བསྟན་འཛིན་དབང་ཕྱུག

 

ཀ༽ སྤྱི་ཡོངས་ཀྱི་སྐད་ཡིག་གི་གནས་སྟངས།

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། རིག་གཞུང་། ཚན་རིག་བཅས་ཀྱི་ལྷན་ཚོགས་(UNESCO) ཀྱིས་ད་ལྟའི་ཆར་འཛམ་གླིང་དུ་སྐད་རིགས་མི་འདྲ་བ་༧༠༠༠ ཙམ་ཡོད་ཀྱང་། དེའི་ནང་འཛམ་གླིང་གི་མི་འབོར་ཕྱེད་ཀ་ཙམ་གྱིས་སྐད་རིགས་བརྒྱད་བེད་སྤྱོད་གཏོང་བཞིན་པ་དང་། སྐད་རིགས་༣༠༠༠ ལྷག་གི་བེད་སྤྱོད་གཏོང་མཁན་གྱི་མི་འབོར་ནི་ཁྲི་གཅིག་ལས་ཉུང་བ་ཡོད། སྐད་རིགས་ཡལ་བའི་མྱུར་ཚད་ལ་སྔོན་དཔག་བྱས་པ་ལྟར་ན་ཆ་སྙོམས་ཟླ་རེར་སྐད་རིགས་༢ རེ་མེད་པར་འགྲོ་བཞིན་ཡོད་སྐོར་འཁོད་འདུག

 

ཁ༽ སྐད་ཡིག་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་འགའ།

  • ༡། རང་གི་སྐད་ཡིག་ལས་སྐད་ཡིག་གཞན་དེ་རྩ་ཆེ་བ་དང་གལ་གནད་ཆེ་བར་འཛིན་པ།
    ༢། མི་རིགས་རྩ་བརླག་ཏུ་ཕྱིན་པ།
    ༣། སྐད་ཡིག་དེ་བཀོལ་སྤྱོད་བྱེད་པར་དམ་བསྒྲགས་ཆེ་བ།
    ༤། རྒྱལ་ཁབ་གཞན་གྱིས་བཙན་འཛུལ་གྱིས་གནས་ཡུལ་སྤོ་བཤུག་བྱེད་པ།
    ༥། རང་གི་སྐད་ཡིག་ན་གཞོན་བྱིས་པའམ་མ་འོངས་སོན་རྩས་སློབ་རྒྱུ་གལ་ཆེར་མི་བརྩིས་པའམ་མཚམས་འཇོག་ཟིན་པ།

གོང་གི་རྒྱུ་རྐྱེན་དེ་དག་དང་ད་ལྟའི་བོད་ཀྱི་སྐད་ཡིག་གནས་སྟངས་གཉིས་པོ་མཚུངས་བསྡུར།

དང་པོ། རང་དབང་ཡུལ་དུ་བཞུགས་པའི་བོད་མི་མི་ཉུང་བ་ཞིག་གིས་ད་ལྟ་ནས་རང་གི་སྐད་ཡིག་ལས་ཨིན་ཇིའི་སྐད་ཡིག་ལ་དམིགས་བསལ་གྱིས་དོ་སྣང་བྱས་ཏེ་ཤུགས་སྣོན་བསྐྱོན་མཁན་མི་ཉུང་བ་ཡོད་པ་དང་། གཞིས་བཞུགས་སུ་བཙན་དབང་དང་གདམ་ག་མེད་པར་རྒྱ་ཡིག་ཤུགས་ཆེར་སྤྱོད་བཞིན་ཡོད་པ་དེས་རྒྱུ་རྐྱེན་དང་པོ་དེ་ཆ་ཤས་གང་འཚམ་ལྡན་ཡོད།

གཉིས་པ། གཞིས་བཞུགས་ནང་གནས་སྟངས་རྐྱེན་པས་གཉེན་སྒྲིག་བསྲེས་ལྷད་དང་། ཕྲུ་གུ་ཡི་གྲངས་འབོར་ཚད་འཛིན་ཡོད་པ། བྱེས་སུ་རང་གི་རང་དབང་གིས་ཐོག་ནས་མི་འབོར་འཕེལ་རྒྱས་གཏོང་བར་དོ་སྣང་ཞན་པས་མི་རིགས་རྩ་བརླག་གི་དཀའ་ངལ་ཆ་ཚང་ཡོད།

གསུམ་པ། བོད་ཀྱི་མི་འབོར་གྱི་བརྒྱ་ཆ་མང་བ་གཞིས་སུ་བཞུགས་པས་དེར་རང་གི་སྐད་ཡིག་བེད་སྤྱོད་གཏོང་བ་དམ་དྲགས་ཆེ་བའི་གནད་དོན་དང་། བཙན་བྱོལ་དུ་བརྒྱ་ཆ་མི་ཉུང་བ་ཞིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བཞུགས་པ་ཚོའི་ཕྲུ་གུ་ཚོར་ཁོར་ཡུག་མི་ལྡན་པས། སྐད་ཡིག་ཉམས་རྒུད་དུ་འགྲོ་བའི་རྒྱུ་རྐྱེན་དེ་ཡང་ལྡན་ཡོད།

བཞི་པ། བོད་དུ་དུས་འགྱུར་བྱུང་ནས་བོད་མི་རྣམས་འཛམ་གླིང་ཡུལ་གྲུ་གང་སར་སྤོ་བཤུག་མི་བྱེད་ཐབས་མེད་བྱུང་དང་འབྱུང་བཞིན་པ་དེ། རྒྱལ་ཁབ་གཞན་གྱིས་བཙན་འཛུལ་གྱིས་གནས་ཡུལ་སྤོ་བཤུག་བྱས་པས་སྐད་ཡིག་ཉམས་རྒུད་ཀྱི་རྒྱུ་རྐྱེན་དེའང་ཚང་ཡོད།

ལྔ་པ། རང་གི་སྐད་ཡིག་ན་གཞོན་བྱིས་པའམ་མ་འོངས་སོན་རྩ་སློབ་རྒྱུ་གལ་ཆེར་མི་བརྩིས་པའམ། མཚམས་འཇོག་པ་ལྟ་བུ་ཆ་མཚོན་ན། བཙན་བྱོལ་བོད་མི་མང་པོས་ས་བོན་ལྟ་བུ་བཏབ་ཟིན་དང་། ད་དུང་མུ་མཐུད་འདེབས་བཞིན་པ་རྣམས་མི་རིགས་གསོན་པོར་གནས་ཆེད་བསམ་བློ་ངེས་པར་དུ་གཏོང་བའི་དུས་ལ་བབས་ཡོད་པར་བསམ།

ག༽ སྐད་ཡིག་ཉམས་རྒུད་ཀྱི་བརྒྱུད་རིམ་ལྔ།

མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། རིག་གཞུང་། ཚན་རིག་བཅས་ཀྱི་ལྷན་ཚོགས་(UNESCO) ཀྱིས་སྐད་ཡིག་ཅིག་ཉེན་ཁའི་ནང་ཇི་ལྟར་ལྷུང་བའི་སྡེ་ཚན་བརྩི་སྲོལ་མི་འདྲ་བ་ལྔ་ཡོད་པ་ལས།


  • ༡། གཏོར་སྐྱོན་གཏོང་སླ་བ་ནི་ཕྲུ་གུ་ཕལ་མོ་ཆེས་སྐད་ཡིག་སྤྱོད་ཀྱང་དམ་དྲགས་གང་འཚམ་ཡོད་པ།
    ༢། ངེས་པར་སྟོངས་ལ་ཉེ་བ་ནི་རང་ཁྱིམ་དུ་རང་གི་ཕ་སྐད་སྦྱོང་མཚམས་བཞག་ཟིན་པ།
    ༣། ཚབས་ཆེན་སྟོངས་ལ་ཉེ་བ་ནི་སྐད་ཡིག་གང་ཞིག་སྤོ་རྨོ་དང་། མེས་པོ་ཚོས་སྐད་ཡིག་དེ་སྤྱོད་ཀྱང་ཕ་མ་ཚོས་སྐད་ཡིག་དེ་གོ་བ་ཡོད་སྲིད་ཀྱང་རང་གི་ཕྲུ་གུ་དང་ཕན་ཚུན་དབར་མི་སྤྱོད་པ།
    ༤། སྤོ་རྨོ་དང་དམེ་པོ་ཚོས་སྐད་ཡིག་དེ་ཆ་ཤས་ཙམ་དང་སྐབས་རེ་ཙམ་བེད་སྤྱོད་བྱེད་པའི་གནས་སྟངས།
    ༥། རྩ་སྟོངས་ཟིན་པ།


ང༽ སྐད་ཡིག་གི་གལ་གནད་དང་སྲུང་སྐྱོབ་ཇི་ལྟར་གནང་དགོས་མིན།


༡། ནང་ཆོས་དང་འབྲེལ་བའི་གལ་གནད་སྐོར།


དེང་གི་དུས་སུ་སངས་རྒྱས་ཀྱི་བསྟན་པའི་གཞུང་ལུགས་ཡོངས་སུ་རྫོགས་པ་བསླབ་པ་སློབ་གཉེར་བྱ་འདོད་པ་ཡོད་ཚེ། བོད་ཀྱི་སྐད་ཡིག་ནང་མདོ་སྔགས་ཡོངས་སུ་རྫོགས་པ་ལྡན་ཡོད་པ་ལས་གཞན་སྐད་གང་དུའང་མེད་པ་ནི་སྔར་གྱི་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་ངལ་བ་ཁྱད་དུ་བསད་ནས། མ་སྐད་ལེགས་སྦྱར་ལྷའི་སྐད་ནས་བསྒྱུར་བ་ལས་གཞན་གྱིས་བསྒྱུར་གྱི་གླ་ཡོན་བཞེས་ཏེ་བོད་སྐད་དུ་བསྒྱུར་བ་ག་ལ་ཡིན།
མདོར་ན། བོད་ཀྱི་སྐད་ཡིག་ཉམས་ན་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རིང་དུ་གནས་རྒྱུ་ཧ་ཅང་དཀའ་བས་བོད་ཀྱི་སྐད་ཡིག་འདི་ཛ་དྲག་གི་གནས་དགོས་པ་ཡིན།


༢། སྐད་ཡིག་སྲུབ་སྐྱོབ་ཇི་ལྟར་གནང་སྒོ་ཁག


  • ན་གཞོན་བྱིས་པ་དང་གཞོན་ནུ་ཚོས།


སྐད་ཡིག་ཉན་རྩལ་གྱི་སྒོ། ཆུང་བྱིས་གཞོན་དུས་ནས་བོད་ཀྱི་སྒྲུང་། བོད་གཞས་གཏོང་རྒྱུར་དོ་སྣང་སྐྲུན་ཐབས་དང་བོད་པས་གསར་འགྱུར་ཁག་རྒྱུན་དུ་ཉན་ཐབས། དེ་བཞིན་༸གོང་ས་མཆོག་གི་བཀའ་སློབ་ཀྱི་སྒྲ་དེབ་ཁག་ངེས་པར་དུ་ཉན་པར་འབད་དགོས།
ཀློག་རྩལ། གཞོན་ནུ་རྣམས་ལ་ངེས་པར་དུ་བོད་ཡིག་སྒྲུང་དེབ་མང་པོ་དང་། དྲ་རྒྱ་ཁག་ནང་བོད་ཡིག་གི་གསར་འགྱུར་དྲ་ཚིགས་ཁག་ངེས་པར་དུ་ཀློག་ཏུ་འཇུག་པ་དང་། བོད་ཡིག་སྒྲུང་དེབ་རིགས་གང་མང་མཁོ་སྒྲུབ་གནང་དགོས།
བཤད་རྩལ། ཕ་མ་དང་ཕྲུ་གུ་དབར་བོད་སྐད་གང་ཐུབ་ཀྱི་བསྲེས་ལྷད་མེད་པ་དང་། ཞེ་སའི་ཐོག་བཀའ་མོལ་གནང་ཐབས་བྱེད་དགོས། འཛིན་གྲྭའི་ནང་ཕན་ཚུན་ལོ་ན་ལ་དཔག་པའི་བརྗོད་གཞི་གང་རུང་ཐོག་སྒྲུང་བཤད་རྒྱུ་དང་། བགྲོ་གླེང་རིགས་ལ་དོ་སྣང་དང་མཉམ་ཞུགས་གནང་དགོས།
འབྲི་རྩལ། ཕྲུ་གུ་ཚོས་རང་གི་གནས་ཚད་ལ་གཞིགས་ཏེ་ཚིག་སྒྲུབ། བརྗོད་པ་ཐུང་ངུ་བཟོ་རྒྱུ། སྐད་རིགས་གཞན་ནང་ཡོད་པའི་བྱིས་སྒྲུང་ཁག་བོད་ཡིག་ནང་སྒྱུར་ཐབས་དང་། རྩོམ་དང་ཉིན་ཐོ་སོགས་ཉིན་ལྟར་འབད་དགོས།
དགེ་རྒན། བོད་ཀྱི་སྐད་ཡིག་དགེ་རྒན་དག་ལ་ཆེ་མཐོང་མི་དམན་པ་ཞིག་ངེས་པར་དུ་དགོས་ཏེ། ན་གཞོན་ཁོར་ཡུག་ནང་མིག་དཔེ་བཟང་པོ་དང་འཁྲིད་བྱའི་སྐད་ཡིག་དེ་ལ་རིན་ཐང་མཐོང་བ་དང་། སྤྲོ་བ་འཕེལ་བའི་ཕྱིར་རང་རེའི་སྤྱི་ཚོགས་ནང་གནང་དགོས་པ་དང་། དགེ་རྒན་རང་ངོས་ཀྱང་ཉིན་མ་གང་འཁྱོལ་དུ་མ་ཡིན་པར་མི་རིགས་ཀྱི་ས་བོན་འཛུགས་བསྐྲུན་བྱེད་པོ་ཡིན་པ་ཡིད་ལ་བཅངས་ཏེ། བོད་ཀྱི་སྐད་ཡིག་སྦྱོང་བར་ན་གཞོན་བྱིས་པ་ཚོར་སྤྲོ་བ་འཕེལ་བའི་ཁོར་ཡུག་ཅིག་ངེས་པར་བསྐྲུན་དགོས།
ཕ་མ། ཕ་མ་ངོས་ནས་ཕྱི་ཡི་སྐད་ཡིག་སྦྱོང་ཚེ་ལྟོ་གོས་གཏམ་གསུམ་ལྡན་པའི་མི་ཚེ་ཞིག་སྐྱེལ་བར་དམིགས་ཏེ། ལོ་ན་ཆུང་དུས་ནས་ཕྱི་རྒྱལ་དང་། ཨིན་ཇིའི་སློབ་གྲྭ་ཁག་ལ་སྐྱེལ་གང་ཐུབ་ཀྱི་དགོངས་པ་དེ་དོར་དགོས། ཆུང་དུས་ནས་སྐད་ཡིག་གཉིས་པ་དེ་གཙོ་བོར་བཟུང་སྟེ་དོན་དུ་གཉེར་ཡང་། ད་ཆ་འཛམ་གླིང་ནང་སྐད་ཡིག་དེའི་ནང་གཟེངས་སུ་ཐོན་པའི་ཕྱག་ལས་གནང་མཁན་ནི་ཉིན་མོའི་སྐར་མ་དང་གཉིས་སུ་མ་མཆིས་པའི་ཕྱིར། དེ་ལས་ལྡོག་སྟེ་ཆུང་དུས་ནས་རང་གི་སྐད་ཡིག་ནང་འཚར་ལོངས་བྱུང་སྟེ། ཕྱིས་སུ་སྐད་ཡིག་གཉིས་པར་བརྩོན་མཁན་ཚོས་རྒྱལ་སྤྱིའི་ནང་གཟེངས་སུ་ཐོན་པའི་ཕྱག་ལས་གནང་དང་གནང་མུས་ཡིན་པར་བརྟེན། ཕ་མ་ཚོས་ཕྲུ་གུ་བོད་ཀྱི་སྐད་ཡིག་སྦྱོང་སའི་ཁོར་ཡུག་ཅིག་གི་ནང་ངེས་པར་དུ་གཏོང་དགོས་པ་དང་།
མཐའ་དོན་མདོ་དབུས་ཁམས་གསུམ་གྱི་བོད་མི་མང་ཡོངས་ནས་སྡེབ་གཅིག་ལ་མ་སྐུལ་དང་བླངས་ཀྱི་རྩ་ཆེན་བོད་ཀྱི་སྐད་ཡིག་དེ་མི་ཉམས་རྒྱུན་འཛིན་དང་། ཉམས་པ་སོར་ཆུད་ཀྱི་ལས་ལ་དུས་དང་རྣམ་པ་ཀུན་ཏུ་འབད་དགོས་སོ།།


ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་། །
མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན། །
སྐད་རིགས་སྣ་ཚོགས་ཤེས་ན་བཟང་མོད་ཀྱང་། །
རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།

དཔྱད་གཞི་རྒྱུ་ཆའི་འབྲེལ་ཐག་ཁག་དང་རྩོམ་ཤོག
༡། ཨཱཙཱརྱ་ལྷག་པ་ཚེ་རིང་གི་རྩོམ་ཤོག་གངས་ཅན་པའི་སྐད་ཡིག་སྲུང་སྐྱོབ་ཕྱོགས་ཐད་ཀྱི་བསམ་ཚུལ་མི་རིགས་གསོན་ཐབས་ཞེས་བྱ་བ།
༢། https://en.wikipedia.org/wiki/Language_preservation
༣། https://www.theguardian.com/news/datablog/2011/apr/15/language-extinct-endangered
༤། https://tibrooster.net/སྐད་ཡིག་གི་འཇིག་ཉེ།
༥། http://tibettimes.net/2017/03/18/157384/