པ་ན། རང་རེ་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་གསལ་བསྒྲགས་ཤིག་སྤེལ་བ་ལྟར་ན། སློབ་གྲྭ་ཁག་གི་དགེ་རྒན་རྣམ་པས་འབྲི་རྩོམ་འབྲི་རྒྱུའི་ཐད་ལས་འགུལ་བཟང་པོ་ཞིག་སྤེལ་ཡོད་མཐོང་བས། ངོ་མ་ལས་འགུལ་དེ་དག་ནང་མཉམ་ཞུགས་བྱ་རྒྱུ་ནི་གལ་ཆེན་རེད་སྙམ་ཡིན་ནའང་། བདག་ལྟ་བུའི་ཤེས་བྱ་དམན་པའི་དགེ་རྒན་ཕལ་བ་ཞིག་གིས་འབྲི་རྩོམ་ལ་མཁས་པའི་སྐྱེ་བོ་གྲངས་ལས་འདས་པ་ཡོད་པ་རྣམས་དང་འགྲན་ག་ལ་ནུས་སྙམ་ནས་རེ་ཞིག་ཡལ་བར་དོར། ཉིན་ཤས་རྗེས་གསལ་བསྒྲགས་དེ་དག་དགེ་རྒན་གཞན་རྣམས་ཀྱིས་སླར་ཡང་བརྒྱུད་བསྐུར་བྱས་བྱུང་། ཡང་བསྐྱར་བལྟས་པས་བརྗོད་གཞི་གཉིས་པོ་དེ་མངོན་སྐབས་བདག་གིས་བསམ་པར་རང་ཉིད་དགེ་རྒན་ཞིག་ཡིན་པ་མ་ཟད། དགེ་རྒན་གྱི་ལས་གནས་དེར་ལོ་ངོ་ཧྲིལ་པོ་བཅུ་གཉིས་འཁོར་བས་བདག་ལ་འགན་ཞིག་ཡོད་པ་སྙམ་པ་དང་། རང་ཉིད་ཀྱི་ཉམས་མྱོང་སྤེལ་རེས་སམ་བསམ་ཚུལ་བརྗེ་ལེན་དག་དགེ་རྒན་གྱི་ལས་གནས་ནང་དངོས་སུ་ཞུགས་པའི་དགེ་རྒན་རྣམ་པས་མ་བརྗོད་ན། གཞན་དགེ་རྒན་མ་ཡིན་པ་རྣམས་ཀྱིས་བརྗོད་ག་ལ་ནུས་སྙམ་ནས་རྩོམ་ཡིག་འདི་དག་འབྲི་བར་ཐལ་སོང་།
གཤམ་ལ་བདག་གིས་བརྗོད་གཞི་དགེ་རྒན་གྱི་ཁྱད་ལས་ཡར་རྒྱས་གཏོང་ཕྱོགས་དང་འབྲེལ་བའི་དཔེ་མཚོན་བཀོད་པ་གཞིར་བཟུང་སྟེ། རེ་རེ་བཞིན་རང་ཉིད་ཀྱི་ལག་ལེན་དངོས་སམ་མྱོང་ཚོར་སྐོར་འབྲེལ་བརྗོད་བྱ་རྒྱུ་ཡིན།
ཀ༽ སློབ་ཁྲིད་ཐབས་ལམ།
སློབ་ཁྱིད་ཐབས་ལམ་མམ་དགེ་རྒན་གྱི་སློབ་ཚན་ཁྲིད་ཐབས་དེ་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ཡིན་པ་ཚོར། དེ་ཡང་ཇི་སྐད་དུ། བདག་བཅག་གི་སྟོན་པ་ཤཱཀྱ་ཐུབ་པས། གང་ལ་གང་འདུལ་དེ་ལ་དེར་སྟོན་པ། ཞེས་སོགས་གསུངས་པ་ལྟར། ཐུབ་པས་རང་ཉིད་ཀྱི་གདུལ་བྱ་རྣམས་ཀྱི་ཁམས་དང་མོས་པ་སྣ་ཚོགས་ཡོད་པ་དེ་དང་བསྟུན་ནས་ཆོས་གསུངས་པ་བཞིན། དགེ་རྒན་གྱིས་འཁྲིད་སའི་སློབ་མ་རྣམས་རིག་པ་རབ་འབྲིང་ཐ་གསུམ་ཡོད་པ་དག་ཡིད་ལ་བཟུང་སྟེ། དེ་དང་བསྟུན་ནས་སློབ་ཁྲིད་བྱེད་རྒྱུ་དེ་གལ་འགངས་ཆེ་བར་མངོན། དགེ་རྒན་རང་ཉིད་མཁྱེན་རྒྱ་ཆེ་ཡང་སློབ་མའི་ཤེས་ཚད་ལ་མར་འབབ་མ་ཐུབ་ན། རང་ཉིད་ཀྱི་གང་ཤེས་པ་དག་ལ་རློམ་ནས་སློབ་མས་ཤེས་ཀྱི་ཡོད་ཤག་བྱས་ན་མི་འོས་སོ། །དེར་བརྟེན་རང་ཉིད་སློབ་མའི་ས་ཆར་བཞག་ནས་སློབ་མས་ཤེས་ཚད་དང་བསྟུན་ནས་སློབ་ཁྲིད་བྱ་རྒྱུ་དེ་གལ་ཆེ་ནང་ནས་དོན་ཆེན་ཞིག་ཏུ་མངོན་གྱི་འདུག
གཉིས་པ་དེ་ལ་དགེ་རྒན་རང་ཉིད་ཀྱིས་སྲོལ་རྒྱུན་གྱི་འཁྲིད་ཐབས་ཁོ་ན་མིན་པར། དེང་དུས་ཀྱི་ཁྲིད་ཐབས་ཐད་ལའང་རྒྱུས་མངའ་ཡོད་པ་དགོས་པ་མ་ཟད། ཁྲིད་ཐབས་དེ་དག་དངོས་སུ་སློབ་མར་ལག་བསྟར་བྱེད་རྒྱུ་དེ་ཡང་གལ་ཆེན་ཞིག་ཏུ་མངོན། སྔར་གྱི་སློབ་མ་དང་དེང་དུས་ཀྱི་སློབ་མའི་དབར་ཀུན་སློང་འཁྱེར་སྟངས་སོགས་འགྱུར་བ་ཧ་ཅང་ཆེན་པོ་ཕྱིན་ཡོད་པས། ང་ཚོ་དགེ་རྒན་རྣམས་ཀྱིས་ཀྱང་དངོས་ཡོད་གནས་ཚུལ་གྱི་འགྱུར་ལྡོག་དེ་དག་ངོས་ཟིན་པར་བྱས་ཏེ། རང་ཉིད་ཀྱང་སློབ་མའི་དོན་དུ་འགྱུར་བ་བཏང་ན་མ་འགྲིག་པ་མཐོང་གི་མི་འདུག དཔེར་ན། རང་ཉིད་ལ་མཚོན་ན། སྐབས་འགར་སློབ་ཚན་འཁྲིད་སྐབས་སློབ་མ་རྣམས་ཀྱིས་དུས་རྒྱུན་སྐད་ཆ་བཤད་སྟངས་དང་། བྱེད་སྟངས་ལྟར་ལད་ཟློས་བྱས་ན། ཁོང་རྣམས་དགའ་ཐག་ཆོད་ནས་སློབ་སྦྱོང་ལ་དོ་སྣང་ཆེ་བ་མ་ཟད། དོན་གཉེར་ངང་ངམ་ཤུགས་ཀྱི་སླེབས་ཀྱི་འདུག་ཅེས་བརྗོད་རྒྱུ་ཡིན།
གསུམ་པ་དེར་དགེ་རྒན་གྱིས་སློབ་ཁྲིད་བྱེད་སའི་སློབ་མ་དེ་གཞི་རིམ་འོག་མ་དང་། བར་མ། གོང་མ་བཅས་གང་གི་ཁོངས་སུ་གཏོགས་པ་དེ་དང་འཚམ་པའི་སློབ་ཁྲིད་དང་། སློབ་མ་སྐྱོང་སྟངས་ཀྱི་སེམས་ཁམས་རིག་པ་ལས་ཇི་ལྟར་གསུངས་པ་ལྟར་ལག་ལེན་བྱ་རྒྱུ་དེ་གལ་ཆེར་མངོན། རང་ཉིད་གཞི་རིམ་བར་མའི་དགེ་རྒན་ཞིག་ཡིན་སྟབས། འཛིན་རིམ་དྲུག་པ་ནས་བཅུ་པའི་བར་གྱི་སློབ་མ་རྣམས་ཀྱི་སྤྱི་ཡོངས་ཀྱི་འཚར་ལོངས་ལ་འགྱུར་བ་ཧ་ཅང་ཆེན་པོ་འགྲོ་ཡི་ཡོད་པས། བྱིས་པའི་སེམས་ཁམས་རིག་པ་ལྟར་ན། ལོ་ཚད་འདིའི་སྐབས་ཀྱི་ཕྲུ་གུ་ཚོས་བསམ་བློ་འཁྱེར་ཕྱོགས་དེ་བླུན་པོ་ཆུ་སྣ་གར་ཁྲིད་ལྟར་དང་། རང་ངོས་ནས་ལེགས་ཉེས་འབྱེད་དཀའ་བའི་དུས་སྐབས་འདིར་ལམ་སྟོན་དང་། སློབ་གསོ་ལེགས་པོ་ཐོབ་མཁན་དེ་ལེགས་པོར་འགྱུར་རྒྱུ་དང་། དེ་ལས་ལྡོག་ན་སློབ་མ་དེ་དག་སློབ་སྦྱོང་ལ་དོ་སྣང་མེད་པར་གྱུར་ནས་སློབ་གྲྭ་གཡུག་མཁན་ཡང་དུ་མ་མངོན།
མདོར་ན། དགེ་རྒན་གྱིས་སློབ་མའི་ཤེས་ཚད་དང་བསྟུན་རྒྱུ་དང་། སྲོལ་རྒྱུན་དང་དེང་དུས་གཉིས་ཟུང་འབྲེལ་ཐོག་སློབ་ཁྲིད་བྱེད་རྒྱུ། གཞན་ཡང་སློབ་མའི་སེམས་ཁམས་ཤེས་རྟོགས་བྱེད་རྒྱུ་སོགས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏོན་ནས་སློབ་མར་ཕན་སེམས་ཁོ་ནར་བཅངས་ནས་སློབ་ཁྲིད་བྱས་ན། དེ་དགེ་མཚན་ཆེན་པོ་མངོན་གྱི་འདུག་གོ།
ཁ༽ སློབ་ཚན་འཆར་འགོད།
སློབ་ཚན་འཆར་འགོད་ཞེས་པ་ནི། སློབ་མར་སློབ་ཚན་མ་འཁྲིད་སྔོན་དགེ་རྒན་གྱིས་འཆར་གཞི་འམ། གྲ་སྒྲིག་བྱེད་རྒྱུ་དེ་ཡིན་པས་འདི་ཡང་གལ་ཆེན་ཞིག་ཏུ་མངོན། སློབ་ཚན་འཆར་འགོད་ཀྱང་གོང་འཁོད་བཞིན་སློབ་མའི་ཤེས་ཚད་ལ་དམིགས་ནས་སློབ་ཁྲིད་གཏན་འབེབ་བྱེད་རྒྱུ་དེ་ཡིན། སློབ་གྲྭ་ཚང་མའི་ནང་སློབ་ཁྲིད་མ་བྱས་སྔོན་ཚུད་ནས་སློབ་ཚན་འཆར་འགོད་བཟོ་རྒྱུ་དེ་གལ་ཆེན་ཞིག་ཏུ་རྩི་བཞིན་ཡོད་དོ། །
དེ་ཡང་སློབ་ཚན་འཆར་གཞི་འགོད་པར་ལོ་རེའི་སློབ་ཚན་འཆར་འགོད་དང་། སློབ་ཐུན་གཅིག་གི་སློབ་ཚན་འཆར་འགོད། ཡང་ན། བདུན་ཕྲག་རེ་རེའི་ནང་འཆར་འགོད་བཟོ་དགོས་པ་བཅས་སློབ་གྲྭ་སོ་སོར་མི་འདྲ་བ་ཡོད་པས། ང་ཚོར་མཚོན་ན་བདུན་ཕྲག་གཅིག་གི་ནང་སློབ་ཚན་འཆར་འགོད་རེ་བཟོ་དགོས་པ་མ་ཟད། དེ་དག་དགེ་ཆེ་མཆོག་ལ་རེས་གཟའ་ཟླ་བ་ནམ་ཡིན་ལ་སྤྱན་འབུལ་ཞུ་དགོས་སོ། །
སྤྱིར་བཏང་སློབ་ཚན་མི་འདྲ་བའི་དགེ་རྒན་རྣམས་ཀྱིས་རང་རང་སོ་སོའི་སློབ་ཚན་འཆར་འགོད་བྱེད་སྟངས་ལའང་མི་འདྲ་བ་རྒྱས་བསྡུས་ཅི་རིགས་ཤིག་ཡོད་པ་སྨོས་མེད་རེད། དེ་ཡང་རང་ཉིད་འབྲིང་རིམ་བོད་ཡིག་དགེ་རྒན་ཞིག་ཡིན་པས། སྔར་དགེ་རྒན་འོས་སྦྱོང་སྐབས་དགེ་རྒན་རྣམ་པས་སྦྱོང་བརྡར་སྤྲད་པ་གཞིར་བཟུང་ནས་སློབ་ཚན་འཆར་འགོད་བཟོ་བཞིན་ཡོད། དེ་དག་རེ་རེ་བཞིན་བརྗོད་ན། ༡) ཚེས་གྲངས། ༢) འཛིན་གྲྭ ༣) སློབ་མའི་གྲངས། ༤) དུས་ཡུན། ༥) སློབ་ཚན། ༦) སློབ་ཚན་བྱེ་བྲག ༧) སྤྱིར་དགོས་དམིགས། ༨) བྱེ་བྲག་དགོས་དམིགས། ༩) འཁྲིད་ཐབས། ༡༠) ཁྲིད་ཆས། ༡༡) དགེ་རྒན་གྱི་བྱེད་སྒོ། ༡༢) སློབ་མའི་བྱེད་སྒོ། ༡༣) དགེ་སློབ་གཉིས་ཀྱི་བྱེད་སྒོ། ༡༤) མཇུག་བསྡུ་འམ་བསྐྱར་སྦྱོང་། ༡༥) ནང་སྦྱོང་། བཅས་མདོར་བསྟན་ཏོ། །
རྒྱས་པར་འཆད་ན། ཚེས་གྲངས་དང་དུས་ཡུན་ནི། བདུན་ཕྲག་གཅིག་རིང་གི་ཚེས་གྲངས་གང་ནས་གང་གི་བར་ཡིན་པ་དེ་འབྲི་དགོས་པ་དང་། འཛིན་གྲྭ་དང་སློབ་མའི་གྲངས་ནི་དགེ་ཆེ་མཆོག་གིས་གནང་བའི་འཛིན་གྲྭ་དཔེར་ན། བཅུ་པ་”ཀ”སྡེ་དང་”ཁ”སྡེ་ལ་སོགས་པ་དང་འཛིན་རིམ་སོ་སོའི་སློབ་མའི་གྲངས་རྣམས་བཀོད་དགོས།
སློབ་ཚན་དང་སློབ་ཚན་བྱེ་བྲག་སྐབས་སློབ་ཚན་བོད་ཡིག་ཅེས་འབྲི་དགོས་པ་དང་བོད་ཡིག་གི་སློབ་ཚན་བརྡ་སྤྲོད་དང་སྙན་ངག་སོགས་བྱེ་བྲག་གང་ཡིན་པ་དེ་དག་གི་བརྗོད་གཞི་འམ་སློབ་ཚན་གྱི་མིང་འབྲི་དགོས།
སྤྱི་དང་བྱེ་བྲག་གི་དགོས་དམིགས་སྐབས། སྤྱི་ཡོངས་ཀྱི་དམིགས་ཡུལ་གང་ཡིན་པ་སྙན་ངག་ལ་མཚོན་ན། རྩོམ་རིག་གོང་མཐོར་གཏོང་རྒྱུར་དམིགས་པ་དང་། ཡང་སྒོས་ཚིགས་བཅད་འབྲི་སྟངས་ཤེས་པར་བཟོ་རྒྱུར་དམིགས་པ་ལྟ་བུ་འབྲི་དགོས།
ཁྲིད་ཆས་ནི། སློབ་ཁྲིད་སྐབས་ཀྱི་ཡོ་ཆས་དེར་གོ་བས། སློབ་མར་ར་འཕྲོད་གསལ་པོ་ཡོང་སླད་དུ་ཅ་དངོས་སོགས་མིག་སྟོན་བྱེད་པ་དེར་ཟེར། ཁྲིད་ཆས་ནང་རྒྱུན་གཏན་དགེ་རྒན་གྱིས་ཤོག་བྱང་བཟོ་བ་དང་། ཅ་དངོས་སོགས་འཁྱེར་བ་མ་ཟད། གློག་སྟོན་བརྙན་རིས་དང་། གློག་བརྙན་སྟོན་པ་སོགས་ཀྱང་ཚུད་ཡོད་པས་འབྲི་དགོས།
འཁྲིད་ཐབས་ཞེས་པའི་སྐབས་སྲོལ་རྒྱུན་གཞིར་བཟུང་འཆད་ཐབས་ཡན་ལག་ལྔ་ལ་བརྟེན་ནས་སློབ་ཚན་འཆད་འཁྲིད་བྱེད་རྒྱུ། ཡང་ན། དེང་དུས་ཀྱི་འཁྲིད་ཐབས་སློབ་མ་དབུས་བཞག་ཐོག་འཆད་འཁྲིད་བྱེད་རྒྱུ། གཞན་སྲོལ་རྒྱུན་དང་དེང་དུས་གཉིས་ཀ་ཟུང་འབྲེལ་བྱས་ནས་འཁྲིད་རྒྱུ། ཤེས་ཡོན་སྲིད་ཇུས་ཀྱི་དགོས་དམིགས་བཞི་གཙོ་བོར་བཟུང་ནས་སློབ་ཁྲིད་བྱ་རྒྱུ་སོགས་འབྲི་དགོས།
དགེ་རྒན་དང་སློབ་མའི་བྱེད་སྒོ། དགེ་སློབ་གཉིས་ཀྱི་བྱེད་སྒོ་ཞེས་པ་དེའི་ནང་གཙོ་བོ་སློབ་ཁྲིད་ཀྱི་ལག་ལེན་དངོས་དེ་འབྲི་དགོས། དེའི་ནང་དགེ་རྒན་གྱིས་སློབ་ཁྲིད་འགོ་འཛུགས་སྟངས་གང་འདྲ་ཡིན་མིན་དྲི་བའི་ལམ་ནས་ཡང་ན། གཏམ་གླེང་ངང་ནས་སོགས་ཅི་རིགས་ཤིག་ཡོད་པ་སློབ་ཚན་སོ་སོར་རག་ལས་པའོ། །
དགེ་རྒན་གྱིས་ལམ་སྟོན་ནམ་སློབ་ཚན་དངོས་གཞི་འཆད་འཁྲིད་བྱེད་སྟངས་སོགས་བཀོད་དགོས། དེ་རྗེས་སློབ་མས་མཉམ་བཞུགས་སམ་དྲི་བར་ལན་འདེབས་དང་མི་ཤེས་པར་དོགས་འདྲི་བྱས་པ་སོགས་བཀོད་དགོས་སོ། །
མཐར་ནང་སྦྱོང་སྐུལ་སྐབས་སློབ་ཚན་གྱི་སྦྱོང་ཚན་རྣམས་སློབ་མ་རང་ངོས་ནས་འབྲི་དགོས་པ་མ་ཟད། སློབ་ཚན་དང་འབྲེལ་བའི་བྱེད་སྒོ་དང་ལས་འཆར་སྐུལ་རྒྱུ་སོགས་འབྲི་དགོས། འདིའི་ནང་སློབ་ཚན་གྱི་མཇུག་སྡུད་སྐབས་བསྐྱར་སྦྱོང་ཡང་ཚུད་དགོས་སོ། །
གོང་འཁོད་འཆར་འགོད་དེ་བོད་ཡིག་སློབ་ཚན་ལ་གཞིར་བཟུང་ནས་བྲིས་པ་ལས་སློབ་ཚན་གཞན་ལ་འདི་ལྟར་འབྲི་དགོས་པའི་ངེས་པ་མེད་དོ། །
ག༽ འཛིན་གྲྭ་སྟངས་འཛིན་བྱེད་སྟངས།
འཛིན་གྲྭ་སྟངས་འཛིན་ཡག་པོ་བྱེད་རྒྱུ་ནི་སློབ་ཁྲིད་ལེགས་པོ་ཡོང་བའི་ཆ་རྐྱེན་གལ་ཆེན་ཞིག་ཏུ་སྣང་། དེ་ཡང་བདག་གིས་བསམ་པར་སློབ་མར་དམ་ལྷོད་རན་པོའི་ངང་སྟངས་འཛིན་བྱེད་རྒྱུ་དེ་ཧ་ཅང་གལ་ཆེ་བར་མངོན། གང་ལགས་ཤེ་ན། རང་ཉིད་སློབ་ཕྲུག་སྐབས་ཀྱི་མྱོང་ཚོར་དངོས་ལྟར་ན། དགེ་རྒན་སྒམ་པོ་འམ་རྣམ་འགྱུར་ལ་བལྟས་པ་ཙམ་གྱིས་ཞེད་སྣང་སྐྱེས་པ་མ་ཟད། འཛིན་གྲྭར་སློབ་མ་ཀུན་ཁ་ཁུ་སིམ་པོར་གནས་པ། གལ་ཏེ་སྐད་ཅོར་བརྒྱབ་ན་ཕྱག་འཇུག་གནང་མཁན་དེ་འདྲ་ཡིན་ན། སློབ་ཚན་ཤེས་རྒྱུ་ལྟ་ཞོག་ཞེད་སྣང་གི་སློབ་ཐུན་རྫོགས་པར་བྱེད་པ་དང་། ཡང་དགེ་རྒན་འགའ་ནི་ཧ་ཅང་ལྷོད་དྲགས་པ་འཛིན་གྲྭའི་ནང་དགེ་རྒན་ཡོད་ནའང་མེད་པ་ལྟར་སློབ་མ་རྣམས་སྐད་ཅོར་རྒྱག་པ་དང་། ཕར་འགྲོ་ཚུར་འོང་བྱས་པ་མ་ཟད། དགེ་རྒན་དང་མཉམ་དུ་གྲོགས་པོ་ཇི་བཞིན་སྐད་ཆ་བཤད་ནས་སྡོད་པ་བཅས་མཐོང་འཕྲལ་རང་བཞིན་གྱི་སློབ་ཚན་ལ་དོ་སྣང་བརླག་པ་ལྟ་བུར་འགྱུར་གྱི་འདུག
གོང་གི་དགེ་རྒན་གཉིས་ལས་ལྡོག་སྟེ་དགེ་རྒན་འགའ་ཞིག་ནི་ཧ་ཅང་ལེགས་ལ་འཛིན་ཁང་ནང་དུ་འཛུལ་སྐབས་བཞིན་རས་འཛུམ་དམུལ་ལེར་དང་། སློབ་ཚན་ཁྲིད་སྐབས་ངག་འཇམ་ཞིང་། བློར་འཇུག་བདེ་ལ་ཤེས་སླ་བ། སྟངས་འཛིན་དམ་ལྷོད་རན་པོའི་ངང་གནང་མཁན་དེ་འདྲ་ཡོད་པས། རང་བཞིན་གྱིས་དགེ་རྒན་དེར་ཆེ་མཐོང་དང་གུས་བཀུར་བྱེད་འོས་ཤིང་སེམས་ནང་ཁོང་ལ་གདེང་འཇོག་དང་། སློབ་ཚན་དེ་ལའང་ངང་ངམ་ཤུགས་ཀྱི་དབྱིངས་དང་དོ་སྣང་སླེབས་པ་མ་ཟད། དེ་ལྟ་བུའི་དགེ་རྒན་ནི་ནམ་ཡང་བརྗེད་ཐབས་མེད་ལ། དུས་ད་ལྟའང་སློབ་ཁྲིད་གནང་སྟངས་ཐ་ན་གང་ཁྲིད་པ་རྣམས་ཀྱང་མི་བརྗེད་པ་གསལ་ལྷང་ངེར་དྲན་བཞིན་མཆིས།
དེས་ན་རང་ཉིད་དགེ་རྒན་གྱི་ལས་གནས་འདིར་འཇུག་བཞིན་ཡོད་པས། སློབ་མ་རྣམས་ལ་སྟངས་འཛིན་དམ་ལྷོད་རན་པོ་གང་ཐུབ་བྱེད་བཞིན་ཡོད། འཛིན་གྲྭའི་ནང་སློབ་མ་སྐད་ཅོར་རྒྱག་མཁན་འགའ་དང་སློབ་ཁྲིད་སྐབས་བར་ཆད་བྱེད་མཁན་ཚོར་ལམ་སང་ཚིག་ངན་མ་སྨྲ་བར་གནད་ལ་འཁེལ་བའི་སློབ་གསོ་རྒྱག་རྒྱུ་དེ་གལ་ཆེན་མཐོང་གི་འདུག
གཞན་ཡང་སློབ་སྦྱོང་ཞན་པའི་སློབ་མ་རྣམས་ལའང་ལེགས་པའི་ཆ་ཡོད་སྲིད་པས། དགེ་རྒན་གྱིས་སློབ་མ་དེར་དོ་སྣང་བྱས་ཏེ་སློབ་མ་དེ་ཡི་མིང་བོས་ནས་ཁོང་གི་ལེགས་པའི་ཆ་ལའང་བསྟོད་བསྔགས་བཏང་ན། སློབ་མ་དེ་རང་བཞིན་གྱིས་འགྱུར་བ་འགྲོ་རྒྱུ་ཡིན་པ་གདོན་མི་ཟ། སློབ་མ་ལེགས་པ་རྣམས་ཀྱིས་ཡ་རབས་ཀྱི་དཔེ་བཟང་བསྟན་ན། དགེ་རྒན་གྱིས་དེར་རིན་ཐང་སྤྲད་ནས་དམངས་ཀྱི་སར་བསྟོད་བསྔགས་བཏང་ན། སློབ་མ་དེ་ཡ་རབས་ཀྱི་སྤྱོད་པ་དེ་མུ་མཐུད་ནས་བྱེད་རྒྱུའི་སྐུལ་མ་ཐེབས་ཏེ་རང་བཞིན་བཟང་པོར་འགྱུར་ངེས། དམིགས་བསལ་གྱི་སློབ་ཕྲུག་སྤྱོད་པ་རྩུབ་པོ་དང་མི་འདྲ་བ་ཡོད་མཁན་ཚོར་དོ་སྣང་སྤྲད་ནས། སློབ་གསོ་ལ་སོགས་པའི་ཐབས་ཀྱིས་འདུལ་ཐུབ་ན། གཞན་རྣམས་སྔོན་ནས་དུལ་བས་སློབ་ཁྲིད་ཡག་པོ་ཡོང་ངེས།
མདོར་ན། གུས་པའི་བསམ་པར་འཛིན་གྲྭ་སྟངས་འཛིན་བྱེད་སྟངས་ལེགས་ཤོས་དེ་སློབ་མ་ཀུན་གྱི་མིང་ངེས་པར་དུ་ཤེས་དགོས་པ་མ་ཟད། སློབ་མ་ཡོངས་ལ་དོ་སྣང་དང་། དམིགས་བསལ་གྱི་སློབ་མ་སློབ་སྦྱོང་ལ་དོ་སྣང་ཞན་པ་རྣམས་རྒྱུ་རྐྱེན་གང་ལ་བརྟེན་ནས་དོ་སྣང་མི་སྤྲོད་པ་སོགས་དམ་ལྷོད་རན་པོའི་ངང་སྐྱོང་རྒྱུ་དེ་གལ་འགངས་ཆེ་བར་མངོན་ནོ། །
ང་༽ སློབ་ཕྲུག་ལ་ནང་སྦྱོང་སྐུལ་སྟངས་དང་ཞུ་དག་བྱེད་སྟངས།
ཉིད་ཀྱིས་ནང་སྦྱོང་སྐུལ་སྟངས་ཐད་ལ་གང་ཞུ་འདོད་བྱུང་ཞེས་བརྗོད་ན། དགེ་རྒན་འགའ་ཞིག་གིས་ནང་སྦྱོང་མང་པོ་འབྲི་རུ་བཅུག་ན། སློབ་མའི་སྦྱངས་འབྲས་བཟང་པོ་ཡོང་ངེས་ཞེས་དགོངས་མཁན་ཡོད། ཡིན་ནའང་། རང་ཉིད་ཀྱི་བསམ་པར་ནང་སྦྱོང་མང་པོ་མ་ཡིན་པར་འོས་འཚམ་ཞིག་སྐུལ་རྒྱུ་དེ་ལེགས་པ་མངོན། གང་ལ་ཞེ་ན། སློབ་མ་རྣམས་ལ་ནང་སྦྱོང་སློབ་ཚན་གཅིག་རང་མིན་པར་གཞན་ཡང་ཡོད་པས་མང་དྲགས་ན། སློབ་མས་དུས་ཐོག་ཏུ་འབྲི་མ་ཐུབ་པར་ཐ་ན་གཞན་ནས་བཤུ་འབྲི་བྱས་ནས་གོམས་གཤིས་ངན་པ་འཇགས་པ་དང་། སློབ་སྦྱོང་ལ་སྤྲོ་སྣང་བརླག་པའི་ཉེན་ཁ་ཡང་ཡོད།
ཡང་ནང་སྦྱོང་རྩ་བ་ནས་མ་བསྐུལ་ནའང་མི་འགྲིག་པར་སྙམ། གལ་ཏེ་ནང་སྦྱོང་མ་བསྐུལ་ན་སློབ་མ་རང་ངོས་ནས་ནང་སྦྱོང་འབྲི་མི་ཐུབ་པ་དང་། འབྲི་རྒྱུའི་ཐད་ལ་དཀའ་ངལ་འཕྲད་པ། སློབ་སྦྱོང་མི་བྱེད་པ་སོགས་ཀྱི་སྐྱོན་མང་དག་ཅིག་མཆིས་སོ། །
དེར་བརྟེན། དགེ་རྒན་གྱིས་སློབ་ཁྲིད་ཚར་རྗེས་ནང་སྦྱོང་འོས་ཤིང་འཚམས་པ་འམ། མང་ཉུང་རན་པོ་ཞིག་སྐུལ་རྒྱུ་དེ་གལ་ཆེའོ། །
ལས་བྱ་ལ་དབྱེ་བ་གཉིས་ཡོད། གཅིག་འཛིན་གྲྭའི་ནང་བྱ་དགོས་པ་དང་། གཞན་ནི་ཁྱིམ་དུ་བྱ་དགོས་པའི་ལས་བྱའོ། །འཛིན་གྲྭའི་ནང་ལས་བྱ་དེ་ཅུང་ཁག་པོ་ཡོད་ནའང་འགྲིག གང་ཡིན་ཞེ་ན། འཛིན་གྲྭའི་ནང་དགེ་རྒན་ཡོད་པས་ཁོང་ལ་དོགས་འདྲི་བྱེད་ཆོག་པ་མ་ཟད། སློབ་ཕྲུག་ནང་ཕན་ཚུན་ལའང་དྲི་བ་བཀོད་ཆོག་པ་དང་། ཁྱིམ་དུ་ལས་བྱ་དེ་གོང་ལས་ཅུང་སླ་བ་དགོས་གལ་ཆེའོ། །གང་ཡིན་ཞེ་ན། དེ་དག་ནི་སློབ་མ་རང་ངོས་ནས་འབྲི་དགོས་པ་ལས་གཞན་ནས་དཔེ་བཤུས་བྱ་མི་དགོས་པའི་ཕྱིར་རོ། །
གཉིས་པ་ཞུ་དག་བྱེད་སྟངས་ལ་མཚོན་ན། རང་ཉིད་དམིགས་བསལ་སྐད་ཡིག་དགེ་རྒན་ཞིག་ལ་མཚོན་ན། ཞུ་དག་བྱེད་རྒྱུ་དེ་ཧ་ཅང་གི་དཀའ་བའི་གནས་ཤིག་རེད་སྙམ་གྱི་འདུག གང་ལ་ཞེ་ན། སློབ་མས་བྲིས་ཟིན་པའི་ནང་སྦྱོང་དང་འཛིན་ལས་ཟིན་བྲིས་བཅས་དུས་ཐོག་ཏུ་ཞུ་དག་བྱེད་རྒྱུ་དེ་གལ་ཆེན་ཡིན་པས། ཞིབ་ཚགས་ངང་ནོར་བཅོས་རེ་རེ་བཞིན་བྱས་ན་དུས་ཚོད་ཧ་ཅང་མང་པོ་འགོར། དཔེར་ན། སློབ་ཐུན་གཅིག་ལ་འབྲི་དེབ་བཞི་ལྔ་ལས་མི་ཚར་བས་འཛིན་གྲྭ་གཅིག་མིན་པ་དུ་མ་ཡོད་སྟབས་དེ་བས་ཀྱང་མང་བ་འགོར་བཞིན་འདུག ཡིན་ནའང་། ཕྱོགས་གཞན་ཞིག་ནས་བརྗོད་ན། བལྟས་པ་ཙམ་གྱིས་མཐོང་ཞེས་བྲིས་ན་ལས་སླ་པོར་མངོན་གྱི་འདུག
གོང་དུ་ཞུས་པ་བཞིན་རང་ཉིད་ལ་མཚོན་ན། ཞུ་དག་བྱ་རྒྱུ་དེ་སློབ་ཁྲིད་བྱེད་རྒྱུ་ལས་དཀའ་བ་མངོན་གྱི་འདུག ཡིན་ནའང་། ཕྱིས་སུ་མཁས་དབང་རྣམས་པས་ཞུ་དག་བྱ་རྒྱུའི་ཐད་ལ་ཐབས་ལམ་ལེགས་པོ་འགའ་གོ་ཐོས་བྱུང་བས་རིམ་བཞིན་ཁོང་རྣམས་པའི་རྗེས་སུ་འབྲངས་བཞིན་ཡོད། དཔེར་ན། བརྡ་སྤྲོད་ལ་མཚོན་ན་ཚིག་ཕྲད་ལ་དོ་སྣང་བྱ་དགོས་པ་དང་། རྩོམ་རིག་ལ་མཚོན་ན་འབྲི་ཐབས་གཙོ་བོར་འཛིན་དགོས་པ་ལས་དག་ཆ་རེ་རེ་བཞིན་དམར་རྟགས་རྒྱག་མི་དགོས། གལ་ཏེ་དེ་ལྟར་བྱས་ན་སློབ་མའི་སེམས་ཁམས་ལ་གནོད་ནས་རྩོམ་ཡིག་འབྲི་རྒྱུའི་འདུན་པ་བརླག་ཉེན་མཆིས་པ་བཅས་མཁས་པ་ཚོས་གསུངས་པའང་བདེན་པར་མངོན།
རང་ཉིད་ལ་མཚོན་ན། སློབ་མས་རྩ་བ་ནས་མ་འགྲིག་ན་མ་གཏོགས་དེ་མིན་ནོར་རྟགས་རྒྱག་གི་མེད། སློབ་མས་ཕྱེད་ཀ་འགྲིག་ཡོད་ན་འགྲིག་རྟགས་དང་ནོར་རྟགས་གཉིས་ཀས་རྟགས་རྒྱག་གི་ཡོད། གལ་ཏེ་སློབ་མས་ཡག་པོ་བྲིས་ཡོད་ན། སློབ་མར་སེམས་ཤུགས་འཕར་ཆེད་འགྲིག་རྟགས་ཆེན་པོ་རྒྱག་གི་ཡོད། གཞན་ཡང་སློབ་མར་མཆན་འགོད་རྒྱུ་དེ་གལ་ཆེན་ཞིག་ཏུ་རྩིས་ཀྱི་ཡོད། མཆན་ཡང་ལེགས་པའི་ཆ་ལ་བལྟས་ནས་འགོད་ཀྱི་ཡོད། དཔེར་ན། ཤིན་ཏུ་ལེགས་དང་། ལེགས། བཟང་། ཡིག་གཟུགས་ཡག་པོ་བྲིས་འདུག གཙང་མ་བྲིས་འདུག་སོགས་སློབ་མའི་ལེགས་པའི་ཆ་རྣམས་འགོད་རྒྱུ་དེ་གལ་ཆེན་མངོན་བཞིན་མཆིས། གཞན་ཡང་སྐབས་རེ་ནང་སྦྱོང་མ་འབྲི་མཁན་རྣམས་ལ་ནང་སྦྱོང་ཆ་ཚང་བ་འབྲི་དགོས་ལྟ་བུ་སྐུལ་མ་བྱེད་པ་ལས། མཆན་ངན་པ་འབྲི་མི་དགོས་པ་གཙོ་འདོན་བྱ་རྒྱུ་གལ་ཆེར་མངོན་གྱི་འདུག་གོ།
ཅ༽ སློབ་ཕྲུག་རྣམས་ལ་རྩོམ་ཡིག་ཁྲིད་སྟོན་བྱེད་སྟངས།
སློབ་མ་རྣམས་ལ་དང་ཐོག་རྩོམ་ཞེ་ན་ཅི་ཞིག་ལ་ཟེར་གྱི་ཡོད་མེད་ངོ་སྤྲོད་གསལ་པོ་བཟོ་རྒྱུ་དེ་གལ་ཆེན་ཞིག་རེད་སྙམ་གྱི་འདུག གང་ལ་ཞེ་ན། སློབ་མ་མང་དག་ཅིག་གིས་རྩོམ་ཞེ་ན། སྙན་ངག་གི་ཚིག་སྦྱོར་སྙན་པོ་དང་། དོན་རྒྱན་སོགས་ཀྱི་ཆ་རྐྱེན་དུ་མ་དགོས་སྙམ་ནས་བསམ་བློ་མང་པོ་བཏང་ཡང་འབྲི་མ་ཤེས་པར་མཐར་ཤོག་བུ་དཀར་རྐྱང་འཇོག་མཁན་མང་པོ་ཡོད་པས། དེ་དག་ལ་དགེ་རྒན་ངོས་ནས་རྩོམ་ཞེ་ན་མི་ཚང་མར་རང་རང་སོ་སོར་བདེ་སྡུག་བཏང་སྙོམས་ཀྱི་ཚོར་བ་ཡོད་པས། དེ་དག་ཡིག་ཐོག་ཏུ་ཕབ་ཐུབ་ན་དེ་ལ་རྩོམ་ཟེར་ཞེས་བརྗོད་ན། སློབ་མ་རྣམས་ཀྱིས་ཀྱང་གང་ཐུབ་ཅི་ཐུབ་ཀྱིས་དང་ཐོག་ཚིག་སྦྱོར་མི་སྙན་པ། དག་ཆ་ནོར་བ་མང་བ་སོགས་ཀྱི་དཀའ་ངལ་འཕྲད་སྲིད་ཀྱང་། གང་ལྟར་སློབ་མས་ཤོག་བུ་དཀར་པོའི་སྟེང་ཡི་གེ་འབྲི་འགོ་འཛུགས་པས། རིམ་བཞིན་ཉིན་ནས་ཉིན་བསྟུད་ནས་བྲིས་ན་རྩོམ་རྩལ་ཡག་ཏུ་འགྲོ་བ་ནི་གདོན་མི་ཟའོ། །
དེར་བརྟེན། རྩོམ་ཡིག་ཅེས་པ་མ་བྲིས་ན་ཡར་རྒྱས་འགྲོ་རྒྱུ་མིན་པ་ནི་དངོས་ཡོད་གནས་ཚུལ་ཡིན་པས། སློབ་མ་ཚོར་རྩོམ་འབྲི་རྒྱུའི་ཐད་སེམས་ཤུགས་སྤར་རྒྱུ་དང་སྐུལ་མ་བྱེུད་རྒྱུ་དེ་གལ་ཆེར་མངོན། དེ་ཡང་རྩོམ་ལུས་ལ་འབྲི་སྟངས་ཚིག་ལྷུག་དང་། ཚིགས་བཅད། སྤེལ་མ་གསུམ་ལས། ཐོག་མར་ཚིག་ལྷུག་འབྲི་རྒྱུའི་ཐད་སྐུལ་མ་བྱེད་རྒྱུ་དེ་གལ་ཆེན་མཐོང་བཞིན་མཆིས་པས། དང་ཐོག་སློབ་མར་ཉིན་ཐོ་འབྲི་རུ་འཇུག་རྒྱུ་དང་། དེ་རྗེས་ཇི་བཞིན་བརྗོད་པའི་རྩོམ་ཡིག རིམ་བཞིན་གསལ་བཤད་རྩོམ་ཡིག དེ་ནས་བརྩམས་སྒྲུང་འབྲི་རུ་འཇུག་པ་སོགས་དང་། བརྩམས་སྒྲུང་འབྲི་སྐབས་རྟོག་བཟོ་དང་འཆར་ཡན་གྱི་བརྩམས་སྒྲུང་། དངོས་ཡོད་ཅན་གྱི་བརྩམས་སྒྲུང་ཅི་རིགས་ཤིག་ཡོད་པའི་དེ་དག་འཁྲིད་ཐབས་ཐད་ལ་མི་སྣ་གཙོ་ཕལ་དང་། དྲང་ཕྱོགས་དང་ལྡོག་ཕྱོགས་མི་སྣ། བྱུང་རྐྱེན་དང་། བྱུང་རིམ། མཇུག་འབྲས། རྩོམ་གྱི་སྒྲིག་གཞི་སོགས་ངོ་སྤྲོད་བྱ་རྒྱུ་དེ་གལ་ཆེའོ། །
གཞན་ཡང་སློབ་མར་པར་རིས་འདྲ་མིན་བསྟན་ནས་རྩོམ་འབྲིར་འཇུག་རྒྱུ་དེ་ཡང་སློབ་མར་ཕན་ཐོགས་ཆེན་པོ་མཐོང་གི་འདུག མཚམས་མཚམས་སུ་སློབ་མར་རང་ངོས་ནས་བརྗོད་གཞི་གང་རུང་ཐོག་རྩོམ་ཡིག་འབྲི་རུ་འཇུག་པ་དང་། སོ་སོའི་དངོས་སུ་མཐོང་ཐོས་ཀྱི་གནས་ཚུལ་འབྲི་རུ་བཅུག་ན་ཡང་ཕན་ཐོགས་ཆེན་པོ་འདུག
དེ་རྗེས་ཚིགས་བཅད་རྩོམ་ཡིག་འབྲི་རྒྱུར་སྐུལ་མ་བྱེད་དགོས། དེ་ཡི་ཐད་རྒན་བེ་རི་རྒྱལ་སྲས་མཆོག་གི་འཁྲིད་ཐབས་དེ་ཧ་ཅང་ལེགས་པོར་མངོན་བྱུང་། བདག་གིས་ཀྱང་ཁོང་གི་འཁྲིད་ཐབས་ལྟར་སློབ་མ་ཚོར་བོད་གཞས་གང་མང་བསྟན་པ་མ་ཟད། ཉན་འཇུག་གི་ཡོད། སློབ་མ་རྣམས་བོད་གཞས་ལ་དབྱིངས་སླེབས་ཕྱིར་ཐོག་མར་སློབ་མ་སོ་སོའི་འདོད་མོས་ལྟར་བོད་གཞས་གང་མང་སྟོན་པ་དང་། དེ་རྗེས་དགེ་རྒན་རང་ངོས་ནས་བོད་གཞས་ཚིག་ཡག་པོ་ཡོད་པ་འགའ་སློབ་མས་ཁམས་དང་འཚམ་པར་གསར་རྙིང་ཅི་རིགས་ཤིག་སྟོན་བཞིན་ཡོད། མཐར་དགེ་རྒན་གྱིས་གཞས་ཚིག་སྙན་ལ་ནང་དོན་ཡག་པོ་ཡོད་པ་ཞིག་བདམས་ནས་སློབ་མར་བཤུ་རུ་བཅུག་པ་མ་ཟད། སློབ་མའི་ངོས་ནས་ཚེག་བར་ཆ་མ་མཉམ་པ་དག་སྙོམས་འཇུག་པ། དཔེར་ན། ཚེག་བར་དྲུག་ཅན་དང་བདུན་ཅན་སོགས་གང་རུང་དུ་བཟོ་འཇུག་གི་ཡོད། དེ་ཡང་དགེ་རྒན་རང་ཉིད་ཀྱིས་ཀྱང་གཞས་ཚིག་ཕབ་ནས་ཚེག་བར་ཆ་སྙོམས་པ་བཟོས་ནས་དཔེ་སྟོན་གྱི་ཡོད། དེ་འདྲ་བྱས་ན་སློབ་མས་ཚིགས་བཅད་འབྲི་རྒྱུའི་ཐོག་དཀའ་ངལ་མེད་པ་ཡོང་གི་འདུག དམིགས་བསལ་རྒྱལ་དབང་ཚངས་དབྱངས་རྒྱ་མཚོས་མགུར་གླུ་རྣམས་ཚེག་བར་དྲུག་ཅན་ཡིན་པ་མ་ཟད། བོད་གཞས་ཕལ་ཆེ་བ་ཚེག་བར་དྲུག་ཅན་ཡིན་པས། སློབ་མ་རྣམས་ཀྱིས་ཚེག་བར་དྲུག་ཅན་གྱི་ཚིགས་བཅད་རྣམས་ལས་སླ་པོར་འབྲི་ཐུབ་ཀྱི་འདུག་པ་མ་ཟད། འཛིན་གྲྭའི་ནང་ཕོ་མོ་སྡེ་ཚན་བཟོས་ནས་ཚིགས་བཅད་ཐོག་ནས་སློབ་མ་ནང་ཕན་ཚུན་གླེང་མོལ་བྱེད་བཅུག་ན། སློབ་མ་ཚོས་ཚིགས་བཅད་འབྲི་རྒྱུའི་ཐད་ལ་ཕན་ཐོགས་ཧ་ཅང་ཆེན་པོ་འདུག་གོ།
ཆ༽ སློབ་ཕྲུག་གི་ཤེས་ཚད་འཇལ་ཐབས།
ང་ཚོའི་གཏན་ཉིན་སློབ་གྲྭ་ཁག་གི་ཤེས་ཡོན་ལམ་སྲོལ་དེ་འཛིན་རིམ་སོ་སོའི་སློབ་ཕྲུག་གི་ཤེས་ཚད་དམ་གནས་ཚད་ལོངས་ཡོད་མེད་ཡིག་རྒྱུགས་ཀྱི་ལམ་ནས་ཞིབ་འཇུག་གནང་གི་ཡོད་པས། དེ་ཡང་ཡིག་རྒྱུགས་ལའང་ཟླ་རྒྱུགས་དང་། དུས་ཚིགས་དང་པོ་དང་གཉིས་པ། ཡང་ན། ལོ་འཁོར་ཡིག་རྒྱུགས་བཅས་གཏོང་སྲོལ་ཡོད། དེ་ཡང་ལོ་འཁོར་ཡིག་རྒྱུགས་ཆུ་ཚོད་གསུམ་ནང་སློབ་མའི་ཤེས་ཚད་འཇལ་ཐུབ་རྒྱུ་དེ་དཀའ་ཡང་། གཙོ་བོ་རྒྱུགས་སྤྲོད་ཀྱི་ལམ་སྲོལ་དེར་འགྲོ་དགོས་སྟབས་དྲི་ཤོག་ཚད་ལྡན་ཞིག་དང་། སྤུས་ཚད་ལྡན་མིན། དེ་དག་ཞུ་དག་ཚུལ་མཐུན་བྱས་མིན་ལ་རག་ལས་ཡོད། དེར་བརྟེན། དགེ་རྒན་གྱིས་དྲི་ཤོག་གང་ལེགས་བཟོ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་སྟབས། དྲི་ཤོག་བཟོ་སྐབས་སློབ་མ་རབ་འབྲིང་ཐ་གསུམ་ལ་དམིགས་ནས་དྲི་བ་བཟོ་དགོས་པ་ལས། དྲི་བ་ཧ་ཅང་ཁག་པོ་དང་ཡང་ན་སླ་པོ་བཟོ་མི་ཉན་སྙམ་གྱི་འདུག སྤྱིར་དྲི་བ་ཁག་པོ་བཟོ་རྒྱུ་དེ་ལས་སླ་པོ་རེད། ཡིན་ནའང་། རང་ཉིད་ཀྱི་བསམ་པར་ཡིག་རྒྱུགས་སྐབས་སློབ་མས་གང་ཤེས་ཀྱི་མེད་པ་བལྟ་རྒྱུ་མིན་པར། གང་ཤེས་ཀྱི་ཡོད་པ་ཧ་གོ་རྒྱུ་དེ་གལ་ཆེར་མངོན་གྱི་འདུག
དཔེར་ན། སྐད་ཡིག་དགེ་རྒན་ཞིག་ལ་མཚོན་ན་དྲི་ཤོག་བཟོ་སྐབས་ཀློག་རྩལ་དང་། འབྲི་རྩལ། བརྡ་དག ཡིག་གཟུགས་བཅས་ལ་དམིགས་ནས་དྲི་བ་བཟོ་རྒྱུ་དེ་གལ་ཆེན་མཐོང་བཞིན་མཆིས།
ཀློག་རྩལ་གྱི་དྲི་བ་སྐུལ་སྐབས་དགེ་རྒན་གྱིས་སློབ་མས་ཀློག་ཤེས་པ་ཙམ་མིན་པར། གོ་རྟོགས་ནུས་རྩལ་གྱི་དྲི་བ་བཏང་ནས་སློབ་མས་ནང་དོན་རྟོགས་ཡོད་མེད་བརྟག་རྒྱུ་དང་། འབྲི་རྩལ་ལྟ་བུར་མཚོན་ན། རྩོམ་བྲིས་རིང་ཐུང་ཅི་རིགས་པར་འབྲི་འཇུག་རྒྱུ། གཞན་བརྡ་སྤྲོད་ལ་མཚོན་ན། སློབ་མས་ཕྲད་རྣམ་དབྱེ་ལ་སོགས་ཀྱི་གོ་དོན་ཙམ་མིན་པར། ནམ་རྒྱུན་འཚོ་བ་དངོས་དང་སྦྱར་ནས་ཕྲད་སྦྱོར་ཚུལ་མ་ནོར་བར་བེད་སྤྱོད་གཏོང་ཐུབ་མིན་སྐོར་གྱི་དྲི་བ་སྐུལ་རྒྱུ། དེ་ནས་མཐར་ཡིག་གཟུགས་ཀྱང་ཧ་ཅང་གལ་ཆེན་ཡིན་པས་ཡིག་གཟུགས་གཙང་མ་དང་ཁོད་སྙོམས་སོགས་ལ་བལྟས་ནས་ཨང་སྤྲོད་རྒྱུ་དེ་ཡང་གལ་ཆེན་ཞིག་ཏུ་མངོན།
ལོ་འཁོར་ཡིག་རྒྱུགས་གཅིག་པུ་མིན་པར་གོང་དུ་བཤད་པ་ལྟར། ཟླ་རྒྱུགས་ཀྱང་ཡོད་པ་མ་ཟད། འཛིན་གྲྭའི་ནང་དོ་སྣང་ཇི་ལྟར་སྤྲོད་ཀྱི་ཡོད་མིན་དང་། འཛིན་གྲྭར་དུས་ཐོག་ཏུ་འབྱོར་གྱི་ཡོད་མེད། ནང་སྦྱོང་དུས་ཐོག་ཏུ་སྤྲོད་ཀྱི་ཡོད་མེད་བཅས་ལ་བལྟས་ནས་ཀྱང་ཨང་སྤྲད་ན། སློབ་མའི་ཤེས་ཚད་རྟོགས་ཐུབ། གང་ལྟར་ཡིག་རྒྱུགས་ཙམ་མིན་པ་དུས་རྒྱུན་སློབ་མའི་བྱེད་སྒོ་རྣམས་གཞག་དང་། ཀུན་སྤྱོད་འཁྱེར་སྟངས་ལ་སོགས་པ་ཡང་ཤེས་ཡོན་གྱི་ཆ་ཤས་ཤིག་ཡིན་པས། དེ་དག་ལའང་དམིགས་བསལ་གྱི་བརྒྱ་ཆ་སྤྲོད་རྒྱུ་དེ་གལ་འགངས་ཆེ་བར་མངོན་གྱི་འདུག་གོ།
རང་ཉིད་ལ་མཚོན་ན། དུས་རྒྱུན་སློབ་མ་རྣམས་ལ་ཨང་ཐོབ་རྒྱུ་ཁོ་ན་གལ་ཆེན་མིན་པར་གཙོ་བོ་ཡ་རབས་སྤྱོད་བཟང་དགོས་རྒྱུ་དེ་གལ་ཆེ་བར་འཛིན་དགོས་པའི་སློབ་གསོ་བརྒྱབ་བཞིན་ཡོད། ཡིན་ནའང་། ཤེས་ཡོན་དང་སྤྱོད་པ་གཉིས་ཀ་ལྡན་ན་གཡང་རྩེའི་སྒང་ལ་ཡས་སྒྲོན་ཞེས་པའི་དཔེ་ལྟར་ཡག་པོ་རེད་ཞེས་བརྗོད་ཀྱི་ཡོད་དོ།།
མཐའ་དོན། རང་ཉིད་ཀྱི་གོང་དུ་བརྗོད་པ་རྣམས་རང་ཉིད་ཀྱི་བསམ་ཚུལ་ལམ་མྱོང་ཚོར་ཙམ་ལས་དེ་བཞིན་བྱེད་དགོས་ཞེས་བརྗོད་རྒྱུ་མིན། ཞར་བྱུང་རང་ཉིད་སྒེར་གྱི་ངོས་ནས་གང་ཞུ་འདོད་བྱུང་ཞེ་ན། དགེ་རྒན་གྱི་ལས་གནས་དེ་ཧ་ཅང་གི་རླབས་ཆེན་ཞིག་ཡིན་སྟབས། དགེ་རྒན་ཞེས་པ་ཤེས་བྱ་ཕྱུག་པོ་དགོས་པ་སྨོས་མེད་ཐོག དེ་དག་སློབ་མར་བུམ་པ་གང་བྱོའི་ཚུལ་དུ་སྦྱིན་དགོས་པ་མ་ཟད། གཙོ་བོ་ཀུན་སློང་བཟང་པོ་བཅོས་མ་མ་ཡིན་པ་ཞིག་དང་སློབ་མར་བྱམས་བརྩེའི་ངང་རང་ཉིད་ཀྱི་ཕྲུ་གུ་ལྟ་བུར་བསྐྱངས་ན། སློབ་མ་རྣམས་ཀྱི་སློབ་སྦྱོང་ཡག་པོ་དང་ཀུན་སྤྱོད་བཟང་པོ་ཡོང་རྒྱུ་ཉག་གཅིག་རེད་འདུག་ཅེས་བརྗོད་རྒྱུ་ཡིན་པས། དེ་དོན་དགེ་རྒན་ཚང་མས་དེ་བཞིན་གནང་རྒྱུའི་ཐད་རེ་བ་འམ་སྐུལ་མ་དང་སྦྲགས་ནས་མཇུག་བསྡུ་རྒྱུ་ཡིན་ནོ།། །།