ཐུབ་བསྟན་རིག་བཟང་།

རང་གཞུང་ཤེས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་དོན་ལྟར། འདིར་གུས་པས་དགེ་རྒན་གྱི་ཆེད་ལས་ལས་འཕྲོས་ཏེ་རྒྱུགས་སྤྲོད་སོགས་ཀྱི་སྐབས་སུ། དགེ་རྒན་རང་ཉིད་ཀྱིས་ཇི་ལྟར་གནང་དགོས་པའི་སྐོར་ལས་བརྩམས་ཏེ་གལ་ཆེ་བའི་དོན་ཚན་གསུམ་གྱི་སྟེང་ནས། རང་གི་ཉམས་མྱོང་ངམ་མཐོང་བ་དངོས་དང་སྦྱར་ཏེ་བསམ་ཚུལ་ཅུང་ཟད་ཅིག་འབྲི་བའི་ལས་ལ་འཇུག་རྒྱུ་ཡིན།

  • ༡. དགེ་རྒན་རང་ཉིད་སློབ་མའི་ཡིད་ངོར་དྲང་བདེན་གྱི་གཟུགས་སུ་བཞེངས་ཏེ། སློབ་མའི་རང་རྟོན་གྱི་འདུ་ཤེས་སྐྱེད་སྲིང་གིས་རྒྱུགས་འབྲས་ལེགས་ཉེས་ནི་རང་ཉིད་ཀྱི་འབད་བརྩོན་བཟང་ཞན་ལ་རག་ལས་པའི་ངང་ཚུལ་གོ་བའི་ཐབས་སུ་འབད་དགོས།

སྤྱིར་ཡིད་ཆེས་ནི་མི་དང་མིའི་བར་གྱི་ལས་དོན་དང་འབྲེལ་བའི་ཤིན་ཏུ་གལ་འགངས་ཆེ་བའི་དངོས་པོ་ཞིག་ཡིན་པ་ལྟར། དགེ་རྒན་དང་སློབ་ཕྲུག་བར་གྱི་ཡིད་ཆེས་ཀྱི་འབྲེལ་བ་འདི་ཡང་ཧ་ཅང་གལ་གནད་ཆེ་བའི་དོན་ཚན་ཞིག་ཏུ་གྱུར་ཡོད། དེས་ན་དགེ་རྒན་གྱི་ངོས་ནས་སློབ་མའི་སེམས་སུ་དགེ་རྒན་རང་ཉིད་ལ་ཡིད་ཆེས་གཙང་མ་ཞིག་ཡོང་ཐབས་སུ་འབད་རྒྱུ་ནི། དགེ་རྒན་གྱི་ཆེད་ལས་དང་འབྲེལ་བའི་ཐོག་མཐའ་བར་གསུམ་དུ་ཡིད་འཇོག་བྱ་དགོས་པའི་རྩ་དོན་དང་པོ་དེ་ཡིན་པར་སེམས། འོ་ན་དགེ་རྒན་གྱིས་སློབ་མའི་སེམས་སུ་བསྐྲུན་དགོས་པའི་ཡིད་ཆེས་དེ་གང་འདྲ་ཞིག་ཏུ་ངོས་འཛིན་བྱེད་ཅེ་ན། སྐབས་འདིར་སློབ་མའི་སེམས་སུ་དགེ་རྒན་ལ་ཡིད་ཆེས་བསྐྲུན་པའི་གཞི་ནི་དགེ་རྒན་གྱི་ལས་རིགས་ཏེ། སློབ་མའི་སློབ་སྦྱོང་དང་འབྲེལ་བའི་ལས་རིགས་ཁག་ལ་རྗོད་བཞིན་ཡོད།
དེ་ཡང་སློབ་མའི་ཡིག་རྒྱུགས་ཀྱི་གྲུབ་འབྲས་དང་། སློབ་མའི་ཀུན་སྤྱོད་ཀྱི་ཚད་འཛིན་སོགས་ནམ་རྒྱུན་སློབ་རའི་ནང་ནས་དགེ་རྒན་གྱིས་ལྕི་ཡང་ངམ་ཚད་གཞི་འཇལ་དགོས་པའི་ལས་རིགས་རྣམས་ཡིན། འདི་ནི་འོལ་སྤྱིའམ་ཚོད་ཚོད་ཙམ་གྱི་སྟེང་ནས་ཤོད་བཞིན་མེད་པར། འདས་པའི་མི་ལོ་དུ་མའི་རིང་དུ་ཁོ་བོས་མི་རིགས་རང་གི་སྐད་ཡིག་དགེ་རྒན་ཞིག་གི་ལས་ཁུལ་བླངས་ཏེ་ཕྱིན་པའི་སྐབས་སུ་རང་ཉམས་ལ་ཤར་བའི་ཉམས་མྱོང་ཚད་མ་ཞིག་གི་སྟེང་ནས་ཤོད་བཞིན་ཡོད། ཁྱེད་རྣམས་ཀྱིས་རང་གི་བྱ་འགུལ་གྱི་ལས་རིམ་ཁྲོད་དུ་ཕྱིར་མིག་ཅིག་གཟིགས་དང་གསལ་བོར་མཁྱེན་ཡོང་།
དགེ་རྒན་གང་ཞིག་རང་གི་ལས་ཡུལ་སློབ་གྲྭའམ་འཛིན་ཁང་དུ་ཐོག་མར་སླེབས་པའི་ཉིན་མོའི་སློབ་ཐུན་དེ་ནི་དགེ་རྒན་དང་སློབ་མའི་བར་གྱི་ཆེས་ཐོག་མའི་འབྲེལ་བ་དེ་རེད་ལ། དུས་སྐབས་འདི་དག་ཏུ་སློབ་མ་རྣམས་ཀྱིས་དགེ་རྒན་གྱི་སྐད་ཆ་ཤོད་སྟངས་དང་། རྣམ་འགྱུར་སྟོན་སྟངས། ཐ་ན་ཡི་གེ་ཀློག་སྟངས། ཡིག་གཟུགས་མཛེས་ཞན་ཡན་ཆད་ལ་ཞིབ་འཇུག་བྱེད་པའི་དུས་ཚིགས་དེ་ཡང་ཡིན་པས། ཚེས་གཅིག་ནས་ལེགས་ན་བཅོ་ལྔའི་བར་ཞེས་པ་ལྟར། སྐབས་འདི་དག་ཏུ་སློབ་མའི་སེམས་ཁམས་སུ་དགེ་རྒན་ལ་ལྟ་སྟངས་ལེགས་ཉེས་གང་རུང་ཞིག་གི་རྨང་གཞི་འདིང་བཞིན་ཡོད། སྤྱིར་སློབ་ཆུང་སློབ་མའི་གནས་སྐབས་ནི་ཀླད་པ་འཚར་ལོང་འབྱུང་བཞིན་པའི་དུས་ཚིགས་ཤིག་ཡིན་པས། སློབ་མའི་ཀུན་སྤྱོད་བཟང་ཞན་ནི་དགེ་རྒན་གྱི་ཀུན་སྤྱོད་བཟང་ངན་དང་ཐད་ཀར་འབྲེལ་ཡོད་ཚུལ་རྒྱལ་ཕྱི་ནང་གི་མཁས་པ་ཚོས་ཡིག་ངག་གཉིས་ཀའི་སྟེང་ནས་མགྲིན་གཅིག་ཏུ་སྒྲོག་བཞིན་པ་ལྟར། འདིར་ཁོ་བོས་གླེང་བར་བྱ་བའི་གཙོ་བོ་ནི་གོང་དུ་བཤད་པ་ལྟར། སློབ་མར་ཡིད་ཆེས་བསྐྲུན་པའི་གཞིའི་གཙོ་བོ་ཤེས་ཡོན་ལས་རིགས་དང་འབྲེལ་བ་འདིའི་སྟེང་ནས་དགེ་རྒན་གྱིས་ཕྱི་གསལ་ནང་གསལ་དང་། དྲང་ཚུགས་སྒམ་པོ་ཞིག་གིས་སློབ་མའི་ཡིད་ངོར་ཡིད་ཆེས་བསྐྲུན་རྒྱུ་དེ་ཡིན།
མདོར་ན། དགེ་རྒན་ནི་སློབ་མའི་ཡིད་ངོར་སོ་སོས་ཡིད་ཆེས་དང་གདེང་འཇོག་བྱ་འོས་པའི་མི་བུ་དཔེ་བཟང་ཅན་ཞིག་ཡིན་དགོས་པ་ལས། གཡོ་ཅན་བྱི་ལའི་ལོ་རྒྱུས་སམ་མི་བདེན་སྤྲེལ་ལད་ཀྱི་སྣང་ཚུལ་ཞིག་ཡིན་མི་རུང་བ་དེ་རེད། ཁྱེད་ཀྱིས་སོམས་དང་། སློབ་མ་མི་ཉུང་བ་ཞིག་གིས་སོ་སོ་རང་ཉིད་ཀྱི་རྒྱུགས་འབྲས་སོགས་དང་འབྲེལ་བའི་དོན་དུ་དང་ཐོག་དགེ་རྒན་ལ་ངོ་དགའ་བྱེད་པ་སོགས་ཡོང་གི་ཡོད་ཅིང་། ཡང་སྐབས་རེར་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་ཀློག་པའི་དུས་ཚིགས་ཀྱི་སྔ་ཕྱི་བར་གསུམ་དུ་སོ་སོའི་རྒྱུགས་འབྲས་ཀྱི་ཨང་ཐོབ་འགྲིག་མིན་ལ་རྩོད་པ་བྱེད་མཁན་ཡང་ཡོང་གི་ཡོད། འདི་འདྲ་ནི་ཆེས་སྤྱིར་བཏང་གི་གནས་སྟངས་ཤིག་རེད།
སྐབས་འདི་དག་ཏུ་དགེ་རྒན་རང་ཉིད་ཀྱིས་སོ་སོ་རང་ཉིད་ལེགས་ཉེས་ཤན་འབྱེད་ཀྱི་བྱེད་པོ། ཨ་ཁུ་གཤིན་རྗེ་རྒྱལ་པོའི་སྣང་བརྙན་ཞིག་བཞེངས་ཏེ། རྒྱུགས་འབྲས་སོགས་དང་འབྲེལ་བའི་སློབ་མའི་དོགས་འདྲི་ལ་གསལ་བཤད་ཁ་གསལ་དང་། རྒྱུ་མཚན་ཡང་དག་བཅས་གསལ་སྟོན་གནང་དགོས་པ་དེ་ཡིན།
ཡང་། དགེ་རྒན་འགའ་ཤས་ནི་སློབ་མའི་མིག་ངོར་བཙུན་དྲགས་པའམ་སྒམ་ཚུགས་ཆེ་དྲགས་པས། སློབ་མ་མི་ཉུང་བ་ཞིག་གིས་སོ་སོའི་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་དང་འབྲེལ་བའི་ཐོབ་སྐར་ལ་དོགས་པ་བྱུང་ཡང་། འཕྲལ་དུ་ཡར་ཞུ་མི་ཕོད་པའི་གནས་སྟངས་ཀྱང་དུ་མ་འབྱུང་བཞིན་ཡོད་པས། གཞི་འདིའི་སྟེང་ནས་དགེ་རྒན་གྱིས་སྒམ་ཚུགས་འཛིན་པའམ་སྣང་ཆུང་དུ་མི་འཇོག་པར་ཁ་གསང་པོའི་སྒོ་ནས་སློབ་མའི་བཀའ་འདྲི་ལ་དང་ལེན་དང་། གསལ་བཤད་གནང་རྒྱུ་འདི་ཧ་ཅང་གི་གལ་གནད་ཆེན་པོ་ཞིག་ཏུ་མཐོང་།
སྤྱིར་དགེ་རྒན་གྱི་རང་བཞིན་ལ་ལྷད་མེད་ཀྱང་། མི་ནི་ནོར་བའི་རང་བཞིན་ལས་མ་འདས་པ་ཞིག་ཡིན་སྟབས། དགེ་རྒན་གྱིས་སློབ་མའི་ལན་ཤོག་ལ་ཞིབ་གཟིགས་ནན་ཏན་གནང་ཡང་། ད་དུང་མ་མཐོང་བའི་ནོར་བ་ཡང་དུ་མ་ཞིག་འབྱུང་སྲིད་པས། དགེ་རྒན་རང་ཉིད་ཀྱིས་སློབ་མའི་རྒྱུགས་འབྲས་ཀྱི་ཨང་ཐོབ་བསྡོམས་ཉེས་ཤོར་ཡོད་ན། སློབ་མས་བཤད་པའི་གནས་ལུགས་ལ་ཐད་ཀར་ངོས་ལེན་ཞུས་ཏེ། འཕྲལ་དུ་ནོར་བཅོས་བྱ་རྒྱུ་ལས་རྒྱུ་མཚན་གཞན་ཞིག་འདྲེན་པ་སོགས་ཀྱིས་སློབ་མའི་སེམས་ལ་རྒོལ་བའི་འཇིགས་ཉམས་སྤངས་ནས་ཁ་གསང་པོ་བྱེད་དགོས་པ་འདི་ཡང་གནད་འགག་ཡོད་པ་ཞིག་རེད།

  • ༢. དགེ་རྒན་གྱིས་སློབ་ཐུན་རྣམས་སུ་སྙོམ་ལས་ཀྱི་རྣམ་འགྱུར་སྤངས་ཏེ། སློབ་མའི་མིག་ནང་དུ་དགེ་རྒན་རང་ཉིད་ལས་སློབ་ལ་སྤྲོ་དགས་འཇུག་པའི་མི་བུ་དཔེ་བཟང་ཅན་ཞིག་གི་སྣང་བརྙན་སྐྲུན་ཐབས་སུ་འབད་དགོས་པ།

དགེ་རྒན་གྱིས་སློབ་མའི་མདུན་དུ་སློབ་ཚན་ལ་མི་སྤྲོ་བའི་རྣམ་འགྱུར་མི་མངོན་པར་འབད་དགོས། སྤྱིར་མི་སོ་སོ་ལ་ཉིན་རེའི་འཚོ་བ་སྐྱེལ་སྟངས་མི་འདྲ་བ་རེ་ཡོང་བཞིན་པ་ལྟར། དགེ་རྒན་ལ་ཡང་སློབ་མར་ཡི་གེ་སློབ་པ་ལས་གཞན་པའི་རང་ཁྱིམ་གྱི་ལས་རིགས་སྣ་ཚོགས་ཀྱིས་དུབ་ནས་འཛིན་གྲྭར་སླེབས་པའི་དུས་སྐབས་ཀྱང་ཡང་ཡང་འབྱུང་བཞིན་ཡོད་ཀྱང་། རང་ཉིད་ཀྱི་ངལ་དུབ་དག་སློབ་ཐུན་དེའི་རིང་དུ་མི་མངོན་པར་བྱས་ཏེ། སློབ་མ་དང་མཉམ་པོར་སློབ་ཚན་ལ་དགའ་བཞིན་དུ་མཉམ་འཇུག་བྱ་རྒྱུ་འདི་ནི། སློབ་མའི་ཤེས་ཡོན་ཡང་ཐད་ཀར་འབྲེལ་བའི་བྱ་འགུལ་མངོན་གསལ་ཞིག་རེད། དཔེར་ན། ཤེས་ཡོན་ལྡན་པའི་ཁྱིམ་ཚང་གི་ཕྲུ་གུ་དང་། ཤེས་ཡོན་མེད་པའི་ཁྱིམ་ཚང་གི་ཕྲུ་གུ་གཉིས་སློབ་སྦྱོང་ལ་ཁྱད་པར་ཆེན་པོ་འབྱུང་བཞིན་པ་འདི་ཡོངས་གྲགས་ཀྱི་གནས་སྟངས་ཤིག་རེད། འདི་ལ་རྒྱུ་རྐྱེན་ནམ་རྒྱབ་ལྗོངས་གཞན་ཞིག་ཡོད་པ་ནི་བྱིས་པ་རང་ཉིད་ཀྱི་མོས་ཁམས་ཏེ་བསམ་བློའི་ངར་ཤུགས་དེ་རེད། དེ་ལྟ་བུའི་བསམ་བློའི་ངར་ཤུགས་དེ་ནི་སློབ་མར་སློབ་གསོ་བྱས་པའམ། སློབ་མའི་བསམ་སྤྱོད་དང་མཐུན་ཐབས་བྱས་པའམ། ཡང་ན། སློབ་མར་བཙན་བསྐུལ་བྱེད་པ་སོགས་ཀྱི་ཕྱག་རྗེས་མིན་པར། སློབ་མའི་མིག་མདུན་གྱི་དཔེ་གཞི་བཟང་ཞན་ནམ་དཔེ་ལྟ་ས་ལེགས་ཉེས་ཤིག་ལས་བྱུང་བ་ནི་ནུབ་ཕྱོགས་པའི་ཀླད་དམར་བ་རྣམས་ནས་བཟུང་སྟེ་ཡོངས་ཁྱབ་ཏུ་ཤོད་བཞིན་པའི་རྒྱབ་ལྗོངས་མཐུག་པའི་གནས་ལུགས་མངོན་གསལ་ཞིག་རེད། འདི་ལ་ནང་མིའི་རྒྱབ་ལྗོངས་ཞེས་འབོད་ཀྱི་ཡོད།
ནུབ་ཕྱོགས་པའི་དཔྱོད་ལྡན་པ་དག་གིས་ལོ་ནས་ཟླ་དང་། ཉིན་ནས་ཞག་སྦྲེལ་ཏེ་བརྟགས་ཤིང་དཔྱད་རྗེས་ཀྱི་གྲུབ་དོན་རྐང་གཅིག་རྙེད་པ་ཡང་། ངས་ཤོད་བཞིན་པའི་སློབ་མ་རང་ཉིད་ཀྱི་ནང་མིའི་རྒྱབ་ལྗོངས་ཞེས་པ་དེ་རེད། སྨིན་བཞིན་པའི་གཞོན་པའི་སེམས་ཁམས་ནི་སྡོད་མི་ཚུགས་པའི་སྤྲེའུ་པྲ་ཚགས་ཤིག་དང་འདྲ་བར། རང་གི་མིག་མདུན་གྱི་མཐོང་ཐོས་མྱོང་གསུམ་ལ་ལད་མོ་བྱེད་པའི་འཇུག་པ་ཧ་ཅང་ཡང་བས། རྒྱུན་མཐོང་གི་དངོས་པོ་འདི་རྣམས་ཀྱིས་ཁོང་ཚོའི་མི་ཚེའམ། ཤེས་ཡོན་སློབ་གསོའི་ཁ་ཕྱོགས་ལ་ལས་དབང་གི་ལམ་ཁ་ཞིག་སྟེ་བག་ཆགས་ཟབ་མོ་ཞིག་སྤྲོད་བཞིན་ཡོད།
དེས་ན་དགེ་རྒན་ནི་ཉིན་རེའི་འཚོ་བའི་ཁྲོད་དུ་མཐོང་དུ་ཡོད་པའི་སློབ་མའི་མིག་མདུན་གྱི་དཔེ་གཞི་བཟང་ཤོས་དེ་ཡིན་པས། ཤེས་ཡོན་ལ་སྦྱང་བརྩོན་ཆེ་ཞིང་རང་གི་ལས་རིགས་ལ་དུང་བ་ཟབ་པའི་ཚད་ལྡན་གྱི་དགེ་རྒན་ཚོས་རང་གི་སློབ་མ་རྣམས་ལ་སྐབས་བབ་ཀྱི་སློབ་ཚན་བསླབས་པ་ཙམ་མིན་པར་སློབ་མའི་སེམས་ཁམས་ཀྱི་ཞིང་ས་གཤིན་པོར། ཤེས་ཡོན་ལ་དང་བའི་དད་འདུན་དང་། ལས་རིགས་ལ་བརྩོན་པའི་ངར་ཤུགས་སོགས་ཇི་འདྲའི་ཡིད་དུ་འོང་ཞིང་རིན་ཐང་ཚང་པའི་བག་ཆགས་ཟབ་མོ་ཞིག་འཇོག་བཞིན་ཡོད་ཨང་།
ཡང་ལྡོག་ཕྱོགས་ནས་བསམ་ན། བྱ་བའི་བར་གསེང་དུད་ཆང་གིས་སྐྱེལ་ཞིང་། འཛིན་གྲྭའི་སློབ་ཐུན་སྙོམ་ལས་ཀྱིས་རྫོགས་པའི་བསམ་མེད་དགེ་རྒན་འགའ་ཡོད་སྲིད་ན་ཁོང་ཚོའི་བྱེད་སྟངས་དེ་ཇི་འདྲའི་བྱས་ཉེས་ཆེན་པོ་ཞིག་ཡིན་ཨང་། ཁོང་ཚོས་རང་གི་སློབ་མའི་སེམས་ཁམས་སུ་བསྐྲུན་པའི་བག་ཆགས་ངན་པ་དེ་ནི་ངོ་མ་བློ་ངོར་ཤོང་ཐབས་དཀའ་བ་ཞིག་རེད།
དེས་ན་འུ་ཅག་དགེ་རྒན་རྣམས་ཀྱིས་སོ་སོ་རང་ཉིད་ལ་མི་རིགས་ཀྱི་མ་འོངས་པའི་ཤེས་ཡོན་ལ་ཕྱོགས་པའི་འགན་འཁྲི་ལྕི་མོ་ཞིག་ཡོད་པ་འདི་མཁྱེན་པའི་སྟེང་ནས་རང་གི་སློབ་བུ་རྣམས་ལེགས་པའི་ཕྱོགས་སུ་བཀྲི་ཐབས་སུ་རང་ནུས་ཀྱིས་ཐུགས་གཟབ་དང་ནན་ཏན་གནང་དགོས་ཞེས་པ་འདི་ཡིན།

  • ༣. དགེ་རྒན་གྱིས་དུས་ཚོད་དང་ངལ་བ་སྤྱད་དེ་རྒྱུགས་ཤོག་དང་ལན་ཤོག་ལ་གཟབ་ནན་དང་གཟིགས་རྟོག་མཐིལ་ཕྱིན་གནང་སྟེ། སློབ་མ་སློབ་སྦྱོང་ལ་འཇུག་པའི་ངར་ཤུགས་གསོན་པོ་ཞིག་བསླང་རྒྱུའི་ཐབས་ལ་འབད་དགོས་པ།

སྤྱིར་རྒྱུགས་སྤྲོད་ཀྱི་ཨང་ཐོབ་ཙམ་ནི་སློབ་མའི་འཐོབ་བྱའི་གཙོ་བོ་མིན་ཡང་། མི་ནི་རང་བཞིན་གྱིས་འགྲན་སྡུར་དང་ཐོབ་ཤོར་གྱི་ཁྲོད་ནས་ལས་སློབ་ལ་ངར་ཤུགས་འཕེལ་བཞིན་ཡོད་སྟབས། རྒྱུགས་སྤྲོད་དང་དེའི་གྲུབ་འབྲས་དག་གིས་ཤེས་རིག་ལ་ཕྱོགས་པའི་སློབ་མའི་སྦྱང་བརྩོན་ལ་རྟིང་སྐུལ་དང་། སློབ་སྦྱོང་བྱེད་པ་ལ་སྤྲོ་དགའི་ངར་ཤུགས་གསོན་པོ་ཞིག་སྦྱིན་བཞིན་ཡོད། དེ་དང་དུས་མཚུངས་སུ་ལྡོག་ཕྱོགས་ནས་བསམ་ན་ལས་སློབ་ལ་མི་དགའ་བའི་ཡི་ཆད་ཀྱི་རང་བཞིན་དང་བག་འཁུམ་གྱི་སྙོམ་ལས། གཡོ་སྒྱུའི་ཀུན་སློང་སོགས་ཀྱང་བྱ་འགུལ་འདི་དག་གི་ཁྲོད་ནས་སློབ་མའི་ཤེས་རྒྱུད་དུ་སྐྱེ་འཕེལ་འབྱུང་བཞིན་ཡོད།
དེས་ན་དགེ་རྒན་ནི་སློབ་མ་ཡང་དག་པའི་ལམ་བུར་འདྲེན་པའི་འཇིག་རྟེན་པའི་སྣེ་ཤན་གཙོ་བོ་ཞིག་ཡིན་སྟབས། དོན་ཚན་འདི་གལ་གནད་དུ་བཟུང་སྟེ་གོང་དུ་ཞུས་པ་ལྟར། དགེ་རྒན་རང་ཉིད་ཀྱིས་རང་གི་ལས་རིགས་རྣམས་ལ་ཕྱི་གསལ་ནང་གསལ་གྱིས་དྲང་བདེན་བྱ་རྒྱུ་འདི་ཧ་ཅང་གི་གལ་འགངས་ཆེན་པོ་ཞིག་ཏུ་སྣང་། འདི་ནི་དགེ་རྒན་རང་ཉིད་ཀྱི་མི་གཞིའི་ཀུན་སྤྱོད་དང་ཡང་འབྲེལ་བ་ཡོད་ལ། སྐབས་དོན་སློབ་མ་ལ་ཤེས་ཡོན་སྤྲོད་པའི་ཐབས་ལམ་དང་འབྲེལ་བ་ཆེན་པོ་ཞིག་ཆགས་ཡོད་པ་ཡིན། དཔེར་ན། དགེ་རྒན་གྱིས་སློབ་མའི་ལན་ཤོག་ལ་ཞིབ་གཟིགས་མ་གནང་བའམ། གནས་ལུགས་མི་ལྡན་པའི་ཐོབ་སྐར་སྤྲད་ཡོད་ན། དེའི་བག་ཆགས་ངན་པ་དེ་ནི་རྒྱུགས་འབྲས་ཀྱི་ཨང་ཐོབ་ལ་ཁེ་དང་གྱོང་རག་པའི་སློབ་བུ་དེ་དག་གཅིག་པུ་མིན་པར། སློབ་མ་ཡོངས་ཀྱི་ཡིད་རྟོན་གྱི་འདུ་ཤེས་བརླགས་ཏེ། སེམས་སུ་རང་གི་རྒྱུགས་འབྲས་ལེགས་པོ་ཡོང་མིན་ནི་རང་ཉིད་ཀྱི་སྦྱང་བརྩོན་གཅིག་པུ་ལ་མ་རག་པར་ཐབས་བྱུས་དང་བཀོད་པ་གཞན་ཞིག་གི་ལམ་ནས་འགྲོ་རྒྱུ་ཡོད་པའམ་འགྲོ་དགོས་པ། ཡང་ན་རང་ཉིད་ཀྱིས་སྦྱང་བརྩོན་ལེགས་པོ་མ་བྱས་ཀྱང་དགེ་རྒན་འདིའི་སློབ་ཚན་ལ་རྒྱུགས་འབྲས་ཀྱི་ཐད་ནས་སྐྱོན་ཆེར་མི་འབྱུང་སྙམ་པ་སོགས་ཀྱི་བག་ཆགས་ངན་པ་ཞིག་གམ་བསམ་བློ་ནོར་བ་ཞིག་སློབ་མའི་སེམས་སུ་འབྱུང་ངེས། དེ་འདྲ་བའི་བསམ་བློ་ནོར་བ་དེས་ཤེས་ཡོན་ལ་ཕྱོགས་པའི་སློབ་མའི་འབད་བརྩོན་དང་དཀའ་སྤྱད་ལ་གནོད་པ་ཆེན་པོ་ཞིག་ཐེབས་ངེས་རེད།
ང་རང་ཉིད་ཀྱིས་འདས་ཟིན་པའི་ལོ་ཟླའི་ཕྲེང་བའི་ཁྲོད་དུ་རང་འདོད་ཀྱི་ངལ་བ་ཁུར་དུ་བླངས་ཏེ། མི་རིགས་རང་གི་སྐད་ཡིག་དགེ་རྒན་ཞིག་གི་ལས་རིགས་གཉེར་བཞིན་པ་ཙམ་ལས། རང་ངོས་ནས་རང་གི་སྤྱི་ཚོགས་སུ་འབུར་དུ་ཐོན་པའི་ལས་འགུལ་འདི་ཡིན་ཞེས་པ་ཞིག་སྟོན་དུ་མེད་ཀྱང་། རང་ཉིད་ཀྱི་འགན་འཁྲི་དེ་རང་གིས་བསྒྲུབ་དགོས་པའི་གནས་ལུགས་འདི་གཙིགས་སུ་བཟུང་སྟེ། ཁ་པར་དང་གློག་ཀླད་རྒྱབ་ཏུ་བཞག་སྟེ། དུས་ཚོད་དང་ངལ་བ་ཆེད་དུ་སྤྱད་དེ། རང་ཉིད་ཀྱི་ཤེས་ཚད་དམ་རིག་ནུས་དང་མཐུན་པར་སློབ་མའི་ལན་ཤོག་ལ་ཞིབ་རྟོག་གཟབ་ནན་དང་། དྲང་བདེན་ཁ་གསང་བྱས་པ་འདིས། ང་རང་ཉིད་ལ་སྐབས་བབ་ཀྱི་འབྲས་བུ་བཟང་པོ་ཞིག་འབྱུང་བཞིན་ཡོད་པ་ནི། ལས་རིགས་འདིའི་ཐད་ལ་སློབ་མ་རྣམས་ཀྱིས་ང་རང་ཉིད་ལ་ཡིད་ཆེས་གཙང་མ་ཞིག་གནང་བཞིན་ཡོད་ཅེས་པ་འདིའོ།།
ད་ལྟ་རང་ཉིད་ཀྱི་སློབ་མའི་ཁྲོད་དུ་རྒྱུགས་འབྲས་བཟང་ངན་གྱི་དོན་དུ་ང་ལ་ངོ་དགའ་བྱེད་མཁན་མེད་ཅིང་། རྒྱུགས་འབྲས་གསལ་བསྒྲགས་ཀྱི་ཉིན་མོར་ང་ལ་རྩོད་པ་བྱེད་མཁན་ཡང་མེད། འདིའི་རྒྱུ་མཚན་གཙོ་བོ་གཉིས་ཏེ། དང་པོ། སློབ་མ་རང་ཉིད་ཀྱིས་སོ་སོས་ག་ཚོད་ཙམ་བྲིས་ཐུབ་ཡོད་མེད་ནི་སློབ་མ་རང་ཉིད་ལ་མངོན་གྱུར་ཡིན་ཞིང་། དེ་འབྲེལ་གྱི་རྒྱུགས་འབྲས་ཇི་ལྟར་ཡིན་མིན་ཡང་སློབ་མ་རང་ངོས་ནས་སྔོན་དཔག་རགས་ཙམ་བྱས་ཟིན་པ་ལྟར་ཡིན་པས་རེད། གཉིས་པ། སློབ་མས་དགེ་རྒན་དང་མཉམ་དུ་རྒྱུགས་འབྲས་ཀྱི་སྐར་གྲངས་ལ་ཐོབ་ཐང་གི་རྩོད་གླེང་བྱས་ཏེ། དངོས་དོན་ལས་བརྒལ་བའི་གྲུབ་དོན་འཕར་མ་ཞིག་ཐོབ་འདོད་ཀྱི་རེ་བ་འཛིན་པའམ། ཡང་ན། དགེ་རྒན་ལ་ཁ་འཇམ་གྱིས་སློང་མོ་བྱས་ཏེ་ཐོབ་སྐར་འཕར་མ་ཞིག་ཡོང་རྒྱུའི་བསམ་བློ་གཏོང་བ་དེ་དག་ལ་དོན་མཐུན་གྱི་གྲུབ་འབྲས་གང་ཡང་མེད་པའི་གནས་ལུགས་ཀྱང་སློབ་མ་རང་ཉིད་ཀྱིས་ངེས་ཤེས་གསལ་བོར་རྙེད་ཟིན་པས་རེད། དེ་ལྟར་དགེ་རྒན་གྱིས་རྒྱུགས་སྤྲོད་ལ་ཞིབ་རྟོག་ནན་ཏན་དང་དྲང་བདེན་ཁ་གསལ་བྱས་ན། ཤེས་བརྩོན་ཞན་པའི་སློབ་མ་རེ་ཟུང་ནས་རྒྱུགས་མ་འཕྲོད་པ་སོགས་ཀྱི་གནས་ཚུལ་བྱུང་ཡང་། སློབ་མ་རང་ཉིད་ཀྱིས་སོ་སོས་རྒྱུགས་མ་འཕྲོད་པ་དེ་ནི་སོ་སོ་རང་ཉིད་ཀྱི་ཞན་ཆ་ཞིག་གམ། ལྷོད་གཡེང་བྱས་པའི་མཐའ་འབྲས་ཤིག་ཡིན་ཚུལ་གསལ་བོར་ཚོར་ནས། རང་ཉིད་ཀྱི་ནོར་འཁྲུལ་ལ་རང་གིས་ཡོ་བསྲང་བྱེད་དགོས་པའི་ཀུན་སློང་འབྱུང་བ་མ་གཏོགས། དགེ་རྒན་དང་སེམས་ཐག་རིང་དུ་འགྲོ་བའི་གནས་ཚུལ་འདི་འབྱུང་མི་སྲིད་པ་ཞིག་རེད། དགེ་རྒན་རང་ངོས་ནས་སློབ་མའི་ལན་ཤོག་ལ་ཞིབ་གཟིགས་ནན་ཏན་དང་ནོར་བ་ལ་ནོར་རྟགས་དང་། འགྲིག་པ་ལ་འགྲིག་རྟགས་བཅས་ཁ་གསལ་བཀོད་དེ། སློབ་མ་རྣམས་ཀྱི་རྒྱུགས་སྤྲོད་ཀྱི་གྲུབ་འབྲས་དེ་སློབ་མ་སོ་སོས་སྦྱང་བརྩོན་ཇི་ལྟར་གནང་མིན་གསལ་བོར་མཚོན་པའི་བདེན་དཔང་སྟོབས་ལྡན་ཞིག་གི་ངོ་བོར་སྐྲུན་ཐུབ་པ་བྱུང་ན། སློབ་མའི་རང་རྟོན་གྱི་བསམ་བློ་གོང་དུ་འཕེལ་ཏེ། སློབ་ཚན་ལ་སྦྱང་བརྩོན་ལེགས་པོ་བྱས་པའི་སློབ་མ་རྣམས་ལ་སེམས་ཤུགས་འཕར་མ་ཞིག་དང་། སློབ་སྦྱོང་ལ་ངལ་བ་བྱེད་པའི་སྤྲོ་སྣང་གསོན་པོ་ཞིག་ཀྱང་སྦྱིན་ངེས་ཡིན།
དུས་སྐབས་དེར་རྒྱུགས་འབྲས་ཞན་པའི་སློབ་མ་རྣམས་ལ་ཡང་རང་ཉིད་ཀྱིས་སློབ་ཚན་ལ་སྦྱང་བརྩོན་མ་བྱས་ན་མི་འགྲིག་པའི་ངང་ཚུལ་དང་། རང་ཉིད་ཀྱི་རྒྱུགས་འབྲས་ལེགས་པོ་ཡོང་མིན་ནི་རང་ཉིད་ཀྱི་སྦྱང་བརྩོན་ལ་རག་ལས་ཡོད་པའི་གནས་ལུགས་ལ་ངེས་ཤེས་བརྟན་པོ་ཞིག་རྙེད་དེ། རང་གིས་ལྷོད་གཡེང་དང་ལེ་ལོ་བྱས་པའི་ངང་ཚུལ་ལ་འགྱོད་སེམས་སྐྱེས་ནས། སློབ་སྦྱོང་ལ་འབད་བརྩོན་བྱེད་རྒྱུའི་སྐུལ་བརྡ་རླབས་ཆེན་ཞིག་ཏུ་འགྱུར་འགྲོ་ངེས་ཡིན།
མདོར་ན། དགེ་རྒན་གྱིས་སློབ་མའི་ལན་ཤོག་ལ་ཞིབ་གཟིགས་ནན་ཏན་དང་ཨང་ཐོབ་ལ་དྲང་བདེན་བྱས་ཏེ། དགེ་རྒན་རང་ཉིད་སློབ་མའི་བསམ་ངོར་དྲང་བདེན་དང་བྱམས་བརྩེའི་བདག་ཉིད་ཅན་གྱི་མི་བུ་རྒྱུད་དག་ཅིག་ཡིན་པའི་མཚན་ཉིད་བསྐྲུན་རྒྱུ་འདི་ནི། དགེ་སློབ་བར་གྱི་ལྟ་སྟངས་བཟང་ཕྱོགས་སུ་འགྲོ་བའི་ལམ་ཆེན་ཞིག་ཡིན་པར་མ་ཟད། ཤེས་ཡོན་ལ་འཇུག་པའི་བརྩོན་འགྲུས་ཀྱི་རྒྱལ་མཚན་མཐོན་པོ་འདི་ཉིད་མུ་མཐའ་བྲལ་བའི་ཤེས་བྱའི་མཁའ་དབྱིངས་སུ་འདེགས་པའི་ཀ་ཆེན་ཞིག་ཀྱང་ཡིན་ཞེས་པ་འདིའོ།།
མཚམས་འདིར་ངེས་དགོས་པ་ཞིག་ལ་རྒྱུགས་སྤྲོད་ནི་ཤེས་ཡོན་དང་རིག་གནས་ལ་སྦྱང་བརྩོན་གནང་བའི་སྐུལ་མ་ཞིག་ཡིན་ཡང་། མཚམས་རེར་རྗེས་ལུས་ཀྱི་སློབ་མ་ཉུང་ཤས་ཤིག་ལ་སྒྱིད་ལུག་གི་སེམས་ཁམས་སྐྱེད་པའི་རྒྱུའམ། རེ་འདུན་གྱི་མོས་ཁམས་བཤིག་པའི་རྐྱེན་དུའང་འགྱུར་བཞིན་ཡོད་པས། དགེ་རྒན་གྱིས་དུས་རྒྱུགས་དང་ལོ་འཁོར་རྒྱུགས་སྤྲོད་སོགས་སློབ་གྲྭའི་རྒྱུགས་སྤྲོད་ཆེ་ཆུང་གང་གི་སྐབས་སུ་ཡང་། རྒྱུགས་སྤྲོད་ཀྱི་དྲི་ཤོག་ཇི་ལྟར་བཟོ་དགོས་མིན་གྱི་ཐད་ལ་ཐུགས་བསམ་ནན་བཞེས་གནང་བ་འདི་ཧ་ཅང་གི་གལ་ཆེན་ཞིག་ཡིན། འཛིན་གྲྭ་གཅིག་པའི་སློབ་མ་ཡིན་ན་ཡང་། སློབ་ཕྲུག་ནང་ཁུལ་དུ་སློབ་སྦྱོང་ལེགས་མིན་ཆ་མི་མཉམ་པ་དུ་མ་ཞིག་འབྱུང་བཞིན་ཡོད་སྟབས། རྒྱུགས་སྤྲོད་ཀྱི་དྲི་གཞི་ཁག་ཀྱང་དམ་ཆེ་ན་མི་འགྲིག་པ་དང་། སླ་དྲགས་ནའང་མི་འགྲིག་པ་ཡིན། རྒྱུགས་སྤྲོད་ཀྱི་དྲི་བ་བཟོ་བའི་སྐབས་སུ་སྐད་ཡིག་ལྟ་བུ་ལ་ཆ་མཚོན་ན་བར་སྟོང་བསྐང་རྒྱུ་དང་། མཐུན་སྦྱོར་བྱེད་རྒྱུ། དག་ཆ་ནོར་བཅོས། དྲི་བར་ལན་འདེབས། གོ་རྟོགས་སྡེ་ཚན་སོགས་སྡེ་ཚན་མང་པོ་ཞིག་སློབ་དེབ་ཏུ་འཁོད་པ་ལྟར་རྒྱུགས་སྤྲོད་ཀྱི་དྲི་ཤོག་ཏུའང་དེ་དག་འགོད་གང་ཐུབ་གནང་ན་དགེ་མཚན་ཆེ་བར་མངོན་ཏེ། དྲི་བ་རྐང་རེ་གཉིས་ཀྱིས་སློབ་མའི་སྐད་ཡིག་གི་ཤེས་ཚད་འཇལ་མི་ཐུབ་ཅིང་། དྲིས་ལན་རྐང་རེ་གཉིས་ལ་ལན་འདེབས་བྲིས་པ་ཙམ་གྱིས་ཀྱང་སློབ་མ་རང་ཉིད་ཀྱི་ཡིག་བྲིས་ཀྱི་གོམས་གཤིས་སམ་ཉམས་མྱོང་ལ་ཕན་རླབས་ཆེར་མི་འབྱུང་བས་སོ།།
སྤྱིར་རྒྱུགས་སྤྲོད་ནི་ལོ་དུས་སྐབས་མཚམས་རྣམས་སུ་འཛིན་ཁང་དུ་སློབ་མ་རྣམས་ལ་གང་བསླབས་ཟིན་པ་ཁག་དང་། དེ་འབྲེལ་གྱི་བསླབ་གཞི་ཁག་ཡིན་དགོས་པ་ལས་སློབ་ཚན་གཞན་ཞིག་བསླབས་ནས་རྒྱུགས་སྤྲོད་གཞན་ཞིག་གཏོང་བ་ནི། དཀྱུ་ས་གཞན་དུ་བསྟན་ནས་རྒྱུག་ས་གཞན་དུ་བྱེད་ཅེས་པ་ལྟར་ཡིན་པས། སྐབས་བབ་ཀྱི་སློབ་ཚན་དང་འབྲེལ་བ་མེད་པའམ། ཡོད་ཀྱང་སློབ་མར་མ་བསླབས་པའི་སློབ་ཚན་རྣམས་སྐབས་བབ་ཀྱི་རྒྱུགས་སྤྲོད་དེའི་དྲི་བའི་ཁོངས་སུ་ཡོང་མི་ཆོག་པ་ཡིན།
དགེ་རྒན་འགའ་ཤས་ཀྱིས་སློབ་གྲྭའི་རྒྱུགས་སྤྲོད་ཆེ་ཆུང་གང་རུང་ལ་ཉེ་བའི་སྐབས་མཚམས་རྣམས་སུ། རང་གི་སློབ་མ་རྣམས་ལ་སློབ་ཚན་གྱི་གལ་ཆེའི་གནད་དོན་ཁག་སྟེ། སློབ་དེབ་ཁག་ཏུ་འཁོད་པའི་དོན་གནད་ཀྱི་སྙིང་པོ་བསྡུས་ཏེ་ཞིབ་བརྗོད་གནང་སྲོལ་འདུག་པ་འདི་ནི། སློབ་ཚན་གྱི་གནད་དོན་རྡོག་སྒྲིལ་ཏེ་སེམས་སུ་འཛིན་ཚུལ་ངེས་པའི་ཐབས་དང་དུས་ཚོད་ལེགས་ཤོས་སུ་མཐོང་། རྒྱུགས་སྤྲོད་ཀྱི་སྐབས་འདི་ནི་ཧ་ཅང་གི་གལ་གནད་ཆེན་པོ་ཞིག་ཡིན་པས་དགེ་རྒན་རང་ཉིད་ཀྱི་དུས་ཚོད་དལ་བྲེལ་ཇི་ལྟར་ཡིན་ཡང་། ལས་གཞི་འདི་ལ་སླ་ཆོས་དང་སྣང་ཆུང་གཏན་ནས་གནང་མི་རུང་། རྒྱུགས་སྤྲོད་ཀྱི་དྲི་བ་གང་འདྲ་བཟོ་དགོས་མིན་གྱི་ཐད་དུ་ཐུགས་བསམ་བཞེས་པའི་དལ་ཁོམ་དང་། སློབ་མའི་ལན་ཤོག་ལ་ཞིབ་གཟིགས་ནན་ཏན་གནང་བའི་ཐུགས་ཁོམ་བཅས་མེད་ཚེ། སྐབས་དེ་དུས་དགེ་རྒན་རང་ཉིད་ལ་དགེ་རྒན་གྱི་ཕྱག་ལས་གནང་བའི་དུས་ཚོད་ཀྱང་མེད་སོང་བ་ཡིན་པ་མཁྱེན་དགོས།
མཐའ་དོན། གོང་དུ་ཞུས་པ་ལྟར་དགེ་རྒན་ནི་སྤྱི་ཚོགས་ཀྱི་སྣེ་ཁྲིད་པ་གཙོ་བོ་ཞིག་ཡིན་པའི་གནས་ལུགས་ལ་ཡིད་འཇོག་བྱས་ཏེ། དུས་ཚོད་དང་ངལ་བ་ཁྱད་དུ་བསད་དེ་རང་གི་ལས་རིགས་ལ་ལྷོད་གཡེང་དུ་མི་འགྲོ་བ་ཞིག་གནང་གལ་ཆེ་ཞེས་འབོད་སྐུལ་ཞུ་རྒྱུ་འདིའོ།།