འཇམ་དབྱངས་དོན་གྲུབ།

གླེང་བརྗོད།

མི་རིགས་ཤིག་དང་རྒྱལ་ཁབ་ཅིག་གི་ཆབ་དཔལ་རིག་གསུམ་འཕེལ་རྒྱས་འགྲོ་མིན་ནི་ཤེས་ཡོན་ལ་རག་ལས་ཤིང་། ཤེས་ཡོན་གྱི་བྱང་ཚད་གང་འདྲ་ཞིག་ཏུ་སོན་མིན་ནི་དགེ་བའི་བཤེས་གཉེན་རྣམས་ལ་རག་ལས་པས། དགེ་རྒན་ནི་འགྲོ་བ་མིའི་རིགས་ཀྱི་བསམ་བློའི་བཟོ་བཀོད་པ་ཕུལ་དུ་བྱུང་བ་ཞིག་ཡིན་ལ། དགེ་རྒན་གྱི་ཕྱག་ལས་ནི་དཀའ་ཚེགས་ཆེ་ལ་གཟི་བརྗིད་ལྡན་པ་ཞིག་ཡིན་པ་བསྙོན་དུ་མེད། སློབ་གྲྭ་ཞིག་ལ་ཆ་མཚོན་ན་ཡང་སློབ་གྲྭ་དེའི་ཤེས་ཡོན་དང་ཀུན་སྤྱོད་ཀྱི་གནས་ཚད་ནི་སློབ་གྲྭ་དེར་གཉུག་མར་གནས་པའི་དགེ་རྒན་རྣམ་པར་རག་ལས་ཡོད་པ་དང་། དགེ་རྒན་སྙན་གྲགས་ཆེན་པོ་ཡོད་པའི་སློབ་གྲྭ་དེར་སློབ་མ་རྣམས་ཀྱང་འཚང་ཁ་ཤིག་ཤིག་གིས་འཛུལ་ཞུགས་བྱེད་པ་མ་ཟད། སློབ་གྲྭ་དེའི་མཚན་སྙན་གྲགས་ཀྱང་ཉི་ཤར་སྦར་མོས་མི་ཁེབས་པའི་དཔེ་བཞིན་འཛམ་གླིང་ཡུལ་གྲུ་གང་སར་ཉི་འོད་བཞིན་ཁྱབ་ངེས་ཡིན།
ཞོགས་པའི་ཉི་གཞོན་དང་འདྲ་བའི་བྱིས་པ་རྣམས་ནི་ལྷད་མེད་སྐྱོན་གྱིས་མ་གོས་པའི་ཤོག་བུ་དཀར་གཙང་ཞིག་དང་ཀུན་ནས་མཚུངས་ཤིང་། ཤོག་བུ་དེར་ཚོས་ག་རེ་བརྒྱབ་པ་ཡིན་ན་ཡང་གཟི་མདངས་དང་ལྡན་པའི་ཐོག་ནས་མི་ཚེ་གཅིག་འགྱུར་མེད་སྲ་བརྟན་དུ་གནས་ངེས་པས། སློབ་མ་དེ་ཚོའི་རྒྱུད་ལ་ཤེས་རིག་གི་རྨང་རྡོ་བརྟན་པོ་ཞིག་འཛུགས་ཐུབ་པ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ། འོན་ཀྱང་ལས་དོན་འདིར་དགེ་རྒན་གཅིག་པུས་ཤུགས་བརྒྱབ་པ་ཙམ་གྱིས་ཡོད་ཚད་ལེགས་འགྲུབ་མི་ཐུབ་པས། ལག་ཟུང་མཉམ་དུ་བརྡབས་ཚེ་ད་གཟོད་སྐད་སྒྲ་ཐོན་པ་བཞིན་དགེ་སློབ་གཉིས་ཀའི་ངོས་ནས་ཕྱར་བ་གྲུ་འདེགས་དང་། དཀའ་སྤྱད་མཉམ་རུབ་ཀྱི་ངང་ནས་འབད་བརྩོན་བྱེད་དགོས་ལ། དེའི་ཐོག་སློབ་མའི་ཕ་མ་དག་ལ་ཡང་རང་བཞིན་གྱིས་ལས་འགན་ལྕི་མོ་ཞིག་ཕྲག་སྟེང་དུ་བབས་ཡོང་གི་ཡོད།
དེས་ན་རང་ཉིད་ཀྱིས་མི་ལོ་འགའ་ཞིག་རིང་སློབ་ཁྲིད་བྱས་པའི་ཉམས་མྱོང་གཞིར་བཞག་ནས་གཞི་རིམ་སློབ་མ་ཚོར་སློབ་ཁྲིད་ཇི་ལྟར་བྱེད་པའི་ཐབས་ལམ་འགའ་ཞིག་མཛུབ་མོས་རི་སྟོན་གྱི་ཚུལ་དུ་སྤེལ་རྒྱུ་ཡིན་པས་ནོར་འཁྲུལ་གྱི་ཆ་མཆིས་ཚེ་བླང་དོར་གྱི་བཀའ་སློབ་ཡོད་པ་ཞུ།

དང་པོ། དགེ་རྒན་གྱི་ཀུན་སློང་གཙང་མ་ཞིག་དགོས་པ།

ས་པཎ་གྱིས་མཁས་འཇུག་ནང་“གཙང་མཁས་གཞན་ལ་ཕན་པར་འདོད་”ཅེས་གསུངས་པ་བཞིན། དགེ་རྒན་ཞིག་ལ་མཚོན་ན་ལྷད་མེད་རྣམ་དག་གི་ཀུན་སློང་དང་། ཡོན་ཏན་ཐམས་ཅད་ལ་མཁས་པ། གཞན་ཕན་ལྷག་བསམ་གྱི་ཀུན་སློང་བཅོས་མ་མ་ཡིན་པ་ཞིག་དགོས་པ་དང་། ནང་པ་སངས་རྒྱས་པའི་ཆོས་གཞུང་ནང་ཆོས་དང་འཇིག་རྟེན་གྱི་བྱ་བ་ཅི་ཞིག་བྱེད་རུང་ཐོག་མར་སེམས་ཀྱི་ཀུན་སློང་ལ་ལྷད་མེད་པར་གཙང་ཞིང་ཡིད་དུ་འོང་བ་ཞིག་དགོས་པ་གལ་ཆེར་གསུངས་ཡོད་པ་བཞིན། དགེ་རྒན་རྣམ་པས་ཀྱང་སློབ་ཁྲིད་ཀྱི་བྱ་བ་འདི་ནི་འཁུར་དུ་མི་བསམ་རྒྱན་དུ་སེམས་ཞེས་པའི་དཔེ་ལྟར། ཆེས་གཟི་བརྗིད་ཆེ་ཞིང་བསོད་ནམས་དཔག་མེད་གསག་ཡུལ་ཞིག་ཡིན་སྙམ་ནས་དགའ་བཞིན་སྤྲོ་བཞིན་བསླབ་དགོས་པ་ལས། གནས་སྐབས་ཀྱི་དུས་ཚོད་འཁྱོལ་ཙམ་དང་གླ་ཆར་རྔམ་ནས་སློབ་ཁྲིད་གནང་ན་རང་གཞན་གཉིས་ཀ་ངལ་བའི་རྒྱུ་ལས་གྲུབ་འབྲས་ངོ་སོ་ཐོན་པ་ཞིག་གཏན་ནས་ཡོང་ཐབས་མེད། རང་ལ་འཁྲི་བའི་འགན་འཁྲི་དང་དུ་བླངས་ནས་སློབ་ཁྲིད་གནང་ན་སློབ་མའི་རྒྱུད་ལ་དུས་གཏན་དུ་བརྗེད་པར་དཀའ་བའི་བག་ཆགས་གཏིང་ཟབ་པོ་ཞིག་འཇོག་ཐུབ་ལ། རང་ཉིད་ཀྱི་སེམས་ནང་ལ་ཡང་མི་ཚེ་ཧྲིལ་པོར་ནོངས་འགྱོད་མེད་པར་དགའ་བདེའི་ཚོར་སྣང་ཞིག་ངང་གིས་སྐྱེས་ཐུབ་པ་ཡིན།

གཉིས་པ། རང་གིས་གང་ཤེས་བུམ་པ་གང་བྱོའི་ཚུལ་དུ་བསླབ་དགོས་པ།

བོད་ཀྱི་སྲོལ་རྒྱུན་རིག་གཞུང་ནང་དགེ་རྒན་གྱིས་སློབ་མ་ཚོར་དཔེ་མཁྱུད་བྱེད་པའི་སྲོལ་རྒྱུན་ངན་པ་ཞིག་ནད་དུག་བཞིན་ལམ་ངན་མུ་འབྱམས་སུ་ཁྱབ་ནས་ཡོད་པས། རིག་གཞུང་སློབ་ཁྲིད་ལ་སེར་སྣ་བྱས་ཏེ་མི་རབས་རྗེས་མ་ཚོར་མ་བསླབ་པའི་རྐྱེན་གྱིས་ད་ལྟའི་ཆར་བོད་ཀྱི་རིག་གཞུང་བྱེ་བྲག་མང་པོ་ཞིག་རྩ་མེད་དུ་ཕྱིན་ཡོད་པ་ནི་ཧ་ཅང་བློ་ཕམ་པའི་གནས་ཤིག་ཡིན། འཇིག་རྟེན་གྱི་ཆོས་ཉིད་དང་དངོས་པོའི་རང་གཤིས་ལྟར་མི་རབས་རྒན་པ་རྣམས་ག་ལེར་ག་ལེར་འཇིག་རྟེན་ཕྱི་མའི་ལམ་དུ་གཤེགས་ཤིང་། དེ་དག་གི་རྒྱུན་འཛིན་མཁན་ནམ་མཐུད་རྒྱག་མཁན་ནི་མི་རབས་རྗེས་མ་དག་ཡིན་པས། དགེ་རྒན་རྣམ་པས་རང་ཉིད་ཀྱིས་གང་ཤེས་པའི་ཤེས་ཡོན་དག་སློབ་མ་ཚོར་སྤྲོད་ཐབས་བྱེད་དགོས།
ངས་འདིར་སྒྲུང་ཞིག་ཞུས་ན། སྔོན་མ་བོད་ནང་ལ་ཕ་བུ་ཤིང་བཟོ་བ་གཉིས་ཡོད་ཅིང་། ཕས་བུ་དེར་རྟག་པར་ཤིང་གཏུབ་པ་དང་གཞོགས་པའི་ལག་ཤེས་ཁོ་ན་མ་གཏོགས་འཛེར་པ་ཇི་ལྟར་བཀོག་དགོས་པའི་གནད་འགག་སྐོར་ལ་ལམ་སྟོན་རྩ་བ་ནས་བྱེད་ཀྱི་མེད། ཐེངས་ཤིག་ཁོང་གཉིས་ལ་ཕར་རྒྱབ་ཀྱི་གྲོང་པ་ཞིག་ནང་ཤིང་བཟོ་བར་ཕྱིན་ཏེ། ཚུར་རང་ཁྱིམ་དུ་ལོག་ཡོང་སྐབས་ལུང་པའི་ཕུ་ནས་ཆུ་ལོག་རྒྱུགས་ཡོང་ནས་ཕ་དེ་ཆུས་འཁྱེར་བ་རེད། སྐབས་དེར་ཕ་དེ་གསོན་ཐབས་བྲལ་བས་སྐད་ཤུགས་ཆེན་པོས་རང་ཉིད་ཀྱི་བུ་ལ་ཤིང་གི་འཛེར་པ་བཀོག་དུས་འཛེར་པ་ཡོད་ས་དེར་སྟེའུ་སྐོར་བ་རྒྱག་གིན་རྒྱག་གིན་བྱས་ནས་གཞོགས་དགོས་ཞེས་མཐའ་མའི་བསླབ་བྱ་བརྒྱབ། སྐབས་དེར་བུ་དེས་ཀྱང་ད་ང་ལ་མི་དགོས། པ་ཕ་ཁྱེད་རང་དང་མཉམ་དུ་དམྱལ་བའི་གཏིང་ལ་ཁྱེར་ནས་སོང་ཞིག ཅེས་བཤད་པ་ལྟ་བུ་རེད། སྒྲུང་དེ་དངོས་སུ་བྱུང་ཡོད་མེད་ལ་མ་བལྟོས་པར་ང་ཚོར་བསླབ་བྱ་ཡག་པོ་ཞིག་རག་ངེས་རེད།

གསུམ་པ། དགེ་རྒན་གྱི་སྒོ་གསུམ་ཀུན་སྤྱོད་ཡག་པོ་ཞིག་དགོས་པ།

སྤྱིར་འཛམ་གླིང་ཡོངས་དང་བྱེ་བྲག་ང་ཚོ་བོད་པ་ཚོས་དགེ་རྒན་ལ་དགེ་བའི་བཤེས་གཉེན་ཞེས་སྔར་ནས་ད་བར་བརྩི་མཐོང་དང་གུས་བཀུར་ཧ་ཅང་ཆེན་པོ་གནང་གི་ཡོད་ལ། བླ་སྤྲུལ་དང་སྐྱེས་ཆེན་དམ་པ་ཚོའི་དགེ་རྒན་ལ་ཡོངས་འཛིན་ཞེས་སེམས་ཀྱི་གཏིང་ནས་དད་གུས་བླ་མེད་དུ་ཞུ་ཡི་ཡོད། དགེ་རྒན་ཞེས་པའི་གོ་དོན་ཡང་རང་ཉིད་སྒོ་གསུམ་དགེ་ལ་སྦྱོར་ཞིང་། རང་ལས་ཡོན་ཏན་གྱིས་རྒན་པ་ཞིག་ལ་དགེ་རྒན་ཞེས་འབོད་ཀྱི་ཡོད་པ་དང་། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་དགེ་བའི་བཤེས་གཉེན་གྱི་ཁྱད་ཆོས་བཅུ་པོ་འདི་དག་ཚང་ཐབས་ལ་འབད་དགོས་ཤིང་། དགེ་རྒན་གང་འདྲ་ཞིག་ཡོད་ན་དགེ་ཕྲུག་ཀྱང་དེ་ལྟར་འབྱུང་ངེས་ལ། སློབ་མ་ཚོའི་ཁ་མིག་ཡར་ལྟ་དང་མིག་དཔེ་ལྟ་ས་ནི་དགེ་བའི་བཤེས་གཉེན་དག་ཡིན་པས། རྒྱུན་ལྡན་ནས་ལུས་ཀྱི་རྣམ་འགྱུར་སྟོན་སྟངས་དང་། ངག་གི་སྐད་ཆ་བཤད་སྟངས། ཡིད་ཀྱི་བསམ་བློ་ཁྱེར་སྟངས་སོགས་ལ་གཟབ་ནན་བྱེད་དགོས་པ་མ་ཟད། ལྷག་པར་དུ་སློབ་མའི་མདུན་དུ་ཐ་མ་ཁ་འཐེན་པ་དང་། བབ་ཅོལ་གྱི་གཏམ་སྨྲ་བ་སོགས་ལ་འཛེམས་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨབ་ཏལ་ཀཱ་ལམ་གྱིས། “དགེ་རྒན་ལ་ལས་འགན་གཉིས་ཡོད་དེ། གཅིག་ནི་སློབ་མ་ཚོར་ཤེས་ཡོན་སློབ་རྒྱུ་དང་། ཅིག་ཤོས་ནི་མིག་དཔེ་ཡག་པོ་ཞིག་སྟོན་རྒྱུ་དེ་ཡིན། ཞེས་གསུངས་ཡོད།
(Dr Kalam:teachers have two responsibilities:One is to provide knowledge and the second to be a role model.)

བཞི་པ། འཁྲིད་བྱའི་བསླབ་གཞི་དག་ལ་གྲ་སྒྲིག་དང་དམིགས་ཡུལ་གང་ལེགས་གནང་དགོས་པ།

རྒྱལ་ཁ་ནི་གྲ་སྒྲིག་བྱེད་མཁན་ལ་དབང་ཞེས་པའི་དཔེ་ལྟར། ལས་དོན་གང་ཞིག་ཡིན་རུང་དངོས་གཞི་འགོ་མ་བཙུགས་སྔོན་གྲ་སྒྲིག་དང་སྦྱོང་བརྡར་ཡག་པོ་བྱེད་དགོས་པ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་པས། སང་ཉིན་སློབ་ཚན་གང་ཞིག་འཁྲིད་ཀྱི་ཡིན་ནའང་། དེ་རིང་དགོང་མོ་ནས་གྲ་སྒྲིག་འཐུས་ཚང་བྱས་ཏེ། དེ་དང་འབྲེལ་ཡོད་དཔེ་དེབ་གང་མང་ལྟ་ཀློག་བྱེད་དགོས་པ་མ་ཟད། འཛིན་གྲྭའི་ནང་སློབ་མ་ཚོར་དཔེ་དེབ་དེ་དག་ངོ་སྤྲོད་བྱེད་ཐུབ་ན་ཤིན་ཏུ་བཟང་། གྲ་སྒྲིག་དང་དམིགས་ཡུལ་ཅི་ཡང་མེད་པར་འཛིན་གྲྭའི་ནང་ཕྱིན་ན་དུས་ཚོད་ཆུད་ཟོས་དང་། སློབ་མའི་རྒྱུད་ལ་ཤེས་ཡོན་སྣ་གཅིག་འབྱོར་རྒྱུ་ལྟ་ཅི། སློབ་མའི་སེམས་ནང་ལ་ཉོབ་སྣང་དང་མི་དགའ་བའི་བློ་ཞིག་རང་བཞིན་གྱིས་སྐྱེས་ཡོང་གི་རེད། སློབ་གསོ་སེམས་ཁམས་སྨྲ་བ་གྷག་ཎེ་ཡིས། སློབ་ཁྲིད་ཀྱི་དམིགས་ཡུལ་ཇི་ཙམ་གྱིས་ངོས་འཛིན་གསལ་པོ་ཐུབ་པ་དེ་ཙམ་གྱིས་སློབ་མ་ལ་ཕན་ཐོགས་ཆེ་བ་འབྱུང་། ཞེས་གསུངས་ཡོད།
དེ་བཞིན་སློབ་མ་མང་པོ་ཞིག་གིས་དཔེ་དེབ་ཅི་ཞིག་ཀློག་དགོས་མིན་ཤེས་ཀྱི་མེད་པས། དགེ་རྒན་གྱིས་སློབ་ཁྲིད་ཀྱི་ཞོར་དུ། དཔེ་དེབ་འདི་དང་དེ་ཀློག་དགོས། ཞེས་མཚམས་སྦྱོར་དང་སྐུལ་ལྕག་གཏོང་དགོས་ལ། དཔེ་དེབ་ཀྱི་ནང་དོན་མདོར་བསྡུས་རེ་འགྲེལ་བཤད་བརྒྱབ་ཏེ། སློབ་མ་ཚོར་དཔེ་དེབ་དེ་ཀློག་འདོད་ཀྱི་སེམས་ཤུགས་སྤར་དགོས་པ་ནི་དགེ་རྒན་ཞིག་གི་ལས་འགན་གལ་ཆེན་ཞིག་ཡིན། ཨེ་ལས་ཛེན་ཊར་ཁྲོན་ཕཱོར་གྱིས། “དགེ་རྒན་ཡག་ཤོས་ཚོ་ནི་རང་ཉིད་ཀྱིས་གང་བལྟས་པ་རྣམས་སྟོན་དགོས་པ་ལས་གང་མཐོང་བ་རྣམས་མི་ཤོད་པ་ཡིན།” ཞེས་གསུངས་ཡོད།
(Alexandra K.Trenfor :The best teachers are those who sho you where to look,but do not tell you what to see )

ལྔ་པ། འཛིན་ཁང་ནང་གི་སློབ་མ་ཚང་མས་ཤེས་ཐབས་ལ་འབད་དགོས་པ།

དགེ་རྒན་ཞིག་ལ་མཚོན་ན་སློབ་མ་ཚང་མར་ཉེ་རིང་ཕྱོགས་ཞེན་མེད་པའི་ཐོག་ནས་བྱམས་ཀྱིས་སྐྱོང་དགོས་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་ཞིང་། དངོས་ཡོད་གནས་ཚུལ་ལ་ཡང་མི་སུམ་ཅུར་སེམས་པ་སུམ་ཅུ་དང་། མཛོ་སུམ་ཅུར་རྭ་ཅོ་དྲུག་ཅུ་ཞེས་པའི་དཔེ་ལྟར། ཚེ་སྔོན་གྱི་བག་ཆགས་དབང་གིས་སློབ་མ་ཚང་མའི་ཤེས་ཡོན་གྱི་ཆུ་ཚད་དང་རྣམ་དཔྱོད་སོགས་མི་འདྲ་བར་བརྟེན། སློབ་མ་རིག་པ་རྣོ་བ་དག་ལ་ཐེངས་གཅིག་འགྲེལ་བརྗོད་བྱས་པ་ཙམ་གྱིས་ལམ་སང་ཤེས་ཐུབ་ལ། ཡང་སློབ་མ་བློ་རིག་རྟུལ་བ་ཁ་ཤས་ལ་ཚར་བཅུ་ཙམ་བསླབ་ཀྱང་མི་ཤེས་པ་དེ་འདྲ་ཡོང་སྲིད། དགེ་རྒན་ཚོའི་ངོས་ནས་སེམས་ཤུགས་མ་ཆག་པར་སློབ་མ་སློབ་སྦྱོང་སྐྱོ་བ་རྣམས་ལ་དམིགས་བསལ་ལྟ་རྟོག་མང་བ་གནང་དགོས་ལ་དོ་སྣང་ཡང་མང་བ་སྤྲོད་དགོས།
ཡིག་རྒྱུགས་ཀྱི་སྐར་གྲངས་གཅིག་པུས་སློབ་མའི་ཤེས་ཡོན་གྱི་གནས་ཚད་ཐག་གཅོད་བྱེད་མི་ཐུབ་ལ། གཅིག་བྱས་ན། དེ་རིང་འཛིན་ཁང་ནང་གི་ཡིག་རྒྱུགས་སྐར་གྲངས་དམའ་ཤོས་དེ་སང་ཉིན་རྒྱལ་ཁབ་ཀྱི་སྲིད་འཛིན་ཆགས་མི་སྲིད་པའི་ངེས་པ་སུ་ལ་ཡང་མེད་དེ། འཛིན་ཁང་གི་གྲལ་མཇུག་ཏུ་སྡོད་པའི་སློབ་མ་དེ་སང་ཉིན་རྒྱལ་ཁབ་ཀྱི་དབུ་ཁྲིད་ཆགས་ངེས། ཞེས་པའི་གཏམ་དཔེ་བཞིན། སློབ་སྦྱོང་སྐྱོ་བའི་སློབ་མ་ཚོར་ནམ་ཡང་མཐོང་ཆུང་དང་སྣང་ཆུང་བྱེད་མི་རུང་།
རྒྱ་གར་གྱི་སྲིད་འཛིན་ཟུར་པ་ཨབ་དྷུ་ཀཱ་ལམ་གྱིས། “ངས་སློབ་མ་རྐང་གཅིག་ཀྱང་མ་ལུས་པར་ཁྱོན་ཡོངས་ཀྱི་ཆ་སྙོམས་གྲུབ་འབྲས་རྩེར་སོན་དང་། ཡར་རྒྱས་འགྲོ་བའི་སྐབས་སུ་རང་ཉིད་རླབས་ཆེན་གྱི་དགེ་རྒན་ཞིག་ལ་རྩི་བཞིན་ཡོད།” ཅེས་གསུངས་ཡོད།
(Dr Kalam:I will consider myself to be a great teacher only when I am capable of developing the average students to the high performance and when no student is left out as a non-performance.)

དྲུག་པ། དགེ་རྒན་གྱིས་སློབ་ཁྲིད་ཉུང་ཙམ་དང་སློབ་མ་རང་ངོས་ནས་བགྲོ་གླེང་མང་ཙམ་བྱེད་དགོས་པ།

དགེ་རྒན་གྱིས་སློབ་མ་ཚོར་སློབ་ཁྲིད་བྱེད་དགོས་དོན་གྱི་དམིགས་ཡུལ་གཙོ་བོ་ནི། སློབ་མ་ཚོའི་ཤེས་ཡོན་ཡར་རྒྱས་འགྲོ་རྒྱུ་དེ་ཡིན་པ་ལས། དགེ་རྒན་ཚོར་སྦྱོང་བརྡར་ཐོབ་ཆེད་གཏན་ནས་མིན་ལ། འཛིན་ཁང་ནང་གི་སློབ་ཁྲིད་དུས་ཡུན་སྐར་མ་ཞེ་ལྔ་ཚང་མ་དགེ་སློབ་གཉིས་ཀ་ལ་དབང་བ་ཞིག་ཡིན་པས། དགེ་རྒན་རྣམ་པ་ཚོས་སློབ་ཚན་འགོ་ཚུགས་ནས་སྐར་མ་ཉི་ཤུ་ཙམ་གྱི་རིང་འཁྲིད་བྱའི་སློབ་ཚན་དེའི་རྒྱབ་ལྗོངས་ཀྱི་གནས་ཚུལ་དང་། གོ་དཀའ་བའི་བརྡ་ཆད་དག་ལ་ཚིག་འགྲེལ། སློབ་ཚན་གྱི་ནང་དོན་སྙིང་བསྡུས་འགྲེལ་བཤད་བརྒྱབ་ཚར་རྗེས། སློབ་མ་ནང་ཁུལ་དུ་ཚོགས་ཆུང་ཁག་བགོས་བྱས་ཏེ་བགྲོ་གླེང་དང་། དབྱེ་ཞིབ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན། ཡོད་ཚད་ཐམས་ཅད་དགེ་རྒན་གྱིས་བསླབ་ན་སློབ་མ་ཚོར་བསམ་གཞིགས་དང་དྭོགས་གཅོད་བྱེད་པའི་གོ་སྐབས་གཏན་ནས་མེད་པས། ངེས་པར་དུ་སློབ་མ་ཚོར་དུས་ཚོད་མང་བ་སྤྲོད་དགོས།
མཁས་དབང་ཨབ་དྷུ་ཀཱ་ལམ་གྱིས། “དགེ་རྒན་ཡག་ཤོས་ཚོས་ཁྱེད་རང་ལ་ཅི་ཞིག་འཐུང་རྒྱུ་དེ་མི་བཙལ་བར་ཁྱེད་རང་ཁ་སྐོམ་དུ་འཇུག་གི་རེད། ཁོ་ཚོས་ཁྱེད་རང་དྲི་བའི་ལན་འཚོལ་བའི་ལམ་བུར་འཁྲིད་འགྲོ་ཡི་རེད།” ཅེས་གསུངས་ཡོད།
འདི་ནི་ང་ཚོ་བོད་པའི་བཤད་སྲོལ་ལ་ཉ་མ་སྟེར། ཉ་འཛིན་སྟངས་སློབས། ཟེར་བ་དང་དོན་གཅིག་པ་ཡིན་པས། དགེ་རྒན་ཚོས་སློབ་མར་བསམ་གཞིགས་དང་བགྲོ་གླེང་གི་དུས་ཚོད་མང་ཙམ་སྤྲོད་དགོས་ལ། སློབ་མ་རང་གི་རྣམ་དཔྱོད་བེད་སྤྱོད་མང་ཙམ་གཏོང་དུ་འཇུག་དགོས།
(Dr Kalam :The best teachers will not find you something to drink;they will make you thirsty.They will put you on a path to seek answers.)

བདུན་པ། སློབ་ཁྲིད་ཀྱི་ཐབས་ལམ་འདྲ་མིན་སྣ་ཚོགས་བཀོལ་ཤེས་དགོས་པ།

ཉིན་རྟག་པར་མོག་མོག་བཟས་ན། ནམ་ཞིག་སྐྱུག་མེར་ལངས་པའམ་ཟ་མི་འདོད་པའི་དུས་ཤིག་ཤར་གྱི་ཡོད་པ་བཞིན། དགེ་རྒན་གྱིས་ཉིན་མ་རྟག་པར་སློབ་མ་ཚོར་སློབ་ཚན་འཁྲིད་སྟངས་གཅིག་ཁོ་ན་སྤྱད་ན་རང་བཞིན་གྱིས་སློབ་མའི་རྒྱུད་ལ་ཉོབ་སྣང་སྐྱེ་ཡོང་ངེས་རེད། དེར་བརྟེན། དགེ་རྒན་གྱིས་སློབ་ཁྲིད་བྱེད་སྟངས་འདྲ་མིན་སྣ་ཚོགས་སྤྱོད་དགོས་པ་ཤིན་ཏུ་གལ་ཆེར་མཐོང་གི་ཡོད། དཔེར་ན། འཛིན་ཁང་ནང་ལས་འགུལ་འདྲ་མིན་སྣ་ཚོགས་སྤེལ་རྒྱུ་དང་། མཚམས་རེར་ཕྱི་རོལ་ཏུ་རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་རོལ་བ། སྔོན་བྱོན་སྐྱེས་བུ་དམ་པའི་རྣམ་ཐར་བཀླགས་ནས་སློབ་མའི་རྒྱུད་ལ་སེམས་ཤུགས་སྤར་བ། དགེ་རྒན་རང་ཉིད་ཀྱི་མི་ཚེའི་མྱོང་བ་དང་སྦྱར་ནས་སློབ་སྟོན་བྱེད་པ། རྒྱལ་ཕྱི་རྒྱལ་ནང་དང་རང་མི་རིགས་ཀྱི་ལོ་རྒྱུས་བཤད་དེ་སློབ་མའི་རྒྱུན་ཤེས་གོང་མཐོར་གཏོང་བ། མཚམས་རེར་ཕྱི་རོལ་ནས་དགེ་རྒན་དང་ཁྱད་ལས་གཞན་དག་གདན་དྲངས་ནས་སློབ་མ་ཚོར་སློབ་ཁྲིད་བྱེད་འཇུག་པ། སློབ་གྲྭ་དེ་ཉིད་ནས་ཐོན་ཟིན་པའི་སློབ་ཟུར་དེ་འདྲ་སློབ་གྲྭར་ལྟ་སྐོར་དུ་ཕེབས་སྐབས་དུས་ཚོད་དམ་འཛིན་གནང་ནས་སློབ་མ་ཚོར་གཏམ་བཤད་སྤེལ་འཇུག་པ། འཛིན་གྲྭ་ནང་ཁུལ་བགྲོ་གླེང་དང་དྲི་རྩད་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཤེས་ཡོན་བརྗེ་རེས་བྱེད་པ། མི་སེམས་འགུལ་བའི་དངོས་བྱུང་གློག་བརྙན་དེ་འདྲ་བསྟན་ནས་སློབ་མ་ཚོའི་སློབ་སྦྱོང་ཐོག་ངར་ཤ་སློང་བ་སོགས་ཐབས་ལམ་འདྲ་མིན་སྣ་ཚོགས་སྤེལ་ན། དགེ་སློབ་གཉིས་ཀར་ཉོབ་སྣང་གཏན་ནས་མི་སྐྱེ་བའི་ཕན་ཐོགས་ཡོད་ལ། ཀླད་པ་གྲུང་ཤ་དོད་པོ་ཆགས་ནས་སློབ་སྦྱོང་ལ་ཤུགས་སྣོན་འཕར་མ་ཞིག་རྒྱག་རྒྱུར་ནུས་པ་ཐོན་གྱི་ཡོད།

བརྒྱད་པ། སློབ་མའི་ནང་སྦྱོང་ལ་ངེས་པར་དུ་ཞུ་དག་ལེགས་པོ་གཏོང་དགོས་པ།

སློབ་ཁྲིད་ཀྱི་རྗེས་སུ་སློབ་མར་ཚད་དང་ལྡན་པའི་ནང་སྦྱོང་འབྲི་རུ་འཇུག་རྒྱུ་ནི། འཛམ་གླིང་ཡོངས་སུ་གཅིག་གྱུར་ཡིན་ཞིང་། དེའི་དམིགས་ཡུལ་གཙོ་བོ་ནི་སློབ་ཁྲིད་ཀྱི་སྐབས་སུ་གང་སྦྱངས་པ་རྣམས་དྲན་པ་མ་བརྗེད་པར་དེ་དག་ལ་བསྐྱར་སྦྱོང་དང་དྲན་གསོ་ཡོང་བའི་ཆེད་དུ་ཡིན།
འདིར་གལ་གནད་ཆེན་པོ་ཞིག་ཞུ་རྒྱུར། དགེ་རྒན་གྱིས་སློབ་མར་ནང་སྦྱོང་ཚད་ལས་བརྒལ་བ་བསྐུལ་མི་ཉན། གཞི་རིམ་སློབ་གྲྭའི་སློབ་མ་ཞིག་ལ་མཚོན་ན་ཉུང་མཐར་ཡང་སློབ་ཚན་ཁག་ལྔ་དྲུག་ཙམ་ངེས་པར་དུ་སྦྱོང་དགོས་པས། དགེ་རྒན་ཚང་མས་སྦྱོང་ཚན་ཚད་ལས་བརྒལ་བ་བསྐུལ་ན། སློབ་མའི་དུས་ཚོད་ཡོད་ཚད་ནང་སྦྱོང་འབྲི་རྒྱུར་རྫོགས་ནས་དེ་དང་འབྲེལ་ཡོད་ཀྱི་དཔེ་དེབ་ཀློག་རྒྱུར་འཐུས་ཤོར་འགྲོ་ངེས་པ་ཡིན། དེ་དང་ཆབས་གཅིག་དགེ་རྒན་ཚོས་སློབ་མའི་ནང་སྦྱོང་ལ་ཞུ་དག་ཡག་པོ་གཏོང་དགོས་ཤིང་། ནོར་འཁྲུལ་གང་ཤོར་ཡོད་པ་དག་ལ་བཟོ་བཅོས་དང་ཞུ་དག་ངེས་པར་དུ་བྱེད་དགོས་པ་མ་ཟད། ཟུར་མཆན་བཏབ་ནས་ལམ་སྟོན་བྱེད་དགོས། དེ་ལྟར་བྱས་ན་སློབ་མ་ཚོས་ནང་སྦྱོང་འབྲི་རྒྱུར་དཀའ་ངལ་གཏན་ནས་མེད་ལ། སེམས་ནང་དགའ་ཚོར་དང་ལྷན་དུ་ནང་སྦྱོང་འབྲི་རྒྱུར་འདོད་མོས་ཆེན་པོ་ཡོང་གི་ཡོད། དགེ་རྒན་གྱིས་སློབ་མའི་རང་སྦྱོང་ལ་ཞུ་དག་མ་བཏང་བར་ཉིན་འགྱངས་ཞག་བགྱངས་བྱས་ན། སློབ་མའི་སེམས་ནང་ནང་སྦྱོང་འབྲི་རྒྱུའི་འདུན་པ་ཇེ་ཆུང་ཇེ་ཆུང་དུ་འགྲོ་བར་ཐེ་ཚོམ་གཏན་ནས་མེད་པ་མ་ཟད། གང་འཚམ་ནས་ནང་སྦྱོང་གཏན་ནས་མི་འབྲི་བའི་མཚམས་ལ་སླེབས་ངེས་ཡིན་པ་ང་ཚོ་ཚང་མ་སློབ་མ་བྱས་ནས་ཡོང་བ་ཤ་སྟག་ཡིན་པས། རང་གི་མྱོང་བའི་ཐོག་ནས་ཤེས་ཐུབ་ངེས་རེད།

དགུ་པ། སློབ་མའི་སེམས་ཁམས་དང་སློབ་སྦྱོང་གི་ཆུ་ཚད་ལ་རྒྱུས་ལོན་བྱེད་དགོས་པ།

སྔོན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གང་ཟག་མཆོག་དམན་ཚང་མའི་ཁམས་དང་མོས་པར་གཞིགས་ནས། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་བ་ནི། ཐབས་མཁས་ཐུགས་རྗེ་ཆེན་པོའི་མཛད་རྗེས་བླ་ན་མེད་པ་ཞིག་ཡིན་པ་བཞིན། སློབ་མའི་སེམས་ཁམས་ལ་རྒྱུས་ལོན་བྱེད་རྒྱུ་ནི་སློབ་ཁྲིད་ཀྱི་ཐབས་ལམ་གལ་ཆེ་ཤོས་ཤིག་ཡིན། སློབ་ཕྲུག་འགའ་ཤས་ལ་ཁ་འཇམ་ཚིག་འཇམ་བྱས་ན་ཡག་པ་ཡོད་པ་དང་། ཡང་སློབ་མ་ཁ་ཤས་ལ་ཏོག་ཙམ་དྲག་རྩུབ་ཀྱི་རྣམ་པ་སྟོན་ན་ཕན་ཐོགས་ཆེ་བ་ཡོད་པ་མངོན་སུམ་ཡིན་པས། སློབ་མའི་སེམས་ཁམས་ལ་རྒྱུས་ལོན་ཐོག་སློབ་ཁྲིད་བྱེད་དགོས།
དེང་གི་ཆར་བོད་ཁྱིམ་སློབ་གྲྭ་ཁག་གཙོས་པའི་སློབ་གྲྭ་ཕལ་ཆེ་བར། དགེ་རྒན་གྱིས་སློབ་མར་ཉེས་རྡུང་གཏོང་མི་ཆོག་པའི་སྒྲིག་གཞི་བཟོས་ཡོད་གཤིས། དེ་དང་བསྟུན་པའི་ལུགས་མཐུན་གྱི་གོམ་སྟབས་གསར་པ་ཞིག་སྤོ་དགོས་པ་ནི་གནད་ཀྱི་དམ་པ་ཡིན།
དེ་དང་ཕྱོགས་མཚུངས་སློབ་མའི་སློབ་སྦྱོང་གི་གནས་ཚད་ལ་དཔག་པའི་སློབ་ཁྲིད་ཐབས་ལམ་མི་འདྲ་བ་སྤྱོད་དགོས་ཏེ། སློབ་མ་ཤེས་ཡོན་སྐྱོ་བ་རྣམས་ལ་དགེ་རྒན་གྱིས་དུས་ཚོད་འཕར་མ་བཏང་ནས་ཟུར་འཁྲིད་བྱེད་དགོས་པ་དང་། ཡང་སེམས་ཁམས་ཅུང་མི་བདེ་བའི་སློབ་མ་དེ་འདྲ་ཡོད་ཚེ་དེ་དག་གི་སེམས་ཁམས་མི་བདེ་བའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་མེད་རྩད་གཅོད་བྱེད་དགོས། སློབ་མ་ཁག་གཅིག་ཕ་མ་ས་ཐག་རིང་པོར་གནས་ཏེ་དཔལ་འབྱོར་ལ་དཀའ་ངལ་ཆེན་པོ་འཕྲད་ནས་ཐ་ན་འབྲི་དེབ་གཅིག་ཀྱང་ཉོ་མི་ཐུབ་པའི་སེམས་ངལ་ཡོད་པ་དང་། ཡང་འགའ་ཞིག་ལ་ཕ་མ་གཉེན་འཐོར་བྱུང་ནས་ལྟ་རྟོག་ཚུལ་བཞིན་མ་རག་པའི་དཀའ་ངལ་དང་། ཡང་ཕོ་མོའི་བརྩེ་དུང་གི་ཕམ་ཁ་དང་རྙོག་དྲའི་འོག་སེམས་ནད་ཡོད་པ་སོགས་ཀྱི་དཀའ་ངལ་མང་དག་ཡོད་ཅིང་། ལྷག་པར་དུ་དཀའ་ངལ་ཡོད་པའི་སློབ་མ་ཕལ་ཆེ་བས་རང་ཉིད་ཀྱི་ཆེ་མཐོང་དང་། རང་བརྩིའི་འདུ་ཤེས་ལ་བསམས་ནས། དཀའ་ངལ་དག་མི་གཞན་ལ་བརྗོད་མ་ཕོད་པར་སེམས་ནང་ཉར་ནས་སྡུག་སྒོམ་རྒྱག་གི་ཡོད་པ་སོགས་ལ་དགེ་རྒན་གྱིས་ཐབས་མཁས་པོའི་ཐོག་ནས་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་དགོས་པ་ཡིན།

བཅུ་པ། མཚམས་རེར་སློབ་མའི་འགྲམ་ནས་བསམ་ཚུལ་བསྡུ་རུབ་བྱེད་དགོས་པ།

འཇིག་རྟེན་འདིའི་སྟེང་གནས་པའི་འགྲོ་བ་མི་ཚང་མ་སྐྱོན་མེད་ཡང་དག་པ་ཞིག་མིན་པས་སྐྱོན་དང་ནོར་འཁྲུལ་མང་པོ་ཞིག་ཡོད་པ་ནི་དངོས་པོའི་ཆོས་ཉིད་ཡིན་ཞིང་དེ་ལ་ཧ་ལས་ཧང་སང་དགོས་དོན་གཏན་ནས་མེད། དེ་ལས་ཀྱང་གལ་ཆེ་བ་ནི་རང་སྐྱོན་ངོས་བཟུང་ནས་ལམ་ནོར་ལྡོག་ཤེས་དང་ཕྱིན་ཆད་སྤང་བླང་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་ལ། ནོར་འཁྲུལ་ཤོར་ན་དགོངས་དག་དང་། མ་ཤེས་ན་ཤེས་མ་སོང་། ཞེས་དྲང་བདེན་བརྗོད་ཕོད་པའི་སྤོབས་པ་ཞིག་ངེས་པར་དུ་དགོས་པ་ཡིན། དེ་ལ་སྤམ་ཤོར་དགོས་པ་དང་ངོ་ཚ་དགོས་པ་གཏན་ནས་མིན། མ་ཤེས་པའི་ཐོག་ནས་ནོར་འཁྲུལ་བྱུང་ན་དེ་ནི་ཆོས་ཕྱོགས་ནས་བཤད་ཀྱང་སྡིག་ཉེས་མེད་ཅིང་། ཤེས་བཞིན་དུ་ནོར་འཁྲུལ་བཟོས་ན་དེ་ནི་ཁྲེལ་མེད་སྒལ་རལ་དང་གནས་དུས་ཚོད་རྩིས་ཀྱི་སྤྱོད་ངན་ཞིག་ཡིན་པ་མཁྱེན་དགོས།
དེང་སང་རྒྱལ་སྤྱིའི་ལུགས་སྲོལ་ལ་ཡང་ཟ་ཁང་ཆེན་པོ་དེ་འདྲའི་ནང་ཁ་ལག་བཟས་ཚར་རྗེས་བསམ་ཚུལ་(feedback) ལེན་གྱི་ཡོད་པ་བཞིན། མཚམས་རེར་སློབ་མ་རྣམས་ཀྱི་མདུན་ནས་རང་ཉིད་ཀྱི་སྐྱོན་ཆ་དང་མི་འདང་བའི་ཆ་གང་ཞིག་ཡོད་ཀྱང་ཤོག་ཐོག་ལ་འབྲི་རུ་བཅུག་ནས་དེ་དག་ལ་ཞིབ་འཇུག་བྱས་ཏེ་རང་གི་སྐྱོན་དང་ཞན་ཆར་དག་ཐེར་དང་ཡོ་བསྲང་བྱེད་དགོས། རང་སྐྱོན་ཆེ་ཡང་རྡུལ་ཕྲན་བཞིན་དུ་མཐོང་དཀའ་ཡང་། གཞན་སྐྱོན་ཆུང་ཡང་རི་བོ་བཞིན་དུ་མཐོང་བར་སླ། ཞེས་སྔོན་བྱོན་མེས་པོ་དམ་པ་ཚོས་གསུངས་པ་བཞིན། རང་ཉིད་ཀྱི་ནོར་འཁྲུལ་ངོས་བཟུང་རྒྱུ་ཤིན་ཏུ་དཀའ་བས། དེ་དག་རང་ཉིད་ཀྱི་གྲོགས་པོ་གྲོགས་མོ་དང་དེ་བཞིན་སློབ་མ་དག་གི་འགྲམ་ནས་ཤེས་ཐབས་བྱེད་དགོས། ཡར་རྒྱས་ནི་ནོར་འཁྲུལ་བཟོས་པ་ལས་བྱུང་ཞེས་པ་བཞིན། ནོར་འཁྲུལ་ནོར་འཁྲུལ་དུ་ཤེས་ནས་སྒྱུར་བཅོས་བྱེད་ཐུབ་ན་མི་ཡི་མཆོག་ཡིན་པས། རང་སྐྱོན་ངོས་ལེན་གནང་ཐུབ་པ་དགོས་རྒྱུ་དེ་ཡང་དགེ་རྒན་ཞིག་གི་བཟང་སྤྱོད་དང་འགན་འཁྲི་ཡིན།

མཇུག་བསྡུ་བ།

དགེ་རྒན་ཞིག་ལ་མཚོན་ན་ཤེས་བྱ་ཡོན་ཏན་ཡོད་པ་ཙམ་གྱིས་མི་འགྲིག་པར། ལྷག་བསམ་དང་སེམས་ཤུགས་དགོས་པ་ནི་གལ་ཆེན་ཡིན་ལ། ཤེས་ཡོན་གཅིག་པུས་སྤྱི་ཚོགས་སྟེང་ཞབས་འདེགས་སྒྲུབ་མི་ཐུབ་པ་དེང་གི་སྤྱི་ཚོགས་ཁྲོད་དུ་ཧ་ཅང་མང་པོ་ཡོད་པ་ཀུན་གྱིས་མཁྱེན་གསལ་ཡིན་པས། ཤེས་ཡོན་དང་མཉམ་དུ་བཟང་སྤྱོད་དགོས་པ་ཧ་ཅང་གལ་ཆེ། འགྲོ་བ་མིའི་ལྷག་བསམ་དང་བཟང་སྤྱོད་ལ་ལྷད་ཞུགས་ཚེ་སྤྱི་ཚོགས་ལ་ཕན་པ་སྒྲུབ་རྒྱུ་ཕར་ཞོག རྙོག་དྲ་དང་བརྡབ་གསིག་མང་པོ་བཟོ་བཞིན་ཡོད་པ་མཐོང་ཆོས་ཡིན། དེས་ན་དགེ་བའི་བཤེས་གཉེན་རྣམ་པ་ཚོས་ཤེས་ཡོན་དང་བཟང་སྤྱོད་ཟུང་དུ་སྦྲེལ་ནས་མ་འོངས་བོད་ཀྱི་སོན་རྩ་ཚོ་བོད་དྲི་མ་ཡལ་བའི་བོད་མི་རྣམ་དག་ཅིག་ཏུ་སྐྱེད་སྲིང་བྱེད་རྒྱུར་སྒོ་ཀུན་ནས་འབད་དགོས་པ་ནི་ཤིན་ཏུ་གལ་ཆེ། དེ་ནི་མི་རབས་གོང་མ་ཚོས་ང་ཚོར་བཞག་པའི་ལས་འགན་ཡིན་ལ། དུས་རབས་ཀྱི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཀྱང་ཡིན། བོད་ཀྱི་གཏམ་དཔེར། རྟ་གཅིག་བྱུང་ན་རྟེའུ་ནས་བྱུང་། མི་གཅིག་བྱུང་ན་ཆུང་ནས་བྱུང་། ཞེས་པ་དང་། ལྕང་མ་ཆུང་དུས་འདྲོངས་ན་འདྲོངས་པ་ཡིན། ལྕང་རྒན་སྲོང་སྲོང་མང་ན་ཆག་པའི་ཉེན། ཞེས་ཁ་ཆེ་ཕ་ལུའི་ནང་གསུངས་ཡོད་པ་བཞིན། ཆུང་དུས་ནས་སློབ་གསོ་ཡག་པོ་ཞིག་རྒྱག་དགོས་པ་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་ལ། དེའི་འགན་འཁྲི་ཆེ་ཤོས་ནི་གཞི་རིམ་སློབ་གྲྭ་ཁག་གི་དགེ་རྒན་རྣམ་པ་ཚོར་ཡོད་པ་ངེས་པར་དུ་གསལ་པོར་མཁྱེན་པའི་ཐོག་ནས་ཧུར་ཐག་གནང་དགོས་ཤིང་། ད་བར་མི་ཚེའི་མཛེས་སྡུག་ལྡན་པའི་དུས་ཚོད་མང་པོ་ཞིག་བོད་ཕྲུག་ཚོའི་ཆེད་དུ་བཏང་དང་གཏོང་བཞིན་པར་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།