ངོ་སྤྲོད།

 

ཟླ་བ་སྒྲོལ་མ།

དགེ་རྒན་ཞིག་ཡིན་པའི་ཆ་ནས་བྱ་བ་ཁག་ཤོས་དེ་སློབ་ཕྲུག་ཚོས་སྦྱངས་འབྲས་ཚད་འཇལ་བྱེད་རྒྱུ་དེ་ཡིན། སྦྱངས་འབྲས་ཚད་འཇལ་བྱེད་རྒྱུའི་ཐབས་ལམ་སྣ་ཚོགས་ཡོད་ཀྱང་སྐབས་སུ་བབས་པའི་སློབ་ཕྲུག་ཚོས་ཡིག་ཚད་ཀྱི་གྲུབ་འབྲས་དེ་ལ་གཙོ་བོ་གཞི་བཞག་གི་ཡོད། དེ་ཙམ་མ་ཟད་དགེ་རྒན་ཞིག་གི་སློབ་ཁྲིད་ཐབས་ལམ་དེ་ཡང་གནད་དུ་འཁེལ་ཡོད་མིན་ཡང་སྐབས་སུ་བབས་པའི་སློབ་ཕྲུག་ཚོས་ཡིག་ཚད་ཀྱི་གྲུབ་འབྲས་ལ་གཞི་འཇོག་གི་ཡོད། འོན་ཀྱང་རང་ཉིད་ཀྱི་བསམ་ཚུལ་ལ་སློབ་ཕྲུག་ཚོས་ཉིན་རེའི་འཛིན་གྲྭའི་ནང་གང་སྦྱངས་པ་དེ་ཡིག་ཚད་གཅིག་པུ་མིན་པར་མ་འོངས་པའི་མི་ཚེའི་ནང་གནས་སྟངས་གང་སར་ལག་བསྟར་བྱེད་ཐུབ་པ་དེ་གལ་ཆེར་མཐོང་། དེར་བརྟེན། དགེ་རྒན་གྱི་ལས་འགན་གཙོ་བོ་ནི་མ་འོངས་པར་སློབ་ཕྲུག་དེ་དག་དཀའ་ངལ་གང་འདྲ་ཞིག་འཕྲད་ཀྱང་རང་གི་རྣམ་དཔྱོད་བེད་སྤྱད་ནས་གདོང་ལེན་བྱེད་ཐུབ་པའི་ནུས་རྩལ་ལྡན་པའི་མི་ཞིག་བཟོ་ཐབས་བྱ་རྒྱུ་དེ་ཡིན། རྒྱུན་དུ་འཛིན་གྲྭའི་ནང་ང་ཚོས་སློབ་ཁྲིད་བྱེད་སྐབས་ཐབས་ལམ་སྣ་ཚོགས་བེད་སྤྱོད་བྱེད་ཀྱི་ཡོད་པ་དེ་སློབ་ཕྲུག་ཚོས་སློབ་སྦྱོང་ལ་དོ་སྣང་དང་འདུན་པ་སོགས་ཡོང་སླད་ཡིན། དགེ་རྒན་རང་ཉིད་ཀྱི་སློབ་ཁྲིད་ཐབས་ལམ་ལ་བརྟེན་པའི་འབྲས་བུ་བཟང་ངན་དེ་འཕྲལ་དུ་མཐོང་རྒྱུ་ཁག་པོ་རེད། ཡིན་ནའང་། ཐབས་ལམ་དེ་དག་ལ་བརྟེན་ནས་ཕྲུ་གུའི་སེམས་དང་སྤྱོད་ཚུལ་ལ་ཡུན་གནས་ཀྱི་འགྱུར་པ་ཞིག་ཐེབས་རྒྱུ་ཡིན་པ་དེ་ངེས་སྟབས། ང་ཚོ་དགེ་རྒན་ཞིག་ཡིན་པའི་ཆ་ནས་གནས་སྐབས་ཡིག་ཚད་ཀྱི་གྲུབ་འབྲས་བཟང་ངན་ལ་མི་ལྟ་བར་མུ་མཐུད་ནས་སློབ་ཁྲིད་ཀྱི་ཐབས་ལམ་གང་མང་དང་གང་དྲག་བེད་སྤྱོད་བྱེད་རྒྱུ་དེ་ཧ་ཅང་གལ་ཆེར་མཐོང་། གང་ལ་ཟེར་ན། ཐབས་ལམ་དེ་དག་ལ་བརྟེན་ནས་སློབ་མའི་རྒྱུད་ལ་མི་ཚེའི་ནང་དགོས་གལ་ཆེ་བའི་སྒྱུ་རྩལ་མང་པོ་ཞིག་གི་ཐོག་ལམ་སྟོན་བྱེད་ཐུབ།

ངའི་སློབ་ཁྲིད་ཀྱི་ཐབས་ལམ།

ང་རང་ཚན་རིག་གི་དགེ་རྒན་ཞིག་ཡིན་པའི་ཆ་ནས་སློབ་མ་རྣམས་ཀྱི་སློབ་ཚན་ལ་དོ་སྣང་དང་སྦྱངས་འབྲས་བཟང་ཕྱོགས་སུ་འགྱུར་སླད། སློབ་ཁྲིད་ཐབས་ལམ་སྣ་ཚོགས་ཤིག་བེད་སྤྱོད་བྱས་དང་བྱེད་མུས་ཡིན། དེ་རིང་གུས་མོས་ལག་བསྟར་བྱེད་བཞིན་པའི་ཐབས་ལམ་ཁག་ཅིག་རེ་རེ་བཞིན་འགོད་འདོད་བྱུང་། ཐབས་ལམ་དེ་དག་ནས་ཁག་ཅིག་ནི་སློབ་མའི་རྒྱུད་ལ་ཉམས་མྱོང་གི་སློབ་གཉེར་(Experiential learning) སྐྲུན་རྒྱུར་ཕན་རླབས་ཆེ་བར་མངོན།

ཀ༽ ལན་འདེབས་དུ་མ་ཡོད་པའི་དྲི་བ། (Open-ended questions)

  • དྲི་བ་དེ་རིགས་ཀྱི་སློབ་མའི་བསམ་བློའི་ནུས་པ་དང་གསར་གཏོད་ཀྱི་ནུས་པ་གོང་འཕེལ་གཏོང་སླད་ཧ་ཅང་ཕན་ཐོགས་ཡོད། དེ་ཙམ་མིན་པར་དྲི་བ་དེ་རིགས་ཀྱི་སློབ་མ་ཚོར་ལན་འདེབས་བྱེད་རྒྱུའི་གདེང་སྤོབས་གསར་པ་ཞིག་སྦྱིན་ཐུབ། དཔེར་ན། སྐབས་རེར་སློབ་མ་ཚོར་སློབ་གྲྭར་ཡོང་བའི་དགོས་དམིགས་གང་ཡིན་ཐད་དྲི་བ་འདྲི་བ་ལྟ་བུ་ཡིན།

ཁ༽ རྒྱུ་མཚན་ལྡན་པའི་དྲི་བ། (Reason based questions)

  • ནམ་རྒྱུན་ང་ཚོའི་ཉིན་རེའི་ཉམས་མྱོང་མང་དག་ཅིག་གི་རྒྱུ་མཚན་ར་སྤྲོད་དེ་ཙམ་མི་བྱེད་པར་སྣང་ཆུང་གཏོང་གི་ཡོད། ཡིན་ནའང་དྲི་བ་དེ་རིགས་ཀྱི་སློབ་མ་ཚོར་སློབ་ཚན་གང་སྦྱངས་པ་རྣམས་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་བྱེད་རྒྱུ་དང་། སློབ་ཚན་སྦྱོང་རྒྱུའི་སྤྲོ་སེམས་སྤེལ་སླད་ཧ་ཅང་ཕན་ཐོགས་ཡོད། དཔེར་ན། འགྲུལ་བཞུད་བྱེད་སྐབས་འགྲིམ་འགྲུལ་བྱེད་སའི་སྣུམ་འཁོར་དེ་གློ་བུར་དུ་ཁ་བཀག་ན། ང་ཚོ་རྒྱབ་ངོས་སུ་མ་ལྷུང་པར་མདུན་ངོས་སུ་ལྷུང་བའི་རྒྱུ་མཚན་གང་ཡིན་འཚོལ་བ་ལྟ་བུ་ཡིན།

ག༽ ཤེས་ཟིན་པའི་ཤེས་བྱ། (Previous knowledge)

  • ང་ཚོ་ག་དུས་ཡིན་ན་ཚོགས་ཐེངས་གཅིག་མ་འཁྲིད་པའི་ཡར་སྔོན་ལ་སློབ་ཕྲུག་ཚོས་བརྗོད་གཞི་དེའི་སྟེང་ཇི་ཙམ་གོ་རྟོགས་ཡོད་མིན། ཡང་ན། ཤེས་ཟིན་པའི་ཤེས་བྱའི་དྲི་བ་དྲིས་ལན་གྱི་ཚུལ་དུ་རྟོགས་ཐབས་དང་། སློབ་མས་ཤེས་ཟིན་པའི་ཤེས་བྱ་ཐོག་འབྲེལ་ལམ་བཟོས་ནས་སློབ་ཚན་ཁྲིད་ཐབས་བྱེད་ཀྱི་ཡོད་པ་དེ་སློབ་ཚན་འཆར་འགོད་ཀྱི་མེད་དུ་མེད་རུང་བའི་ཆ་ཤས་ཤིག་ཡིན། ངས་བསམ་པར་སློབ་མ་ཚོས་ཤེས་ཟིན་པའི་ཤེས་བྱ་དེ་དག་ཐད་ཚོགས་ཐེངས་གཅིག་གི་ནང་དུས་ནས་དུས་སུ་དྲི་བ་དྲིས་ལན་གྱི་ཚུལ་དུ་འབྲེལ་ལམ་བཟོ་དགོས་པ་གལ་ཆེར་མཐོང་། དཔེར་ན། སྒྲའི་ཁྱད་ཆོས་སྐོར་གྱི་སློབ་ཚན་སློབ་སྐབས་སྒྲ་གང་ཡིན་པ་དང་། སྒྲ་དེ་གང་ནས་བྱུང་བ། ང་ཚོ་མིའི་སྒྲ་གང་འདྲ་བྱས་ནས་གོ་ཐུབ་པ་སོགས་འབྲེལ་བ་བཟོས་ནས་སློབ་གཉེར་བྱེད་དགོས།

ང༽ བྱེད་སྒོའི་ལམ་ནས་སློབ་གཉེར། (Activity based learning)

  • ཚན་རིག་གི་བརྗོད་གཞི་ཁག་ཅིག་བྱེད་སྒོའི་ལམ་ནས་ལས་སླ་པོའི་ངང་རྟོགས་ཐུབ། དེའི་རྒྱུ་མཚན་ནི་བྱེད་སྒོའི་ལམ་ནས་སྦྱོང་སྐབས་སློབ་མ་ཚོས་སེམས་དང་ལུས་གཉིས་ཀའི་ཚོར་ཤེས་ཀྱི་ཐོག་ནས་སྦྱོང་དགོས་པའི་སློབ་སྦྱོང་ལ་སྤྲོ་སྣང་གསར་པ་ཞིག་སྐྱེད་ཐུབ་ཀྱི་ཡོད། དཔེར་ན། མེ་ཏོག་ལྡུམ་རྭའི་ནང་སློབ་ཕྲུག་ཚོས་མེ་ཏོག་གི་ཆ་ཤས་ངོས་འཛིན་ཆེད་བྱེད་སྒོ་སྤེལ་རྒྱུ་དང་། སློབ་ཕྲུག་སྡེ་ཚན་དུ་བགོས་ནས་གློག་ལམ་བཟོ་ཐབས། ཡང་སློབ་མ་གཉིས་བར་ང་ཚོས་དབུགས་འབྱིན་རྔུབ་བྱེད་སྐབས་བྲང་ཁོག་གི་ཚད་གཞི་ལ་འགྱུར་བ་འགྲོ་བཞིན་ཡོད་པའི་བྱེད་སྒོ་སྤེལ་འཇུག་པ་སོགས་གལ་ཆེར་མཐོང་།

ཅ༽ རྫས་སྦྱོར་རེའུ་མིག་གི་གཞས། (Periodic table song)

  • རྫས་སྦྱོར་རིག་པ་སྦྱོང་སླད་རྫས་སྦྱོར་རེའུ་མིག་གི་ནང་ཡོད་པའི་རྫས་དེ་དག་གི་མིང་རྣམས་ངག་ལ་ཡོད་དགོས་པ་གལ་ཆེན་པོ་ཡིན་པས། སློབ་མ་རྣམས་ལ་རྫས་རིགས་དང་པོ་ནས་ཉི་ཤུ་བར་ཡིད་ལ་ཡག་པོ་དྲན་ཆེད། ཡུ་ཊུབ་དྲ་བརྙན་(You Tube) ནང་ཡོད་པའི་ཨིན་ཇིའི་གཞས་ཐུང་ངུ་ཞིག་སློབ་མ་འབྲིང་བ་མང་པོ་ཞིག་ལ་བསླབ་རྒྱུའི་གོ་སྐབས་བྱུང་། སློབ་མ་ཚོ་ཡང་འཛིན་གྲྭའི་ནང་ཙམ་མིན་པར་ཞོགས་ཚོགས་དང་། ཚན་རིག་དང་འབྲེལ་བའི་འདུ་འཛོམས་ཁག་ལ་གཟིགས་འབུལ་ཞུས་པར་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་པ་མ་ཟད། གཞས་ཀྱི་བརྒྱུད་ལམ་དེའི་ཐོག་སློབ་ཕྲུག་ཚོས་བློ་ལ་ཡང་ངེས་སླ་བར་མངོན།

ཆ༽ བརྟག་དཔྱད་གི་ཐབས་ལམ།(Laboratory method)

  • ཚན་རིག་ནི་སློབ་ཚན་གཞན་དང་མ་འདྲ་བར་བརྟག་དཔྱད་ཁང་ཟུར་དུ་ཡོད་པའི་སློབ་ཚན་ཞིག་ཡིན། དེའི་ཁེ་ཕན་ནི་སློབ་ཕྲུག་ཚོས་བརྟག་དཔྱད་བྱེད་སྐབས་སློབ་ཚན་གྱི་ནང་དོན་ཙམ་མིན་པར་མི་ཚེའི་སྒྱུ་རྩལ་མང་པོ་ཞིག་ཀྱང་མཉམ་དུ་ཤེས་ཀྱི་ཡོད། དཔེར་ན། བྱེད་སྒོ་རིགས་གཅིག་ནང་(activity to show water of crystallization) དངོས་རྫས་རིགས་ཆུ་དང་དྲོད་ལ་བརྟེན་ནས་ཁ་དོག་སོགས་འགྱུར་འགྲོ་བར་དོ་སྣང་བྱུང་དུས་ལྟ་ཞིབ་བྱ་རྒྱུའི་ནུས་པ་དང་ཕན་ཚུན་མཉམ་རུབ་བྱ་རྒྱུའི་ནུས་པ། ཡང་བརྟག་དཔྱད་བྱེད་སྐབས་མེ་དང་ཉེན་ཁ་སོགས་ལས་སྲུང་སྐྱོབ་བྱ་རྒྱུའི་ནུས་རྩལ་སོགས་སྒྱུ་རྩལ་མང་དག་ཅིག་གོང་མཐོར་གཏོང་སླད་ཕན་ཐོགས་ཆེན་པོ་ཡོད།

ཇ༽ སེམས་སྐུལ་ཐེབས་ཐབས་ཀྱི་གླུ་གཞས། (Motivational song)

  • སྐབས་རེར་སློབ་ཚན་ལ་འབྲེལ་བ་ཐད་ཀར་མེད་པའི་གླུ་གཞས་སོགས་སློབ་ཁྲིད་བྱས་ན་ཧ་ཅང་ཡག་པོ་མཐོང་། དཔེར་ན། ཨིན་ཇིའི་གཞས་ང་ཚོའི་ག་རེ་ཡིན་ནའང་བྱེད་ཐུབ། (we can be anything) ཞེས་པ་དེ་སྦྱོང་སྐབས་སློབ་མ་ཚོས་གཞས་ཚིག་གི་གོ་དོན་ཤེས་པའི་ཐོག་ནས་ལེགས་ཆ་གསར་པ་མང་པོ་ཞིག་ལེན་ཐུབ་པ་མ་ཟད། སྐད་ཡིག་ཀྱང་ཡར་རྒྱས་འགྲོ་ཐུབ་པ་དང་མཉམ་དུ་སློབ་གཉེར་ལ་དོ་སྣང་གསར་པ་ཞིག་སླེབས་ཐུབ་པར་མངོན།

ཉ༽ སྡེ་ཚན་གྱི་བྱེད་སྒོ། (Group activity)

  • སློབ་ཕྲུག་ཚོས་འཛིན་གྲྭའི་ཕྱི་ནང་གང་སར་སྡེ་ཚན་གྱི་ཚུལ་དུ་བྱེད་སྒོ་རིགས་གནང་ཚེ་སློབ་ཕྲུག་ཕན་ཚུན་གཅིག་ཕན་གཅིག་གྲོགས་ཀྱི་རྣམ་པ་དང་མཉམ་རུབ་ཀྱི་རྣམ་པ་སོགས་གོང་འཕེལ་གཏོང་ཐུབ། དཔེར་ན། འབུར་ཤེལ་གྱི་འདུ་གནས་རིང་ཚད་(focal length of convex mirror) འཚོལ་སྐབས་གོང་གི་རྩལ་ཙམ་མིན་པར་ཚད་གཞི་གནང་སྟངས་དང་། རྩིས་རྒྱག་སྟངས་སོགས་ཀྱི་རིག་རྩལ་ཐད་ཡར་རྒྱས་ཧ་ཅང་ཕྱིན་ཐུབ།

ཏ༽ གདམ་ག་ཅན་གྱི་དྲི་བ། (Multiple choice questions)

  • དྲི་བ་དེ་རིགས་ནི་སློབ་མ་ཚོས་སྦྱངས་འབྲས་ཚད་འཇལ་བྱེད་ཀྱི་ལག་ཆ་གལ་ཆེན་ཞིག་ཆགས་ཡོད། ང་རང་ལ་ཆ་བཞག་ན། སློབ་མ་ཚོས་ཚན་རིག་སློབ་ཚན་དང་འབྲེལ་བའི་བརྟག་དཔྱད་བྱས་ཟིན་མཚམས་སྐབས་རེར་གདམ་ག་ཅན་གྱི་དྲི་བ་འགའ་བྱེད་དུ་བཅུག་གི་ཡོད། དེའི་དམིགས་ཡུལ་གཙོ་བོ་ནི་བྱེད་སྒོ་དེ་དག་བརྒྱུད་སློབ་མས་སློབ་ཚན་ཇི་ཙམ་དོན་རྟོགས་ཐུབ་མིན་དང་དོན་རྟོགས་པ་རྣམས་ཡིད་ལ་དྲན་པའི་སླད་དུ་ཡིན།

ཐ༽ ཀློག་རྩལ་གྱི་གོམས་གཤིས་སྐྲུན་ཐབས། (To inculcate reading habit)

  • སློབ་མའི་རྒྱུད་ལ་ཀློག་རྩལ་གྱི་གོམས་གཤིས་སྐྲུན་རྒྱུའི་འགན་དེ་འབྲེལ་ཡོད་ཚང་མར་ཡོད། ངོས་རང་སློབ་ཚན་དགེ་རྒན་ཞིག་ཡིན་པའི་ཆ་ནས་སློབ་མའི་རྒྱུད་ལ་ཀློག་རྩལ་གྱི་གོམས་གཤིས་སྐྲུན་ཐབས་བྱེད་རྒྱུ་དེ་གལ་ཆེར་མཐོང་བ་མ་ཟད། ངས་བསམ་པར་སློབ་ཚན་གང་འདྲ་ཞིག་གི་དགེ་རྒན་ཡིན་ནའང་ཚང་མ་སྐད་ཡིག་གི་དགེ་རྒན་རང་བཞིན་གྱི་ཆགས་ཡོད། གང་ཡིན་ཞེ་ན། སློབ་ཚན་ཞིག་གི་རྨང་གཞི་ཡག་པོ་ཡོང་སླད་སྐད་ཡིག་གི་རྨང་གཞི་དེ་ངེས་པར་དུ་ཡག་པོ་དགོས། སློབ་ཚན་ཁྲིད་སྐབས་མཚམས་རེར་སློབ་མ་ཚོས་མཉམ་དུ་ཀློག་རྒྱུ་དང་། ཡང་སློབ་མ་ཁ་ཤས་ལ་ཀློག་འཇུག་རྒྱུ། དེ་བཞིན་སློབ་མ་ཚོར་དཔེ་ཀློག་གལ་ཆེན་ཡིན་པ་དང་། དཔེ་དེབ་རིགས་ངོ་སྤྲོད་ཡང་ནས་ཡང་དུ་བྱེད་རྒྱུ་གལ་ཆེར་མཐོང་། དེ་ཙམ་མ་ཟད་སློབ་མ་ཚོར་སློབ་ཚན་དང་འབྲེལ་བའི་ཐ་སྙད་ཐོག་དོ་སྣང་སླེབས་ཕྱིར་དཔོད་བྲིས་དང་། ངག་རྒྱུགས་དེ་བཞིན་ཐ་སྙད་ཀྱི་གོ་དོན་འགྲེལ་བརྗོད་བྱེད་པ་སོགས་ཀྱི་ཐབས་ལམ་ཡང་གལ་ཆེན་པོར་མཐོང་།

ད༽ སེམས་འགུལ་ཐེབས་པའི་གྱང་སྦྱར། (Motivational classroom chart)

  • སློབ་དུས་འགོ་ཚུགས་སྐབས་༸གོང་ས་མཆོག་གི་དཔེ་དེབ་ཁག་ནས་བཟང་སྤྱོད་དང་། སྤྱི་ཚོགས། སེམས་མྱོང་། ཤེས་ཡོན་ལ་སོགས་པའི་བརྗོད་གཞི་འདྲ་མིན་ཐོག་ཟུར་འདོན་བྱས་པའི་སྙིང་དོན་ཁག་དང་། མཁས་པས་གསུངས་པའི་ལེགས་བཤད་སྣ་ཚོགས་ཨིན་བོད་གཉིས་ཀའི་ཐོག་གྱང་སྦྱར་སྟེང་བྲིས་ནས་འཛིན་གྲྭའི་ནང་སྦྱོར་བ་དང་། སྐབས་རེར་གྱང་སྦྱར་དེའི་སྟེང་ལ་བྲིས་པའི་གནད་དོན་ཁ་ཤས་སེམས་ལ་དྲན་པའི་ཐོག་ནམ་རྒྱུན་སློབ་ཚན་དང་མཉམ་དུ་གྲོས་བསྡུར་བྱས་པ་དང་།གྱང་སྦྱར་དེའི་རིགས་བྱམས་བརྩེ་ལྡན་པའི་འཛིན་ཁང་གི་ཁོར་ཡུག་སྐྲུན་ཐབས་ལ་ཁེ་ཕན་ཆེན་པོ་ཡོད་པ་མ་ཟད། སློབ་མ་ཚོར་སེམས་འགུལ་ཐེབས་རྒྱུའི་གཞི་རྟེན་ཞིག་ཀྱང་ཡིན་པར་མཐོང་། གང་ཡིན་ཞེ་ན། སྐབས་རེར་སློབ་མ་ཁག་ཅིག་བར་སེང་སྐབས་གྱང་སྦྱར་དེ་དག་ཀློག་ནས་དྲན་གསོ་བྱེད་པ་དང་། ཕན་ཚུན་གྲོས་བསྡུར་སོགས་བྱེད་པ་མཐོང་། དེ་ཙམ་མ་ཡིན་པར་སྐད་ཡིག་དང་སློབ་གཉེར་ལ་དོ་སྣང་གསར་པ་ཞིག་སླེབས་ཐུབ། ཐབས་ལམ་དེ་དག་ནི་སཱི་ཤེས་ཡོན་སློབ་གསོ་(SEE learning) དང་འབྲེལ་བ་ཆེན་པོ་ཆགས་ཡོད།

ན༽ མིག་ཤེས་ཀྱི་ཐབས་ལམ། (Visual method)

  • རྡུལ་ཕྲན་ལ་སོགས་པའི་ཚན་རིག་ནང་བརྗོད་གཞི་ཁག་གཅིག་འཆར་སྣང་ཙམ་དུ་གོ་རྟོགས་བྱ་རྒྱུ་ལས་དངོས་སུ་ལམ་སང་མཐོང་མི་ཐུབ། བརྗོད་གཞི་དེ་རིགས་སློབ་མར་སློབ་ཁྲིད་བྱེད་སྐབས་གྱང་སྦྱར་དང་དཔེ་གཟུགས་བེད་སྤྱོད་བྱས་ནས་སློབ་དགོས། ཡང་ང་ཚོ་རྩི་ཤིང་གི་ཕྲ་ཕུང་དེ་ཕྲ་མཐོང་ཆེ་ཤེལ་བརྒྱུད་མཐོང་ཐུབ་ཀྱི་ཡོད་པ་དང་། ཏིན་ཏལ་འབྱུང་འབྲས་(Tyndall effect ) དེ་ཡང་བརྟག་དཔྱད་ཀྱི་ལམ་ནས་གསལ་པོ་མཐོང་ཐུབ། དེ་བཞིན་མཚམས་རེར་སློབ་ཚན་གྱི་བསྐྱར་སྦྱོང་ཆེད་བརྙན་ཐུང་ཐུང་ངུ་རེ་བལྟ་རུ་བཅུག་པ་ཡིན་ན་སློབ་མར་གནས་ཚུལ་གསར་པ་ཞིག་རག་པའི་ཐབས་ལམ་ཞིག་ཆགས་ཡོད། དེར་བརྟེན། ང་ཚོ་མིག་ཤེས་ཐབས་ལམ་བརྒྱུད་བྱེད་སྒོ་གང་མང་སྤེལ་བ་ཡིན་ན་སློབ་མའི་སེམས་ནང་ཤེས་བྱའི་རིགས་ཡུན་རིང་དུ་གནས་ཕྱིར་ཕན་རླབས་ཆེ་བར་མངོན།

པ༽ འགེངས་ཤོག (Worksheet)

  • སློབ་ཕྲུག་ཚོར་སྐབས་རེར་བསྐྱར་སྦྱོང་དང་ཚོད་རྒྱུགས་ཆེད་འགེངས་ཤོག་བེད་སྤྱོད་བྱས་ཚེ་ཕན་ཐོགས་ཧ་ཅང་ཡོད་པ་མྱོང་ཚོར་བྱུང་། དེ་ཡང་འགེངས་ཤོག་ནང་ལན་ཐུང་ངུ་ཡོད་པའི་དྲི་བ་དང་། གདམ་ག་ཅན་གྱི་དྲི་བ། རི་མོའི་ཆ་ཤས་ལ་མིང་བྱང་འབྲི་རྒྱུའི་དྲི་བ། རི་མོ་ངོས་འཛིན་བྱེད་རྒྱུའི་དྲི་བ། བར་སྟོང་འགེངས་རྒྱུ་སོགས་དྲ་རྒྱའི་ནང་ཡོད་པའི་དྲི་བ་རིགས་སྣ་ཚོགས་ཙམ་དུ་མ་ཟད། སློབ་ཕྲུག་རང་ངོས་དང་དགེ་རྒན་ཟུང་འབྲེལ་གྱི་བཟོས་པའི་དྲི་བ་སོགས་ཡོད། སློབ་མ་ཚོས་འགེངས་ཤོག་ནང་འགེངས་རྒྱུར་སྤྲོ་སྣང་ཆེན་པོ་ཡོད་པ་མ་ཟད། ཞུ་དག་གཏོང་རྒྱུར་ཡང་ལས་སླ་བ་དང་། དམིགས་གསལ་སློབ་མ་འབྲིང་བ་རྣམས་ལ་འགེངས་ཤོག་དེ་རིགས་ཡང་ནས་ཡང་དུ་གནང་ཚེ་ཕན་ཐོགས་ཆེ་བར་མངོན།

ཕ༽ སྐྱེ་དངོས་རིག་པའི་ཐ་སྙད། (Bio-keywords)

  • འཛིན་རིམ་དགུ་པ་དང་བཅུ་པའི་སློབ་མ་རྣམས་སྐྱེ་དངོས་རིག་པའི་སློབ་ཚན་ལ་ཐ་སྙད་མང་བའི་དཀའ་ངལ་ཡོད་པ་སློབ་མ་རང་ཉིད་ནས་བཤད་ཀྱི་འདུག་པས། ཐ་སྙད་གོ་རྟོགས་འཕེར་ཕྱིར་སྐྱེ་དངོས་རིག་པའི་སློབ་ཚན་ཁག་གི་ཐ་སྙད་དང་། བརྗོད་གཞི་གལ་ཆེན་ཁག་ཟུར་འདོན་བྱས་ནས་སློབ་ཚན་ཁྲིད་ཚར་རྗེས་བསྐྱར་སྦྱོང་གི་ཚུལ་དུ་སློབ་མ་རྣམས་སྡེ་ཚན་དུ་ཕྱེས་ནས་གྲོས་བསྡུར་བྱེད་དུ་འཇུག་གི་ཡོད། བྱེད་སྒོ་དེ་ལ་བརྟེན་ནས་སློབ་མ་རྣམས་སློབ་ཚན་ལ་དགའ་མོས་དང་ཤེས་འདོད་སླེབས་པར་ཕན་ཐོགས་པ་མ་ཟད། སློབ་མ་ཁག་ཅིག་གི་བསམ་ཚུལ་ལ། བྱེད་སྒོ་དེ་རིགས་རང་སྦྱོང་སྐབས་སློབ་མ་ནང་ལ་གནང་ཚེ། སློབ་ཚན་གྱི་ནང་དོན་གང་ཡོད་པ་དེ་སེམས་ལ་ངེས་པ་ཙམ་མ་ཟད། བསྐྱར་སྦྱོང་བྱེད་རྒྱུར་ཧ་ཅང་ཕན་ཐོགས་ཡོད་པ་སོགས་ཀྱང་བཤད་བྱུང་།

བ༽ ལག་ཡོད་དངོས་པོར་བེད་སྤྱོད་བྱེད་པ། (Use of improvised materials)

  • ནམ་རྒྱུན་སློབ་ཁྲིད་སྐབས་སློབ་མར་སློབ་ཚན་ལ་དོ་སྣང་གསར་པ་ཞིག་སླེབས་ཆེད་ལག་ཡོད་དངོས་པོ་རིགས་བེད་སྤྱོད་བྱེད་ཀྱི་ཡོད། དཔེར་ན། ཤོག་བུ་རིགས་བེད་སྤྱོད་བྱས་ནས་བསྐྱར་ལོག་ཐུབ་པའི་འགྱུར་པ་དང་བསྐྱར་ལོག་མི་ཐུབ་པའི་འགྱུར་བའི་བར་ཁྱད་པར་སྟོན་ཐུབ། ཆུའི་འགྱིག་དམ་སྟོང་པ་བེད་སྤྱོད་བྱས་ནས་ང་ཚོ་གནོན་ཤུགས་སྐོར་གོ་རྟོགས་མང་དུ་སླེབས་ཐུབ། ཡང་ཁབ་མིག་ཨི་ཁུང་ཡོད་པའི་པར་ཆས་(Pin hole camera) དང་མཚར་གཟུགས་ལྟ་ཤེལ་ (kaleidoscope) ཀྱང་ང་ཚོའི་གཡས་གཡོན་དུ་ཡོད་པའི་དངོས་པོ་རྣམས་ནས་ལས་སླ་པོའི་ངང་བཟོ་ཐུབ་པ་མ་ཟད། སློབ་མ་ཚོས་འཛིན་གྲྭའི་ཁོར་ཡུག་ནང་གི་བེད་མེད་དངོས་པོ་རིགས་ཀྱིས་བེད་སྤྱོད་ཡོད་པའི་དངོས་པོ་རིགས་བཟོ་རྒྱུའི་ལས་འཆར་སྤེལ་བཅུག་ན། སློབ་ཚན་ཤེས་པ་ཙམ་མ་ཡིན་པར་སློབ་མའི་རྒྱུད་ལ་གསར་གཏོད་ཀྱི་བསམ་བློ་དང་འགན་འཁུར་གྱི་རྣམ་པ་སོགས་བསྐྲུན་ཐུབ།

མ༽ ཐ་སྙད་ཀྱི་ཤོག་བྱང་། (Term-card)

  • སློབ་མ་རྣམས་ལ་ཚན་རིག་གི་ཐ་སྙད་གོ་རྟོགས་ཡོང་སླད་ཐ་སྙད་ཀྱི་ཤོག་བྱང་(Term-card) ཞེས་པ་ཞིག་བཟོས་པ་ཡིན། ཤོག་བྱང་དེའི་ཁྲོད་འཛིན་རིམ་དགུ་པའི་སྐྱེ་དངོས་རིག་པ་དང་། དངོས་ཁམས་རིག་པ། རྫས་སྦྱོར་རིག་པའི་སློབ་ཚན་སོ་སོ་ནས་ཐ་སྙད་ཟུར་འདོན་བྱས་པའི་ཐ་སྙད་ཀྱི་ཚན་པ་གསུམ་ཙམ་ཡོད་པ་མ་ཟད། ཤོག་བྱང་དེའི་ཚན་པ་རེ་རེའི་ནང་ཐ་སྙད་དེ་དག་ཨིན་ཇིའི་གསལ་བྱེད་ཆ་ཚང་བང་རིམ་བཞིན་ཡོད། ངའི་དམིགས་ཡུལ་གཙོ་བོ་ནི་ཐ་སྙད་ཀྱི་ཤོག་བྱང་དེ་ཚོ་བེད་སྤྱོད་བྱས་ནས་རྩེད་མོའི་བརྒྱུད་ལམ་ཐོག་སློབ་མར་བྱེད་སྒོ་བྱེད་དུ་འཇུག་རྒྱུ་དང་། དམིགས་གསལ་སློབ་མ་ཆུང་བ་རིགས་ལ་སྐད་ཡིག་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཡིན།

ཙ༽ བསླབ་གཞི་ནང་ཁུལ་འབྲེལ་ལམ། (Interdisciplinary approach)

  • སློབ་མ་ཚོས་སློབ་ཚན་གང་འདྲ་ཞིག་སྦྱང་བ་ཡིན་ན་སློབ་ཚན་དེ་གཅིག་པུ་མིན་པར། བསླབ་གཞི་གཞན་དང་ཉིན་རེའི་འཚོ་བ་དང་འབྲེལ་བ་བཟོས་ནས་སྦྱང་དགོས། དཔེར་ན། དངོས་ཁམས་རིག་པའི་ནང་རྩིས་དང་འབྲེལ་བའི་བརྗོད་གཞི་སྦྱོང་སྐབས་ཨང་རྩིས་སློབ་ཚན་གྱི་གོ་རྟོགས་གསལ་པོ་དགོས་པ་དང་། ཡང་ཚན་རིག་ནང་ཚ་དང་འབྲེལ་བའི་རྩོད་གཞི་བྱེད་སྐབས་སྤྱི་ཚོགས་རིག་གནས་ཀྱི་དན་དི་མར་ཆ་(Dandi march) དང་འབྲེལ་བ་བཟོ་རྒྱུ་དང་། དེ་བཞིན་ནམ་རྒྱུན་དང་མ་འདྲ་བར་གློ་བུར་དུ་ང་ཚོས་ལུས་སྦྱོང་རིགས་གནང་ཚེ་རྗེས་སུ་ཤ་གནད་ལ་ན་ཟུག་གཏོང་གི་ཡོད་པ་དེ་ཚན་རིག་གི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་པ་སོགས་ཀྱི་སློབ་ཚན་ནང་ཁུལ་འབྲེལ་བ་བཟོ་ཐུབ་པ་ཙམ་མ་ཟ། ཐབས་ལམ་དེ་བརྒྱུད་ནས་སློབ་མ་ཚོ་ཡང་སློབ་གཉེར་བྱེད་སྐབས་དོ་སྣང་འཕར་མ་ཞིག་སླེབས་ཐུབ།

ཚ༽ བྱེད་སྒོ་དང་ལས་རིམ་གལ་ཆེ་ཁག་གཅིག (Some important initiatives / activities)

  • ལ་དྭགས་བོད་ཁྱིམ་སློབ་གྲྭ་ཆེ་བའི་ཚན་རིག་སྡེ་ཚན་ནས་བྱེད་སྒོ་དང་ལས་རིམ་གལ་ཆེ་ཁག་ཅིག་སྡེ་ཚན་ཚོགས་མི་ནང་གྲོས་བསྡུར་མཐིལ་ཕྱིན་དང་། མཉམ་རུབ་ཀྱི་ལམ་ནས་གྲུབ་འབྲས་སོན་པ་བྱུང་ཡོད། ངོས་རང་ཚན་རིག་གི་དགེ་རྒན་ཞིག་ཡིན་པ་དང་། སྐབས་རེར་སྡེ་ཚན་འགན་འཛིན་ཡིན་པའི་ཆ་ནས་ལས་རིམ་དེ་དག་ནང་མཉམ་ཞུགས་བྱས་པ་ལ་གདེང་སྤོབས་ཆེན་པོ་ཡོད། དམིགས་གསལ་ལས་རིམ་དང་བྱེད་སྒོ་དེ་རིགས་སློབ་མར་ཐད་ཀར་འབྲེལ་བ་ཡོད་པ་ཙམ་དུ་མ་ཟད། སློབ་མ་ཚོས་ཚན་རིག་སློབ་ཚན་ལ་ཤེས་འདོད་དང་དགའ་མོས་སླེབས་ཐབས་ལ་ཕན་ཐོགས་ཆེ་བར་མཐོང་། ལས་རིམ་དེ་དག་གི་དམིགས་ཡུལ་གཙོ་བོ་ནི་སློབ་མའི་སེམས་ནང་ཚན་རིག་སློབ་ཚན་དེ་ཁག་པོ་ཞིག་མེད་པ་དང་སློབ་མ་སུས་ཀྱང་ཤེས་ཐུབ་པའི་སློབ་ཚན་ལས་སླ་པོ་ཞིག་ཡིན་པ་ར་སྤྲོད་པའི་ཆེད་དུ་ཡིན།

 

༡༽ ཉམས་ཞིབ། (Action research)

  • དྷ་ས་བོད་ཁྱིམ་ཆེད་ལས་ཡར་རྒྱས་ལས་གཞི་ཚན་པའི་འགན་འཛིན་བསྟན་འཛིན་དར་རྒྱས་ལགས་ཀྱི་ལམ་སྟོན་འོག ང་ཚོ་སྡེ་ཚན་ནས་ཕྱི་ལོ་༢༠༡༧ ལོར་ཉམས་ཞིབ་བྱ་རྒྱུའི་གོམ་པ་དང་པོ་དེ་སྤོས་པ་ཡིན།དེ་ཡང་ཉམས་ཞིབ་བྱེད་སྐབས་འགན་འཁུར་གཙོ་བོ་དེ་ལས་རོགས་དགེ་རྒན་བསྟན་འཛིན་ནོར་འཛིན་ལགས་ནས་གནང་བའི་ཐོག་ང་ཚོས་མཉམ་རུབ་ངང་ལོ་གཉིས་བསྟུད་མར་བྱེད་ཐུབ་པ་བྱུང་། འདི་ལོ་(༢༠༢༠) ཆེད་ལས་ཡར་རྒྱས་ཀྱི་དམིགས་ཡུལ་དུའང་སློབ་མའི་སྦྱང་སྟོབས་ཀྱི་ནུས་པ་ཡར་རྒྱས་ལ་སློབ་མའི་སྐད་ཡིག་གི་ནུས་པ་མི་དམན་ཙམ་དགོས་གལ་ཆེ་བའི་བརྗོད་གཞི་དེའི་སྟེང་ཉམས་ཞིབ་བྱེད་མུས་ཡིན། ཉམས་ཞིབ་དེ་རིགས་བྱས་ཚེ་སློབ་མའི་བསམ་ཚུལ་མང་པོ་ཞིག་ཤེས་ཐུབ་པ་དང་། དེ་དང་མཉམ་དུ་དགེ་རྒན་རང་ཉིད་ཀྱི་སློབ་ཁྲིད་ཐབས་ལམ་ལ་ཡང་འགྱུར་བ་ཇི་ལྟར་གཏོང་དགོས་མིན་སོགས་ཧ་ཅང་ཕན་ཐོགས་ཆེན་པོ་འདུག

༢༽ དངོས་ཁམས་རིག་པའི་སྦྱོར་ཐབས་ཀྱི་དེབ་ཆུང་། (Physic’s formula guide)

  • ང་ཚོ་སྡེ་ཚན་ནས་ཉམས་ཞིབ་(Action research) བྱས་པ་ལ་བརྟེན་ནས་སློབ་མ་མང་དག་ཅིག་དངོས་ཁམས་རིག་པའི་སློབ་ཚན་ནང་སྦྱོར་ཐབས་དང་འབྲེལ་བའི་དྲི་བ་རིགས་ཁག་པོ་ཡོད་པ་དེ་ཤེས་རྟོགས་བྱུང་། རྒྱུ་མཚན་དེ་ལ་གཞིགས་ནས་ཕྱི་ལོ་༢༠༡༧ ནས་བཟུང་ལོ་ལྟར་འཛིན་རིམ་དགུ་པ་དང་བཅུ་པའི་སློབ་མ་རྣམས་ལ་དངོས་ཁམས་རིག་པའི་སྦྱོར་ཐབས་ཀྱི་དེབ་ཆུང་ཤོག་ལྷེ་གཉིས་ཅན་ཞིག་རིན་མེད་ཐོག་ང་ཚོའི་ཚོགས་ཆུང་ནས་བགོ་འགྲེམས་བྱས་ཡོད་པས། ང་ཚོའི་དེབ་ཆུང་དེའི་དགོས་དམིགས་གཙོ་བོ་ནི་སློབ་མ་རྣམས་ཀྱི་སློབ་ཚན་དེ་ལས་སླ་རུ་གཏོང་ཕྱིར་ཡིན།

༣༽ དྲི་བ་ཕྱོགས་བསྒྲིགས་བྱས་པ། (Compiling of questions)

  • ང་ཚོའི་སྡེ་ཚན་ནས་ཕྱི་ལོ་༢༠༡༩ ལོའི་དགེ་རྒན་ཁྱད་ལས་ཡར་རྒྱས་དེ་འཛིན་རིམ་དགུ་པ་དང་བཅུ་པ་ལ་དམིགས་ནས་དྲི་བ་མཁོ་སྒྲུབ་བྱེད་རྒྱུ་དེ་ཡིན། དེ་ཡང་སློབ་མ་ཚོ་རྒྱ་གར་རྒྱལ་ཡོངས་ཡིག་ཚད་ལ་དྲི་བར་ལན་འདེབས་བྱེད་རྒྱུའི་ཐབས་ཚུལ་ལམ་སྟོན་དང་། དྲི་བ་རིགས་འདྲ་མིན་ཐད་གོ་རྟོགས་ཡོང་བའི་སླད་དང་། དེ་ཙམ་མིན་པར་ང་ཚོས་འཛིན་རིམ་བཅུ་པའི་རྒྱ་གར་རྒྱལ་ཡོངས་ཡིག་ཚད་ཀྱི་གྲ་སྒྲིག་སླད་དུས་ནས་དུས་སུ་དྲི་བ་འདྲ་མིན་སྣ་ཚོགས་སྡེ་ཚན་ཚོགས་མི་ཕན་ཚུན་གྲོས་བསྡུར་ཐོག་ཕྱོགས་བསྒྲིགས་བྱས་ཡོད།

༤༽ སྱན་སི་བོ་ལ། (Sciencebola)

སྱན་སི་བོ་ལ་(Sciencebola) ནི་ང་ཚོ་ཚན་རིག་སྡེ་ཚན་ནས་རྫས་སྦྱོར་རེའུ་མིག་གི་ནང་ཡོད་པའི་རྫས་དང་པོ་ནས་དགུ་བཅུ་ཆ་ཚང་གཞི་ལ་བཞག་ནས་བཟོས་པའི་རྩེད་མོའི་རིགས་ཤིག་ཡིན། རྩེད་མོ་དེའི་རྩེ་ལུགས་ནི་གྲགས་ཆེ་བའི་རྩེད་མོ་ཏམ་བོ་ལ་(Tambola) དང་གཅིག་མཚུངས་ཡིན། དེ་ཡང་གུས་མོ་རང་ཉིད་ལ་ཕྱི་ལོ་༢༠༡༥ ལོར་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྷན་ཁང་(NCERT) དུ་ཤེས་རིག་གིས་གོ་སྒྲིག་བྱས་པའི་ཟབ་སྦྱོང་ཞིག་ལ་འགྲོ་རྒྱུའི་གོ་སྐབས་བྱུང་། དེ་དུས་ང་ཚོ་མཉམ་ཞུགས་པ་རྣམས་སྡེ་ཚན་དུ་བགོས་ནས་བྱེད་སྒོ་ཞིག་སྤེལ་རྒྱུའི་ལས་རིམ་འདུག་པ་དེའི་ནང་སྡེ་ཚན་གཅིག་ནས་རྫས་སྦྱོར་རེའུ་མིག་གི་ནང་ཡོད་པའི་རྫས་དང་པོ་བཅུའི་ཐོག་ཏམ་བུ་ལ་དང་འདྲ་བའི་རྩེད་མོ་ཞིག་གོ་སྒྲིག་བྱས་འདུག་པས་གུས་མོས་ཧ་ཅང་ཡག་པོ་མཐོང་བྱུང་། དེ་ནས་རང་ཉིད་སློབ་གྲྭར་འབྱོར་རྗེས་བརྗོད་གཞི་དེའི་སྟེང་ལས་རོགས་དགེ་རྒན་གཞན་དང་མཉམ་དུ་མྱོང་ཚུལ་དང་ཕན་ཚུན་བསམ་ཚུལ་ཤོད་རེས་བྱུང་། མཐར་འཆར་གཞི་ལྡན་པའི་གྲོས་བསྡུར་ཐོག་ང་ཚོས་མཉམ་རུབ་ནང་རྩེད་མོ་དེ་བཟོ་ཐུབ་པ་བྱུང་ཡོད།
ང་ཚོའི་དམིགས་ཡུལ་གཙོ་བོ་ནི་སློབ་མ་རྣམས་ལ་རྫས་རིགས་ངོ་སྤྲོད་བྱ་རྒྱུ་ཙམ་མ་ཡིན་པར་སྤྱིར་ཚན་རིག་སློབ་ཚན་ལ་དགའ་ཞེན་དང་སྤྲོ་བ་སླེབས་ཕྱིར་ཡིན། ང་ཚོའི་ལོ་ཤས་སྔོན་ནས་བཟུང་ལོ་ལྟར་ཚན་རིག་གི་ཉིན་མོར་ལས་རིམ་གྱི་ཆ་ཤས་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་ཕྲུག་ཆ་ཚང་དང་ལས་བྱེད་ཐུགས་འདོད་ཡོད་རིགས་ལ་མཉམ་ཞུགས་བྱེད་རྒྱུའི་གོ་སྐབས་ཙམ་མ་ཟད། རྒྱལ་ཁ་ལོན་མཁན་ལ་བྱ་དགའ་འབུལ་རྒྱུ་སོགས་ཀྱི་ལས་རིམ་སྤེལ་དང་སྤེལ་མུས་ཡིན།

༥༽ ཚན་རིག་ཐ་སྙད་ཀྱི་དེབ་ཆུང་། (Science terminology booklet)

འདི་ལོ་སློབ་དུས་འགོ་ཚུགས་པ་ནས་བཟུང་ང་ཚོ་སྡེ་ཚན་ནས་སློབ་མའི་སྦྱང་སྟོབས་ཀྱི་ནུས་པ་ཡར་རྒྱས་ལ་སློབ་མའི་སྐད་ཡིག་གི་ནུས་པ་མི་དམན་ཙམ་དགོས་གལ་ཆེ་བའི་བརྗོད་གཞི་དེའི་སྟེང་ཉམས་ཞིབ་བྱེད་མུས་ཡིན་པ་དང་། ང་ཚོའི་ཉམས་ཞིབ་ཀྱི་བརྒྱུད་རིམ་ནང་བསམ་ཚུལ་བསྡུ་རུབ་བྱས་པ་ལ་གཞི་བཞག་ནས་འཛིན་རིམ་དྲུག་པའི་སློབ་མ་ཚོ་ལ་དམིགས་ནས་དེབ་ཆུང་དེ་བཟོས་པ་ཡིན། འཛིན་རིམ་དྲུག་པའི་སློབ་མ་རྣམས་ཚན་རིག་གི་སློབ་ཚན་དེ་བཞིན་ཨིན་སྐད་ཐོག་ཐེངས་དང་པོ་སྦྱངས་ཀྱི་ཡོད་པས། སློབ་མ་རྣམས་ལ་སྐད་ཡིག་གི་དཀའ་ངལ་མི་འཕྲད་པའི་ཕྱིར་དེབ་ཆུང་དེ་བཟོས་པ་ཡིན། དེབ་ཆུང་དེའི་ནང་འཛིན་རིམ་དྲུག་པའི་ཚན་རིག་སློབ་དེབ་ནས་ཟུར་འདོན་བྱས་པའི་ཨིན་བོད་ཤན་སྦྱར་གྱི་ཐ་སྙད་༢༣༠ ཙམ་འཁོད་ཡོད།དེ་ཡང་དེབ་ཆུང་དེ་ཕྱོགས་བསྒྲིགས་བྱེད་སྐབས་ཤེས་རིག་གི་དྲ་རྒྱ་ནང་ཡོད་པའི་ཚན་རིག་སློབ་དེབ་དང་། ཨིན་བོད་ཤན་སྦྱར་གྱི་བརྡ་ཆད་སོགས་ཀྱི་ཧ་ཅང་ཕན་ཐོགས་བྱུང་།

མཇུག་སྡོམ།

མདོར་ན། དགེ་རྒན་ནི་སློབ་མ་ཚོའི་མིག་དཔེར་འོས་པའི་གང་ཟག་ཅིག་ཏུ་རྩིས་ཀྱི་ཡོད་སྟབས། སློབ་མའི་མི་ཚེའི་ནང་དགེ་རྒན་གྱི་བསམ་སྤྱོད་ཀྱི་ཤུགས་རྐྱེན་ཧ་ཅང་ཐེབས་ཀྱི་ཡོད། དགེ་རྒན་རང་ཉིད་ནས་སློབ་ཁྲིད་བྱེད་སྐབས་སློབ་མར་སློབ་ཚན་གྱི་ནང་དོན་བཤད་པ་ཙམ་མ་ཡིན་པར། མ་འོངས་པར་མི་ཡ་རབས་དང་བྱམས་བརྩེ་ལྡན་པ་ཞིག་སྐྲུན་ཐབས་ལ་འབད་བརྩོན་བྱེད་རྒྱུ་དང་། སློབ་མར་དུས་དང་རྣམ་པ་ཀུན་ཏུ་མིག་དཔེ་བཟང་པོ་ཞིག་སྟོན་རྒྱུ་ཧ་ཅང་གལ་ཆེ། དེང་དུས་ཀྱི་སྤྱི་ཚོགས་ནང་དགེ་རྒན་གྱི་སློབ་མར་སློབ་གསོ་བྱེད་རྒྱུ་ནི་སྔར་ལྷག་དགོས་མཁོ་ཆེ་རུ་ཕྱིན་ཡོད། དེ་ཡང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་བརྩམས་པའི་དཔེ་དེབ་<<དུས་རབས་ཀྱི་རྔ་སྒྲ་>>ཡི་ནང་དགེ་རྒན་དང་སྐད་ཡིག་གཉིས་ཀའི་ཐོག་སློབ་གསོ་མང་དག་ཅིག་གསུངས་ཡོད་པ་དེ་ཚོ་ང་ཚོས་ཡང་ནས་ཡང་དུ་དྲན་ཤེས་བསྟེན་དགོས་པ་གལ་ཆེན་དུ་མཐོང་།