(ཕྱི་ལོ་༡༩༩༧ ཟླ་༦ ཚེས་༢༥ ཉིན)
ལག་ལེན་ཐོག་ནས་ལྷག་བསམ་གྱི་རྣམ་དཔྱོད་དང་རྣམ་འགྱུར་མིག་དཔེ་བསྟན་ཏེ་ཕྲུ་གུ་ཚོར་གོ་བརྡ་སྤྲོད་ཐུབ་པ་ཞིག་བྱེད་དགོས།
ཐོག་མར་གནས་ཚུལ་འགའ་ཤས་བཀའ་འདྲི་གནང། འདིའི་ནང་གྲྭ་པ་དང་ཨ་ནེ་མེད་པ་འདྲ། ཡེ་ཤུའི་ཆོས་པ་གྲྭ་པ་དང་ཨ་ནེའི་ནང་ནས་དགེ་རྒན་བྱེད་མཁནདང། ཤེས་ཡོན་ནང་ལ་ཞབས་ཞུ་ཞུ་མཁན། འཕྲོད་བསྟེན་ནང་ལ་ཞབས་ཞུ་ཞུ་མཁན་མང་པོ་ཞིག་ཡོང་གི་འདུག
ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ་གི་ཡིན། ཁྱེད་རང་ཚོ་ནས་རིགས་གཅིག་སློབ་སྦྱོང་ཐོན་པ་དང། རིགས་གཅིག་མུ་མཐུད་དེ་སློབ་སྦྱོང་བྱེད་མཁན་ཡིན་པ་རེད། གང་ལྟར་གསར་རྙིང་ཚང་མ་ལ་ཐུགས་རྗེ་ཆེ་ཟེར་གྱི་ཡིན།
ད་ལྟ་སློབ་ཚན་གཙོ་བོ་ཚན་རིག་དེ་དག་བོད་སྐད་ཀྱི་ནང་དུ་བསླབ་རྒྱུ་ཡིན་པ་རེད། ལོ་གཅིག་ང་ཚོ་བུ་གསོ་ཁང་ལ་དུས་ཆེན་ཞིག་གི་སྐབས་སུ་འཁྱུག་ཙམ་ལྟ་སྐོར་ལ་འགྲོ་དུས། ཕྲུ་གུ་ཚོར་ཚན་རིག་གི་སློབ་ཚན་བོད་སྐད་ནང་བསླབ་པའི་མིང་ཚིག་གསར་པ་དེ་ཚོ་ངས་ཤེས་ཀྱི་མེད། ང་ཡིད་འཕྲོག་བྱུང། ཤིན་ཏུ་ཡག་པོ་རེད་བསམ་པ་དྲན་བྱུང། དཔེར་ན། རྒྱ་གར་ནང་ལ་ཆ་བཞག་ན། ང་ཚོའི་མི་ཐོག་གཞོན་སྐྱེས་གསར་པ་རྣམས་སློབ་གྲྭ་མ་འགྲིམས་པ་ཧ་ལམ་མེད་པ་ལྟ་བུ་ཡིན། མ་འོངས་པ་ལ་འདི་ལྟར་སློབ་གྲྭ་ཐོན་ཡོང་དུས་གང་ལྟར་མི་ཐོག་ཡོངས་རྫོགས་ཚན་རིག་གི་མིང་ཚིག་དོན་དག་གསར་པ་རྣམས་བོད་སྐད་ཀྱི་མིང་ཚིག་གི་ཐོག་ནས་བཤད་རྒྱུ་ཡོད་པ་ཆགས་ཡོང་དུས། བོད་པའི་སྐད་ཡིག་འདི་རང་བཞིན་གྱིས་ཕྱུག་ཏུ་ཕྱུག་ཏུ་འགྲོ་རྒྱུ་ཧ་ཅང་ཡག་པོ་རེད། རྡོ་དོན། ང་རང་ཚོ་ཤས་ཡོན་ཟེར་བ་འདི་ཤིན་ཏུ་གལ་ཆེན་ཡིན་པ་ཚང་མས་ཤེས་གསལ་རེད།
ལྷག་པར་དུ་ང་རང་ཚོ་སོ་སོའི་ལུང་པ་བྲལ། འགྱེལ་ས་ནས་ལངས་ཨེ་ཐུབ་མི་ཐུབ་བལྟ་རྒྱུའི་ལས་འགན་ཡོད་མཁན་གྱི་མི་ཞིག་ཆགས་བསྡད་ཡོད། ང་ཚོ་འགྱེལ་ས་ནས་ཡར་ལངས་ཟེར་བ་དེ་འཛིང་རེས་བཏང། གསོད་རེས་བཏང་སྟེ་ལང་རྒྱུའི་སྐད་ཆ་མ་རེད། ང་ཚོས་འཚེ་མེད་ཞི་བའི་ལམ་ལ་བརྟེན་ནས་བདེན་པ་བདར་ཏེ། ང་ཚོ་འགྱེལ་ས་ནས་ལང་ཐུབ་པ་ཞིག་བྱེད་དགོས་ཀྱི་ཡོད།
དྲང་པོས་གཞུང་བསྲངས་བདེན་པ་བདར་བའི་ཐོག་ནས་འཐབ་རྩོད་བྱེད་པ་ལ་ཤེས་བྱ་ཡོན་ཏན་དགོས་པ་དང། ལྷག་བསམ་དགོས་པ་རེད། ལྷག་བསམ་མེད་ན་ཡོན་ཏན་ག་ཚོད་ཡོད་ཀྱང་ངོ་མཚར་ཆེ་རྒྱུ་དེ་ཙམ་མེད། ཡོན་ཏན་དེ་ཕན་པའི་རང་བཞིན་ཅན་ལ་འགྲོ་གི་ཡོད་དང། གནོད་པའི་རང་བཞིན་ཅན་ལ་འགྲོ་གི་ཡོད་མི་ཤེས་པ་རེད།
དེ་བཞིན་དུ་ལྷག་བསམ་རྣམ་པར་དག་པ་ཞིག་ཡོད་ནའང་ཤེས་བྱ་ཡོན་ཏན་མེད་ན། མ་ལག་རྡུམ་མའི་བུ་ཆུས་ཁྱེར་ན་བྱེད་ཐབས་མེད་པ་བཞིན་ཡོང་རྒྱུ་རེད། དངོས་གནས་དྲང་གནས་སྲོག་བློས་བཏང་བསམ་པའི་ལྷག་བསམ་ཡོད་ནའང་རྣམ་དཔྱོད་ཀྱི་ཤེས་ཡོན་མེད་ན་བྱེད་ཐབས་གང་ཡང་ཡོད་པ་མ་རེད། ང་རང་ཚོ་བོད་པ་ཕལ་ཆེ་བ་ལ་རང་བཞིན་གྱིས་ལྷག་བསམ་ཞིག་ཡོད་པ་རེད། ཞེན་ཁོག་དང་ལྷག་བསམ་འདྲེས་མ་ཞིག་ཡོད་པ་རེད། དེའི་ཐོག་ལ་ཤེས་བྱ་ཡོན་ཏན་གྱི་ལག་མ་ཐོགས་པ་ཞིག་དགོས་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད་སྟབས། བོད་པའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུ་འདི་ཤིན་ཏུ་གལ་ཆེན་པོ་རེད།
ཤེས་ཡོན་ཡར་རྒྱས་གཏོང་བ་ལ་གཏོང་སྟངས་དེ། དེང་དུས་ཀྱི་ནུབ་ཕྱོགས་པའི་ཤེས་ཡོན་ཁོ་ནའི་ཐོག་ལ་ཕྱིན་པ་ཡིན་ནའང་འགྲིག་གི་ཡོད་པ་མ་རེད། མི་རིགས་ཀྱི་ཁྱད་ཆོས་ཐོན་པ་ཞིག་དང། མི་རིགས་ཀྱི་རྣམ་པ་ཐོན་པ་ཞིག་དགོས་ཀྱི་ཡོད་པ་རེད། གཙོ་བོ་ང་རང་ཚོ་བོད་མི་རིགས་ཡིན། ལོ་རྒྱུས་དང་སོ་སོའི་སྐད་ཡིག་གིས་ཤན་ཕྱེ་བའི་བོད་པ་ཟེར་བ་ཟུར་གསལ་ཞིག་ཡོད། མི་རིགས་ཟུར་གསལ་དུ་ཐོན་པའི་ཁྱད་ཆོས་གཙོ་བོ་སོ་སོའི་སྐད་ཡིག་ཐོག་ནས་ཡོང་གི་ཡོད་པ་རེད། ང་ཚོ་བོད་པའི་སྐད་ཡིག་འདི་ནང་ཆོས་དང་འབྲེལ་བའི་ལྟ་བ་དང། གྲུབ་མཐའི་ཐོག་ལ་ཤིན་ཏུ་ཕྱུག་པོ་ཆགས་བསྡད་ཡོད།
དེང་སང་སངས་རྒྱས་ཀྱི་ཆོས་གཏིང་ཟབ་སློབ་སྦྱོང་བྱེད་དགོས་བྱུང་ན་བོད་པའི་སྐད་ཡིག་ལ་མགོ་བཏགས་ན་མ་གཏོགས་ཧ་ལམ་མེད་པའི་བཟོ་འདྲ་པོ་གསལ་པོ་ཡོད། ནུབ་ཕྱོགས་རྒྱལ་ཁབ་ཚོའི་ནང་ནས་ནང་པ་སངས་རྒྱས་པའི་ཆོས་ཀྱི་གོ་བ་གཏིང་ཟབ་འཚོལ་མཁན་ཞིག་ཡིན་ན། བོད་ཀྱི་ནང་ཆོས་ཀྱི་ཐོག་ནས་བསླབ་རྒྱུ་དེ་ཡག་ཤོས་མཐོང་གི་ཡོད་པ་རེད། བོད་ཀྱི་ནང་ཆོས་སློབ་སྦྱོང་གཏིང་ཟབ་བྱེད་དགོས་ན་བོད་པའི་སྐད་ཡིག་མ་ཤེས་ཐབས་མེད་ཡིན་པས། དེང་སང་བོད་ཀྱི་ནང་ཆོས་དོ་སྣང་ཡོད་མཁན་མི་མང་པོ་ཞིག་གིས་བོད་པའི་སྐད་ཡིག་ལ་གཞི་ནས་དོ་སྣང་བྱེད་ཀྱི་འདུག ང་རང་ཚོའི་སྐད་ཡིག་འདི་གཞི་རྩའི་ཕྱུག་པོ་ཞིག་ཡིན་ན་ཡང། རིག་གསར་སྡེ་ཚན་མང་པོ་ཞིག་གི་ནང་ལ་དེ་སྔ་ཕན་ཆད་བེད་སྤྱོད་བྱེད་མྱོང་མེད་པའི་དབང་གིས་བོད་པའི་སྐད་ཡིག་ཡར་རྒྱས་མ་ཕྱིན་པར་བསྡད་ཡོད་པ་རེད།
གོང་དུ་བརྗོད་པ་བཞིན། རྒྱ་གར་ནང་ལ་འཛིན་གྲྭ་ལྔ་པ་བར་སློབ་ཚན་ཚང་མ་བོད་སྐད་ནང་བསླབ་རྒྱུའི་སློབ་དེབ་བཟོས་འདུག
ཁྱེད་རང་ཚོ་བོད་ཡིག་གཙོ་དོན་དུ་བྱས་ནས་དགེ་རྒན་འོས་སྦྱོང་བྱས་པ་ཡག་པོ་བྱུང་འདུག བོད་པའི་ཕྲུ་གུ་ཚོར་སོ་སོའི་མི་རིགས་ཀྱི་ཁྱད་ཆོས་ཚང་བའི་ཐོག་ནས། དེང་དུས་ཀྱི་ཤེས་ཡོན་ཆ་ཚང་བ་ཡོད་པའི་ལྷག་བསམ་ཅན་གྱི་བོད་པ་ཞིག་ཡོང་བ་ལ། དགེ་རྒན་ཤིན་ཏུ་གལ་ཆེན་པོ་ཡིན། ངོས་ནས་ནམ་རྒྱུན་ཞུས་པ་བཞིན། དགེ་རྒན་གྱི་ངོས་ནས་ཕྲུ་གུ་ཚོར་སློབ་ཚན་ངོ་སྤྲོད་ཐུབ་ཙམ་མ་ཡིན་པར། ཕྲུ་གུའི་བསམ་བློའི་ནང་ལ། ལྷག་བསམ་དང། བྱམས་བརྩེ་ལྡན་པའི་ལྷག་བསམ་ཟེར་བ་དེ་གང་འདྲ་ཞིག་ཡིན་པ་དགེ་རྒན་ཚོའི་སྤྱོད་ལམ་གྱི་ཐོག་ནས་ཕྲུ་གུ་ལ་ངོ་སྤྲོད་བྱེད་དགོས་རྒྱུ་འདི་ཤིན་ཏུ་གལ་ཆེན་པོ་འདུག དཔེར་ན། ངས་མི་གཞན་ལ་བྱམས་བརྩེ་བྱེད་དགོས་པ་དང། མི་བཟང་པོ་བྱེད་དགོས་ཞེས་བརྗོད་པ་བཞིན། ང་རང་གི་ངོས་ནས་ཉམས་ལེན་བྱེད་ཀྱི་ཡོད་པའི་ཁུལ་ཡིན། དེ་འདྲའི་ཐོག་ནས་ཕྲན་བུ་ཕྲན་བུ་ཕན་ཐོགས་ཡོང་གི་འདུག།
དེ་དེ་བཞིན་བྱས་ནས། ཁྱེད་རང་ཚོའི་ངོས་ནས་ཀྱང། བོད་ཕྲུག་གཅིག་ལ་སློབ་སྦྱོང་སྤྲོད་པའི་སྐབས་སུ། ལྷག་བསམ་ཅན་གྱི་བོད་པ་ཞིག་དང། ཤེས་ཡོན་ཅན་གྱི་བོད་པ་ཞིག་བྱེད་དགོས་ཞེས་བརྗོད་དུས་སོ་སོ་རང་ཉིད་ཀྱིས་ལྷག་བསམ་ཟེར་བའི་ཚིག་གཉིས་པོ་དེ་བཤད་ཐུབ་པ་ཙམ་མ་ཡིན་པར། སོ་སོ་རང་ཉིད་ཀྱི་ལག་ལེན་ཐོག་ནས་ལྷག་བསམ་གྱི་རྣམ་དཔྱོད་དང། ལྷག་བསམ་གྱི་རྣམ་འགྱུར་མིག་དཔེ་བསྟན་ཏེ། ཕྲུ་གུ་ཚོར་གོ་བརྡ་སྤྲོད་ཐུབ་པ་ཞིག་བྱེད་དགོས་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད།
ཕྲུ་གུ་ལྷག་བསམ་ཅན་ཞིག་ཡོང་ཐབས་ལ་རང་ཉིད་ཀྱི་ལག་ལེན་ཐོག་ནས་ངོ་སྤྲོད་དགོས།
དེང་སང་འཛམ་བུ་གླིང་འདིའི་སྒང་གི་ལུང་པ་ཡར་རྒྱས་ཕྱིན་པ་མང་པོའི་ནང་ལ། ཤེས་བྱ་ཡོན་ཏན་གྱིས་ཕོངས་པ་མེད། ཤེས་བྱ་ཡོན་ཏན་ག་ཚོད་ཡོད་ཀྱང་ཧ་ལས་རྒྱུ་གང་ཡང་མི་འདུག སྤྱི་ཚོགས་ནང་གསོད་རེས་གཏོང་བ་དང། མགོ་སྐོར་གཏོང་བ། ཁྲམ་པ་བཤོད་རྒྱུ་དེ་ཚོ་རྫོགས་རྒྱུ་མེད་པ་ཆུའི་གཉེར་མ་ནང་བཞིན་ཡོང་གི་ཡོད་པ་རེད། ཤེས་བྱ་ཡོན་ཏན་གཅིག་པུ་ལས་མེད་ན། དེས་མི་མགོ་གྲུང་པོ་བཟོ་རྒྱུ་དང། མི་ལ་མགོ་སྐོར་གཏོང་རྒྱུ། རྒྱབ་མདུན་ངོ་ལྐོག་བྱེད་སྟངས་ཀྱི་སློབ་སྦྱོང་སྤྲོད་པ་ལྟ་བུ་ཞིག་ཆགས་སྲིད་པ་ཡིན། དེ་འདྲ་ཡིན་སྟབས་དགེ་རྒན་ཚོའི་ངོས་ནས། ཕྲུ་གུ་ཚོ་ལྷག་བསམ་ཅན་ཞིག་ཡོང་ཐབས་ལ་རང་ཉིད་ཀྱི་ལག་ལེན་ཐོག་ནས། སོ་སོ་རང་ཉིད་དཔེ་མཚོན་དུ་བྱས་ཏེ་ཕྲུ་གྲུ་ཚོར་ངོ་སྤྲོད་བྱེད་དགོས་པ་འདི་ཧ་ཅང་གི་གལ་ཆེན་པོ་རེད་བསམ་པ་དྲན་གྱི་འདུག
དཔེར་ན། ཆོས་ཕྱོགས་ལ་ཆ་མཚོན་ན། བླ་མ་དང། སློབ་མ་ཟེར་དུས་བླ་མ་ལ་སློབ་མས་ཡར་བརྩི་བཀུར་བྱེད་དགོས་པ་ཞིག་དང། བླ་མའི་ངོས་ནས་ཡིན་ནའང་སློབ་མས་བརྩི་བཀུར་བྱེད་པ་དེའི་ཐོབ་ཐང་ལོས་ཡོད་བསམ་པ་ལྟ་བུའི་བག་ཆགས་ཤིག་ཡོང་གི་ཡོད་པ་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་ན་སློབ་མའི་ངོས་ནས་དེ་འདྲ་ཞིག་བྱེད་དགོས་ཀྱི་ཡོད་ཀྱང། བླ་མའམ་དགེ་རྒན་རང་གི་ངོས་ནས་བསམ་བློ་དེ་འདྲ་གཏོང་རྒྱུ་མེད་པ་རེད།
དཔེར་ན། དབུ་མ་བཞི་བརྒྱ་པའི་ནང་གསུངས་པ་བཞིན་རེད། སློབ་མ་ཟེར་བ་ནི། མི་ཤེས་པ་ཞིག་གཞི་ནས་ཤེས་པའི་དོན་དུ་སློབ་མཁན་ཞིག་ཡིན་པ་དང། བླ་མ་ནི། མ་ཤེས་མཁན་གཅིག་ལ་སློབ་སྟོན་བྱེད་མཁན་ཞིག་ཡིན་པས། དགེ་རྒན་དེས་སློབ་མ་ལ་ཕས་བུ་བསྐྱངས་པ་བཞིན་སྐྱོང་དགོས་པ་མ་གཏོགས། མཐོང་ཆུང་བྱེད་པ་དང། དབང་ཡོད་བཤད་རྒྱུའི་ཐོབ་ཐང་ཡོད་པ་ལྟ་བུའི་བསམ་བློ་གཏོང་རྒྱུ་ཡོད་མ་རེད་ཅེས་དབུ་མ་བཞི་བརྒྱ་པའི་ནང་ཐོན་ཡོང་གི་འདུག
མིང་རང་ལ་སློབ་མ་ཟེར་བ་བཞིན། ཁོས་མ་ཤེས་པ་ཞིག་སློབ་མཁན་ཡིན་སྟབས། ཁོ་སྐྱབས་མེད་མགོན་མེད་ཅིག་ཆགས་བསྡད་ཡོད། སློབ་མཁན་གྱི་ངོས་ནས་དེ་ལ་སྐྱབས་སྟོན་མཁན་འདྲ་ཞིག་ཆགས་ཡོད་པ་ཡིན་པས་ལྷག་བསམ་དང་བྱམས་བརྩེའི་ཐོག་ནས་བསྐྱངས་དགོས་པ་དེ་དངོས་གནས་རེད། སོ་སོ་དགེ་རྒན་ཡིན་བསམ་སྟེ། ཕྲུ་གུར་མཐོང་ཆུང་བྱེད་པ་དང། ཉེས་རྡུང་གཏོང་བ། ཁ་རྡུང་གཏོང་བ་སོགས་བྱེད་མི་འོས།
ཕྲུ་གུར་བསླབ་བྱ་བརྒྱབ། ཐབས་ཤེས་བྱས། ཕན་པའི་བསམ་པའི་ཐོག་ནས་བསླབ་བྱ་ཡང་ཡང་བརྒྱབ་ནའང་བསླབ་བྱ་མ་ཉན་མཁན་སྤྱོད་པ་ལོག་མཁན་ཡོད་པ་ཡིན་ན། སྐབས་སྦྱར་ཕྲན་བུ་ཕྲན་བུ་གཤེ་གཤེ་གཏོང་དགོས་ཀྱི་ཨེ་ཡོད། སྡིགས་ར་སྤྲོད་དགོས་ཀྱི་ཨེ་ཡོད། དེ་ནི་གནས་ཚུལ་ཁག་ཁག་རེད།
གཞན་སྤྱིར་བཏང་དགེ་རྒན་གྱི་ངོས་ནས་དགེ་ཕྲུག་ལ་བལྟ་སྟངས་དེ་དངོས་གནས་སོ་སོའི་ཕྲུ་གུ་ནང་བཞིན། ཕར་གཅེས་པོ་བྱས་ནས་སྐྱོང་བ་དང། བཀུར་བ་མ་གཏོགས། སོ་སོ་ཁོ་ལས་ལྷག་པ་ཞིག་ཡིན་བསམ་པའི་བསམ་བློ་གཏོང་རྒྱུ་མེད། དེ་ཧ་ཅང་གལ་ཆེན་པོ་རེད་བསམ་པ་དྲན་བྱུང། གང་ལྟར་ཕྲུ་གུ་སློབ་ཕྲུག་ཚོ་གང་འདྲ་ཞིག་ཡོང་དང་མ་ཡོང་ཟེར་བ་དེ་དགེ་རྒན་ལ་རག་ལས་པ་ཡིན་སྟབས། དགེ་རྒན་གྱིས་དུས་རྒྱུན་དུ་སྐད་ཆ་ཤོད་སྟངས། རྣམ་འགྱུར་སྟོན་སྟངས། ལྷག་བསམ་གྱི་བསམ་བློའི་འཁྱེར་སོ། ཕྲུ་གུ་དེའི་མ་འོངས་པའི་མི་ཚེ་སྐྱེལ་སྟངས་ཀྱི་ལས་འགན་དགེ་རྒན་སོ་སོས་བླངས་ཏེ་སེམས་ཁུར་བྱེད་རྒྱུ་གལ་ཆེན་པོ་འདུག
ཆོས་སྲིད་གང་ཐད་ནས་བལྟས་ཀྱང་སློབ་གྲྭའི་དགེ་རྒན་ནི་གལ་ཆེན་པོ་ཞིག་རེད།
ང་རང་ཚོ་ཆོས་ཀྱི་ཐོག་ནས་བཤད་པ་ཡིན་ན། ཁྱེད་རང་ཚོ་འཛིན་གྲྭ་གཅིག་ནང་གི་དགེ་རྒན་ཡིན་པས་འཛིན་གྲྭ་དེའི་ནང་ཡོད་པའི་ཕྲུ་གུ་དེ་ཚོ་དང་མཉམ་དུ་ལོ་གཉིས་གསུམ་ག་ཚོད་གཤིབ་དགོས་ཀྱི་ཡོད་ནའང། གཤིབས་པའི་རིང་དེ་ལ་ཕྲུ་གུ་དེའི་མི་ཚེ་ཙམ་དུ་མ་ཟད། ཇི་སྲིད་སངས་རྒྱས་ཀྱི་ས་ལ་མ་འཁོད་བར་གྱི་ལམ་ཕྱོགས་སྟོན་མཁན་ཞིག་ཆགས་ཡོད། སོ་སོའི་ངོས་ནས་བླ་མའི་མིང་མེད་ཀྱང་དོན་ངོ་མའི་ཆ་ནས་སོ་སོའི་འཛིན་གྲྭའི་ནང་ཡོད་པའི་ཕྲུ་གུ་དེ་དག་ཚེ་རབས་ནས་ཚེ་རབས་བདེ་བ་ནས་བདེ་བར་བགྲོད་ཐུབ་པའི་ལམ་སྟོན་བྱེད་རྒྱུའི་ལས་འགན་ཡོད་ཅེས་ ངས་རྟག་པར་བཤད་ཀྱི་ཡོད། དེ་རིང་ཁ་ས་ཕ་མས་བླ་མ་བྱེད་རྒྱུ་དེ་གལ་ཆེན་པོ་འདུག་མ་གཏོགས། ཆོས་ཁྲིའི་སྟེང་ལ་སྡོད་མཁན་བླ་མ་དེ་གལ་ཆེན་པོ་མི་འདུག་ཟེར་གྱི་ཡོད།
ཕ་མ་སོ་སོ་ཆོས་དད་ཡོད་མཁན། ནང་ཆོས་ཤེས་མཁན་ཞིག་བྱུང་བ་ཡིན་ན། ཕ་མ་དེ་ཡིས་ཕྲུ་གུར་བསླབ་བྱ་རྒྱག་ཐུབ་རྒྱུ་དང། ཁྱིམ་ཚང་དེའི་ནང་ལ་ཆོས་ཀྱི་ཚོར་བ་ཡོད་པ་ཞིག་དང། ནང་ཆོས་ཀྱི་བྲོ་བ་ཡོད་པ་ཞིག་ཡོང་གི་རེད། ཁྱིམ་ཚང་དེའི་ནང་ནས་འཚར་ལོངས་བྱུང་བའི་ཕྲུ་གུ་དེ་རྣམས་རང་ཤུགས་ཀྱིས་ཆོས་ལ་བག་ཆགས་སད་ཡོང་མཁན་ཞིག་ཡོང་གི་རེད། ཁྱིམ་ཚང་ནང་གི་ཕ་མ་གཉིས་ལ་ཆོས་ཀྱི་དྲི་མ་རྩ་བ་ནས་མེད་མཁན་ཞིག་གི་ཕྲུ་གུ་དེ་ག་ལེ་ག་ལེར་ཆོས་ལ་དད་པ་ཡོང་བ་བཟོ་རྒྱུ་དང། མཇུག་ཏུ་ཁྲིའི་སྒང་ལ་སྡོད་མཁན་བླ་མ་ཞིག་བཟོ་རྒྱུ་དེ་ཧ་ཅང་ཁག་པོ་རེད། གང་ལྟར་ཕ་མ་ཚོས་ཁྱིམ་ཚང་ནང་ལ་སོ་སོའི་ཕྲུ་གུའི་མི་ཚེ་གཅིག་དང། མི་ཚེ་གཅིག་ལས་ལྷག་པའི་ཚེ་རབས་ནས་ཚེ་རབས། ཕྲུ་གུའི་མདུན་ལམ་ཕ་མས་ལམ་སྟོན་བྱེད་ཐུབ་པ་ཞིག་དང། སེམས་ཁུར་ལེན་དགོས།
འཛིན་གྲྭའི་ནང་སླེབས་དུས་དགེ་རྒན་ཚོས་ཕྲུ་གུ་དེའི་མི་ཚེེའི་འགྲོ་སྟངས་ཤེས་པ་ཙམ་དུ་མ་ཟད། ང་ཚོ་ནང་པ་གཅིག་གི་ངོས་ནས་བཤད་པ་ཡིན་ན། མ་འོངས་པ་ལ་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཞིག་གི་སློབ་མ་ཡག་པོ་ཞིག་ཆགས་ཐུབ་པའི་བཟོ་ལྟ་ཁྱེད་རང་ཚོའི་དུས་ཚོད་ནས་བཟོ་དགོས་རེད།
ཕྲུ་གུ་གཡག་ཆེན་ཆོས་ལ་དད་པ་མེད་མཁན། གང་བྱུང་མང་བྱུང་བྱེད་མཁན་ཞིག་མཇུག་ཏུ་མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཞིག་འཕྲད་པ་ཡིན་ནའང་ཡོང་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། བཟོ་བཅོས་རྒྱག་རྒྱུ་ཁྱེད་རང་ཚོའི་ལག་པ་རེད་འདུག དཔེ་གལ་ཆེན་པོ་རེད།
ཆོས་ཀྱི་ཐོག་ནས་བཤད་པ་ཡིན་ནའང་རེད། འཇིག་རྟེན་སྲིད་ལུགས་ཀྱི་ཐོག་ནས་བཤད་པ་ཡིན་ནའང་རེད། གང་ལྟར་འཕྲལ་ཕུགས་གང་གི་ཆ་ནས་བརྩིས་པ་ཡིན་ནའང་སློབ་གྲྭའི་དགེ་རྒན་ཚོ་ཤིན་ཏུ་གལ་ཆེན་པོ་འདུག ཁྱེད་རང་ཚོར་དཀའ་ངལ་ཡོང་གི་རེད། ཕྲུ་གུ་ཚོས་ཤེས་ལ་མ་ཤེས། འགའ་ཤས་ཀྱིས་གཤིས་ཀ་ལོག སྤྱོད་པ་སློག་ཡོང་དུས་ཁྱེད་རང་ཚོར་དཀའ་ངལ་ཡོང་གི་རེད། ཡིན་ནའང། སོ་སོས་དངོས་གནས་རང་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་སྒྲུབ་ཀྱི་ཡོད་བསམ་པ་ཞིག་དང། སོ་སོས་བསོད་ནམས་གསོག་གི་ཡོད་བསམ་པའི་ཐོག་ནས་ཧུར་ཐག་ཡག་པོ་བྱེད་དགོས། ཤེས་སོང་ངམ།
ཕོགས་ལ་བལྟས་ནས་ལས་ཀ་བྱས་པའི་བཟོ་འདྲ་པོ་དང། གཞན་དག་ལས་ཀར་འགྲོ་ས་མེད་པར་དགེ་རྒན་བྱས་པ་ལྟ་བུའི་བསམ་བློ་གཏོང་རྒྱུ་ཡོད་མ་རེད། སློབ་གྲྭའི་ཤེས་ཡོན་གྱི་ཐོག་དང། མིའི་རྣམ་དཔྱོད་ཤེས་བྱ་ཡོན་ཏན་གྱི་སློབ་དཔོན་བྱེད་རྒྱུ་འདི་སོ་སོའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་བའི་ཉེར་ལེན་གྱི་རྒྱུ་གཙོ་བོ་ཞིག་ཆགས་ཡོང་གི་ཡོད། དཔེ་ཆའི་ནང་ལ་ཆོས་བཤད་པའི་ཕན་ཡོན་བརྗོད་སྐབས་མི་ལ་ཕར་ཆོས་བཤད་དེ་སློབ་མ་ལ་ཅི་ཙམ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་འཕེལ་བ་དེའི་ཚོད་ཀྱིས་བླ་མ་རང་ཉིད་ལ་ཤེས་རབ་འཕེལ་བར་བཤད་པ་དང་གཅིག་པ་རེད། ཁྱེད་རང་ཚོས་འཛིན་གྲྭའི་ནང་ལ་དགེ་རྒན་བྱས། ལྷག་བསམ་རྣམ་དག་གི་ཐོག་ནས་སློབ་ཁྲིད་ཡག་པོ་བྱས་པ་ཡིན་ན། ཕྲུ་གུ་ཚོའི་རྣམ་དཔྱོད་ཤེས་རབ་གོང་ནས་གོང་དུ་འཕེལ་བ་དེའི་ཚོད་ཀྱིས་ཁྱེད་རང་ཚོའི་རྣམ་དཔྱོད་གོང་དུ་འཕེལ་བ་ཞིག་དང། བསོད་ནམས་འཕེལ་བ་ཞིག་ཡོང་གི་རེད། དེ་ཡག་པོ་རེད།
ནང་པའི་ཆོས་ཀྱི་རྨང་གཞིའི་ཐོག་ནས་ཐོབ་ཐང་འདྲ་མཉམ་ཡོད་བསྡད་པ་དེ་ལོངས་སུ་སྤྱོད་ཐུབ་པ་དགོས།
དགེ་རྒན་ཚོའི་ནང་ཁྱེད་རང་ཚོ་བུད་མེད་མང་པོ་ཡོད་པ་དེ་ཡག་པོ་རེད། ང་ཚོ་བོད་པའི་སྤྱི་ཚོགས་ནང་ལ་བུད་མེད་ལ་མཐོང་ཆུང་བྱེད་པ་སྤྱིར་བཏང་བྱས་ན་ཉུང་ཉུང་རེད། ལྟོས་ས་ལྟོས་འཇོག་གིས་དྲག་པ་རེད། ང་རང་ཚོའི་བོད་པའི་སྤྱི་ཚོགས་ནང་དེ་སྔ་ཡིན་ན་བུད་མེད་ཚོ་ཁྱིམ་ཚང་གི་ཨ་མ་བྱས་ནས་སྡོད་ཀྱི་ཡོད་པ་རེད། དུས་ཚོད་འགྱུར་བ་ཡོང་གི་ཡོད་པ་རེད་ལ། གཙོ་ཆེ་ཤོས་བཅོམ་ལྡན་འདས་རང་ཉིད་ཀྱིས་གཞི་རྩའི་ཐོག་ཕོ་མོ་གཉིས་ལ་ཐོབ་ཐང་འདྲ་མཉམ་གནང་ཡོད། ཆོས་འདུལ་བའི་སྐབས་ནས་བཟུང། སྔགས་བླ་མེད་སྐབས་སུ་བུད་མེད་ལ་དམིགས་བསལ་གྱི་ཐོབ་ཐང་དང་ཁྱད་ཆོས་གསུངས་ཡོད། ནང་པའི་ཆོས་ཀྱི་རྨང་གཞིའི་ཐོག་ནས་ཐོབ་ཐང་འདྲ་མཉམ་ཡོད་པ་ཞིག་ཡིན་སྟབས་ང་རང་ཚོ་བོད་རིགས་རང་གི་ངོས་ནས་ཐོབ་ཐང་འདྲ་མཉམ་ཡོད་པ་དེ་ལོངས་སྤྱོད་ཐུབ་པ་བྱེད་རྒྱུ་གལ་ཆེན་པོ་འདུག ཁ་ཤས་ལ་ངས་བཤད་ཀྱི་ཡོད། སྐད་ལོག་བརྒྱབ་ནས་དོན་དག་གང་ཡང་ཡོང་རྒྱུ་མེད། ཐོབ་ཐང་འདྲ་མཉམ་ཡོད་པ་དེ་སོ་སོས་དངོས་སུ་ཆ་ཚང་ལོངས་སྤྱོད་ཐུབ་པ་བྱེད་དགོས། སོ་སོའི་ངོས་ནས་ཐོབ་ཐང་འདྲ་མཉམ་སྤྱོད་པའི་སྐབས་ལ་འགལ་རྐྱེན་བཟོ་མཁན་ཞིག་འདུག་ན། དེ་ང་ཚོས་སེལ་ཆོག་གི་རེད། དེ་ལ་ང་ཚོས་རྩོད་པ་བརྒྱབ་ཆོག་གི་རེད་ཅེས་བཤད་ཀྱི་ཡོད། ང་རང་ཚོ་བོད་པའི་བུད་མེད་ཀྱི་ངོས་ནས་སློབ་གྲྭའི་དགེ་རྒན་མང་པོ་ཐོན་ཐུབ་པ་འདི་ཧ་ཅང་ཡག་པོ་རེད།
གོང་དུ་བརྗོད་པ་བཞིན་རྟེན་རབ་བྱུང་ཕོ་མོའི་དགེ་རྒན་མང་ཙམ་བྱུང་རོགས་བྱས་ན་ཧ་ཅང་ཡག་པོ་ཡོང་གི་རེད། ཐོག་མ་ང་ཚོའི་དགེ་རྒན་འོས་སྦྱོང་ཚུགས་སྐབས་ཨ་ནེ་གཉིས་ཡོད། བཅོ་བརྒྱད་རིན་པོ་ཆེའི་སྐུ་མཆེད་ཨ་ནེ་དང། དྲུང་ཆེ་ངག་དོན་གྱི་སྤུན་ཨ་ནེ་བཅས་གཉིས་ཡོད་པ་རེད། དེ་ནས་ག་ལེ་ག་ལེར་ཨ་ནེ་མང་ཙམ་བྱུང་ན་བསམ་ཡང། ཨ་ནེ་མང་པོ་ཐོན་ཐུབ་མ་སོང། ཐུགས་རྗེ་ཆེ། ཧུར་ཐག་བྱེད་དགོས།
ཁྱེད་རང་ཚོ་མང་ཆེ་བ་ལོ་གཞོན་གཞོན་རེད། འདས་པའི་ལོ་སུམ་ཅུ་སོ་བརྒྱད་ང་ཚོ་བཙན་བྱོལ་བ་བྱས་པའི་རིང་ལ་ཁྱེད་རང་ཚོ་ཕྲུ་གུ་ནས་འཚར་ལོངས་བྱུང། མི་ཚེའི་འགོ་ཚུགས་པ་རེད། ད་ཆ་གཞི་ནས་བོད་པའི་སྤྱི་ཚོགས་ནང་ལ་ཞབས་འདེགས་ཞུ་རྒྱུའི་འགོ་ཚུགས་ཏེ་ལས་ཀ་བྱེད་ཀྱི་ཡོད་པ་རེད། ཁྱེད་རང་ཚོ་ལོ་གཞོན་གཞོན་ཡིན་སྟབས། གཅིག་བྱས་ན་མ་འོངས་པ་ལ་གཞིས་བྱེས་མཉམ་འཛོམས་ཤིག་གི་ཐོག་བོད་ནང་ལ་ཞབས་འདེགས་བསྒྲུབ་རྒྱུའི་གོ་སྐབས་ཡོང་སྲིད། ལྷག་པར་བོད་སྐད་ཀྱི་ཐོག་ནས་སློབ་ཚན་ཁྲིད་རྒྱུ་དེ་ཚོ་ཤིན་ཏུ་གལ་ཆེན་པོ་འདུག ང་ཚོ་རྒྱ་གར་ལ་བཙན་བྱོལ་བ་བྱས་བསྡད་པའི་རིང་ལ། ཕུགས་རྒྱང་རིང་པོའི་ཆ་ནས་བོད་ཀྱི་སྐད་ཡིག་ཤིན་ཏུ་གལ་ཆེན་པོ་ཆགས་ཀྱི་ཡོད་པ་རེད།
འཕྲལ་སེལ་ཡིན་ན་བོད་ཡིག་ཐོག་ནས་སློབ་ཚན་བསླབ་པ་ལས། ཨིན་ཇིའི་སྐད་ཀྱི་ཐོག་ནས་སམ། ཡང་ན། ཧིན་དིའི་སྐད་ཀྱི་ཐོག་ནས་བསླབ་པ་ཡིན་ན། ལམ་སང་འགྲོ་རྒྱུགས་ཆགས་ཡོང་གི་ཡོད་པ་རེད། བོད་སྐད་ཀྱི་ཐོག་ནས་བསླབ་པ་དེ་ང་རང་ཚོ་བོད་པའི་སྤྱི་ཚོགས་ཆུང་ངུའི་ནང་མ་གཏོགས་འགྲོ་རྒྱུགས་ཡོད་པ་མ་རེད། འོན་ཀྱང་ང་རང་ཚོ་བཙན་བྱོལ་བ་བྱས་ནས་བསྡད་པ་འདི་ཆབ་སྲིད་ཀྱི་ཐོག་ནས་བཙན་བྱོལ་བ་ཆགས་པ་རེད། འགྱེལ་ས་ནས་བསྐྱར་དུ་ལང་རྒྱུའི་བསམ་བློ་གཏོང་གི་ཡོད་དུས། ང་ཚོའི་གཙོ་བོའི་དམིགས་ཡུལ་དེ་རྒྱ་གར་ནང་སྡོད་རྒྱུ་མ་ཡིན་པར། ཕྱིན་ཆད་བོད་ལ་ལོག་རྒྱུའི་ཆེད་དུ་རེད། དེ་འདྲ་ཡིན་སྟབས་ང་ཚོས་བོད་ཡིག་གི་ཐོག་ལ་ཤུགས་རྒྱག་དགོས་ཀྱི་འདུག་ཟེར་དོན་དེ་རེད། ང་རང་ཚོས་བོད་ནང་ལ་རྒྱ་མིས་འཆར་གཞི་དང་ལྡན་པའི་ཐོག་ནས་བོད་པའི་རིག་གཞུང་རྩ་མེད་བཟོ་གི་འདུག་ཅེས་ཕར་སྐད་རྒྱག་གི་ཡོད། ང་རང་ཚོ་ཚུར་ཕྱོགས་བོད་མི་བཙན་བྱོལ་བའི་ཁྲོད་དུ་བོད་ཡིག་གི་གནས་ཚད་སྐྱོ་རུ་སྐྱོ་རུ་ཕྱིན་པའི་སྐབས་སུ་ངོ་ཚ་པོ་དང། ཐབས་སྡུག་པོ་འདུག བར་སྐབས་ཕྱོགས་མང་པོ་ཞིག་ནས་དོ་སྣང་དང། འབད་བརྩོན་བྱེད་ཀྱི་ཡོད་རེད། ད་ཆ་ཁྱེད་རང་ཚོ་བོད་ཡིག་ཡར་རྒྱས་གཏོང་རྒྱུ་དང། མ་འོངས་པའི་བོད་ཀྱི་ཆོས་དང་རིག་གཞུང་གི་ཐོག་ཞབས་འདེགས་ཞུ་རྒྱུའི་ལས་འགན་ཆེན་པོ་དེའི་ཆ་ཤས་ཤིག་ཆགས་ཡོད་པས་ཁྱེད་རང་ཚོས་གཟབ་གཟབ་བྱེད་དགོས། ཤེས་སོང་ངམ། ཧུར་ཐག་བྱེད་དགོས། བཀྲ་ཤིས་བདེ་ལེགས། ཞེས་སྩལ།