ཚེ་རིང་།

ཐུ་མི་ཨ་ནུ་ལས། །ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །མི་མཁས་པ་བསླེབས་པའི་སྔོན་མ་ཡིན། །རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས། །གྲོགས་བློན་པོ་ཁྲོད་ན་ང་ཙམ་མེད། །བོད་ཁ་བ་ཅན་གྱི་མི་རྣམས་ལ། །ང་ཐུ་མི་བཀའ་དྲིན་མི་ཆེ་འམ། །ཞེས་པའི་མཆོད་བརྗོད་ཀྱི་སྔུན་བསུས་ནས་རང་ཅག་བོད་ཀྱི་སྐད་ཡིག་ཐོག་རང་གི་ཚོར་སྣང་འགའ་འབྲི་ན་བསམ།
སྐད་ཡིག་ནི་མི་རིགས་ཀྱི་སྲོག་རྩ་ཡིན་པ་དང་མི་རིགས་ཤིག་གི་སྲོལ་རྒྱུན་གོམས་གཤིས་སོགས་སྲ་བརྟན་དང་རྒྱུན་འཛིན་སྤུས་དག་ཡོང་མིན། མི་རིགས་དེའི་སྐད་ཡིག་ལ་རག་ལས་པ་སྨོས་མ་དགོས་པ་ཚང་མས་མཁྱེན་ཆུབ་ཏུ་ཡོད་པ་དངོས་ཡོད་ལ་སོང་། ཐོག་མ་ཉིད་ནས་སོ་སོའི་སྐད་ཡིག་ལ་དོ་ཁུར་གཞན་ལྷག་བྱེད་རྒྱུ་ནི་རང་གཞན་རྩམ་གཟན་བ་ཚང་མའི་ལས་འགན་གཡོལ་ཐབས་མེད་པ་ཞིག་ཆགས་ཡོད།
ཐུན་མོང་མ་ཡིན་པའི་བོད་པའི་སྐད་ཡིག་ཅེས་པ་གོ་ལ་འདིའི་སྟེང་སྐད་ཡིག་གཞན་ལས་ཆེས་རླབས་ཆེ་བ་མ་ཟད། དེང་དུས་ཤིན་ཏུ་མཁོ་གནད་ཆེ་བའི་སེམས་ཚོར་ལ་བཅོས་ཐབས་དང་ནང་ཆོས་ཀྱི་གོ་དོན། དེ་བཞིན་བཟང་སྤྱོད་ཀྱི་གཞི་རྩ་ཞི་བདེའི་ལམ་སྟོན་སོགས་གནད་དོན་གལ་ཆེ་མཐའ་དག་བོད་ཀྱི་སྐད་ཡིག་ལས་ཐབས་ལམ་གཞན་མེད་པ་གཟུར་བོ་གནས་པ་ཀུན་གྱི་དྲན་ཐོག་ཏུ་རྟོགས་པ་གསལ་པོ་རེད། དེ་ལྟ་བུའི་རླབས་ཆེན་སྐད་ཡིག་ལ་དོ་སྣང་ཉམས་ལེན་དང་སློབ་གསོ་གོང་འཕེལ་ཆེད་འུ་ཅག ཁ་བ་ཅན་གདོང་དམར་ཚང་མས་ཉིན་མཚན་ལྷོད་མེད་འབད་བརྩོན་གནང་རྒྱུ་དུས་ལ་བབས་པར་མངོན།

བོད་མིའི་སྐད་ཡིག་གི་གལ་གནད་སྐོར།

གོང་དུ་བརྗོད་པ་ལྟར་བོད་པའི་སྐད་ཡིག་ནི་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཀྱི་ཁྱད་ནོར་རིན་ཐང་ཅན་ཞིག་ཡིན། ལྷོ་ཤར་ཨེ་ཤ་ཡའི་མི་ཚང་མ་གདོང་དབྱིབས་དང་གཟུགས་བྱད་སོགས་འདྲ་བ་ཡོད་ནའང་བོད་རིགས་སུ་ཡིན་མིན་སྐད་ཡིག་འདིས་དབྱེ་འབྱེད་ཐུབ་པ་གསལ་པོ་རེད། དེར་བརྟེན་སྐད་ཡིག་གིས་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཀྱི་ལག་འཁྱེར་ལྟ་བུ་ཡིན།
དེང་སྐབས་༸གོང་ས་མཆོག་ནས་དུས་ནས་དུས་སུ་འཇིག་རྟེན་སྤྱིའི་ལས་འགན་མི་གཅིག་གྱུར་གྱི་ལྟ་བ་དང་། མིའི་རིན་ཐང་གོང་འཐོར་གཏོང་ཐབས་སུ། ཆོས་ལུགས་ཕན་ཚུན་བརྩི་བཀུར་དང་མཐུན་ལམ་སོགས་ཀྱི་སྐོར་བཀའ་སློབ་ཕེབས་པ་མཐའ་དག་གཞི་བོད་ཀྱི་སྐད་ཡིག་ལ་བཅོལ་དགོས་པ་གདོན་མི་ཟ་བར་བརྟེན། བོད་མི་རིགས་ཀྱི་ངོ་བོའི་ཆ་ནས་འཇིག་རྟེན་སྤྱིའི་ལས་འགན་སྒྲུབ་པར་གཙོ་བོ་བོད་ཀྱི་སྐད་ཡིག་ལ་མ་བརྟེན་པར་ཐབས་གཞན་ཞིག་མེད་པ་ཚང་མས་བློ་མངའ་དང་། དེ་ཙམ་མ་ཟད་བོད་མི་རིགས་ཀྱི་རིག་གཞུང་དང་ཁྱད་ནོར་རྣམས་མི་ཉམས་རྒྱུན་འཛིན་གྱིས་མི་རབས་ནས་མི་རབས་བར་གནས་པ་བྱེད་པའི་གཞི་རྟེན་སྐད་ཡིག་འདི་ལས་ལྷག་པ་གང་ཡང་མེད། སྒོས་སུ་བོད་ཆོལ་གསུམ་གཅིག་ཏུ་བསྒྲིལ་ནས་མུ་མཐུད་གནས་པ་འདི་སྐད་ཡིག་ཉག་ཅིག་ལ་བརྟེན་ནས་བྱུང་བ་གསལ་པོ་རེད། མདོར་ན་བོད་སྐད་ཡིག་ནི་མི་རིགས་ཀྱི་གཅེས་ནོར། འཇིག་རྟེན་ཞི་བདེའི་སྒྲོན་མེ། ཆོས་ལུགས་མཐུན་སྒྲིལ་གྱི་ཨར་འདམ། ཆོལ་གསུམ་ཆིག་སྒྲིལ་གྱི་ནུས་པ་སོགས་ཡིན་པར་ངོས་ནས་གོ་བརྡ་སྤྲད་པ་ཙམ་མ་གཏོགས་རྒྱས་བཤད་གང་ཡང་མི་དགོས་པ་ཀུན་གྱི་ཐུགས་ལ་མངའ་གསལ་རེད།

སྐད་ཡིག་ཉམས་པའི་རྒྱུ་རྐྱེན་ཆེ་ཁག་སྐོར།

མི་རིགས་ཤིག་གི་སྐད་ཡིག་ཉམས་རྒུད་འགྲོ་བར་རྒྱུ་རྐྱེན་ཆེ་ཁག་ལྔ་ལ་ཐུག་ཡོད་པ་དེ་ལྟར། ཕྱིའི་རྐྱེན་གསུམ་དང་། ནང་གི་རྐྱེན་གཉིས་བཅས་ཡིན་པ་རེད།

ཕྱིའི་རྐྱེན་གསུམ།

  • དང་པོ། ཁོར་ཡུག་གི་རྒྱུ་རྐྱེན།

ང་རང་ཚོ་བོད་མི་རིགས་འདི་བཞིན་བཙན་བྱོལ་དུ་གྱར་ནས་ཕྱིའི་སྤྱི་ཚོགས་ཆེན་པོའི་ནང་གནས་ཡོད། དེའི་རྐྱེན་གྱིས་སྤྱི་ཚོགས་ཆེན་པོའི་ནང་གྲངས་ཉུང་དུ་གྱུར་ནས་གནས་དགོས་པ་དངོས་ཡོད་ཡིན་སྟབས། སྤྱི་ཚོགས་ཆེན་པོ་འདིས་ང་ཚོའི་སྐད་ཡིག་ལ་སྣང་མེད་ཉམས་རྒུད་ཀྱི་ཤུགས་རྐྱེན་སྤྲོད་ཀྱི་ཡོད། ང་ཚོར་སྐད་ཡིག་བེད་སྤྱོད་བྱེད་རྒྱུ་གོ་སྐབས་དཀོན་པ་དང་། མིང་ཚིག་གི་བསྲེས་ལྷད་མང་བ། དེ་བཞིན་ན་གཞོན་རྣམས་ལ་སྐད་ཡིག་འབྲི་ཀློག་གི་ཁོར་ཡུག་ཞན་པ་སོགས་ལ་བརྟེན། བོད་ཀྱི་སྐད་ཡིག་ཉམས་རྒུད་ལ་སྣང་མེད་ཤུགས་རྐྱེན་ཆེན་པོ་འགྲོ་བཞིན་པ་མཐོང་ཆོས་སུ་ཡོད།།

  • གཉིས་པ། དཔལ་འབྱོར་གྱི་རྒྱུ་རྐྱེན།

དེང་སྐབས་ཚན་རིག་དང་འཕྲུལ་ཆས་དཔལ་འབྱོར་རིག་པའི་འགྱུར་ལྡོག་གི་རྐྱེན་པས་རང་ཁ་རང་གསོའི་གནས་བབ་བརླགས་ཏེ། འཚོ་བ་གཞན་བརྟེན་གྱི་གནས་སྟངས་ཆགས་པར་བརྟེན། འཚོ་བའི་ཡོང་ཁུངས་ལ་གཞིགས་པའི་ཕྱིའི་སྐད་ཡིག་ལ་དོ་སྣང་དང་སྦྱོང་བརྡར་མ་བྱས་ཐབས་མེད་ཀྱིས་ཞོར་དུ་སོ་སོའི་སྐད་ཡིག་ལ་དོ་སྣང་དང་། སྦྱང་བརྩོན་ཆུང་དུ་འགྲོ་རྒྱུ་ཉག་ཅིག་ཡིན་པ་རང་བཞིན་གྱི་གནས་སྟངས་ཆགས་ཡོད།

  • གསུམ་པ། ཆབ་སྲིད་ཀྱི་འགོག་རྐྱེན།

གཞན་གྱི་བཙན་འོག་ཏུ་གནས་པའི་སྐབས་ཆབ་སྲིད་དབང་འཛིན་པའི་ངོས་ནས་འཆར་གཞི་ལྡན་པའི་ཐོག་སོ་སོའི་སྐད་ཡིག་འབྲི་ཀློག་སྦྱང་བརྩོན་དང་། དར་སྤེལ་རྒྱུན་འཛིན་བྱེད་རྒྱུར་གནོན་ཤུགས་དང་བཀག་འགོག་བྱས་པར་བརྟེན། རང་རེའི་སྐད་ཡིག་འདི་བཞིན་གཏོར་སྐྱོན་གཏོང་བཞིན་པ་དངོས་ཡོད་དང་། འཚར་ལོངས་བྱུང་བཞིན་པའི་གཞོན་སྐྱེས་རྣམས་ལ་རྒྱ་སྐད་སྦྱོང་རྒྱུའི་གོ་སྐབས་བཟང་བ་མ་ཟད། ཆེ་མཐོང་དང་མཐུན་རྐྱེན་གྱི་ལས་གཞི་མང་དག་ཅིག་བསྐྲུན་པ་སོགས་ནི་སྐད་ཡིག་ཉམས་རྒུད་ལ་ཆབ་སྲིད་ཀྱི་ཤུགས་རྐྱེན་སྤྲོད་པ་དེ་ཡིན།

  • ནང་གི་རྐྱེན་གཉིས་ནི།

༡། རང་གི་སྐད་ཡིག་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་པ

  • དེ་ནི་སྐད་ཡིག་ཉམས་རྒུད་ལ་བྱུང་རྐྱེན་ཆེན་པོ་ཆགས་ཡོད། དུས་རྟག་ཏུ་འགྲོ་སྡོད་སྤྱོད་གསུམ་གང་དུ་ཡང་རང་གི་སྐད་ཡིག་ལ་སྣང་ཆུང་དང་བེད་སྤྱོད་བྱེད་རྒྱུའི་སྤོབས་པ་མེད་པ་ལྟ་བུ་དང་། དེ་ལས་ལྡོག་སྟེ་སྐད་ཡིག་གཞན་ཞིག་རང་སྐད་དུ་བཀོལ་སྤྱོད་བྱེད་པ་དེ་ལ་རིན་ཐང་དང་། ཆེ་མཐོང་ངོས་འཛིན་བྱེད་པ་སོགས་ནི་ལོག་ཤེས་ཀྱི་བསམ་པ་ཡིན། དེས་ང་ཚོའི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་སོགས་ལ་འགོག་རྐྱེན་སྤྲོད་ཀྱི་ཡོད། བསམ་ཚུལ་དེས་རྐྱེན་པས་གཞན་གྱི་སྐད་ཡིག་ལ་དང་དོད་དང་ལོངས་སུ་སྤྱོད་རྒྱུར་མོས་པ་དང་ཁོར་ཡུག་སྐྲུན་གྱི་ཡོད། ཁོར་ཡུག་དེ་ལ་བརྟེན་ནས་ན་གཞོན་རྣམས་ལ་རང་གི་སྐད་ཡིག་ལ་སྣང་ཆུང་ཁྱད་གསོད་ཀྱི་བསམ་པ་རང་བཞིན་གྱི་འབྱུང་བ་དང་། རྒྱུན་དུ་བེད་སྤྱོད་བྱེད་རྒྱུའི་གོ་སྐབས་ཀྱང་ཧ་ཅང་དཀོན་པོ་ཆགས་རྒྱུ་ཡིན་པ་སྨོས་མེད་རེད། དེའི་དབང་གིས་བོད་པའི་སྐད་ཡིག་བེད་སྤྱོད་བྱེད་མཁན་ཇེ་ཉུང་དུ་འགྲོ་རྒྱུ་ཡིན་པ་དང་། སྐད་ཡིག་གང་ཡང་རུང་བ་ཞིག་བེད་སྤྱོད་བྱེད་མཁན་མེད་ཚེ་སྐད་ཡིག་དེ་རྩ་བརླག་ཏུ་འགྲོ་རྒྱུ་ཉག་ཅིག་རེད། དེས་ན་བོད་པའི་སྐད་ཡིག་དེ་གནས་སྟངས་དེ་ལྟར་ཆགས་རྒྱུ་ཡིན་པར་གདོན་མི་ཟའོ།།

༢། སྣང་མེད་ཐོག་སྐད་ཡིག་གི་མིང་ཚིག་ལ་བསྲེས་ལྷད་འགྲོ་བ།

  • ཇི་སྐད་དུ། ༸གོང་ས་མཆོག་གིས། ཡ་རབས་བཟང་པོའི་གོམས་གཤིས་ཅན་གྱི་བོད་མི་རྣམས་རྒས། གཞོན་ནུ་ཚོས་བོད་སྐད་ནང་ཚིག་ལྷད་གང་མང་བཅུག བུ་ཕྲུག་ཆུང་དུ་ཚོས་མ་ཤེས་པར་དེ་བས་མང་ཙམ་བཅུག གང་འཚམ་ནས་བོད་སྐད་གཙང་མ་དེ་གོ་བརྡ་མི་འཕྲོད་པའི་དུས་ཤིག་བྱུང་ན་ཇི་འདྲ་བྱེད་ཀྱི་ཡིན་ནམ། ང་ཚོ་བཙན་བྱོལ་དུ་གནས་པའི་རིང་རྒྱལ་ཁབ་གཞན་གྱི་མི་འབོར་ཆེན་པོའི་ནང་འདྲེས་ནས་བསྡོད་དགོས་དུས། འབོར་ཆེན་མི་རིགས་ཀྱི་སྐད་ཡིག་བསྲེས་ལྷད་ཡོང་རྒྱུ་ཉེན་ཚབས་ཆེ་བ་དང་། སྣང་མེད་དུ་ང་ཚོས་ཕྱིའི་སྐད་ཡིག་ཁག་བོད་སྐད་མིང་ཚིག་ནང་མངོན་མེད་བེད་སྤྱོད་བྱས་པ་ཡིན་ན། དུས་ཡུན་རིང་པོ་དེ་ལྟར་ནར་འགྱང་གིས་གནས་སྟངས་བྱུང་ན་མཐའ་མ་ང་ཚོའི་སྐད་ཡིག་ནང་སྐད་ཡིག་གཞན་གྱི་མིང་ཚིག་མང་པོ་བསྲེས་ལྷད་ཆགས་ནས་རང་སྐད་ཀྱི་མིང་ཚིག་རྣམས་རྩ་བརླག་འགྲོ་རྒྱུ་ཡིན་པ་ཐེ་ཚོམ་མེད། དེ་ནི་སྐད་ཡིག་ཉམས་རྒུད་ཀྱི་ཉེན་ཁ་ཆེ་ཤོས་སུ་ངོས་འཛིན་ཆོག་པར་བརྟེན། བོད་མི་རྒན་གཞོན་བར་གསུམ་ཚང་མས་ཐུགས་སྣང་དང་འགན་བཞེས་གནང་རྒྱུ་དུས་ཀྱི་དགོས་མཁོར་སླེབས་འདུག་པས། ཚང་མས་ཉིན་མཚན་ལྷོད་མེད་དགོངས་པ་བཞེས་རོགས་ཞེས་འབོད་བསྐུལ་ནན་པོ་ཞུ་རྒྱུ་ཡིན།

སྐད་ཡིག་ཉེན་ཁ་ལས་སྐྱོབས་ཐབས།

  • གོང་དུ་ཞུས་ཟིན་པའི་ཕྱིའི་རྐྱེན་གསུམ་དང་ནང་གི་རྐྱེན་གཉིས་བཅས་ནས་སྐྱོབ་ཐབས་འབད་བརྩོན་གནང་རྒྱུ་ང་ཚོ་རྒན་གཞོན་ཚང་མའི་འགན་ཆགས་པ་དང་། ལྷག་པར་དུ་ང་ཚོ་རང་དབང་ལུང་པའི་ནང་ཡོད་སྐབས་སྐད་ཡིག་གི་གནད་དོན་ཐོག་སྣང་མེད་དང་། འཐུས་ཤོར་མི་འགྲོ་བའི་ཐབས་བརྒྱ་བྱུས་སྟོང་གི་འབད་པ་གནང་རྒྱུ་གལ་ཆེའི་ནང་ནས་གལ་ཆེ་ཤོས་དེ་ཡིན་པར་མཁྱེན་དགོས། དེ་དང་ཕྱོགས་མཚུངས་བོད་མི་སྒེར་དང་ཚོགས་པ་སྐྱིད་སྡུག་ཚང་མའི་ངོས་ནས་བོད་ཀྱི་སྐད་ཡིག་ནང་ཚིག་མཛོད་དང་མིང་མཛོད་སོགས་གང་མང་བཟོ་རྒྱུ་གལ་ཆེ། ད་ལྟའི་ཤེས་ཡོན་སྲིད་བྱུས་ལམ་ལུགས་ལྟར་སློབ་དེབ་དང་དེབ་རིགས་འབོར་ཆེན་པར་སྐྲུན་དང་། ཡིག་འབྲུ་ཁག་བོད་སྐད་ནང་འབྲི་རྒྱུ་གལ་འགངས་ཆེ། ཐ་ན་སྙན་ཞུ་ཡན་བོད་ཡིག་ནང་འབྲི་རྒྱུའི་གོམས་གཤིས་སྐྲུན་རྒྱུ་གལ་ཆེར་མངོན།
    མཐའ་ཚིག་ཏུ་སྐད་ཡིག་གི་གནད་དོན་དེ་བཞིན་ཉེན་ཚབས་དང་སྲུང་སྐྱོབ་སྐོར་ཚིག་ཉོག་གི་རྐྱེན་ལ་འཛེམས་ནས་ཚིག་ཉུང་གོ་བདེ་གཙོ་བཟུང་གིས་བསམ་བློར་གང་དྲན་པ་དག་བཀོད་དེ་མཇུག་སྡོམ་ཞུས་པ་ཡིན།
    ཤེས་དམན་རང་ངོས་ནས་ཚིག་སྦྱོར་དང་བརྗོད་བྱས་ཕོངས་ནའང་། ལར་ཞེན་གྱི་ཡིག་ཉོག་འགའ་སྨྱུག་ཁ་ནས་ཐལ་བས། གཟུར་གནས་ཤེས་ལྡན་པ་རྣམས་ནས་སྙིང་རྗེའི་ཡུལ་ཅན་དུ་གཟིགས་ནས་དགོངས་བཞེས་གནང་རོགས།