རྡོ་རྗེ་འཕྲིན་ལས།

སྐུ་མདོག་ས་ལེ་སྦྲམ་བཞིན་གཟི་མདངས་ཉམས་མེད་རབ་ཏུ་འཕྲོ་བའི་གསེར་འོད་སྐུ།།
སྐུ་ལྔའི་ཡོན་ཏན་མངའ་ཞིང་འཕགས་མཆོག་སྤྲུལ་བ་མི་ཡི་རྣམ་པར་རོལ་བའི་སྐུ།།
སྐུ་ལུས་ཡོངས་རྫོགས་ཞི་བདེའི་ཆོས་རྫས་ངུར་སྨྲིག་གོས་ཀྱིས་རྣམ་པར་བརྒྱན་པའི་སྐུ།།
སྐུ་ཡི་མཚན་དཔེ་བརྒྱ་དང་བཅུ་གཉིས་མ་ལུས་མཆིས་པའི་བདེ་གཤེགས་སངས་རྒྱས་སྐུ།།

གསུང་རབ་བང་མཛོད་མཁའ་བཞིན་ཡངས་བའི་ཟེགས་མ་རེ་རེ་མ་འཁྲུལ་འཆད་ནུས་གསུང་།།
གསུང་རབ་བཅུ་གཉིས་འོད་སྟོང་དག་གིས་འཁོར་བའི་འགྲོ་སྡུག་མུན་པ་བསལ་ནུས་གསུང་།།
གསུང་རབ་བདུད་རྩིས་བྱམས་བརྩེའི་སྦྲང་ཆར་འབའ་ཞིག་ཕབ་པའི་དབྱངས་སྙན་དྲུག་ཅུའི་གསུང་།།
གསུང་རབ་གྲུ་ལ་བརྟེན་ནས་འཁོར་སྡུག་རྒྱ་མཚོའི་མཐའ་ལ་གྲོལ་ཕྱིར་དམ་ཆོས་གསུང་།།

ཐུགས་མཁྱེན་མུ་མེད་ཀུན་གསལ་བཞིན་དུ་ཡངས་ལ་གཏིང་དཔོག་དཀའ་བའི་ཆུ་གཏེར་ཐུགས།།
ཐུགས་རྒྱུད་འཇམ་པས་འཁོར་བར་འཕེན་བྱེད་དུག་གསུམ་མཚོན་ཆ་བཅོམ་པའི་བྱང་ཆུབ་ཐུགས།།
ཐུགས་དགོངས་དྲང་ཞིང་དགྲ་གཉེན་དབུལ་ཕྱུག་ཀུན་ལ་བྲེ་སྲང་བཞིན་དུ་ལྟ་བའི་ཐུགས།།
ཐུགས་དཀྱེལ་ཆེ་བས་འཁོར་བའི་མེ་ནང་ཚུད་པའི་འགྲོ་དྲུག་སྐྱོབ་པའི་སྙིང་རྗེའི་ཐུགས།།

ཞེས་༸རྒྱལ་དབང་མཆོག་གི་སྐུ་གསུང་ཐུགས་ཀྱི་ཁྱད་དུ་འཕགས་པའི་ཡོན་ཏན་དག་ལ་མཆོད་བརྗོད་ཀྱིས་སྔོན་བསུས་པའི་ཐོག ད་ལན་བོད་མིའི་སྒྲིག་འཛུགས་ཀྱིས་ཐུགས་དགོངས་ཆེ་བཞེས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དྲིན་རྗེས་དྲན་གྱི་དུས་ཚེས་བཟང་པོ་འདི་དང་སྟབས་བསྟུན་ནས། བོད་པའི་སློབ་གྲྭ་ཡོངས་ལ་བརྗོད་གཞི་མི་འདྲ་བ་གཉིས་ནས་གང་རུང་གཅིག་ལ་རང་རང་སོ་སོས་གང་ཞིག་ལ་རྩོམ་ཡིག་འབྲི་རྒྱུའི་རླབས་ཆེན་གྱི་ལས་འགུལ་བཟང་པོ་འདི་འདྲ་ཞིག་བརྩམས་གནང་བ་འདིར་ཐུགས་རྗེ་ཆེ་ཞེས་ཞུ་བ་དང་སྦྲགས། རང་ཉིད་ཀྱང་ལས་འགུལ་འདིར་དགའ་དད་སྤྲོ་གསུམ་ངང་གང་ཤེས་མཉམ་བཞུགས་བྱེད་རྒྱུ་ཡིན་སྟབས། གོང་གི་བརྗོད་གཞི་འདིའི་ཐོག་དོན་ཚན་ལྔ་ལ་དབྱེ་ནས་རྩོམ་ཡིག་འདི་འབྲི་རྒྱུ་ཡིན་ནོ།།

དང་པོ། བོད་ཀྱི་སྐད་ཡིག་གི་འབྱུང་ཁུངས་འཆད་པ།

སྤྱིར་ང་ཚོའི་བོད་ཀྱི་སྐད་ཡིག་གི་འབྱུང་ཁུངས་གང་ནས་ཡིན་པ་མ་ཤེས་མཁན་ཕལ་ཆེར་ཡོད་ཀྱི་མ་རེད་སྙམ་གྱི་འདུག འོན་ཀྱང་། གལ་པོ་ཆེ་ལ་ནན་ཏན་གྱི་དཔེ་ལྟར། སོ་སོའི་ཐུན་མོང་མ་ཡིན་པའི་སྐད་དང་ཡི་གེའི་འབྱུང་ཁུངས་དེ། སུས་བཟོས་པ་དང་། ཅི་ཡི་ཕྱིར་བཟོས་པ་དེ་དག་ཤེས་རྟོགས་དགོས་རྒྱུ་ཧ་ཅང་གི་གལ་འགངས་ཆེ་ཤོས་ཡིན་པ་སྨྲོས་མེད་རེད། དཔེར་ན། ང་ཚོ་འདྲ་བའི་ནང་པ་ཚོས་ནང་པའི་བསྟན་པའི་བདག་པོ། སྟོན་པ་བཅོམ་ལྡན་འདས་ཁས་ལེན་མཁན་དང་། དད་པ་གཡོ་བ་མེད་པར་བྱེད་མཁན་ཡང་ཧ་ཅང་གི་མང་པོ་ཡོད་པ་རེད། འོན་ཏེ། སྟོན་པ་བཅོམ་ལྡན་འདས་གང་ནས་ཡིན་པ་དང་། ཁོང་ལ་དད་པ་བྱེད་དགོས་དོན། དེ་བཞིན་དད་པ་སོགས་བྱས་ན་ཕན་ཡོན་གང་ཡོད་མེད་བཅས་མ་ཤེས་ན། ཧ་ཅང་གི་ངོ་ཚ་པོ་ཞིག་དང་རྨོངས་དད་ཙམ་ཆགས་པ་མ་ཡིན་ནམ། དེར་བརྟེན་ད་རེ་ངས་འདིར་བོད་ཀྱི་སྐད་ཡིག་གི་འབྱུང་ཁུངས་སྐོར་སྙིང་བསྡུས་ཙམ་ཞིག་བརྗོད་འདོད་ཆེན་པོ་བྱུང་།
དུས་རབས་བདུན་པ། ཕྱི་ལོ་༦༣༣ ལོར་ཐོན་མི་སམ་བྷོ་ཊ་དགུང་ལོ་བཅོ་ལྔ་བཞེས་པའི་སྐབས། ཐོན་མི་དང་བཅས་མཉམ་དུ་བློ་རིག་བཀྲ་བའི་མི་བཅུ་དྲུག་རྒྱ་གར་དུ་བོད་རྒྱལ་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བཀའ་ལྟར་ཡི་གེ་སློབ་ཏུ་ཆས་པ་རེད། ཐོན་མི་ཕུད་པས་བློན་པོ་གཞན་རྣམས། ལ་ལས་ཚ་བ་མ་བཟོད་པ་དང་། ལ་ལ་ལམ་དུ་སྙུང་གཞི་བཞེས་པ་དང་། ལ་ལ་རྒྱ་གར་དུ་སླེབས་ཀྱང་ཟས་ཆུ་མ་འཕྲོད་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན། གང་ལྟར་ཁུངས་མ་འཁྱོལ་བ་རེད། བློོན་པོ་ཐོན་མིེས་དཀའ་ཚེགས་ཇི་ཙམ་ཕྲད་ཀྱང་སེམས་མ་ཞུམ་པར་དཀའ་སྤྱད་ཁུར་ཏུ་བླངས་ནས་རྒྱ་གར་གྱི་ཡིག་མཁན་མཁས་པ་བྲམ་ཟེ་ལི་བྱིན་ཀ་ར་དང་། ལྷ་རིག་པའི་སེང་གེ་གཉིས་ཀྱི་ཞབས་ལ་གཏུགས་ནས། དང་ཐོག་རྒྱ་གར་གྱི་ཡི་གེ་མཐར་ཕྱིན་པ་ལེགས་པར་གསན་སྦྱོང་གནང་བ་དང་། དེ་རྗེས་བོད་པའི་སྐད་དང་མཐུན་པའི་གསལ་བྱེད་སུམ་ཅུ། དབྱངས་ཡིག་བཞི། མགོ་ཅན་དང་འདོགས་ཅན། སྔོན་འཇུག་དང་རྗེས་འཇུག་སོགས་བཟོས་པ་དེ་རྩོད་མེད་ཡོངས་གྲགས་ཡིན། མདོར་བསྡུས་ནས་བཤད་ན། ད་ལྟ་ང་ཚོས་བཀོལ་སྤྱོད་བྱེད་བཞིན་པའི་བོད་པའི་ཡི་གེ་དེའི་འབྱུང་སའི་ཁུངས་རྒྱ་གར་ནས་འཁྲུལ་མེད་ཡིན་པ་ཤེས་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན་ནོ།།

གཉིས་པ། བོད་ཀྱི་སྐད་ཡིག་བཟོ་དགོས་དོན་འཆད་པ།

སྔོན་འདས་པའི་ལོ་ངོ་སྟོང་ཕྲག་གཅིག་དང་སུམ་བརྒྱ་ལྷག་ཙམ་སོང་བའི་དུས་རབས་བདུན་པའི་སྐབས་ལ། བོད་རྒྱལ་སོ་གཉིས་པ་གནམ་རི་སྲོང་བཙན་གྱི་སྲས་བཙན་པོ་སྲོང་བཙན་སྒམ་པོ་དགུང་གྲངས་བཅུ་གསུམ་ལ་ཕེབས་ཚེ། ས་མོ་གླང་གི་ཕྱི་ལོ་(༦༢༩) ལ་བོད་རྒྱལ་ཁབ་ཀྱི་རྒྱལ་སྲིད་གསར་དུ་སྐྱོང་བའི་དགའ་སྟོན་ལ། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ནས་དགའ་སྟོན་ཡོ་ལང་དེར་བཀྲ་ཤིས་འཚམས་འདྲི་ཞུ་ཆེད་རང་རང་སོ་སོའི་རྒྱལ་ཁམས་ཀྱི་ཡི་གེར་བཀོད་པའི་འཚམས་ཞུའི་འཕྲིན་ཡིག་དང་། ལེགས་སྐྱེས་སུ་རིན་བྲལ་གྱི་རྟེན་མཚོན་འདི་དང་འདི་ཡོད་ཞེས་སོ་སོའི་ཡུལ་གྱི་ཡི་གེར་བྲིས་ཏེ་བསྐུར་བ་ལ། སྐབས་དེར་བོད་རང་ལ་ཡི་གེ་མེད་སྟབས། སྐྱེས་ལན་དང་འཕྲིན་ལན་ངག་འཕྲིན་ཙམ་བསྐུར་རྒྱུ་མ་གཏོགས་གཞན་མ་བྱུང་བས། སྐབས་དེ་མ་ཉིད་དུ་བོད་རྒྱལ་སྲོང་བཙན་གྱི་ཐུགས་དགོངས་ལ། རང་ཅག་བོད་རྒྱལ་ཁབ་ཀྱི་ཕྱི་ནང་གི་རྒྱལ་སྲིད་ཁྲིམས་མཐུན་གྱི་ཐོག་ནས་ཡང་དག་པ་དང་སྲ་བརྟན་ཞིག་སྐྱོང་བ་ལ། ངེས་པར་དུ་བོད་པའི་སྐད་དང་མཐུན་པའི་ཡི་གེ་ཞིག་བཟོ་དགོས་ཀྱི་འདུག་སྙམ་པའི་བཟློག་ཏུ་མེད་པའི་ཐུགས་དགོངས་ཀྱི་དམ་བཅའ་བརྟན་པོ་བཅངས་པ་དང་། དེ་བཅངས་པ་བཞིན་བློན་པོ་ཐུན་མི་སོགས་བློ་རིག་བཀྲ་བའི་མི་བཅུ་དྲུག་རྒྱ་གར་ལ་ཡི་གེ་སློབ་ཏུ་བཏང་དགོས་དོན་ཡང་དེ་རང་ཡིན་ནོ།།
དེར་བརྟེན་ང་ཚོའི་སྔོན་གྱི་སྐྱེས་ཆེན་དམ་པ་ཚོས་དཀའ་སྡུག་ཁྱད་དུ་བསད་ནས་ཡི་གེའི་རྣམ་གཞག་ཆ་ཚང་བ་འདི་འདྲ་ཞིག་བཟོས་པ་དེ། དེང་གི་བོད་པ་ཚོས་བཀོལ་སྤྱོད་དང་ཉར་ཚགས་མི་བྱེད་པར་དོན་མེད་བརླག་བཅུག་ན་ག་ལ་འགྲིག

གསུམ་པ། དེང་བོད་ཀྱི་སྐད་ཡིག་ཆག་འཇིག་ལ་འགྲོ་བའི་རྐྱེན།

ང་ཚོའི་བོད་པའི་ངག་རྒྱུན་ལ། བསྟན་པ་ཕྱི་ཡིས་མི་ནུབ་ནང་ནས་ནུབ། ཞེས་པ་ལྟར། གོང་དུ་མདོར་ཙམ་ཞུས་པ་བཞིན། སྔོན་བྱོན་བོད་པའི་མེས་པོ་ཚོའི་སྐབས་སྣུམ་འཁོར་དང་གནམ་གྲུ་སོགས་གང་ཡང་མེད་པའི་ཚེ། ལ་ལུང་མང་པོ་བརྒྱབ་སྟེ་དཀའ་སྤྱད་ཁུར་དུ་བླངས་ནས། མཐར་ཡུལ་གྲུ་གཞན་གྱིས་འགྲན་མི་ཕོད་པའི་བོད་པའི་སྐད་དང་མཐུན་པའི་ཡི་གེའི་རྣམ་གཞག་ཆ་ཚང་བ་ཞིག་བཟོས་པ་དེ། དེང་གི་དུས་རབས་ཉེར་གཅིག་ནང་འཚར་ལོངས་བྱུང་བའི་བོད་ཕྲུག་ཚོས་གསེར་དངུལ་གཉིས་པོའི་རིན་ཐང་དབྱེ་མ་ཤེས་པར། གསེར་དང་རིན་ཐང་འདྲ་བའི་བོད་པའི་སྐད་དང་ཡི་གེ་དོར་ཏེ་ཕྱི་ཡི་རྒྱལ་ཁབ་ཀྱི་སྐད་དང་ཡི་གེར་རིན་བྲལ་གྱི་དངོས་པོ་ལྟར་རྩིས་ནས་སྦྱང་པ་བྱས་པ་དེ། ཧ་ཅང་གི་ཐབས་སྐྱོ་པོ་དང་རང་གི་རྐང་པར་རང་གིས་རྡོ་གཞུས་པ་དང་གཅིག་མཚུངས་ཡིན་ནོ།།
ང་ཚོ་བོད་མི་ཚོས་དུས་རྟག་ཏུ་སྤྱི་བོའི་གཙུག་ཏུ་བཀུར་བའི་བོད་མིའི་ཚེ་འདི་ཕྱི་གཉིས་ཀྱི་མགོན་སྐྱབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་རྒྱལ་ཁབ་དང་མི་རིགས་གཉིས་པོ་ཤི་གསོན་གྱི་མཚམས་ལས་སྐྱོབ་ཆེད། དགུང་ལོ་བཅུ་དྲུག་ནས་རི་ལྟར་གྱི་འགན་ཁྲི་ལྕི་པོ་འདི་བཞེས་ནས་ད་བར་དགུང་ལོ་ཧྲིལ་པོ་བརྒྱད་ཅུ་གྱ་ལྔ་བར། ཕྱག་གཉིས་ཐལ་མོ་སྦྱར་ཏེ་འཛམ་གླིང་ཡུལ་གྲུ་གང་སར་བོད་ཀྱི་བདེན་མཐའ་གསལ་རྒྱུ་གཙོ་བོར་བཞག་པ་དང་སྦྲགས། ཕྱི་ལོ་༡༩༥༩ ལོར་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་སྐབས། བོད་མི་རིགས་འདི་རྩ་བརླག་མི་འགྲོ་བའི་སླད། ཐོག་མར་རྒྱ་གར་ས་གནས་( DEHARDUN ) ལ་མ་སུ་རི་བཏན་སློབ་སྟེ། བོད་པའི་སློབ་གྲྭ་ཆེད་དུ་གསར་བཙུགས་གནང་བ་འདི་དགོས་པ་གང་གི་སླད་དུ་ཡིན་པ་དེ། ང་ཚོ་བོད་པ་ཚོས་ཤེས་རྟོགས་དགོས་རྒྱུ་ཧ་ཅང་གི་གལ་འགངས་ཆེན་པོ་ཡིན། འོན་ཀྱང་། དེ་ལས་ལྡོག་སྟེ་ང་ཚོས་ངག་ནས་༸གོང་ས་མཆོག་ལ་སྐྱབས་སུ་མཆི་དང་། སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག ཅེས་མིག་འཛུམ་འཛུམ་ངང་ཚིག་སྐམ་པོ་བཤད་པ་མ་གཏོགས། དོན་དངོས་ཐོག་ཁོང་གི་བཀའ་བཞིན་གྲུབ་མཁན་ག་ཚོད་དམ།
དེ་བཞིན་བོད་ཕྲུག་འགའ་ཞིག་ལ་བོད་ཀྱི་སྐད་ཡིག་གཉིས་པོ་སྦྱང་དགོས་པའི་སྐུལ་མ་གཏོང་རྒྱུའི་ཚབ་ཏུ། སྐད་གྲགས་ཅན་གྱི་ཨིན་ཇིའི་སློབ་གྲྭ་སོགས་ལ་གཏོང་བ་དང་། ཕྲུ་གུའི་མི་ཚེ་འབའ་ཞིག་བཟོ་རྒྱུའི་མནོ་བསམ་གཏོང་བ་ལས། རང་གི་རྒྱལ་ཁབ་དང་མི་རིགས་ཞེས་པ་དེར་འབྲེལ་བ་གཏན་ནས་མེད་པ་ལྟ་བུའམ། ཡང་ན། རང་ཉིད་བོད་པ་ཞིག་མ་ཡིན་པ་ལྟ་བུར་རྩིས་ཀྱི་མེད་དམ་སྙམ་གྱི་འདུག བོད་ལ་ཡོད་པའི་བོད་པའི་སློབ་ཕྲུག་དང་གཞོན་སྐྱེས་ཚོར་བཙན་དབང་གིས་བོད་ཀྱི་སྐད་ཡིག་སྦྱང་མ་བཅུག་པར་རྒྱ་ཡི་སྐད་ཡིག་ཁོ་ན་སྦྱང་བཅུག་པ་ཙམ་མ་ཟད། བོད་ཕྲུག་ཚོའི་བསམ་བློ་སྒྱུར་བཅོས་གཏོང་རྒྱུའི་སློབ་གསོ་ངན་པའི་རིགས་ཀྱང་གང་མང་སྤྲོད་ཀྱི་ཡོད་སྟབས། གཞི་ལ་ཡོད་པའི་བོད་ཕྲུག་ཚོར་རང་གི་སྐད་ཡིག་སྦྱང་རྒྱུའི་འདུན་པ་ཤུགས་ཆེ་མཆིས་ཀྱང་བྱ་ཐབས་ཅི་ཡང་མེད་པ་རེད།
འོན་ཀྱང་། བྱེས་ལ་ཡོད་པའི་བོད་ཕྲུག་གཞོན་སྐྱེས་ཚོར་༸རྒྱལ་དབང་མཆོག་གི་ཐུགས་རྗེའི་བཀའ་དྲིན་ལ་རྟེན། དེང་དུས་ཀྱི་ཤེས་ཡོན་སྦྱོང་རྒྱུ་ཡོད་པའི་ཁར། ང་ཚོའི་བོད་ཀྱི་སྐད་དང་ཡི་གེ་སྦྱོང་རྒྱུའི་གོ་སྐབས་ལྡན་པ་ཙམ་མ་ཟད། རང་གི་འཇོན་ན་སློབ་སྦྱོང་བྱེད་རྒྱུའི་སློབ་ཡོན་དང་མཐུན་རྐྱེན་ཡང་ཆ་ཚང་བསྐྲུན་གྱི་ཡོད། སྤྱིར་རང་མི་རིགས་ཀྱི་སྐད་ཡིག་གཉིས་པོ་ད་ལྟའི་ཆར་ང་རང་ཚོས་གཅེས་ཉར་མ་བྱས་པ་དང་གཅིག གཉིས་ནས་བོད་ནང་ལ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་མི་རིགས་དང་བཅས་པ་རྩ་མེད་བཟོ་ཆེད་འཛིན་སྐྱོང་བྱེད་བཅུག་གི་མེད་སྟབས། ཤི་དང་གསོན་གྱི་མཚམས་ལ་སླེབས་ཡོད་པ་རེད། དེའི་ཐོག་ང་ཚོ་བོད་པ་ཚོར་སོ་སོ་རྐུབ་འཛུགས་སའི་ས་ཆ་ལག་ཐིལ་ཙམ་ཡང་མེད་པའི་ཁར། མི་ཡི་ལུང་པར་རྒྱས་སྤྲོས་དང་རྫིག་པོ་བྱེད་རྒྱུ་མཚམས་འཇོག་བྱས་ན་ལེགས་སྙམ་མོ།།
ད་ལྟ་༸རྒྱལ་དབང་མཆོག་གི་ཐུགས་རྗེའི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་མིའི་ལུང་པར་སྐྱིད་ལ་རྒྱགས་པ་བྱས་ནས་སྡོད་རྒྱུ་ཐོབ་པ་མ་གཏོགས། གཞན་སུ་གང་གིས་བྱས་རྗེས་དང་འཇོན་ཐང་ལ་རྟེན་ནས་ཐོབ་པ་ཞིག་མ་ཡིན་པ་དེ་ང་ཚོ་ཚང་མས་ཤེས་དགོས་ངེས་རེད། དེ་བཞིན་རྒྱ་གར་དང་བལ་ཡུལ། ཡར་ཐོན་ཅན་གྱི་ཕྱི་ཡི་རྒྱལ་ཁབ་ཁག་ལ་ཡོད་པའི་བཙན་བྱོལ་བོད་མི་རྒན་དར་གཞོན་གསུམ་ནང་ལའང་། ཕན་ཚུན་སྐད་ཆ་ཤོད་སྐབས། ཧིན་སྐད་དང་བོད་སྐད་མཉམ་བསྲེས། བལ་སྐད་དང་བོད་སྐད་མཉམ་བསྲེས། ཨིན་སྐད་དང་བོད་སྐད་མཉམ་བསྲེས་བཅས། སྐད་ར་མ་ལུག་ཁོ་ན་བཤད་མཁན་ཡང་རང་གིས་དངོས་སུ་མཐོང་ཐོས་མང་པོ་བྱུང་། དེ་དག་ལ་སྐད་ཆ་ར་མ་ལུག་དེ་འདྲ་མ་བཤད་ན་ཁེ་ཕན་གང་ཡོད་ཚུལ་བཤད་མྱོང་ཡང་ཡོད། དེ་དང་ཕྱོགས་མཚུངས་ངོ་ཤེས་རོགས་པ་ཚོས་ཀྱང་སྐབས་རེ་སྐད་ཆ་འཕྲོས་ཏེ་བོད་ཡིག་སྐོར་བཤད་ཚེ། ཁོ་ཚོས་བོད་ཡིག་ལབ་ཡག་དེ་ཀློག་རྒྱུ་ཕར་བཞག་ཡི་གེ་མཐོང་བ་ཙམ་གྱིས་མགོ་ན་བ་དང་། ཡང་ན། ལྟ་རྒྱུ་ཡང་ཉོབ་ཀྱི་འདུག་ཅེས་བཤད་མྱོང་ཡོད། ཁོ་ཚོར་དེ་འདྲ་རྩ་བ་ནས་བྱེད་རྒྱུ་མེད་པ་རེད། ང་རང་ཚོས་སོ་སོའི་སྐད་ཡིག་མ་སྦྱངས་པ་དང་ཆེ་མཐོང་མ་སྤྲད་ན་གཞན་གྱིས་ག་ལ་བྱེད། ཞེས་ཁ་ཏ་བསླབ་བྱའི་ཚུལ་དུའང་བཤད་མྱོང་།
དེ་བཞིན་གློག་བརྙན་བལྟ་རྒྱུ་དང་འཁྱམ་རྒྱུ། གློག་བརྙན་ནང་བུ་དང་བུ་མོ་ཚོས་མ་འཚམ་པའི་ལས་གང་བྱེད་ཀྱི་ཡོད་པ་དེ་དག་ཁོ་ནར་དཔེ་བལྟས་ནས་ལད་མོ་བྱེད་རྒྱུ་གཅིག་པོར་མགོ་གཡེངས་ནས་རྩ་ཆེན་གྱི་མི་ལུས་རིན་ཆེན་སྟོང་ཟད་བཏང་ནས་དུས་འདའ་བར་བྱེད་ཀྱི་ཡོད་པ་ཙམ་མ་ཟད། རང་གི་རྒྱལ་ཁབ་ལ་ཕན་ཐོགས་པའི་ལས་ཀ་ཟུར་ཙམ་ཡང་མ་བྱེད་མཁན་བོད་པའི་ན་གཞོན་ཚོའི་ཁྲོད་དུ་མི་ཉུང་ཙམ་ཡོད་པ་ང་ཚོས་མིག་མཐོང་ལག་ཟིན་རེད། སྐྲ་དང་མིག་སོགས་ཀྱི་ཚོས་གཞི་བསྒྱུར་བ་དང་། ཕྱི་རྒྱལ་གྱི་གྱོན་ཆས་དཔེ་གསར་རིགས་གྱོན་པ་ཙམ་གྱིས་ང་ཚོ་ཕྱི་རྒྱལ་གྱི་མི་སེར་ཆགས་མི་ཐུབ། གལ་ཏེ་ཆགས་ཀྱང་ཧ་ལས་རྒྱུ་ཅི་ཡོད། ང་ཚོས་ཕྱི་ཡི་རྒྱལ་ཁབ་ཀྱི་མི་ལ་ངེས་པར་དུ་དཔེ་བལྟ་དགོས་ཀྱི་ཡོད་ན། ཤེས་ཡོན་ཅན་གྱི་མི་ཚོའི་བསམ་བློ་གཏོང་སྟངས། གྱོན་ཆས་གྱོན་སྟངས། དེ་བཞིན་སློབ་སྦྱོང་ཆེད་འབད་བརྩོན་དང་དོན་གཉེར་ཇི་ཙམ་བྱེད་ཀྱི་ཡོད་མེད། རང་གི་རྒྱལ་ཁབ་དང་མི་རིགས་ལ་རྒྱལ་ཞེན་ཇི་ཙམ་ཡོད་པ། ཀུན་སྤྱོད་གང་འདྲ་ཡོད་པ་བཅས་ལ་དཔེ་བལྟས་ན་ལྟ་རིན་ཆོག་པ་རེད། གཞན་སྤྲེའུ་ཡིས་ལད་མོ་བྱས་པ་དང་གཅིག་མཚུངས་ཡིན། རྟ་མཆོངས་སར་བོང་བུ་མཆོང་ན་ག་ལ་འགྲིག
ངས་གལ་ཆེ་ཤོས་ཤིག་གང་མཐོང་གི་འདུག་བརྗོད་པ་ཡིན་ན། ང་ཚོ་བཙན་བྱོལ་ལ་ཡོད་པའི་བོད་རིགས་གོ་གནས་ཐོ་དམན་དང་དབུལ་ཕྱུག་གང་འདྲ་ཞིག་ཡིན་རུང་། རང་རང་སོ་སོར་འདོར་དུ་མེད་པའི་འགན་ཁྲི་ཞིག་ངེས་པར་དུ་ཡོད་པ་རེད། འགན་དེ་གང་འདྲ་འཁྱེར་དགོས་འདུག་བརྗོད་ན། རྗེ་བཙུན་མི་ལ་ཡི་ཨ་མས་རང་གི་བུར་མཐུ་སློབ་ཏུ་གཏོང་སྐབས། བསླབ་བྱ་བརྒྱབ་དོན་ལ། ཕྲུ་གུ་གཞན་ཚོ་མཐུ་སློབ་ཏུ་འགྲོ་རྒྱུ་དེ་སྣང་བ་སྐྱིད་སྐྱིད་ངང་འགྲོ་བ་མ་གཏོགས། ཁོང་ཚོར་དམིགས་གསལ་དཀའ་ངལ་ཕྲད་ནས་མཐུ་སློབ་ཏུ་འགྲོ་བ་ཞིག་གཏན་ནས་མ་ཡིན། ཁྱོད་རང་མཐུ་སློབ་ཏུ་འགྲོ་རྒྱུ་དེ་འ་ཆད་འུ་ཐུག་ནས་འགྲོ་དགོས་པའི་གནས་ལ་གྱར་བ་ཡིན་སྟབས། གལ་ཏེ་ཁྱོད་རང་གིས་མཐུ་མཐར་འཁྱོལ་བ་ཞིག་སྦྱངས་ནས་མ་ཡོང་ན། ཨ་མ་ང་ཁྱོད་རང་གི་མདུན་ལ་རང་ཤི་རྒྱག་རྒྱུ་ཡིན་ཞེས་བརྗོད་ནས་བུ་མཐུ་སློབ་ཏུ་བཏང་བ་ལྟར། ང་ཚོ་ཡང་གཞན་ཡུལ་ལ་སྣང་བ་སྐྱིད་སྐྱིད་དང་སྐུ་འཆམ་ལ་སླེབས་པ་ཞིག་རྩ་བ་ཉིད་ནས་མ་ཡིན། རང་གི་རྒྱལ་ཁབ་རྒྱ་དམར་གྱིས་ཧམ་ཟོས་བྱས་པ་ཙམ་མ་ཟད། ཤ་ཁྲག་གཅིག་པའི་བོད་རིགས་སྤུན་ཟླ་གྲངས་ལས་འདས་པ་དམར་གསོད་བཏང་བ་དང་། བོད་པའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་རྩ་བརླག་བཏང་དང་གཏོང་བཞིན་པ་ཡིན་སྟབས། དེ་དག་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་རྒྱུ་དང་། དེ་ལས་གལ་འགངས་ཆེ་བ་བོད་ཀྱི་བདེན་མཐའ་བརྩད་ནས་རང་རྒྱལ་དགྲ་ལག་ནས་ལེན་ཐུབ་པ་ཞིག་བྱེད་དགོས་པར་བརྟེན། ང་ཚོ་ཡང་རྗེ་བཙུན་མི་ལ་བཞིན་བློ་རྩེ་གཅིག་ཏུ་སྒྲིམ་ནས་སློབ་སྦྱོང་བྱས་ཏེ་བོད་རྒྱལ་འབངས་ཀྱི་ཕུགས་དོན་འགྲུབ་ཐུབ་པར་བྱེད་དགོས་པ་མ་གཏོགས་རྒྱལ་ཁབ་ཡོད་པའི་མི་ཚོར་བལྟ་རྒྱུ་མེད་དོ།།

བཞི་པ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་མ་བྱས་ཚེ་ཉེན་ཚབས་ཅི་ཡོད་ཚུལ།

ད་ལྟའི་བོད་མི་རིགས་ཀྱི་གནས་སྟངས་ཛ་དྲག་དང་ཐབས་སྡུག་གི་གནས་སུ་གྱར་ཡོད་པའི་སྐབས། བོད་རིགས་སོ་སོས་བློ་རིག་བསྒྲིམས་ཏེ། ངེད་ཅག་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་རྣམས་གལ་ཆེར་རྩིས་ཏེ་བཀོལ་སྤྱོད་དང་གོང་འཕེལ་གཏོང་ཐབས་བྱེད་རྒྱུ་དེ། བོད་མི་རིགས་ཀྱི་དོར་དུ་མེད་པའི་འགན་འཁྲི་ཞིག་ཡིན་པ་ངེས་པར་དུ་ཤེས་པའི་ཐོག་ནས་དོན་དངོས་ལག་བསྟར་བྱེད་དགོས་སོ།།
གལ་ཏེ་ད་དུང་ཡང་ང་ཚོ་བོད་རིགས་རྒན་གཞོན་ཚང་མས་རང་གི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་མ་བྱས་པར་མུ་མཐུད་ནས་ཐབས་སྐྱོ་བའི་ལས་བྱས་ན། བོད་ཅེས་པའི་མིང་དེ་དང་བོད་རིགས་ཞེས་པའི་ད་ལྟ་འཚོ་བཞིན་པ་དང་ཐོས་རྒྱུ་ཡོད་པའི་མིང་དེ་ཉིན་གཅིག་འཇའ་ཡལ་བ་བཞིན་རྨེག་མེད་དུ་འགྲོ་བའམ་གསོན་མི་ཐུབ། གང་ཡིན་ཟེར་ན། བོད་མི་རིགས་གསོན་མི་གསོན་གྱི་སྲོག་རྩ་ལྟ་བུ་དེ་བོད་ཀྱི་སྐད་དང་ཡི་གེ་གཉིས་པོ་གནས་མི་གནས་ལ་རག་ལས་ཡོད། དེར་བརྟེན་བོད་ཀྱི་སྐད་ཡིག་མེད་པ་ཆགས་ན། གོང་དུ་ཞུས་པ་ལྟར་བོད་མི་རིགས་འདི་ཡང་གོ་ལ་འདི་ཡི་སྟེང་ནས་གོ་རྒྱུ་ཐོས་རྒྱུ་མེད་པ་ཆགས་རྒྱུར་གཏན་འཁེལ་བ་ཡིན་སྟབས། དེ་ནི་ང་རང་ཚོ་བོད་མི་ཚོའི་སོ་སོའི་སྲོག་ལས་ཀྱང་ཉེ་ཚབས་ཆེ་བ་ཆགས་ཀྱི་ཡོད་པ་དང་སྦྲགས། ལོ་ངོ་དྲུག་ཅུའི་རིང་༸རྒྱལ་དབང་མཆོག་གིས་ཉིན་མཚན་དབྱེར་མེད་སྐུ་ངལ་འཛེམས་མེད་ངང་བོད་རྒྱལ་འབངས་ཆེད་དཀའ་སྤྱད་མཛད་པ་ཚང་མ་ང་ཚོས་དུས་གཅིག་ལ་མེད་པར་བཟོ་ན་ག་ལ་འགྲིག

ལྔ་པ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་ཚུལ་སྐོར།

ཕ་མ་ཚོས་རང་གི་གཅེས་ཕྲུག་ཆུང་དུས་སྐབས་ནས་ཁོ་ཚོའི་རྒྱུད་ལ་ང་བོད་པ་ཡིན་སྙམ་པའི་བསམ་བློ་འདི་བླུག་དགོས་པ་དང་། བོད་མི་རིགས་ཀྱི་ལོ་རྒྱུུས་ཀྱང་བར་བར་ལ་བཤད་རྒྱུ་ཡང་གལ་ཆེན་པོ་ཡིན། དེ་ནས་བོད་པའི་སྐད་ཡིག་གཉིས་པོ་སྦྱོང་བཅུག་རྒྱུ་དེ་ལས་ཀྱང་གལ་འགངས་ཆེ་ཤོས་ཡིན། ཕ་མ་དང་ཕྲུ་གུའི་བར་སྐད་ཆ་གང་བཤད་ཀྱང་བོད་སྐད་གཙང་མ་དང་དག་པོ། ཡུལ་གཞན་གྱི་སྐད་མཉམ་བསྲེས་མ་བྱས་པར། བོད་སྐད་ཁོ་ནའི་ཐོག་སྐད་ཆ་བཤད་དགོས།
བོད་པའི་གཞོན་སྐྱེས་དང་ལོ་ཆུང་བུ་བུ་མོ། དེ་བཞིན་སློབ་ཕྲུག་སོགས་ཕྱི་ཡི་རྒྱལ་ཁབ་སོགས་ས་གནས་གང་དུ་གནས་ཀྱང་། ཕན་ཚུན་བོད་སྐད་ཀྱི་ཐོག་ནས་ངེས་པར་དུ་སྐད་ཆ་བཤད་རྒྱུའི་གོམས་གཤིས་འཇགས་ཐུབ་པ་དགོས། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་མིན། །ཞེས་གོམས་འདྲིས་ཐེབས་ན་དཀའ་ཚེགས་ཇི་ཙམ་ཡོད་ཀྱང་ལས་སླ་པོ་མ་ཆགས་པའི་དངོས་པོ་གང་ཡང་མེད་ཅེས་གསུངས་པ་ལྟར་ཡིན་ནོ།།
བོད་པས་རང་གི་སྐད་དང་ཡི་གེ་ཡག་པོ་ཤེས་ཀྱི་མེད་པར། ད་དུང་ཨིན་ཇིའི་སྐད་ཡིག་སོགས་ཡུལ་གཞན་གྱི་སྐད་ཡིག་སྨྲ་ཁུལ་དང་འབྲི་རྒྱུར་ལས་སླ་པོ་ཡོད་ཚུལ་བརྗོད་པ་དེ་ཁྲེལ་དགོད་བྱ་ཡུལ་གྱི་གནས་སུ་གྱུར་པ་མ་གཏོགས་གཞན་གང་ཡང་མིན། སྤྱིར་ཡུལ་གཞན་གྱི་སྐད་ཡིག་དང་དེང་དུས་ཤེས་ཡོན་ཤེས་པ་དེ་ཧ་ཅང་གི་ཡག་པོ་རེད། ཅི་སྟེ་མ་ཤེས་ཀྱང་དེ་ཙམ་ཧ་ལས་དགོས་དོན་དང་ངོ་ཚ་དགོས་དོན་གང་ཡང་མེད། བོད་པའི་ཁ་རྒྱུན་ལ། སྐད་རིགས་སྣ་ཚོགས་ཤེས་ན་ལེེགས་མོད་ཀྱང་། །རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན། །ཞེས་བཤད་པ་ལྟར། བོད་པ་ཞིག་གིས་སོ་སོའི་སྐད་དང་ཡི་གེ་མ་ཤེས་ན་རང་གི་ཞབས་འདྲེན་དང་ངོ་ཚ་དགོས་པ་ཞིག་རེད། དེར་བརྟེན་བོད་ཀྱི་སྐད་ཡིག་ཅེས་པ་དེ་ཨང་དང་པོར་བཞག་ནས་དེ་ཡང་དག་པ་ཞིག་སྦྱོང་རྒྱུ་དེ་གལ་ཆེ་དོན་ཆེ་ཡིན་པ་དེ། བོད་རིགས་རྒན་དར་གཞོན་གསུམ་ཀུན་གྱིས་མ་བརྗེད་པ་གནང་རོགས།
ང་ཚོས་དེང་དུས་ཀྱི་ཤེས་ཡོན་སློབ་སྦྱོང་བྱས་པའི་ཁར་བོད་ཀྱི་སྐད་ཡིག་གམ་བོད་ཡིག་དེ་རྒྱུན་བསྲིངས་ཏེ་བཀོལ་སྤྱོད་བྱས་པ་དང་གོང་མཐོར་བཏང་ན། བོད་མི་རིགས་ཆག་འཇིག་གི་མཚམས་ལས་སྐྱོབ་ཐུབ་པའམ་ལངས་ཐུབ་པ་དང་། བོད་ཀྱི་བདེན་མཐའ་གསལ་རྒྱུ་ལ་ཡང་ཞབས་འདེགས་སྐྲུན་ཐུབ་རྒྱུ་ཡིན་པ་ཐེ་ཚོམ་བྲལ། མདོར་བསྡུས་ན། བོད་རྒྱ་ཆེའི་མི་དམངས་ལ་ཕན་ཐོགས་འབའ་ཞིག་ཡོང་བའི་རླབས་ཆེན་གྱི་བྱ་བཟང་ཞིག་ཡིན་པ་དེ། ཁྱེད་ཚོས་མཁྱེན་ལགས་སམ།
སྐད་ཡིག་ཡང་དག་ཅིགཤེས་པ་ལ་སྐད་ཆ་ཁོ་ན་བཤད་པས་འགྲིག་གི་མ་རེེད། འོ་ན་གང་བྱེད་དགོས་སམ་བརྗོད་ན། སྐད་ཡིག་ཡར་རྒྱས་གཏོང་ཆེད་ཀྱི་ཐབས་ལམ་འབྲི་ཀློག་དང་ཉན་བཤད་བཞི་པོ་རེ་རེ་བྱས་ནས་ཞིབ་ཚགས་པོ་སྦྱངས་ན། གཞི་ནས་སྐད་ཡིག་གི་ཆུ་ཚད་གོང་མཐོར་འགྲོ་བ་ཙམ་མ་ཟད། སྐད་ཡིག་གི་གནས་ཚད་ཚད་དང་ལྡན་པ་ཞིག་ཆགས་རྒྱུ་ཉག་ཅིག་ཡིན། སོ་སོའི་སྐད་ཡིག་གི་ཤེས་ཚད་གདེང་ཕེར་བ་ཞིག་ཆགས་ན། ཡུལ་གཞན་གྱི་སྐད་ཡིག་ཤེས་རྒྱུར་དངོས་གནས་དྲངས་གནས་ལས་སླ་པོ་ཆགས་ངེས་ཡིན་པ་དང་། དེ་དག་ཕྱོགས་མཚུངས་བོད་ཀྱི་བརྡ་སྤྲོད་རིག་(སུམ་རྟགས་དག་གསུམ་) པ་ཡང་སྦྱང་བརྩོན་བྱས་ན། བྲི་ཀློག་གཉིས་པོ་དེ་བས་ཀྱང་སྔར་ལས་ཡར་རྒྱས་འགྲོ་ངེས་རེད། སྐད་ཡིག་ཡར་རྒྱས་གཏོང་བྱེད་ཀྱི་ཐབས་ལམ་བཞི་པོ་དང་། བོད་ཀྱི་སུམ་རྟགས་དག་གསུམ་གྱི་བརྡ་སྤྲོད་རིག་པའི་གཞུང་ལ་ངེས་པར་དུ་གལ་ཆེར་བརྩིས་ཏེ་དོན་གཉེར་དང་སྦྱངས་བརྩོན་བྱེད་རྒྱུ་དེ་མེད་དུ་མི་རུང་བ་ཡིན་ནོ།།
དེ་བཞིན་དེང་དུས་ཀྱི་འཕྲུལ་ཆས་ལག་ཐོགས་ཁ་པར་སོགས་ནས་དགའ་ཉེ་སྤུན་མཆེད་དང་། གྲོགས་ཕོ་མོའི་བར་གནད་དོན་གལ་ཆེ་ཆུང་གང་ཞིག་འབྲི་དགོས་པ་བྱུང་ཚེ། ཨིན་ཡིག་ཁོ་ན་མིན་པར་དེ་ཡང་བོད་ཡིག་ཐོག་འབྲི་རྒྱུའི་གོམས་གཤིས་བཟང་པོ་རང་རྒྱུད་ལ་འཇགས་ཐུབ་པ་བྱེད་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་དང་། བོད་ཀྱི་སྐད་ཡིག་སྲུབ་སྐྱོབ་བྱེད་རྒྱུར་ནུས་པ་ཆེན་པོ་ཡོད་པ་ཞིག་མཐོང་གི་འདུག དེ་དང་དེ་འདྲ་བའི་ལས་ཀ་དེ་དག་གིས་ངེད་ཅག་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་ཙམ་མ་ཟད། ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་རྒྱུར་ཞབས་འདེགས་སྒྲུབ་ཐུབ་ཀྱི་རེད། རང་ཡང་དེ་བཞིན་ཉིན་རེའི་འཚོབའི་ཁྲོད་དུ་ལག་བསྟར་བྱས་དང་བྱེད་བཞིན་པ་དང་། སློབ་ཕྲུག་ཚོར་ཡང་བྱེད་དགོས་པའི་སྐུལ་མ་ཡང་བྱེད་ཀྱི་ཡོད། དོན་ཆེན་འགྲུབ་རྒྱུ་དེ་ཆུང་ཆུང་ནས་སྒྲུབ་དགོས་པ་མ་གཏོགས། གློ་བུར་དུ་ནམ་མཁའ་ནས་ཆར་པ་བབས་པ་བཞིན་འགྲུབ་རྒྱུ་ཧ་ཅང་གི་ཁག་པོ་རེད་སྙམ་མོ།།
གཞན་ཡང་སློབ་གྲྭ་ནི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུའི་གལ་འགངས་ཆེ་ཤོས་ཀྱི་བསྟི་གནས་ཤིག་ཆགས་པ་ཙམ་མ་ཟད། སློབ་མ་ཚོའི་བོད་ཡིག་གི་གནས་ཚད་གོང་མཐོར་དང་འཛིན་སྐྱོང་སྤེལ་གསུམ་བྱེད་ཐུབ་པའི་གཙོ་གནས་ཅན་གྱི་བཟོ་གྲྭ་ལྟ་བུ་ཞིག་ཀྱང་ཡིན། དེར་བརྟེན་སྔོན་འགྲོའི་སློབ་མ་ནས་གཞི་རིམ་འོག་མའི་འཛིན་རིམ་ལྔ་པ་བར་སློབ་ཚན་གང་མཆིས་ཀྱང་དེ་དག་ཆ་ཚང་བོད་ཡིག་འབའ་ཞིག་གི་ཐོག་ནས་སློབ་ཁྲིད་བྱེད་རྒྱུ་གལ་ཆེ་དོན་ཆེན་ཡིན། སྔོན་འགྲོའི་སློབ་མ་ཚོར་བོད་ཡིག་ཀ་ཁ་ག་ང་སོགས་གསལ་བྱེད་ཡི་གེ་ཁྲིད་ཞོར་ལ། ཁོང་ཚོར་བོད་སྐད་ཐོག་སྐད་ཆ་གང་མང་བཤད་བཅུག་པ་དང་སྦྲགས། ཅ་ལག་སོགས་བསྟན་ནས་དེ་དག་གི་མིང་གང་ཡིན་བཤད་འཇུག་དགོས།
ཡང་སྐབས་རེ་བོད་སྐད་ཐོག་བསྒྱུར་བའི་འགུལ་བརྙན་( CARTOON ) ཡང་བསྟན་པ་ཡིན་ན། དེས་སློབ་མ་ཚོའི་བོད་སྐད་རྒྱག་རྒྱུར་ཡར་རྒྱས་གཏོང་རྒྱུར་རམ་འདེགས་ཀྱང་བྱེད་ངེས། དེ་ལྟ་བུའི་ཐམས་ལམ་སྣ་ཚོགས་བཏོན་ནས་སློབ་ཁྲིད་བྱས་པ་ཡིན་ན་གྲུབ་འབྲས་ངེས་ཅན་ཞིག་ཐོན་ངེས་རེད།
དེ་དང་ཕྱོགས་མཚུངས་སློབ་མའི་ཕ་མ་ཡོད་མཁན་ཚོ་ལའང་འགན་ངེས་ཅན་ཡོད། རང་གི་ཕྲུ་གུ་ཡག་པོ་ཞིག་བཟོ་མ་བཟོ་ཞེས་པ་དེ། དགེ་རྒན་ཁོ་ནའི་འགན་འཁྲི་ཙམ་མ་ཡིན་པར། ཕ་མ་ཚོ་ལའང་འགན་འཁྲི་གཅིག་མཚུངས་ཡོད་པ་རེད། དེར་བརྟེན་ཕ་མ་ཚོས་ཞར་དང་ཞོར་ལ་རང་གི་གཅེས་ཕྲུག་ཚོར་ཁ་ཏ་བསླབ་བྱ་བརྒྱབ་སྟེ་མ་འོངས་པར་ལམ་ནོར་བ་ལ་མི་འགྲོ་བའི་འབད་བརྩོན་བྱེད་དགོས། བོད་རྒྱལ་ཁབ་དེ་མ་འོངས་པར་འཛིན་སྐྱོང་ཡག་པོ་ཞིག་བྱེད་ཐུབ་མི་ཐུབ་ཞེས་པ་དེ། ད་ཡོད་སློབ་གྲྭའི་ནང་ཡོད་བཞིན་པའི་མ་འོངས་བོད་ཀྱི་སོན་རྩྭ་ཚོར་རག་ལས་ཡོད་པས། ཁོ་ཚོ་བོད་རྒྱལ་སྤྱིའི་མི་དམངས་ལ་ཕན་ཐོགས་ཐུབ་མཁན་གྱི་མི་སྣ་ཚད་ལྡན་ཞིག་གསོ་སྐྱོང་བྱེད་ཐུབ་པ་དགོས།
ཤེས་ཡོན་སྲིད་བྱུས་ཀྱི་རྩ་འཛིན་ལམ་སྟོན་ལྟར་བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཐུགས་དགོངས་ཆེ་བཞེས་ཀྱིས་བོད་ཀྱི་སྐད་ཡིག་དར་སྤེལ་གཏོང་ཆེད་བོད་པའི་སློབ་གྲྭ་ཁག་གི་ནང་། ཚན་རིག ཨང་རྩིས། ཚོང་རིག་སོགས་སློབ་ཚན་མང་ཆེ་བ་ཨིན་ཡིག་ཐོག་སློབ་ཁྲིད་གནང་གི་ཡོད་པ་རྣམས་སྒྱུར་བཅོས་གཏོང་སླད། ཨིན་ཡིག་ཐོག་ཡོད་པའི་སློབ་ཚན་རྣམས་བོད་ཡིག་ཐོག་སློབ་ཁྲིད་གནང་དགོས་པའི་རླབས་ཆེན་གྱི་དགོངས་པ་བཞེས་པ་བཞིན། འཛིན་རིམ་བརྒྱད་པ་བར་སློབ་ཚན་ཡོངས་རྫོགས་བོད་ཡིག་ཐོག་འཁྲི་རྒྱུའི་ལག་བསྟར་ཡང་གནང་ཡོད་པ་དེ། བོད་རྒྱ་ཆེའི་མི་མང་ལ་ཕན་རླབས་ཆེ་བའི་བྱ་གཞག་ཅིག་ཡིན་པ་སྨོས་མེད་རེད། གང་ཡིན་ཟེར་ན། རྒྱ་དམར་གྱིས་བོད་ས་བཙན་འཛུལ་བྱས་པ་བཞིན། བོད་གངས་ཅན་ལྗོངས་ཀྱི་ཐུན་མིན་གྱི་བོད་ཀྱི་སྐད་ཡིག་གཉིས་པོ་བཀོལ་སྤྱོད་བྱས་ཏེ་དར་སྤེལ་དང་གོང་མཐོར་གཏོང་ཆེད་ད་ལྟ་ནས་འབད་འབུངས་མ་བྱས་ན། ཡུལ་གཞན་གྱི་སྐད་ཡིག་དམིགས་གསལ་ཨིན་ཇིའི་སྐད་ཡིག་སོགས་ཀྱིས། སོ་སོའི་སྐད་ཡིག་བཙན་འཛུལ་ཧ་ལམ་བྱས་ཚར་འདུག ད་དུང་ཡང་གོ་རྒྱུ་ཚོར་རྒྱུ་མེད་པར་ང་ཚོས་གཞན་གྱི་སྐད་ཡིག་ལ་འཐོམས་ཏེ་བསྡད་ན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུ་ཕར་བཞག་ཐ་སྙད་ཙམ་ཡང་ཤུལ་མེད་ཆགས་ངེས་ཡིན། སྐབས་དེ་དུས་འགྱོད་པ་གཏིང་ནས་སྐྱེས་ཀྱང་འཕྱི་དྲགས་པ་རེད། ཁ་རྒྱུན་ལ། བསམ་བློ་སྔོན་ལ་བཏང་ན་སྤྱང་པོ་ཡིན།། འགྱོད་པ་རྗེས་ལ་སྐྱེས་ན་གླེན་པ་ཡིན།། ཞེས་པར་ལྟར། ང་ཚོ་འགྱོད་པ་སྐྱེས་མ་དགོས་པ་ཞིག་བྱེད་དགོས་ཀྱི་ཡོད་ན། ད་ལྟ་ཉིད་ནས་བསམ་བློ་བཏང་ནས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུར་གོམ་པ་མདུན་སྐྱོད་བྱས་པ་མ་གཏོགས་ཕྱི་བཤོལ་གཏན་ནས་བྱེད་མི་རུང་།
བོད་ཁ་བ་གངས་ཅན་གྱི་ཤ་ཁྲག་གཅིག་པའི་བོད་རིགས་གཞིས་བྱེས་གཉིས་སུ་གྱེས་པའི་སྤུན་ཟླ་ཡོངས་ལ། ལག་གཉིས་ཐལ་མོ་སྦྱར་ནས། གལ་ཏེ་བོད་རྒྱལ་ཁབ་དང་རང་མི་རིགས་ལ་ཤ་ཚ་དང་ཞེན་ཁོག དེ་བཞིན་གོ་ལ་འདིའི་སྟེང་བོད་དང་བོད་མི་རིགས་ཞེས་པ་དེ་རྩ་མེད་མི་འགྲོ་བར། དེ་ལས་ལྡོག་སྟེ་ཡུལ་གྲུ་གཞན་གྱི་མི་དང་གཅིག་མཚུངས་ཀྱིས་མགོ་བཀྱག་བཀྱག་དང་དཔུང་པ་མཉམ་གཤིབ་ཀྱི་ཐོག་ནས་མདུན་སྐྱོད་བྱེད་ཐུབ་པ་ཞིག་འདོད་ན། བོད་མི་རིགས་ཀྱི་སྲོག་རྩ་ལྟ་བུའི་བོད་ཀྱི་སྐད་ཡིག་གཉིས་པོ་རྩ་བའི་རྩེར་བཞག་ནས། དེ་སྲུང་སྐྱོབ་ཆེད་འཛིན་སྐྱོང་དང་དར་སྤེལ་གཏོང་རྒྱུར་འབད་འབུངས་ལྷོད་མེད་གནང་རོགས། ཞེས་རེ་སྐུལ་ཕུར་ཚུགས་སུ་འདེབས་པ་དང་སྦྲགས། ད་ལན་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་ཚུལ་སྐོར་གྱི་རྩོམ་ཡིག་འབྲི་རྒྱུ་འདི་ཙམ་ལ་མཚམས་འཇོག་བྱེད་རྒྱུ་དང་། སླར་ཡང་བོད་མིའི་སྒྲིག་འཛུགས་ཀྱིས་ཐུགས་དགོངས་ཆེ་བཞེས་ཀྱིས་རླབས་ཆེན་གྱི་ལས་འགུལ་འདི་ལྟ་བུ་གོ་སྒྲིག་གནང་བ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། མཐའ་དོན་༸རྒྱལ་དབང་དོན་གྱི་བདག་པོ་༸གོང་ས་ལྷ་མིའི་རྣམ་འདྲེན་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ་མཆོག སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དོན་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་ཀྱི་བདེན་མཐའ་མྱུར་དུ་བསལ་ནས་བོད་གངས་ཅན་ལྗོངས་ལ་བོད་མི་གཞིས་བྱེས་མཉམ་འཛོམས་ཀྱི་བདེ་སྐྱིད་ཀྱི་ཉི་མ་མགྱོགས་མྱུར་ཤར་བའི་སྨོན་འདུན་དང་བཅས།

བོད་རྒྱལ་ལོ།། ༢༠༢༠།༧།༢༧།