སྔོན་གླེང་།

 

བསྟན་འཛིན་སྒྲོལ་མ།

སྤྱིར་སྙན་གྲགས་ཆེ་བའི་ཕྱི་རྒྱལ་གྱི་རྩོམ་པ་པོ་མི་འདྲ་བ་མང་པོ་ཞིག་གིས། རང་ཉིད་དགེ་རྒན་གྱི་ཉམས་མྱོང་དང་། སློབ་མར་དཔྱད་ཞིབ་ཀྱི་སྒོ་ནས་བསྔགས་བརྗོད་དང་། མཐོང་ཆེན་ཡོད་པའི་སློབ་ཁྲིད་ཐབས་ལམ་སྐོར་དཔེ་དེབ་མང་པོ་ཞིག་འདོན་སྤེལ་གནང་ཡོད་པ་ལྟར། ཤེས་ཡོན་དང་འབྲེལ་བའི་ལས་ཀྱི་སྣེ་མོ་བ་མང་པོས་དགེ་རྒན་ཚོ་ལ་དེ་དག་བཀླག་དགོས་པའི་ལམ་སྟོན་ཡང་མི་ཉུང་བ་ཞིག་ཕེབས་ཡོད། ངས་ཀྱང་མཁས་པ་ཁོང་རྣམ་པས་བྲིས་པའི་ཕྱག་དེབ་རེ་ཟུང་ཞིག་སློབ་གྲྭའི་དཔེ་མཛོད་དང་དགེ་རྒན་དཔེ་དེབ་ཁང་ནས་གཡར་ཏེ་ཀློག་མྱོང་ཡོད། དེ་བཞིན་དྲྭ་རྒྱ་དང་དགེ་རྒན་ཟབ་སྦྱོང་སྐབས་སློབ་ཁྲིད་ཐབས་ལམ་སྐོར་ལ་ཡང་ཉན་མྱོང་ཡོད། སློབ་ཁྲིད་ཐབས་ལམ་སྐོར་དཔེ་དེབ་དེ་འདྲ་མང་པོ་ཡོད་བཞིན་དུ་ང་དགེ་རྒན་དཀྱུས་མ་ཞིག་གིས་སློབ་ཁྲིད་ཐབས་ལམ་སྐོར་བཤད་ན། ཉིན་མོའི་གུང་ལ་སྒྲོན་མེ་སྤར་བའི་ཚོར་སྣང་ཞིག་སྐྱེས་ཀྱི་འདུག
འོན་ཀྱང་ངས་ཁོ་ཚོས་བྲིས་པ་དང་གསུང་བཤད་ཁག་ལ་ཉན་ཏེ་བསམ་བློ་ཞིབ་མོ་ཞིག་བཏང་པའི་བརྒྱུད་རིམ་ནང་། མཁས་པ་སོ་སོའི་ཉམས་མྱོང་ལས་སློབ་ཁྲིད་ཐབས་ལམ་སྐོར་བསམ་ཚུལ་མི་འདྲ་བ་བྲིས་ཡོད་པ་ལས། གཅིག་མཚུངས་ཀྱིས་ཐབས་ལམ་དེ་འདྲ་ཞིག་རེད་ཅེས་བྲིས་ཡོད་པ་ཧ་ལམ་མེད་པ་འདྲ་པོ་ཞིག་ཚོར། གཅིག་མཚུངས་ཀྱི་བསམ་ཚུལ་མེད་པའི་བྱུང་རྐྱེན་གཙོ་བོ་ནི་ཁོ་ཚོས་དཔྱད་ཞིབ་བྱ་ཡུལ་གྱི་ཕྲུ་གུ་ཚོའི་སྡོད་སའི་རྒྱལ་ཁབ་དང་། སྤྱི་ཚོགས། འཚར་ལོངས་བྱུང་སའི་ཁོར་ཡུག སྤྱི་ཚོགས་ཀྱི་སློབ་གསོ། ཁྱིམ་ཚང་གི་སློབ་གསོ་བཅས་ཆ་ཚང་ལ་ཁྱད་པར་ཡོད་པས་ཡིན། དེ་ནི་ངས་བཤད་མི་དགོས་པར་ཚང་མས་མཁྱེན་གསལ་རེད།
དེར་བརྟེན། མཁས་པ་འདི་ཡིས་ལམ་སྟོན་གནང་བའི་སློབ་ཁྲིད་ཐབས་ལམ་དེ་ཚང་མའི་ནང་ནས་བཟང་ཤོས་རེད་ཅེས་སུས་ཀྱང་བཤད་པར་ཧ་ཅང་དཀའ་བས། སློབ་ཁྲིད་ཐབས་ལམ་བཟང་ཤོས་ནི་རང་གིས་སློབ་ཁྲིད་བྱ་ཡུལ་གྱི་སློབ་མའི་གནས་སྟངས་སོགས་ལེགས་པར་ཤེས་པའི་སྒོ་ནས་ཁོ་ཚོར་བབས་(དཔག་སྟེ) ཏེ་སློབ་ཚན་ཁྲིད་རྒྱུ་དེ་ཡིན་པ་ངས་དགེ་རྒན་བྱས་པའི་ཉམས་མྱོང་ལས་བཤད་ཀྱི་ཡོད་ལ་དེ་ལྟར་ངོས་འཛིན་བྱེད་ན་མ་འགྲིག་པ་ཡང་མི་འདུག་སྙམ་གྱི་ཡོད།
དེ་ཡང་ངས་ཉམས་མྱོང་དང་དཔེ་ཡི་སྒོ་ནས་བཤད་ན། ང་ཚོས་དགེ་རྒན་གྱི་ལས་གནས་ལ་མ་ཞུགས་གོང་མཐོ་སློབ་ནས་དགེ་རྒན་འོས་སྦྱོང་བྱེད་ཀྱི་ཡོད། སྐབས་དེར་ང་ཚོ་ལ་སློབ་ཁྲིད་ཐབས་ལམ་འདྲ་མིན་སྣ་ཚོགས་ཤིག་ངོ་སྤྲོད་གནང་གི་ཡོད། འོན་ཀྱང་ཐབས་ལམ་དེ་དག་དངོས་སུ་སློབ་ཁྲིད་ཀྱི་བརྒྱུད་རིམ་ནང་ལག་བསྟར་ཇི་ཙམ་གནང་ཐུབ་ཀྱི་ཡོད་པ་ངེས་མེད་རེད། གང་ཡིན་ཟེར་ན། སློབ་ཁྲིད་བྱེད་སའི་སློབ་མ་ཇི་ཙམ་མང་བ་ཡོད་ན་དེ་ཙམ་གྱིས་འཛིན་གྲྭའི་ནང་བསམ་ཚུལ་དང་ཤེས་ཚད། གཤིས་སྤྱོད་ཀྱང་མི་འདྲ་བ་ཡོད་པས་ཡིན། མི་འདྲ་བ་མང་པོ་ལས་བསྡུས་པའི་སློབ་མ་རྣམས་ལ་སློབ་ཁྲིད་ཐབས་ལམ་གཅིག་པ་བེད་སྤྱོད་བྱས་ཏེ་སློབ་ཚན་ཁྲིད་ན་སློབ་མས་ཤེས་པ་ལས་མ་ཤེས་པའི་གྲངས་འབོར་མང་བ་འབྱུང་གི་ཡོད། གནས་སྟངས་དེ་འདྲ་ཞིག་གྱུར་ཚེ་དགེ་རྒན་དང་སློབ་མ་གཉིས་ཀའི་དུས་ཚོད་དང་ནུས་པ་ཆ་ཚང་བེད་མེད་དུ་གྱུར་པ་རེད། དེ་ལྟར་མི་ཡོང་སླད་སློབ་ཚན་གཅིག་གི་དུས་ཡུན་སྐར་མ་བཞི་བཅུ་ཞེ་ལྔ་དེ་ང་ཚོས་སྔོན་ཚུད་ནས་སློབ་མའི་གནས་སྟངས་ལ་གཞིགས་ཏེ། འཆར་འགོད་ཡག་པོ་གནང་དགོས་པ་དང་། དགེ་རྒན་གྱིས་སློབ་ཁྲིད་བྱ་རྒྱུའི་སློབ་ཚན་དེའི་སྐོར་སློབ་མ་ལས་ལྷག་པའི་ཤེས་ཚད་ལྡན་དགོས་པ། སློབ་ཚན་དངོས་ཁྲིད་པའི་རྗེས་རང་ཉིད་ཀྱི་སློབ་ཁྲིད་ལ་བསྐྱར་ཞིབ་བྱ་རྒྱུ་ནི་སློབ་ཁྲིད་ཐབས་ལམ་ལ་འགྱུར་བཅོས་གཏོང་རྒྱུའི་ཐབས་ལམ་བཟང་པོ་ཞིག་ཡིན་ནོ། །

དང་པོ།༽ སློབ་ཁྲིད་ཐབས་ལམ་ལས་དགེ་རྒན་གྱི་ཤེས་ཚད་སྐོར་གླེང་བ།

དགེ་རྒན་གྱི་ཤེས་ཚད་སྐོར་བཤད་ན། སློབ་ཚན་གང་ཞིག་མ་ཁྲིད་གོང་ཐོག་མར་དགེ་རྒན་དེ་ལ་སློབ་ཁྲིད་བྱ་རྒྱུའི་སློབ་ཚན་འདིའི་སྟེང་སློབ་མ་ལས་ལྷག་པའི་ཤེས་བྱ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན། དེ་ཡིས་དགེ་རྒན་དེ་ལ་འཛིན་གྲྭའི་ནང་སློབ་ཚན་ཁྲིད་པར་གདེང་ཚོད་ཅིག་རྙེད་ཀྱི་རེད། དེ་ཡང་གུས་མོ་ང་རང་གི་ཉམས་མྱོང་གི་སྒོ་ནས་ཞུ་ན། ཐོག་མར་ང་རང་བོད་དགེ་ཡི་མིང་ཐོག་ནས་དགེ་རྒན་གྱི་ལས་གནས་ལ་ཞུགས་ཀྱང་། སློབ་གྲྭ་འདིར་གཞི་རིམ་འོག་མའི་ཚན་རིག་དགེ་རྒན་མེད་པ་དང་། ཚན་རྩིས་ཀྱི་སློབ་ཚན་རྣམས་བོད་ཡིག་ནང་སློབ་ཁྲིད་བྱེད་རྒྱུའི་སྲིད་བྱུས་གཏན་ལ་ཕབ་ཡོད་སྟབས། བདག་ལ་ཚན་རིག་སློབ་ཁྲིད་བྱེད་དགོས་པའི་བཀའ་ཕེབས། ང་ལ་མཚོན་ན་ཚན་རིག་གི་གོ་རྟོགས་ཧ་ཅང་ཞན་པས་ཚན་རིག་སློབ་ཁྲིད་བྱ་རྒྱུའི་གདེང་ཚོད་མེད།
བོད་ཕྲུག་ཕལ་མོ་ཆེའི་ཚན་རིག་གི་ཤེས་ཚད་ནི། རྒྱལ་ཁབ་གཞན་གྱི་ཕྲུ་གུ་དང་བསྡུར་ན་ཧ་ཅང་ཞན་པོ་ཡོད་པ་ངས་བཤད་མི་དགོས་པར་ཤེས་ཡོན་དང་འབྲེལ་བའི་ཚོགས་པའི་ནང་ཕྱག་ལས་གནང་མཁན་ཚང་མས་མཁྱེན་གྱི་ཡོད་ལ། དེར་དོ་ཁུར་ཡང་ཆེན་པོ་གནང་གི་ཡོད། ཡིན་ཡང་། ཚན་རིག་གི་ཤེས་ཚད་ཞན་པའི་བོད་ཕྲུག་ཚོར་ཚན་རིག་གི་རྨང་གཞི་འདིང་མཁན་ནི་ང་འདྲ་བའི་ཚན་རིག་གི་གོ་རྟོགས་མེད་མཁན་ཞིག་ཡིན་སྟབས། ངས་སློབ་གྲྭའི་དཔེ་མཛོད་ཁང་ནས་ཚན་རིག་དང་འབྲེལ་བའི་ཨིན་ཇིའི་དཔེ་དེབ་གང་མང་ཞིག་གཡར་ཏེ། སྨོན་ལམ་ཚིག་མཛོད་སྔོག་བཞིན་གང་ཐུབ་སྦྱངས་པ་ཡིན། དེ་ཡིས་གུས་མོར་སློབ་ཁྲིད་བྱེད་སྐབས་དང་། སློབ་མའི་དོགས་འདྲི་ཁག་ལ་ལན་འདེབས་བྱེད་ཐུབ་པའི་གདེང་ཚོད་གསར་པ་ཞིག་རྙེད། རིམ་བཞིན་བོད་ཡིག་ལས་ཚན་རིག་སློབ་ཁྲིད་བྱ་རྒྱུར་དགའ་ཞེན་ཆེ་རུ་ཕྱིན།
རང་ཉིད་ཀྱི་འཁྲིད་བྱའི་སློབ་ཚན་ལ་དགའ་བ་དང་ཞེན་ཁོག་ཅིག་བསླེབས་ཚེ། དེ་དང་འབྲེལ་བའི་ཟུར་ལྟའི་དཔེ་དེབ་དང་བརྙན་ཐུང་། གང་ཅིའི་ཐད་དོ་སྣང་ཤུགས་ཆེེར་ཕྱིན་ཏེ་དགེ་རྒན་གྱི་ཤེས་ཚད་ལ་ཡར་རྒྱས་ཀྱི་རྣམ་པ་ཆེན་པོ་མངོན་ཐུབ་པ་དང་། སློབ་མས་ཀྱང་དགེ་རྒན་དེར་ཡིད་ཆེས་སྐྱེས་པར་ཕན་ཐོགས་ཆེན་པོ་མཐོང་། དེང་སང་དམིགས་བསལ་ཚན་རིག་གི་ཤེས་བྱ་མང་པོ་ཞིག་སློབ་དེབ་ལས་ལྷག་པ་བརྙན་འཕྲིན་དང་དྲྭ་རྒྱ། དུས་དེབ་བཅས་ལས་སྦྱང་རྒྱུ་ཡོད། དེ་ལ་བརྟེན་ནས་སློབ་མ་ཚོར་དོགས་པ་དང་གནས་ཚུལ་འཕར་མ་ཤེས་འདོད་ཀྱི་བློ་སོགས་སྐྱེས་ཀྱི་ཡོད་སྟབས། ཁོ་ཚོས་དོགས་འདྲི་དང་བསམ་ཚུལ་བརྗེ་རེས་བྱེད་ས་གཙོ་བོ་དེ་རང་ཉིད་ལ་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་དེར་ངོས་འཛིན་བྱེད་ཀྱི་རེད།
དེར་བརྟེན། དགེ་རྒན་ལ་ཡང་ཚན་རིག་དང་འབྲེལ་བའི་གནས་ཚུལ་གསར་པ་ཆ་ཚང་ལ་དམིགས་བསལ་དོ་སྣང་གིས་སློབ་མའི་དོགས་འདྲིར་ལན་བརྒྱབ་སྟེ། སློབ་མ་རང་ཉིད་ཀྱི་ཕྱོགས་སུ་བློ་སེམས་འགུག་ཐུབ་པ་བྱེད་དགོས། དེས་སློབ་མ་རྣམས་དགེ་རྒན་དེའི་སློབ་ཚན་ལ་དོ་སྣང་དང་དགའ་པོ་བྱེད་པས། དགེ་རྒན་གྱིས་རང་ཉིད་ཀྱིས་སློབ་ཁྲིད་བྱེད་རྒྱུའི་སློབ་ཚན་དེ་ལ་བྱང་ཆུབ་པ་ཞིག་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

གཉིས་པ།༽ སློབ་ཁྲིད་ཐབས་ལམ་ལས་སློབ་ཚན་འཆར་འགོད་བྱེད་སྟངས་གླེང་བ།

སློབ་ཚན་འཆར་འགོད་ནི། སློབ་ཚན་ཞིག་འཆར་འགོད་བྱེད་པར་ཕྱོགས་མང་པོ་ནས་བསམ་བློ་གཏོང་དགོས། ཚོགས་ཐེངས་ཀྱི་སྐར་མ་བཞི་ཅུ་ཞེ་ལྔ་དེ་སློབ་མ་དབུས་བཞག་གི་སྒོ་ནས་སློབ་ཁྲིད་ཀྱི་འཆར་འགོད་བསྒྲིགས་ཚེ། སློབ་མ་རབ་འབྲིང་ཐ་གསུམ་ཚང་མར་ཕན་ཐོགས་ཆེ། དེ་སྒྲིག་སྟངས་ནི། ༡། སྐར་མ་བཅུ་བསྐྱར་སྦྱོང་། ༢། སྐར་མ་བཅོ་ལྔ་དགེ་རྒན་གྱི་སློབ་ཁྲིད། ༣། སྐར་མ་ཉི་ཤུ་སློབ་མའི་བྱེད་སྒོ་བཅས་ཀྱི་ཆུ་ཚོད་བགོ་འགྲེམས་བྱེད་རྒྱུ་ནི་སོ་སོའི་སློབ་ཚན་འཆར་འགོད་ཚགས་ཚུད་དང་། ལེགས་འགྲུབ་ཡོང་བའི་ལམ་ཁ་ཐོག་མ་དེ་ཡིན་པས། གཤམ་དུ་དེ་རེ་རེ་བཞིན་ཞུ་བར་བྱའོ།།

  • ༡། སྐར་མ་བཅུའི་ནང་སློབ་ཚན་བསྐྱར་སྦྱོང་གནང་སྟངས།

ཚོགས་ཐེངས་འགོ་བཙུགས་མ་ཐག དེ་རིང་གི་སློབ་ཚན་ཁྲིད་པར་ཐོག་མའི་སྐར་མ་བཅུའི་རིང་ཉིན་སྔོན་མ་ཁྲིད་ཟིན་པའི་བརྗོད་གཞི་ཁག་ལ་བསྐྱར་སྦྱོང་བྱེད་དགོས། དེས་སློབ་མ་ཚོར་ཁ་སང་དང་དེ་རིང་གི་སློབ་ཚན་བར་འབྲེལ་བ་མཐུད་ཐུབ་པར་ཕན་ཐོགས་ཆེ། བསྐྱར་སྦྱོང་གནང་སྟངས་ཀྱི་ཐབས་ལམ་འགའ།
ཀ༽ དྲི་རྩལ་གྱི་ལམ་ནས་བསྐྱར་སྦྱོང་། དགེ་རྒན་གྱིས་ཉིན་སྔོན་མའི་སློབ་ཚན་གྱི་བརྗོད་གཞི་དང་འབྲེལ་བའི་དྲི་བ་ལས་སླ་པོ་དང་ཁག་པོ་གཉིས་ཀ་བཟོས་ཏེ་སློབ་མ་ཚོ་ལ་འདྲི་དགོས། དེས་སློབ་མ་རབ་འབྲིང་ཐ་གསུམ་ཚང་མས་ལན་འདེབས་ཐུབ་པ་དང་། སློབ་སྦྱོང་ཞན་པའི་སློབ་མ་རྣམས་ལ་དྲི་བ་ལས་སླ་བ་རིགས་བཏང་སྟེ། ཁོ་ཚོར་ངས་ཤེས་ཀྱི་འདུག་བསམ་པའི་ཚོར་བ་ཞིག་སྦྱིན་ཐུབ་པ་བྱེད་དགོས། དེ་ཡིས་ཁོ་ཚོར་དྲི་རྩལ་ནང་མཉམ་ཞུགས་བྱེད་རྒྱུའི་གདེང་ཚོད་ཅིག་སྤྲད་ཀྱི་ཡོད་པས་སློབ་མའི་སེམས་ཁམས་ཡར་བསྐྱེད་ལ་ཁེ་ཕན་ཡོད། སློབ་སྦྱོང་བཟང་བའི་སློབ་མ་རྣམས་ལ་དྲི་བ་ཁག་པོ་རིགས་བཏང་སྟེ་ཁོ་ཚོར་རིག་པ་གཏོང་རྒྱུའི་གོ་སྐབས་སྤྲོད་དགོས། དེ་ཡིས་ཁོ་ཚོར་སློབ་ཚན་འཕར་མ་སྦྱང་འདོད་ཀྱི་བློ་གསར་པ་ཞིག་སྐྱེ་རུ་འཇུག་གི་རེད། སློབ་སྦྱོང་འབྲིང་བའི་སློབ་མ་རྣམས་ལ་དགེ་རྒན་གྱིས་དམིགས་བསལ་དོ་སྣང་གནང་སྟེ་དྲི་བ་ཁག་པོ་དེ་ཙམ་མེད་པ་རིགས་གྲ་སྒྲིག་གིས་ཁོ་ཚོ་ཟུར་དུ་མ་ལྷག་པ་གནང་དགོས། དགེ་རྒན་གྱིས་དྲི་བ་བཏང་དུས་སློབ་མ་ཞན་པ་ནས་ནམ་ཡང་འགོ་འཛུགས་རྒྱུ་མེད། དེས་ཁོ་ཚོར་དམིགས་བཀར་གྱིས་དྲི་བ་བཏང་སོང་བསམས་པའི་ཚོར་སྣང་ཞིག་གིས་ལན་ཤེས་ཀྱང་དངངས་སྐྲག་གིས་གདེང་ཚོད་བརླག་སྟེ། ལན་ཤེས་ཀྱི་མེད་ཟེར་ནས་དུས་ནམ་ཡང་དྲི་རྩལ་གྱི་རིགས་ནང་མཉམ་ཞུགས་བྱེད་པར་འཛེམས་ཟོན་བྱེད། དེ་ལྟར་ཁོ་ཚོའི་ཡར་རྒྱས་ཀྱི་གོ་སྐབས་ང་ཚོ་དགེ་རྒན་གྱིས་མེད་པ་བཟོས་པ་ལྟར་ཆགས་ཀྱི་རེད། དེ་བཞིན་སློབ་མ་བཟང་བ་ནས་ཀྱང་དྲི་བ་འགོ་འཛུགས་རྒྱུ་མེད། དེ་ཡིས་སྐབས་རེར་ཁོ་ཚོ་མཁས་ཤོས་ཡིན་པའི་སྤོབས་སེམས་ཀྱིས་གཞན་ལ་མཐོང་ཆུང་དང་། རང་ཉིད་ཀྱིས་ཚང་མ་ཤེས་ཀྱི་ཡོད་པའི་ཚོར་སྣང་ཞིག་གིས་གསར་པ་ཤེས་འདོད་ཀྱི་བློ་འགོག་གི་རེད། དེ་འདྲ་ཡིན་སྟབས། ང་ཚོ་དགེ་རྒན་གྱིས་སློབ་མ་ཚང་མར་ཕན་པའི་ཆེད་སློབ་སྦྱོང་འབྲིང་བ་ནས་དྲི་བ་གཏང་འགོ་འཛུགས་དགོས།
ཁ༽ དགེ་རྒན་གྱིས་བསླབས་ཟིན་པའི་བརྗོད་གཞི་ནག་པང་སྟེང་བྲིས་ཏེ། སློབ་མ་མིང་འབོད་ཀྱི་རེས་མོས་བཞིན་བརྗོད་གཞི་དེའི་སྟེང་ཁོ་ཚོས་གང་ཤེས་པ་གཅིག་རེ་འབྲི་རུ་འཇུག་དགོས། དེས་སློབ་མ་ཚོའི་འབྲི་སྟངས་དང་དག་ཆ་ག་འདྲ་ཡོད་པ་དགེ་རྒན་གྱིས་ཤེས་ཐུབ།
ག༽ དགེ་རྒན་གྱིས་དྲི་བ་མ་བཟོས་པར་སྐབས་རེ་གྲལ་མཚེས་ཕན་ཚུན་དྲི་བ་གཏོང་རེས་བྱེད་དུ་འཇུག་དགོས། སློབ་མ་ཚོས་དྲི་བ་བཟོས་པ་ལ་ཐོག་མ་དྲི་བ་དེའི་ལན་སློབ་མ་རང་ཉིད་ཀྱིས་ཀྱང་ཤེས་དགོས། དེར་བརྟེན་སློབ་མའི་དྲི་བ་ལས་དགེ་རྒན་གྱིས་ཁོ་ཚོས་སློབ་ཚན་གཏིང་ཟབ་ལོས་ཇི་ཙམ་ཤེས་ཡོད་མེད་ཤེས་ཐུབ། མཐར་དགེ་རྒན་གྱིས་ཉིན་སྔོན་མའི་སློབ་ཚན་སྙིང་བསྡུས་ཤིག་ངོ་སྤྲོད་ཅིག་གནང་དགོས།

༢། སྐར་མ་བཅོ་ལྔའི་ནང་སློབ་ཁྲིད་བྱེད་སྟངས།

དེ་རིང་སློབ་ཁྲིད་གནང་རྒྱུའི་སློབ་ཚན་གྱི་བརྗོད་གཞི་གསར་པ་ཅི་འདྲ་ཞིག་ཡིན་རུང་དེ་སློབ་མ་ཚང་མས་གསལ་པོ་རྟོགས་ཐུབ་པ་ལ་དགེ་རྒན་ལ་སློབ་ཚན་གྱི་གོ་རྟོགས་ཡག་པོ་དང་སློབ་ཚན་འཆར་འགོད་ཡག་པོ་ཡོད་པའི་ཐོག་དགེ་རྒན་གྱི་ངོས་ནས་སེམས་སུ་ངེས་དགོས་པའི་གནད་དོན་གལ་ཆེ་བ་ཁ་ཤས་ནི། དགེ་རྒན་གྱི་ལུས་ཀྱི་རྣམ་འགྱུར་དང་། སྐད་ཀྱི་གདངས། ནག་པང་བེད་སྤྱོད་བྱེད་སྟངས། སློབ་མའི་དོགས་འདྲི་ལ་ཡ་ལན་གནང་སྟངས་སོགས་ཡིན།

  • ཀ༽ ལུས་ཀྱི་རྣམ་འགྱུར།

དགེ་རྒན་གང་ཟག་པ་དེ་གནས་སྟངས་ཅི་འདྲ་ཞིག་གི་ནང་ལྷུང་ཡོད་ཀྱང་གནད་དོན་མཐའ་དག་འཛིན་གྲྭའི་ཕྱི་ལ་བཞག་སྟེ། འཛིན་གྲྭའི་ཐེམ་པ་བརྒལ་ནས་ནང་ལ་འཛུལ་དུས་སློབ་མ་རྣམས་ལ་ངོ་གདོང་འཛུམ་དམུལ་དམུལ་གྱིས་འཚམས་འདྲི་ཞུ་དགོས། དེས་སློབ་མ་རྣམས་ལ་སྤྲོ་བ་ཞིག་སྤེལ་ཏེ་འཛིན་གྲྭའི་ཁོར་ཡུག་ཀྱང་འཁྲུག་ཆ་དོད་པོ་ཡོང་གི་རེད། གལ་ཏེ་དགེ་རྒན་གྱིས་ངོ་གདོང་ནག་པོས་འཚམས་འདྲི་ཞུས་ཚེ། སློབ་མའི་སེམས་ལ་དགེ་རྒན་སྐུ་རླུང་བཞེངས་ཡོད་པའི་ཚོར་བ་ཞིག་སྐྱེས་ཏེ། ཞེད་སྣང་དང་དངངས་སྐྲག་གིས་འཛིན་གྲྭར་ཁ་ཁུ་སིམ་པོ་དང་། སློབ་མས་དགེ་རྒན་གྱི་དྲི་བར་ལན་འདེབས་བྱེད་རྒྱུ་ལ་ཡང་ཐེ་ཚོམ་ཞིག་ཡོང་གི་རེད། དེར་བརྟེན་དུས་རྟག་ཏུ་ངོ་གདོང་འཛུམ་དམུལ་དམུལ་གྱིས་འཛིན་གྲྭའི་ནང་འཛུལ་དགོས།
ཡང་སློབ་ཚན་ཁྲིད་འགོ་རྩོམ་དུས་མདུན་གྱི་སློབ་མ་ཁ་ཤས་ཤིག་ལ་བལྟས་ཏེ་སློབ་ཚན་་ཁྲིད་པ་མ་ཡིན་པར། སློབ་མ་ཚང་མར་བལྟས་ཏེ་སློབ་ཁྲིད་གནང་ན། སློབ་མ་ཚང་མས་ཁོ་རང་ཚོ་ལ་དགེ་རྒན་གྱིས་དོ་སྣང་བྱེད་ཀྱི་འདུག་བསམས་པའི་ཚོར་བ་ཞིག་གིས་ཁོ་ཚོས་ཀྱང་གྲུང་ཤ་དོད་པོས་སློབ་ཚན་ལ་ཉན་གྱི་རེད། ཞོར་དུ་རྒྱུན་གཏན་སློབ་མ་ཞན་པ་ཚོས་སློབ་ཁྲིད་ལ་དམིགས་བསལ་གྱིས་དོ་སྣང་བྱས་ཏེ་ཉན་གྱི་ཡོད་པ་གཟིགས་ན། དགེ་རྒན་གྱིས་ཀྱང་ཁོ་ཚོར་དགའ་པོ་བྱུང་བའི་ཚོར་བ་ཞིག་མིག་གིས་འཛུམ་ཙམ་གནང་སྟེ་ལྟ་དགོས། དེས་ཁོ་ཚོ་ལ་སྤོབས་པ་ཞིག་སྦྱིན་གྱི་རེད།
དགེ་རྒན་དང་སློབ་མའི་དབར་དྲི་རྩལ་དང་གོ་བསྡུར་གནང་སྐབས་སློབ་མ་ཞན་པས་ལན་འགྲིག་པ་བརྒྱབ་ཚེ། དགེ་རྒན་གྱིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སློབ་མ་དེར་ངག་ནས་བསྔགས་བརྗོད་བྱས་པ་ཙམ་མིན་པར། ཕྱག་གིས་སློབ་མ་དེར་འགྲིག་འདུག་ཅེས་མཐེ་བོང་ཡར་འདེགས་པའམ། ཡང་ན། སློབ་མ་དེའི་རྒྱབ་ལ་ཕྱག་གིས་ཕུར་ཙམ་གནང་ན། སློབ་མ་དེས་དུས་རྟག་ཏུ་དྲི་རྩལ་དང་གོ་བསྡུར་སོགས་ཀྱི་ནང་མཉམ་ཞུགས་གནང་འགོ་ཚུགས་ཀྱི་རེད།
སློབ་ཚན་ཁྲིད་སྐབས་ས་ཆ་གཅིག་རང་ལ་རྡོ་རིང་བསླངས་པ་བཞིན། ཡར་ཁ་ཐུག་བཞེངས་ཏེ་ལུས་ཀྱི་ཕྱག་རྒྱ་གང་ཡང་མེད་པར་ཐད་ཀར་སློབ་ཁྲིད་བྱེད་པ་ལས། སློབ་ཚན་གྱི་ནང་དོན་ལ་གཟིགས་ཏེ་ལུས་ཀྱི་རྣམ་འགྱུར་གང་བྱུང་བསྟན་ཚེ། དེས་སློབ་མའི་དོ་སྣང་རང་གི་ཕྱོགས་སུ་འགུག་ཐུབ་པའི་ཕན་ཡོན་ཙམ་མིན་པར་ཚིག་གི་གོ་དོན་སོགས་ལེགས་པར་རྟོགས་ཐུབ་པའི་ཁེ་ཕན་ཡང་ཡོད།

  • ཁ༽ སྐད་ཀྱི་གདངས།

དགེ་རྒན་གྱི་སྐད་གདངས་ལ་མཐོ་དམའ་དང་། ཕྲ་སྦོམ། གྲིམ་ལྷོད་སོགས་གང་ཡང་མེད་པར་སྐད་ཤུགས་གཅིག་རང་གིས་སློབ་ཁྲིད་བྱས་ཚེ། སློབ་མ་རྣམས་ཀྱིས་སློབ་ཚན་ལ་སྙན་ཆ་མ་ཚོར་བར་གཉིད་དུ་ཡུར་བའི་ཉེན་ཁ་ཡོད། དཔེར་ན། ལམ་ཀྱག་ཀྱོག་མེད་པར་ཁ་ཐུག་སྟེང་སྣུམ་འཁོར་བཏང་ཚེ། ཁ་ལོ་བ་དེའི་སེམས་ལྷོད་པོར་གྱུར་རྐྱེན་གཉིད་ཤོར་ཏེ་སྣུམ་འཁོར་གདོང་ཐུག་ཤོར་བའི་དོན་རྐྱེན་བྱུང་བ་ལྟར་རེད། དེར་བརྟེན་དགེ་རྒན་གྱིས་སློབ་མ་ཚང་མས་གྲུང་ཤ་དོད་པོས་སློབ་ཚན་ལ་ཉན་པར་བྱེད་པ་ལ་ཚིག་དང་ནང་དོན་གྱི་དགོས་མཁོ་ལ་གཞིགས་པའི་སྐད་གདངས་ལ་འགྱུར་བ་གཏོང་དགོས།
དུས་རྟག་ཏུ་སྐད་ཤུགས་ཆེན་པོའམ་སྐད་གདངས་མཐོན་པོས་སློབ་མ་ཚོ་ལ་སློབ་ཚན་ཁྲིད་རྒྱུ་མེད། དེ་ཡིས་སློབ་མ་རྣམས་ཀྱི་ཉན་རྩལ་ཞན་དུ་གཏོང་གི་ཡོད་པའི་ཚོར་སྣང་ཞིག་བྱུང་། དེ་ཡང་ང་ཚོས་སྐད་ཤུགས་ཆེན་པོས་སློབ་ཚན་ཁྲིད་དུས་ཁོ་ཚོས་དོ་སྣང་གིས་མ་ཉན་ཡང་། སྒྲ་ཆེ་དྲགས་པས་རང་བཞིན་གྱིས་ཁོ་ཚོའི་རྣ་བར་འཛུལ་གྱི་ཡོད། དེར་སོང་སྐབས་རེ་ང་ཚོས་ཁོ་ཚོའི་དོ་སྣང་འགུགས་པ་དང་། ཉན་རྩལ་བཟང་དུ་གཏོང་ཆེད་ཁོ་ཚོས་གོ་ཙམ་གྱི་སྐད་གདངས་ཤིག་བེད་སྤྱོད་ཀྱིས་སློབ་ཁྲིད་བྱེད་དགོས། སྐབས་དེར་རྒན་ལགས་རྣམ་པས་དོ་སྣང་གནང་དང་། སློབ་མ་ཚོས་རྒྱུན་གཏན་ལས་དོ་སྣང་ཆེ་བས་ཉན་གྱི་རེད།

  • ག༽ ནག་པང་བེད་སྤྱོད་གནང་སྟངས།

འཛིན་གྲྭའི་ནང་སློབ་མ་འདྲ་མིན་ཡོད་པ་བཞིན་ཁོ་ཚོའི་སློབ་ཚན་རྟོགས་སྟངས་ལ་ཡང་ཁྱད་པར་མང་པོ་ཡོད། དཔེར་ན། སློབ་མ་ཁ་ཤས་ཀྱིས་སྒྲ་ཉན་ཏེ་ཤེས་པ་དང་། ཡང་ཁ་ཤས་ཀྱིས་དགེ་རྒན་གྱི་གཟུགས་པོའི་རྣམ་འགྱུར་འཁྱེར་སྟངས་ལས་སློབ་ཚན་དེ་སེམས་སུ་བག་ཆགས་བརྟན་པོ་བསྡད་པ་དང་། ཡང་ཁ་ཤས་ཀྱིས་དགེ་རྒན་གྱིས་ནག་པང་སྟེང་བྲིས་པའི་ཡི་གེ་དེ་སེམས་སུ་བརྟན་པོར་ངེས་མཁན་བཅས་རིགས་མི་འདྲ་བ་མང་པོ་ཡོད། དེར་བརྟེན་ང་ཚོས་སློབ་མ་རིགས་གསུམ་པ་ཚོའི་ཆེད་དུ་ནག་པང་བེད་སྤྱོད་ལེགས་པོ་གཏོང་སྟངས་ཤེས་པ་དགོས། ནག་པང་སྟེང་ནས་དགེ་རྒན་གྱིས་སློབ་ཚན་འགྲེལ་བཤད་གནང་དུས་ངེས་པར་དུ་སེམས་ལ་ངེས་དགོས་པ་ནི། དང་པོ་ཡིག་གཟུགས། གཉིས་པ་གྲལ་འགྲིག་པོ། གསུམ་པ་གཙང་མ་འབྲི་རྒྱུ། བཞི་པ་སློབ་ཚན་གྱི་ནང་དོན་གལ་ཆེ་བ་རིགས་ནག་པང་སྟེང་འབྲི་དགོས་པ་སོགས་ལ་དོ་སྣང་གནང་དགོས།
༡། ཡིག་གཟུགས། དགེ་རྒན་གྱིས་ནག་པང་སྟེང་ཡི་གེ་འབྲི་དུས་སློབ་ཕྲུག་གི་གནས་ཚད་ལ་དཔག་པའི་ཡིག་གཟུགས་ཤིག་འབྲི་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྐབས་རེ་དགེ་རྒན་གྱིས་བྲེལ་འཚུབ་ཀྱིས་ཡིག་གཟུགས་འཁྱུག་ཞེ་དྲག་བཏང་པ་ཡིན་ན་སློབ་མས་ཡི་གེའི་བཟོ་ལྟ་ངོ་མ་འཕྲོད་པས་དེབ་ནང་ཡིག་ནོར་བཤུས་པའི་དཀའ་ངལ་འཕྲད་ཀྱི་རེད།

  • ༢། ཡི་གེ་གྲལ་འགྲིག་པོ། ནག་པང་སྟེང་དགེ་རྒན་གྱིས་ཡིག་གཟུགས་མཛེས་པོ་བྲིས་པ་ཙམ་མིན་པར་གཅིག་རྗེས་གཉིས་མཐུད་ཀྱིས་སློབ་ཁྲིད་ཀྱི་ནང་དོན་གྲལ་འགྲིག་པོ་འབྲི་དགོས། དེ་ཡིས་སློབ་མ་རྣམས་མགོ་མ་རྨོངས་པར་ཕན་ཐོགས་ཡོད། ནག་པང་སྟེང་ཡི་གེ་གང་བྱུང་བྲིས་ཏེ་ཟ་ང་ཟིང་ངེ་བཟོས་པ་ན། སློབ་མས་དེབ་ནང་ཟིན་བྲིས་རྒྱག་མ་ཤེས་པའི་དཀའ་ངལ་ཙམ་མིན་པར་ཁོ་ཚོས་ཀྱང་དགེ་རྒན་དཔེ་རུ་བླངས་ཏེ་དེབ་ནང་ཡི་གེ་མཛེས་པོ་མེད་པ་ཞིག་བྲིས་ཏེ་བྲིས་ངན་མི་ཡིས་མི་ཤེས། ཞག་གཅིག་འགོར་ན་རང་གིས་མི་ཤེས་ཟེར་བ་ལྟར། ཕྱིས་སུ་རང་གིས་བྲིས་པའི་ཡི་གེ་རང་གིས་རྟོགས་མ་ཐུབ་པ་ལྟ་བུར་གྱུར་གྱི་རེད། དེ་ལྟར་མ་ཡོང་སླད་དགེ་རྒན་གྱིས་ནག་པང་སྟེང་ཡི་གེ་གྲལ་འགྲིག་པོ་འབྲི་དགོས།
  • ༣། ཡི་གེ་གཙང་མ་འབྲི་དགོས། གཙང་མ་ཟེར་དུས་དགེ་རྒན་གྱིས་ནག་པང་སྟེང་ཡི་གེ་ལ་ནག་གསུབ་མང་པོ་གཏོང་རྒྱུ་མེད། དེ་ཡིས་སློབ་མ་ཚོར་མིག་དཔེ་ངན་པ་ཞིག་བསྟན་ཏེ་ཁོ་ཚོས་ཀྱང་འབྲི་དེབ་ནང་ཡིག་ནོར་མང་པོ་བྲིས་ཏེ་དེབ་ནག་གསུབ་ཀྱིས་བཀང་གི་རེད། དེ་འདྲའི་དེབ་ཅིག་དགེ་རྒན་ཙམ་མ་ཡིན་པར་སློབ་མ་རང་ཉིད་ནས་ཀྱང་ལྟ་མི་འདོད་པར་གྱུར་པའི་ཉེན་ཁ་ཡོད།
  • ༤། ནག་པང་སྟེང་ནང་དོན་གལ་ཆེ་བ་རིགས་འབྲི་དགོས། ནག་པང་གྲུ་བཞི་ཁ་གང་མ་ཆ་ཚང་ཡི་གེ་ཡིས་མ་བཀང་པར་སློབ་ཚན་ནང་གི་ཚིག་དང་ནང་དོན་གལ་ཆེ་བ་རིགས་བྲིས་ཚེ། སློབ་མས་ཀྱང་ཡི་གེ་དེ་གལ་ཆེ་བར་ངོས་འཛིན་གྱིས་དོ་སྣང་ཆེན་པོས་དེབ་ནང་བཤུས་ངེས། ནག་པང་ཡི་གེས་ཁེངས་ན་སློབ་མས་གང་འབྲི་དགོས་པ་དང་། གང་འབྲི་མི་དགོས་པ་དབྱེ་བ་ཕྱེས་མི་ཐུབ་པར་ལུས་པའི་དཀའ་ངལ་ཞིག་འཕྲད་ཀྱི་རེད། དེར་བརྟེན་དགེ་རྒན་གྱིས་ནག་པང་བེད་སྤྱོད་ལེགས་པོ་གཏོང་སྟངས་ཤེས་རྒྱུ་ཧ་ཅང་གལ་ཆེན་པོ་རེད།

ང༽ དགེ་རྒན་གྱིས་སློབ་མའི་དོགས་འདྲི་ཁག་ལ་དང་ལེན་གནང་སྟངས།

ང་རང་སློབ་ཕྲུག་ཡིན་པའི་སྐབས་ཀྱི་གནས་སྟངས་དང་། དེང་སང་གི་སློབ་མའི་དབར་ལ་གདེང་ཚོད་དང་། དགེ་རྒན་ལ་འདུ་ཤེས་འཛིན་སྟངས་ཁྱད་པར་ཆེན་པོ་ཞིག་ཡོད་པ་ངས་དུས་རྟག་ཏུ་ཚོར་གྱི་ཡོད། ང་རང་སློབ་གྲྭར་འགྲིམ་སྐབས་དགེ་རྒན་གྱིས་སློབ་མར་དྲི་བ་གཏོང་བ་ལས། སློབ་མས་དགེ་རྒན་ལ་དོགས་འདྲི་བྱེད་པའི་རྣམ་པ་ཅུང་ཟད་ཙམ་ཞིག་ཀྱང་ངའི་དྲན་པའི་སྣང་ངོར་མི་འཆར། དེའི་རྒྱུ་རྐྱེན་གང་ལ་ཐུག་པ་ཡིན་ནམ། དེ་ནི་སྐབས་དེ་དུས་ཀྱི་ང་ཚོའི་ཕ་མའི་འཚོ་བ་གནས་སྟངས་ཞན་ལ་ཤེས་ཡོན་སློབ་སྦྱོང་ཡང་མེད་པས་གཏན་སློབ་ཏུ་འདུག་དགོས་པའི་དུས་ཚོད་ཅིག་ཡིན་པས། ཕ་མའི་བརྩེ་བ་དང་བྲལ་ཏེ་གནས་དགོས་པས་རིམ་བཞིན་རང་གིས་རང་ལ་གདེང་ཚོད་ཀྱང་བརླག་པ་ལྟ་བུར་གྱུར་པའི་སེམས་ཚོར་ཞིག་གིས་ཡང་ཡང་གཅུན་གྱི་ཡོད། དེར་མ་ཟད་སྐབས་དེ་དུས་དགེ་རྒན་དང་སློབ་མའི་བར་ལ་ཕ་མ་དང་བུ་ཕྲུག་གི་འདུ་ཤེས་འཛིན་པ་དེས། སློབ་མས་དགེ་རྒན་ལ་གུས་ཞབས་དང་བརྩི་བཀུར་གྱིས་ཕལ་ཆེར་རང་གི་སེམས་སུ་ཡོད་པའི་སྐད་ཆ་མཐའ་དག་འཛེམས་ཟོན་མེད་པར་བཤད་ཐུབ་ཀྱི་མེད་པས་དགེ་སློབ་བར་ལ་དབར་ཐག་ཆེན་པོ་ཞིག་ཡོད་པ་མཐོང་། ཡིན་ན་ཡང་། དེང་སང་གི་སློབ་མ་ཚོའི་ཕ་མ་ཕལ་མོ་ཆེ་ཤེས་ཡོན་ཅན་དང་སྤྱི་ཚོགས་ཁྲོད་ཕྱག་ལས་གནང་སྟེ། མཚན་གང་ཙམ་ཡོད་པས་ཕྲུ་གུ་ཚོ་ལ་རང་བཞིན་གྱིས་ལས་ཀ་ཅི་འདྲ་ཞིག་བྱས་ཀྱང་གདེང་ཚོད་ཀྱིས་མི་འདང་བའི་དཀའ་ངལ་འཕྲད་ཀྱི་མེད། དེ་བཞིན་སློབ་མས་དགེ་རྒན་ལ་གྲོགས་པོའི་འདུ་ཤེས་གཟུང་སྟེ་འཛེམས་ཟོན་སྤུ་ཙམ་ཡང་མེད་པར། སེམས་ནང་གི་སྐད་ཆ་མཐའ་དག་བཤད་ཐུབ་ཀྱི་ཡོད་པས། ཁོ་ཚོར་དགེ་རྒན་ལ་དོགས་འདྲི་བྱེད་པར་ཞེད་སྣང་དང་དངངས་སྐྲག་མེད། དེས་ན། ང་ཚོས་ཁོ་ཚོའི་དོགས་འདྲི་ཁག་ལ་དང་ལེན་ཇི་ལྟར་བྱེད་ཀྱི་ཡིན་ནམ།

  • ༡། གལ་ཏེ་སློབ་མས་དགེ་རྒན་ལ་དོགས་འདྲི་བྱེད་ཀྱི་ཡོད་ན་ཁོ་ཚོས་སློབ་ཚན་ལ་དོ་སྣང་བྱེད་ཀྱི་ཡོད་པའི་རྟགས་རེད། དེར་དགེ་རྒན་གྱིས་དགའ་པོའི་ངང་ནས་དོགས་འདྲི་ཁག་ལ་དང་ལེན་གྱིས་དྲི་བ་ཡག་པོ་བཏང་སོང་། ཞེས་བསྟོད་བསྔགས་གནང་སྟེ། ཁོ་ཚོར་སླར་ཡང་དོགས་འདྲི་གཏོང་དགོས་པའི་སེམས་ཤུགས་སྤར་དགོས།
  • ༢། སྐབས་རེར་སློབ་མས་སློབ་ཁྲིད་ལ་དོ་སྣང་ཡག་པོ་མ་གནང་བས། སྦྱོང་ཚན་ཁག་འབྲི་མ་ཤེས་སྟབས་ཁོ་ཚོས་དོགས་འདྲི་བྱེད་ཀྱི་རེད། དེར་དགེ་རྒན་གྱིས་ལན་འདེབས་མ་གནང་བར་དྲི་བ་དེ་སློབ་མ་བྱིངས་ལ་གཏོང་དགོས། དོ་སྣང་གནང་མཁན་གྱི་སློབ་མ་ཚང་མས་མགྲིན་གཅིག་ཏུ་ལན་འདེབས་གནང་གི་རེད། དེའི་རྗེས་དགེ་རྒན་གྱིས་ལན་དེ་བསྐྱར་ཟློས་གནང་དགོས། དེ་ལྟར་སློབ་མ་དེ་ཡིས་ང་ལ་ཡག་པོ་ཉན་དགོས་པའི་ཉེན་བརྡ་བཏང་སོང་བསམ་པའི་ཚོར་བ་ཞིག་སླེབས་ཀྱི་རེད།
  • ༣། སྐབས་རེར་ཁོ་ཚོས་དོགས་འདྲི་ཡིན་ཁུལ་གྱིས་དགེ་རྒན་ལ་ཉམས་ཚོད་ཀྱང་ལེན་སྲིད། དེ་ནི་ཁོ་ཚོའི་གཟུགས་པོའི་རྣམ་འགྱུར་དང་དྲི་བ་གཏོང་སྟངས་ལས་ཤེས་ཐུབ། སྐབས་དེ་དུས་དགེ་རྒན་གྱིས་ཁོང་ཁྲོ་དང་མི་འདོད་པའི་རྣམ་འགྱུར་སྟོན་པ་ལས། ཁོ་ཚོའི་དོགས་འདྲི་ལ་ལན་རྒྱས་ཤིང་ཟབ་པ་ཞིག་བརྒྱབ་སྟེ་ངོ་གདོང་འཛུམ་དང་བཅས། ལན་འགྲིག་སོང་ངམ། ཞེས་དྲིས་ཏེ། ཁོ་ཚོར་དེ་དང་འབྲེལ་བའི་དྲི་བ་ཞིག་ཕར་གཏོང་དགོས། དེ་ལྟར་ཁོ་ཚོས་སླར་ཡང་དགེ་རྒན་ལ་ཉམས་ཚོད་མ་བླངས་གོང་བསམ་བློ་ཐེངས་ཁ་ཤས་ཤིག་གཏོང་དགོས་པའི་གནས་སྟངས་སུ་ལྷུང་གི་རེད།
  • ༤། དོགས་འདྲི་ཁྱོན་ནས་མེད་པའི་སློབ་མ་རིགས་གཉིས་ཡོད། ཁོ་ཚོར་དགེ་རྒན་གྱིས་དབྱེ་བ་ཕྱེས་ཤེས་པ་དགོས། དེ་ལས་རིགས་དང་པོ་ནི། དགེ་རྒན་གྱི་སློབ་ཁྲིད་ལ་རྩ་བ་ཉིད་ནས་དོ་སྣང་མ་སྤྲད་པར་གཡེང་ནས་བསྡད་མཁན་ཚོ་རེད། ཁོ་ཚོས་སློབ་ཁྲིད་ལ་མི་ཉན་པསབརྗོད་གཞི་གང་གི་སྟེང་ལ་དྲི་བ་གང་གཏོང་དགོས་མིན་ཡང་ཤེས་ཀྱི་མེད། དེ་འདྲའི་སློབ་མ་ལ་དགེ་རྒན་གྱིས་དྲི་བ་དྲིས་ལན་གྱི་ལམ་ནས་སླར་ཡང་སློབ་ཁྲིད་བྱེད་དགོས། སློབ་མ་རིགས་གཉིས་པ་དེ་ནི། དགེ་རྒན་གྱི་སློབ་ཁྲིད་ལ་དོ་སྣང་ཆེན་པོས་ཉན་ཏེ་སློབ་ཚན་གྱི་ནང་དོན་ལེགས་པར་རྟོགས་པའི་སློབ་མ་ཚོའི་གྲས་ཡིན། ཁོ་ཚོར་དོགས་འདྲི་ མེད། གལ་ཏེ་ཁོ་ཚོས་དྲི་བ་གཏོང་གི་ཡོད་ན་དགེ་རྒན་ཚོས་ཁོ་ཚོའི་དྲི་བར་ལེགས་པར་དོ་སྣང་གནང་དང་། དྲི་བ་ཚང་མ་སློབ་ཚན་དང་འབྲེལ་བའི་གསར་འགྱུར་བརྒྱུད་ལམ་ནང་བསྟན་པའི་གནད་དོན་དང་ཡང་ན་དྲྭ་ལམ་དང་བརྙན་འཕྲིན། ཟུར་ལྟའི་དཔེ་དེབ་བརྒྱུད་མཐོང་བའི་གནད་དོན་ཤ་སྟག་རེད། སློབ་མ་དེ་རིགས་ལ་དགེ་རྒན་གྱིས་སློབ་ཚན་དང་འབྲེལ་བའི་དྲྭ་རྒྱའི་མིང་དང་ཟུར་ལྟའི་དཔེ་དེབ་ཁག་མང་ཙམ་ངོ་སྤྲོད་གནང་དགོས།
  • ༥། སྐབས་རེ་སློབ་མའི་དོགས་འདྲི་ཡི་ལན་དགེ་རྒན་གྱིས་མ་ཤེས་པའི་གནས་སྟངས་ཀྱང་འབྱུང་གི་རེད། སྐབས་དེ་དུས་དགེ་རྒན་གྱིས་གང་བྱེད་དགོས་པའང་མ་ཤེས་པར་ལན་ནོར་བ་བཏབ་ན་ག་ལ་འགྲིག། དེར་བརྟེན་དགེ་རྒན་གྱིས་ངས་ལན་ཤེས་ཀྱི་མེད་ཟེར་བ་ལས་དྲི་བ་དེ་ཧ་ཅང་ཡག་པོ་ཡོད་པས་ང་ཚོ་དགེ་རྒན་དང་སློབ་མ་ཚང་མས་དེ་རིང་ནང་ལ་ཕེབས་ཏེ་ལན་འཚོལ་གྱི་ཡིན་ཟེར་ན་སློབ་མ་དེས་དགེ་རྒན་གྱིས་ངའི་དྲི་བའི་ལན་ཤེས་མ་སོང་བསམ་པ་ལས་ངས་དྲི་བ་ཡག་པོ་ཞིག་བཏང་ཡོད་པ་འདྲ་བསམ་པའི་ཚོར་བ་ཞིག་སྐྱེས་ཀྱི་རེད། ད་ལྟ་གོང་དུ་ངས་དགེ་རྒན་གྱིས་ལན་ཤེས་ཀྱི་མེད་ཅེས་བཤད་རྒྱུ་མེད་ཟེར་བའི་རྒྱུ་མཚན་ནི། སློབ་མ་ཚང་མས་རང་ཉིད་ལ་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་དེ་ཡིས་ཚང་མ་ཤེས་ཀྱི་ཡོད་རེད་བསམ་པའི་བག་ཆགས་ཟབ་པོ་ཞིག་ཁོའི་སེམས་ལ་ཡོད་རེད། དེ་ལ་བརྟེན་ནས་སློབ་མའི་སེམས་སུ་ཕ་མས་བཤད་པ་ལས་དགེ་རྒན་གྱིས་བཤད་པར་ཡིད་ཆེས་ཆེ་བ་བྱེད་ཀྱི་ཡོད། གལ་ཏེ་ང་ཚོས་ལན་ཤེས་ཀྱི་མེད་ཟེར་བ་ཡིན་ན་དགེ་རྒན་གྱིས་ཁོའི་རྒྱུད་ལ་བཞག་པའི་བག་ཆགས་ཟབ་མོ་དེ་རིམ་བཞིན་ཡལ་བར་དོར་ནས་དགེ་རྒན་དེ་ལ་ཡིད་ཆེས་བརླག་པ་མ་ཟད་མཐོང་ཆུང་བྱེད་འགོ་ཡང་རྩོམ་གྱི་རེད། དེར་བརྟེན་ལན་ཤེས་ཀྱི་མེད་ཟེར་བ་ལས་ལན་འདི་ང་ཚོས་མཉམ་རུབ་ཀྱིས་འཚོལ་གྱི་ཡིན་ཟེར་བ་ན་ཐབས་ལམ་ཧ་ཅང་བཟང་བར་མཐོང་།

ཅ༽ སློབ་མར་བྱེད་སྒོ་སྤེལ་དུས་སྡེ་ཚན་དུ་བགོ་སྟངས།

སློབ་མ་དབུས་བཞག་གི་འཛིན་གྲྭའི་ནང་དགེ་རྒན་གྱིས་སློབ་ཁྲིད་ཉུང་བ་དང་། སློབ་མ་རྣམས་ལ་བྱེད་སྒོ་མང་བ་གྲ་སྒྲིག་བྱེད་ཀྱི་ཡོད། དེར་བརྟེན་བྱེད་སྒོ་རིགས་སྤེལ་དུས་དགེ་རྒན་གྱིས་སློབ་མ་རྣམས་སྡེ་ཚན་དུ་དབྱེ་ཡི་ཡོད། དེ་ལྟར་གནང་སྐབས་དགེ་རྒན་གྱིས་ཐུགས་སྣང་གནང་དགོས་ས་གཙོ་བོ་ཞིག་ནི། སློབ་སྦྱོང་ཞན་པའི་སློབ་མ་རྣམས་ཡིན་ལ་དེ་ལྟར་གནང་གི་ཡང་ཡོད། དེར་བརྟེན་དགེ་རྒན་གྱིས་བསམ་བློ་ཞིབ་མོ་ཞིག་བཏང་སྟེ། སློབ་སྦྱོང་ཞན་པ་དང་བཟང་བའི་སློབ་མ་རྣམས་བསྲེས་ཏེ་སྡེ་ཚན་དབྱེ་བཞིན་ཡོད། ངས་ཀྱང་དབྱེ་མྱོང་། དེ་ལས་ང་ལ་ཉམས་མྱོང་ཆེན་པོ་ཞིག་བྱུང་། དེ་ནི་སྡེ་ཚན་དེ་འདྲའི་ནང་སློབ་སྦྱོང་ཞན་པའི་སློབ་མ་རྣམས་སློབ་སྦྱོང་བཟང་བའི་སློབ་མ་རྣམས་ཀྱིས་ཁོས་འཇོན་གྱི་མ་རེད། ཁོས་བྱེད་སྒོ་ལ་ཆ་ཤས་བླངས་ན་ང་ཚོའི་སྡེ་ཚན་ལ་བརྒྱ་ཆ་ཡག་པོ་ཐོབ་ཀྱི་མ་རེད། ཅེས་ཐོབ་ཤོར་གྱི་དངངས་སྐྲག་གིས་སློབ་མ་དེ་ཚོའི་རིགས་ལ་བྱེད་སྒོའི་ནང་ཆ་ཤས་ལེན་པའི་གོ་སྐབས་སྤྲོད་ཀྱི་མི་འདུག་ལ། སློབ་མ་ཁོ་རང་ཚོས་ཀྱང་སྡེ་ཚན་ནང་མཉམ་ཞུགས་མེད་པར་རང་ཉིད་ཁེར་རྐྱང་དུ་བསྡད་ནས་གནད་དོན་གཞན་ལ་གཡེང་བའམ། ཡང་ན། བྱེད་སྒོ་བྱེད་མཁན་གྱི་སློབ་མ་རྣམས་ལ་མི་འདོད་པའི་རྣམ་འགྱུར་གྱིས་འཁྲུག་འཛིང་འགོ་འཛུགས་པ་སོགས་གང་ལྟར་བྱེད་སྒོ་ཡག་པོ་སྤེལ་མི་ཐུབ་པའི་དཀའ་ངལ་ཞིག་འཕྲད་ཀྱི་འདུག། དེར་བརྟེན་ངས་སློབ་མ་སྡེ་ཚན་དབྱེ་དུས། སློབ་སྦྱོང་ཞན་པའི་སློབ་མ་རྣམས་དགེ་རྒན་ང་རང་དང་སྡེ་ཚན་མཉམ་དུ་བསྒྲིགས་ཏེ་བྱེད་སྒོ་སྤེལ་གྱི་ཡོད། དེས་སློབ་སྦྱོང་ཞན་པའི་སློབ་མ་རྣམས་ལ་བྱེད་སྒོ་གནང་རྒྱུའི་གོ་སྐབས་ཤིག་ཐོབ་ཀྱི་འདུག་ལ། རྙོག་འཛིང་ཐོག་ནས་འཛིན་གྲྭའི་ནང་བྱེད་སྒོ་ཡག་པོ་སྤེལ་ཐུབ་པར་ཕན་ཐོགས་ཆེན་པོ་ཡོད་པ་ཚོར།
གསུམ་པ།༽ སློབ་ཁྲིད་ཐབས་ལམ་ལས་སློབ་ཁྲིད་ལ་བསྐྱར་ཞིབ་བྱེད་སྟངས་གླེང་བ།
སློབ་ཁྲིད་ལ་བསྐྱར་ཞིབ་བྱས་པ་ནི། འཛིན་གྲྭའི་ནང་སློབ་ཁྲིད་གནང་ཚར་པའི་རྗེས་སོ་སོས་སློབ་ཁྲིད་བྱེད་པའི་སྐབས་སློབ་མ་ཚོའི་དོ་སྣང་དང་མཉམ་ཞུགས་གནང་སྟངས་སོགས་ཚང་མར་བསྐྱར་ཞིབ་གནང་རྒྱུ་ནི་རང་ཉིད་ཀྱི་སློབ་ཁྲིད་ཐབས་ལམ་ལ་ཡར་རྒྱས་དང་སྒྱུར་བཅོས་གང་གཏོང་དགོས་པ་གསལ་པོ་ཤེས་ཐུབ། དེ་ལས་རང་ཉིད་ཀྱི་སློབ་ཁྲིད་ཐབས་ལམ་ཡར་རྒྱས་ཀྱི་རྣམ་པ་ཐོན་གྱི་རེད། ཁྱེད་ཚོས་དེ་ལྟར་གནང་མྱོང་ཡོད་ཀྱི་རེད། དཔེར་ན། ངས་འཛིན་གྲྭ་བཞི་པ་( ཀ་པ་ དང་ ཁ་པ་ ) གཉིས་ཀར་སློབ་ཁྲིད་བྱེད་ཀྱི་ཡོད། ངས་འཛིན་གྲྭ་བཞི་པ་ཀ་པའི་ནང་སློབ་ཁྲིད་བྱས་ཚར་རྗེས། སློབ་མ་ཚོའི་དོ་སྣང་གནང་སྟངས་དང་། བྱེད་སྒོ་སྤེལ་སྟངས་ལ་གཞིགས་ཏེ་ངས་འཛིན་གྲྭ་བཞི་པ་ཁ་པའི་ནང་གི་སློབ་ཁྲིད་བྱེད་སྟངས་ལ་འགྱུར་བ་གཏོང་གི་ཡོད། དེ་ནི་རང་ཉིད་ཀྱི་སློབ་ཁྲིད་ལ་བསྐྱར་ཞིབ་བྱེད་པའི་རྣམ་པ་རེད། དེ་ལྟར་ཉིན་གཅིག་གཉིས་ཙམ་མིན་པར་དུས་རྒྱུན་དུ་ནས་གནང་ཚེ་སློབ་ཁྲིད་ཐབས་ལམ་ཀྱི་སྐོར་ལ་མཁས་པ་གཞན་གྱི་དཔེ་དེབ་ལ་བསམ་གཞིག་བྱ་མི་དགོས་པར་རང་ཉིད་ཀྱི་སློབ་ཁྲིད་བསྐྱར་ཞིབ་ལ་བརྟེན་ནས་ཡར་རྒྱས་ཆེན་པོ་འགྲོ་ཐུབ།
བཞི་པ།༽ མཇུག་གི་གཏམ།
གོང་དུ་དགེ་རྒན་གྱི་ཤེས་ཚད་དང་སློབ་ཚན་འཆར་འགོད་སྒྲིག་སྟངས། སློབ་ཁྲིད་ལ་བསྐྱར་ཞིབ་བྱེད་སྟངས་སོགས་ཀྱི་སྐོར་ལ་གང་བཀོད་པ་མཐའ་དག་གུས་མོའི་ལོ་མང་གི་སློབ་ཁྲིད་ཀྱི་ཉམས་མྱོང་ལས་བྲིས་པ་ཞིག་ཡིན་པས། ང་རང་ལ་མཚོན་ན་སློབ་ཁྲིད་བྱེད་སྐབས་ཕན་ཐོགས་ཆེན་པོ་བྱུང་། དེ་ལྟར་གུས་མོ་ང་དང་འདྲ་བའི་སློབ་ཁྲིད་ཀྱི་ལམ་ལ་ཞུགས་མཁན་གྱི་དགེ་རྒན་ཚོ་ལ་ཡང་ཕན་ཐོགས་ཆེན་པོ་ཡོང་བའི་རེ་བ་དང་སྨོན་ལམ་སྙིང་ནས་འདེབས་བཞིན་ཡོད།